མིང་མཐའི་པ་པོ་བ་བོའི་སྐོར་གྱི་འཕྲོས་བཤད།

མིང་མཐའི་པ་པོའི་སྐོར་གྱི་བསམ་ཚུལ་འདི་ལོ་མང་པོ་ཞིག་གི་གོང་ནས་གླེང་མྱོང་ནའང་། མི་ཆུང་ཆུང་གི་གཏམ་ཟེར་བ་ནང་བཞིན་གནས་ལུགས་ཡོད་མེད་གང་ལྟར་ཡང་ཆ་འཇོག་མི་བྱེད་པ་ནི་བོད་ཀྱི་མཁས་རློམ་རྣམས་ཀྱི་གཤིས་སུ་གྲུབ་ཡོད་པ་ཞིག་ཡིན། ད་ནི་ཕོ་ངན་ཚིག་ལ་བསྐྱར་ཟློས་སུ་འགྲོ་ནའང་བསྐྱར་བཤད་ཅིག་ཞུ་དགོས་བྱུང་སོང་།

འདི་ནི་བོད་ཀྱི་མཁས་པ་རྣམས་ཀྱིས་དོན་ཆུང་དུ་བསམས་ནས་གླེང་མོལ་ཙམ་ཡང་མི་བྱེད།  གལ་ཏེ་གླེང་མོལ་ཙམ་རེ་བྱས་ཀྱང་རང་འདོད་ཀྱི་ཚད་འཇོག་ཙམ་སྨྲ་བ་ལས་སྤྱི་དང་ཐུན་མོང་ལ་དམིགས་པའི་གསུང་ནི་རི་བོང་རྭའི་རྗེས་སུ་འགྲོ།

ད་ནི་ཨ་མདོ་པ་མང་པོ་ཞིག་གི་ཁ་ལ་མི་བདེ་ཞིང་རྣ་བར་མི་སྙན་པའི་མིང་མཐའི་པ་པོ་དག་བརྗོད་པར་བྱ་སྟེ།  སྤྱིར་མིང་མཐའི་པ་པོ་བ་བོ་རྣམས་བཀས་བཅད་ལྟ་བུས་གཅིག་གྱུར་བྱུང་ན་རབ་དང་ཕུལ་དང་ཡི་གེའི་རྒྱན་དུ་འགྱུར་ནའང་།   བོད་ཡུལ་སྟོད་སྨད་བར་གསུམ་དུ་འགའ་རེས་བརྗོད་བདེ་གཙོ་བོར་བྱེད་པ་དང་འགའ་རེས་རྟགས་མཐའ་གཙོ་བོར་བྱས་པའི་རྐྱེན་གྱིས་པ་བ་གཉིས་ཀ་བྲིས་ཏེ་གཅིག་གྱུར་གྱི་གཏན་འབེབས་སོགས་ནི་ཅི་ཡང་མེད།

ཡིན་ནའང་།  པ་བ་གཉིས་ཀ་བྲིས་ཀྱང་འདི་ཡིན་དེ་མིན་གྱི་སྐད་ཆ་མེད་པར།  གཉིས་ཀ་ལ་ལུང་ཁུངས་བཅས་འདྲེན་རྒྱུ་ཡོད་པར་མ་ཟད།   མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པའི་དཔེ་ལྟར་གཞུང་ལུགས་ཀྱི་ངོས་ནས་ཀྱང་ལུགས་སོ་སོར་གྱེས་ཏེ་དགོངས་པ་གཅིག་ཏུ་འབབ་ཐབས་མེད་དོ།།

མཁས་པ་སོ་སོས་རང་ལུགས་དབང་བཙན་པར་བྱས་ཏེ་མིང་མཐའི་པ་བ་ཙམ་ཡང་གཅིག་གྱུར་འབྱུང་ཐབས་མེད་པའི་སྐབས་སུ།  སྔོན་གྱི་བོད་བཙན་པོའི་དུས་ཀྱི་ཆོས་དང་རིག་གཞུང་གི་སྒྲིག་སྲོལ་དག་དྲན་འོང་།  དེ་དུས་ཀྱི་ལོ་པན་རྣམས་ལ་ནི་བསམ་ཚུལ་འདོན་པ་དང་བགྲོ་གླེང་གནང་བ་སོགས་ཀྱི་དབང་ཆ་ཡོད་པ་ཙམ་ལས།   ལུགས་མི་མཐུན་པ་དག་གཅིག་གྱུར་གྱི་གཏན་འབེབས་གནང་བའི་དབང་ཆ་ནི་རྒྱལ་པོ་ཁོ་ན་ལ་ཡོད་པ་དང་།   མཐར་རྒྱལ་པོས་སྨྲས་པ་ལན་གཅིག་ཅེས་པ་ལྟར་ཆོས་དང་རིག་གཞུང་གི་དོན་དག་ཡོད་ཚད་རྒྱལ་པོའི་བཀས་བཅད་པའམ་སྲིད་གཞུང་གིས་ཐག་གཅོད་ཀྱིན་ཡོད་པས།   ཨུ་ཚུགས་ཀྱིས་རང་ལུགས་ཁོ་ན་སྐྱོང་བའི་སྲོལ་ཡང་མེད་དོ།།

དེང་སྐབས་ནི་དེ་ལས་ལྡོག་སྟེ་བོད་ཀྱི་ཆོས་སྲིད་ཀྱི་ཁྲིམས་ཉམས་བཞིན་པའི་སྒང་འདིར།   བོད་ཀྱི་མཁས་པ་རྣམས་ཀྱང་ཕྱོགས་དང་རིས་སུ་ཆད་ནས་ཨ་ཕའི་ཁ་ཕོར་གཙང་ཞེན་གྱི་དཔེ་ལྟར་རང་གི་འདོད་པ་ཁོ་ན་མཁྲེགས་འཛིན་བྱེད་པ་དང་།   འགའ་རེ་ནི་ལུང་ཚིག་གཅིག་ལ་ཤི་འཐམ་རོ་འཐམ་བྱེད་པ་ལས།  སྤྱི་དང་ཐུན་མོང་ལ་དམིགས་ནས་ཡི་གེ་གཅིག་གྱུར་གྱི་ལས་ལ་འབད་མཁན་ནི་ཧ་ཅང་ཉུང་ངོ་།།

དོན་ཆུང་འདི་ལྟ་བུ་ཡང་ང་ཚོས་སི་ཏུ་པཎ་ཆེན་གྱི་ལུགས་ཁོ་ནའི་རྗེས་སུ་འབྲང་ངོ་ཟེར་རྒྱུ་ཡང་ཤིན་ཏུ་དཀའ་ལ།  དེ་བཞིན་དུ་བྲ་སྟིའི་ལུགས་ཁོ་ན་འཐད་དོ་ཟེར་མཁན་ཡང་མེད།  ཐོན་མིའི་ཞལ་ལུང་ལྟར་གཅིག་གྱུར་བྱེད་ཟེར་རྒྱུ་ན་མགོ་བོ་ཐད་དུ་གཡུག་མཁན་མང་ལ།  བློ་གསལ་འཇུག་ངོགས་ལྟར་འགྲོའོ་ཟེར་རྒྱུ་ན་ཡང་ཁ་གཉེར་སྣ་གཉེར་བྱེད་སྲིད་དོ།།

ཇི་ལྟར་ལུགས་མི་མཐུན་པ་མང་དུ་ཕྱིན་ཏེ་ཕན་ཚུན་ལ་དགག་བཞག་སྤོང་གསུམ་ཇི་ལྟར་བྱས་ནའང་། དེ་ལྟར་དུ་བོད་ཡིག་གཅིག་གྱུར་འབྱུང་ཐབས་ལ་གནོད་པར་བྱེད་པ་ལས་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད་པ་ནི་མངོན་གསལ་ཡིན། ཁ་ཅིག་གི་ལུགས་དེས་བརྗོད་བྱའི་དོན་སྟོན་མ་ཐུབ་པར་བསྐྱུར་ནས་བཞག་མེད་ལ། རང་གི་ལུགས་དེས་བརྗོད་དོན་དམིགས་ཀྱིས་ཇེ་གསལ་དུ་གཏོང་ཐུབ་ཀྱིན་མེད་ན་མི་རབས་མང་པོར་བརྩད་བརྩད་ནས་འོང་བ་ལ་སྙིང་པོ་ཅི་ཞིག་ཡོད།

བོད་ལ་བརྡ་སྤྲོད་མཁན་པོ་མང་དུ་བྱོན་མྱོང་ནའང་།  མཁན་པོ་གཅིག་གི་རྗེས་སུ་འབྲངས་ཏེ་ལགས་སོ་ཟེར་རྒྱུ་ནི་ང་ཚོ་བོད་ལ་མཚོན་ན་དཔེ་མི་སྲིད་པ་ཞིག་རེད། སི་ཏུ་པཎ་ཆེན་ལྟ་བུ་ཞིག་གི་རྗེས་སུ་འབྲང་རྒྱུའི་དབང་དུ་བཏང་རུང་། མི་མཐུན་པ་མང་པོ་ཞིག་གཅིག་གྱུར་འབྱུང་ཐུབ་མིན་བཤད་དཀའ། དཔེར་ན། སི་ཏུ་པཎ་ཆེན་གྱིས་མུ་ཏིག་ཕྲེང་མཛེས་སུ།  བརྗོད་བདེ་དང་རྟགས་མཚུངས་གཉིས་ཀའི་སྒོ་ནས་སྒྲ་མཐུན་པ་ནི་ཏོ་དང་ཏམ་སོགས་ཁོ་ནར་ངེས་ཞེས་གསུངས་ཡོད་ནའང་། སྡེ་བཀའ་ལ་ཞུ་དག་གནང་སྐབས།  ཐོག་མར་ཕ་རོལད་ཏུ།  ཕྱི་རོལད་ཏུ།  བསྟནད་ཏོ་ལྟ་བུ་དང་།  རིམ་གྱིས་ཕ་རོལ་ཏུ་ཕྱི་རོལ་ཏུ་བསྟན་ཏོ་དང་།  མཐར་ཕ་རོལ་དུ་ཕྱི་རོལ་དུ་བསྟན་ནོ་སོགས་དང་།  ད་དུང་ཤིན་ཏུ་དང་ཤིན་དུ། ཀུན་ཏུ་དང་ཀུན་དུ། ཡིན་ཡང་དང་ཡིན་ཀྱང་སོགས་རང་གི་སུམ་རྟགས་ཀྱི་དགོངས་པ་ལྟར་གཅིག་གྱུར་བྱུང་མེད་པ་འདི་ཡིན། འོན་ཀྱང་།  མིང་མཐའི་པ་བ་ནི་གཅིག་གྱུར་གྱིས་གཏན་འབེབས་གནང་ཡོད་པ་འདི་ནི་མཁས་པའི་ཐུགས་དགོངས་བླ་ན་མེད་པ་ཞིག་གོ།།

འདི་འདྲ་མཐོང་འོང་དུས་མང་པོ་ཞིག་གིས་པ་བ་གང་བྲིས་ན་ཆོག་འདུག་འདི་དག་གདམ་ང་ཡིན་འདུག་སྙམ་པའི་རྣམ་རྟོག་དེས་གཅིག་གྱུར་གྱི་ལམ་ཕྲན་གཉོམ་པོ་དེ་ཡང་གཏོར་བར་བྱེད་ངེས།

སྤྱིར་གནད་དོན་འདི་རིགས་ནི་དཔེ་སྐྲུན་ཁང་གི་ལས་སུ་བྱ་བ་ཡིན་ནའང་།   རྩོམ་སྒྲིག་འགན་འཁུར་པ་རེ་གཉིས་ཀྱི་མགོ་ལ་རྡོ་ཡིས་བསྣུན་པ་ཇི་བཞིན་ཆ་འཇོག་མེད་པ་དང་།   གཞན་གྱིས་ཇི་ལྟར་སྤྲད་པ་དེ་ལྟར་དུ་པར་སྐྲུན་བྱེད་པ་ལས་འགན་ཅི་ཡང་མི་ཁུར་རོ།།

ཁོ་བོ་ཅག་ནི་གཅིག་གྱུར་གྱི་ལམ་ལ་འབད་པ་ཁོ་ནར་བརྩོན་པ་ལས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རང་གི་ཞེ་འདོད་ཁོ་ན་ཡང་དག་པར་བསྒྲུབས་ཤིང་གཞན་དག་མི་འཐད་པ་དང་མི་འགྲིག་པར་སྨྲ་བ་ནི་གཏན་ནས་མིན་ནོ།།

དེ་དག་གདམ་ང་ཡིན་པས་འགལ་བ་ཅི་ཡང་མེད་དོ་ཟེར་བཞིན་གང་བདེར་བྱས་ཆོག་ན།   དེ་དག་གཅིག་གྱུར་བྱེད་ཐུབ་ན་དེ་ལས་ཀྱང་འགལ་བ་མེད་པར་མ་ཟད།   བོད་ཡུལ་སྟོད་སྨད་བར་གསུམ་འབྲི་ལུགས་གཅིག་གྱུར་བྱུང་ན་བོད་ཡིག་གི་རྒྱན་དུ་འགྱུར་བ་ལས་སྐྱོན་དུ་ག་ལ་འགྱུར།

སྤྱིར་གདམ་ངའི་རིགས་སྐོར་ཞིག་ལ་དམིགས་བསལ་གྱི་དགོས་པ་དང་ཁྱད་ཆོས་ཡོད་པ་མ་མཐོང་བས།   བཀས་བཅད་གསར་པ་ཞིག་གིས་གཏན་འབེབས་བྱེད་དགོས་མོད།   སུ་ཞིག་གིས་དེ་ལྟར་བྱེད།

འོན་ཀྱང་།  ཁྱེད་ཀྱིས་གདམ་ངར་འདོད་པ་དག་ནི་གདམ་ང་ཡིན་པའི་ངེས་པ་མེད་དེ།  དབྱེན་བཟླུམས་དང་དབྱེན་བསྡུམ་གདམ་ངར་འབྲི་བ་ལས་ཐར་པ་དང་ཐར་བ་གདམ་ང་མིན།  དངངས་སྐྲག་དང་སྔངས་སྐྲག་གདམ་ང་ཡིན་པ་ལས་འབྱོར་པ་དང་འབྱོར་བ་གདམ་ང་མིན།  འཕྲིན་ཡིག་དང་ཕྲིན་ཡིག་གདམ་ང་ཡིན་པ་ལས་གཉེར་པ་དང་གཉེར་བ་གདམ་ང་མིན།  མིག་མདོངས་དང་མིག་ལྡོངས་གདམ་ང་ཡིན་པ་ལས་རལ་པ་དང་རལ་བ་གདམ་ང་མིན།  དེ་བཞིན་དུ་འཁྱིལ་པ་དང་འཁྱིལ་བ།  འགྲེལ་པ་དང་འགྲེལ་བ་སོགས་ཧ་ཅང་མང་ངོ་།།

བརྡ་སྤྲོད་མི་ཤེས་པ་དག་ལ་ཅི་ཆ།  ཅུང་ཟད་ཤེས་པར་རློམ་པ་རྣམས་ཀྱང་མིང་ལ་པ་དང་བྱ་ཚིག་ལ་བ་ཞེས་བརྗོད་ཚེ་མགོ་བོ་རྨོངས་མཁན་མང་ངོ་།།

འོ་ན་གང་ལ་བསྟུན་ཏེ་གཅིག་གྱུར་བྱེད་རྒྱུ་ཡིན་ཟེར་ན།  ངས་ནི་འདི་ལྟར་སེམས་ཏེ།  སྡེ་དགེ་སྣར་ཐང་ཞོལ་པར་ཁང་སྟེ་བོད་ཀྱི་པར་ཁང་ཆེན་མོ་གསུམ་ནས་པར་དུ་བསྐྲུན་པའི་བཀའ་བསྟན་པར་མ་དག་ཁུངས་སུ་འཛིན་རྒྱུ་ནི་གནད་ཀྱི་དོན་པོ་རེད་སྙམ།  རྒྱུ་མཚན་ནི།  པར་མ་དེ་དག་ཏུ་མིང་དུ་གྱུར་པ་དང་བྱ་བའི་ཚིག་ཏུ་གྱུར་པའི་མིང་མཐའི་པ་པོ་བ་བོ་རྣམས་ཕན་ཚུན་མ་འདྲེས་པར་གསལ་ལམ་མེར་ཡོད་དོ།།

སྔོན་གྱི་བཀའ་བསྟན་གསུང་རབ་མང་པོ་ཀློག་པའི་མཐུན་རྐྱེན་མེད་ན་ཐུན་མོང་གིས་བསྒྲིགས་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་ལྟ་བུ་ཞིག་གི་རྗེས་སུ་འབྲངས་ནས་གཅིག་གྱུར་བྱེད་ཐུབ་རྒྱུ་ནའང་ལེགས་པའི་མཆོག་ཏུ་འགྱུར་ལ།  ཚིག་མཛོད་དེར་མིང་མཐའི་པ་པོ་བ་བོ་རྣམས་ནི་སྔོན་གྱི་བཀའ་བསྟན་སོགས་ལ་བསྟུན་ཅི་ཐུབ་བྱས་ཡོད་པའི་ཕྱིར་རོ།།

བོད་རྒྱ་ཚིག་མཛོད་ཆེན་མོ་ནི་བོད་ཀྱི་མཁས་པ་རྒན་གཞོན་སྐོར་ཞིག་གིས་བསྒྲིགས་ཤིང་།  དེ་དག་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པའི་ངེས་པ་མ་མཆིས་ཀྱང་།  བོད་ཡིག་གི་མིང་དང་ཚིག་གི་སྦྱོར་བ་ཡོད་ཚད་ད་ནས་བཟུང་ཚིག་མཛོད་འདི་ལྟར་གཅིག་གྱུར་ཞིག་འོང་ན་སྙམ་པའི་ཀུན་སློང་གིས་བསྒྲིགས་པ་ནི་གོར་མ་ཆག  །འོན་ཀྱང་།  དེའི་ནང་དུ་མ་འདུམ་པ་དང་ནོར་བ་སོགས་ཀྱང་ཡོད་སྲིད་མོད།  ད་སྔར་བོད་ཀྱི་ཚིག་མཛོད་རྒྱས་ཤོས་དང་སྤྱོད་རྒྱ་ཆེ་ཤོས་སུ་གྱུར་ཡོད་པ་འདི་ཁོ་ན་ཡིན་པས་སོ།།

ཡང་ཁ་ཅིག་གིས་ཚིག་མཛོད་དེ་ནི་རྒྱ་མི་ཞིག་གིས་བསྒྲིགས་པ་ཡིན་པས་ནོར་བ་མང་ཞིང་ཡིད་རྟོན་ཆེར་མི་འདུག་པའི་ལབ་གླེང་མང་པོ་བྱེད་ནའང་། རང་ལ་ཅི་ཡོད་རང་ལ་གསལ་བ་བཞིན་ང་ཚོ་ལ་དེ་ལས་ལྷག་པའི་ཚིག་མཛོད་ལེགས་པོ་ཞིག་མེད་ལ།  གལ་ཏེ་ཡོད་ཀྱང་དེ་རྨང་གཞིར་བྱས་ནས་བསྒྲིགས་པ་ཡིན་པ་ནི་སྨྲོས་མ་དགོས་སོ།།

དབུས་གཙང་ཕྱོགས་ཀྱིས་བ་ཕལ་ཆེར་པ་རུ་ཀློག་པ་དང་ཨ་མདོ་པས་ལྡོག་སྟེ་ཀློག །བཀླགས་པ་ལྟར་ཡིག་ཐོག་ཏུ་བྲིས་པ་ཡིན་ན་མིང་མཐའི་པ་བ་རྣམས་རྩ་བ་ནས་འཁྲུགས་མི་འགྲོའམ།  བརྗོད་བདེ་བྱེད་རྒྱུ་མང་དྲགས་ན་དངོས་པོ་ཞེས་པ་ཕལ་ཆེར་དངོས་བོ་རུ་བྲིས་ཏེ་པར་སྐྲུན་བྱས་ཡོད་པའང་མཐོང་བས།  འདི་དང་འདི་འདྲ་བས་བོད་ཀྱི་བརྡ་སྤྲོད་རིག་པའི་རྩ་བའི་ཐོབ་ཐང་ཡོད་ཚད་རྡོག་བརྫིས་སུ་བཏང་བ་མ་ཡིན་ནམ།  ཞིབ་ཏུ་བསམས་ན་བརྡ་སྤྲོད་ཀྱི་དགོས་པ་གཙོ་བོའང་བརྡ་སྤྲོད་ཐབས་ཙམ་མ་ཡིན་པར་བརྡ་སྤྲོད་བྱེད་ཀྱི་ཡི་གེ་གཅིག་གྱུར་འོང་བའི་ཆེད་མ་ཡིན་ནམ།  འདི་དག་ལ་ཁ་ཡ་མི་བྱེད་ན་རིག་གསར་སྐབས་སུ་ཐོབ་ཐང་མང་པོ་བསྡུས་ནས་གཅིག་གིས་ཆོག་པར་བྱས་ཏེ་བརྡ་སྤྲོད་ལ་བཟོ་བཅོས་བརྒྱབ་ཡོད་པ་ལ་རྗེས་སུ་མང་པོ་ཞིག་གིས་ངུ་ངག་བཏོན་པ་ལ་ཡང་སྙིང་པོ་ཅི་ཞིག་ཡོད།

སྤྱིར་ཡི་གེའི་གཟུགས་ནི་སྐད་ཀྱི་གདངས་མཚོན་བྱེད་ཙམ་དང་ཕན་ཚུན་ལ་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་ཡིན་པ་ཤེས་དགོས་ལ། བརྡ་སྤྲོད་རིག་པ་ནི་ཡི་གེ་དེ་དག་གི་ཐོབ་ཐང་དང་འཇུག་ཡུལ་སོགས་གཅིག་གྱུར་དང་གཏན་འབེབས་བཟོ་བྱེད་ཀྱི་གཞུང་ལུགས་ཤིག་ཡིན་པ་དེ་བས་ཀྱང་ཤེས་དགོས།  དཔེར་ན།  ཡི་གེ་ནི་ཕྲེང་བའི་རྒྱུན་ཐག་ལྟ་བུ་ཞིག་པས།  དེ་ལ་ཆོས་ལུགས་ཀྱི་ལྟ་གྲུབ་ཇི་བཞིན་ལུགས་མང་པོ་གྱེས་པ་ལ་དགོས་པ་ཅི་ཞིག་ཡོད་དམ།

ཡང་དཔེར་ན། ལྷ་ངོ་གངས་བས་དཀར་བ་སྟེ། །མི་ངོ་བཙན་བས་དམར་བ་ཡིན། །ཞེས་པ་ལྟ་བུའི་བས་ཀྱི་སྒྲ་ནི་ལས་སྒྲ་དང་འཇུག་པ་མཚུངས་ཤིང་རྗེས་འཇུག་གི་ཁྱད་པར་ལ་ལྟོས་མི་དགོས་པར་རང་དབང་དུ་སྦྱར་ཆོག་པའི་སྒྲ་ཡིན་ནའང་།  མང་པོ་ཞིག་གིས་བསམ་བློ་ཅི་ཡང་མི་གཏོང་བར་ག་ད་བ་ས་ན་མ་པ་དང་ང་འ་ར་ལ་མཐའ་མེད་བ་ཞེས་པའི་ཐོབ་ཐང་ལྟར་བཙན་གྱིས་སྦྱར་ཏེ།  ལྷ་ངོ་གངས་པས་དཀར་བ་སྟེ། །མི་ངོ་བཙན་པས་དམར་བ་ཡིན། །ཞེས་པ་ལྟ་བུ་བོད་ཀྱི་མཁས་རློམ་དག་གི་ཁྲོད་ན་གླེན་རྟགས་འདི་འདྲ་སྟོན་མཁན་ཡང་མང་ངོ་།།

མདོར་ན།  ལག་ལེན་གྱི་ཐོག་ནས་དཔེ་དེབ་གཅིག་གི་མགོ་མཇུག་ཏུ་བྱུང་བའི་མིང་བརྡ་དང་མིང་མཐའི་པ་བ་ཙམ་ལ་ཡང་རྨོངས་ནས་གཅིག་གྱུར་བྱུང་མེད་པ་འདི་ནི་དཔེ་སྐྲུན་ཁང་དང་དཔེ་སྒྲིག་པ་རྣམས་ཀྱི་མཚང་ཆེན་པོ་ཞིག་ཡིན་ནོ།།

དེའི་སྟབས་ཀྱིས་བཀའ་བསྟན་དཔེ་བསྡུར་མ་དཔེ་སྒྲིག་ཞུས་དག་གི་སྐབས་སུ་ཡང་བོད་ཀྱི་མཁས་པ་རྒན་རབས་པ་དག་ལ་འདིའི་སྐོར་བཀའ་འདྲི་ཡང་ཡང་ཞུས་པ་ན།  ཁོང་རྣམ་པས་ཀྱང་མིང་མཐའི་པ་པོ་བ་བོ་རྣམས་ནི་པར་མ་ཇི་ལྟ་བ་བཞིན་བཞག་ན་ལེགས་ཤིང་། མ་འོངས་པ་ན་མིང་མཐའི་པ་པོ་རྣམས་འདི་ལྟར་གཅིག་གྱུར་འབྱུང་བ་ལའང་ཕན་པ་ཧ་ཅང་ཆེ་ཞེས་གསུངས་པ་རྣམས་རྡོ་རྗེའི་ཚིག་ཏུ་མོས་ནས་བཀའ་བསྟན་དཔེ་བསྡུར་མ་དང་།  རྙིང་མ་རྒྱུད་འབུམ།  བྱེ་བྲག་བཤད་མཛོད་ཆེན་མོ།  རིག་མཛོད་ཆེན་མོའི་གསུང་འབུམ་ཁག་ཅིག་བཅས་པར་དུ་བསྐྲུན་ཟིན་པ་དག་ཀྱང་སྔོན་གྱི་པར་ཁང་ཆེན་པོ་གསུམ་གྱི་སྒྲིག་སྲོལ་ལ་བསྟུན་ཅི་ཐུབ་བྱས་ཡོད་དོ་ཞེས་པ་པོ་གཉིས་ལྗགས་དང་སྙན་ལ་མི་བདེ་བ་རྣམས་ལ་ཆེད་དུ་ཞུས་པ་ལགས། 

མདོར་ན་སྔོན་གྱི་པར་ཁང་ཆེན་པོ་གསུམ་གྱི་མན་ངག་དང་ཉམས་མྱོང་ལ་བརྟེན་ནས།  དེང་གི་ཁྲིམས་མེད་ལུགས་མེད་དང་གོ་རིམ་དང་ཚད་གཞི་ཅི་ཡང་མེད་པར་གང་འདོད་དུ་པར་སྐྲུན་བྱས་པའི་དཔེ་དེབ་རྫོབ་པོ་དེ་དག་གི་སྤུས་ཀ་ཇེ་ལེགས་དང་གཅིག་གྱུར་འོང་བའི་ཐབས་ལ་བརྩོན་པ་ནི་བོད་ཡིག་དཔེ་སྐྲུན་ཁང་རྣམས་ཀྱི་འགན་འཁྲི་བླ་ན་མེད་པ་ཞིག་ཡིན་པ་གོ་བར་གྱིས་ཤིག

འདིར་དཔེར་མཚོན་ཙམ་དྲངས་ན། ཀ་པ། ཀ་ཁའི་རིམ་པ་ལྟར་བསྒྲིགས་པའི་དང་པོ་མཚོན་བྱེད།  ཀརྨ་པ།  རྐང་པ།   བསྐལ་པ།   རྐྱང་པ།   ཁང་པ།   ཁོང་པ།   འཁྱིལ་པ། མིང་ལ་པ་དང་བྱ་ཚིག་ལ་བ་འབྲི་དགོས།  ཁྲི་པ།   འཁྲུལ་པ།   མགུལ་པ།   གྱུར་པ།   གྱེར་པ།   གྲྭ་པ།   གླ་པ། ལུས་སྟོབས་སོགས་བཙོངས་ནས་འཚོ་བ་སྐྱེལ་མཁན།  གླུ་པ།   གྲུ་པ།   སྒང་པ།   དགུ་པ།   བརྒྱ་པ།  འགྲེལ་པ།   ངང་པ།   ལྔ་པ།   བཅུ་པ།   ཉི་ཤུ་པ།   རྙིང་པ།   གཉེར་པ། མིང་ལ་པ་དང་བྱ་ཚིག་ལ་བ་འབྲི་དགོས།  རྟ་པ།   སྟོང་པ།   ཐར་པ། མིང་ལ་པ་དང་བྱ་ཚིག་ལ་བ་འབྲི་དགོས།  ཐལ་འགྱུར་པ།   སྡེ་པ།   གདོང་པ།   སྤྲུལ་པ།   ཕལ་པ།   ཕུར་པ།   ཕོར་པ།   རྣལ་འབྱོར་པ།   འབྱོར་པ། མིང་ལ་པ་དང་བྱ་ཚིག་ལ་བ་འབྲི་དགོས།  བཞི་པ།   གཞོང་པ།   ཟིལ་པ།  ཡི་གེ་པ།   རལ་པ། མིང་ལ་པ་དང་བྱ་ཚིག་ལ་བ་འབྲི་དགོས།  རོལ་པ།   ལུང་པ།   གསར་པ། དཀར་པོ།   གང་པོ།   རྒྱལ་པོ།   གྲུང་པོ།   གླང་པོ།   འགོང་པོ།   བཅུ་པོ།   སྙིང་པོ།   དང་པོ།   སྡོང་པོ།  དཔང་པོ།   སྤྲང་པོ།   ཕུང་པོ།   དབང་པོ།   དབུལ་པོ།   འབྱུང་པོ།   འབྲིང་པོ།   མང་པོ།   དམར་པོ།   བཟང་པོ།   རིང་པོ།   སེར་པོ།   གསལ་པོ།   གསོང་པོ།   ཧྲིལ་པོ་སོགས་ཧ་ཅང་མང་ངོ་།།

དེས་ན་ང་ཚོ་ཚང་མ་ཞེན་ཁའི་ཨུ་ཚུགས་ཀྱི་བྲག་ཁུང་ལས་ཕྱིར་བུད་དེ་བོད་ཡིག་གཅིག་གྱུར་གྱི་སྤང་ལྗོངས་ཡངས་པོར་ཞེ་ལྷོད་ལྷོད་ཀྱིས་རྒྱང་ལྟ་རེ་མཛོད་ལ།  ད་དུང་ཡང་རང་གི་སེམས་ཁ་དང་མི་མཐུན་ན་བཀའ་བསྟན་གྱི་དཔེ་དག་མ་རྣམས་ལ་གཟིགས་ཤིག་ཅེས་ཀྱང་ཞུའོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།