རྗེ་ཙོང་ཁ་བ་ཆེན་པོའི་ཀློག་པ་ཐོས་བསམ་གྱི་འགྲུལ་བཞུད་རིང་མོ། (གསུམ།)

བླ་མ་ཆོས་ཀྱི་དཔལ་བ་ནི་(ཕྱི་ལོ1316~1397)ཉང་སྟོད་སྐྱལ་ཆ་དཀར་རུ་འཁྲུངས། སྤྱིར་མདོ་སྔགས་རིག་གནས་ཀུན་དང༌། ལྷག་པར་དུས་འཁོར་ལ་ཤིན་ཏུ་མཁས་པའི་བླ་ཆེན་ཞིག་དང་། མྱང་སྟོད་པ་སྣམ་ནོར་བུ་ཁྱུང་རྩེའི་རི་ལྡེབས་སུ་ཆགས་པའི་དགོན་པ་གོང་གསུམ་བདེ་ཆེན་དུ་རྒྱུན་བཞུགས་གནང་བས་གོང་གསུམ་བདེ་ཆེན་པ་ཞེས་མཚན་ཆགས་ཤིང༌། མཚན་དངོས་ཆོས་ཀྱི་དཔལ་བ་ཞེས་ཞུ། འཁྲུངས་ཡུལ་མྱང་སྟོད་སྐྱལ་ཆ་དཀར་དུ་ཡབ་ཇོ་བཙུན་ཆོས་བཟང་དང༌། ཡུམ་མ་གཅིག་དགེ་བསྙེན་མ་བརྩོན་འགྲུས་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་མེ་འབྲུག(1316)ལོར་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཐུགས་རིག་གི་རྩལ་ཕུལ་དུ་བྱུང་བས་ཡི་གེ་འབྲི་ཀློག་སོགས་གང་བསླབས་པ་ཐམས་ཅད་ཐེངས་རེས་མཁྱེན་ཐུབ། དགུང་ལོ་བཅུ་པ་ཤིང་གླང(1325)ལོར་མཁན་པོ་གཞོན་ནུ་བརྩོན་འགྲུས་དང༌། ལས་ཀྱི་སློབ་དཔོན་བྱང་ཆུབ་བཟང་པོ་གཉིས་ཀྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་པ་རབ་བྱུང་དྲུག་པའི་ཤིང་ཕག(1335)ལོར་ཞ་ལུའི་ཆོས་སྡེ་ཆེན་པོར་སློབ་གཉེར་ལ་ཕེབས་ནས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་དང་མཁས་པ་སྐྱབས་མཆོག་དཔལ་གཉིས་ཀྱི་དྲུང་ནས་<ཚད་མ་རྣམ་ངེས་དང་རྣམ་འགྲེལ>བཅས་གསན། ཞ་ལུ་རི་ཕུག་ཏུ་ཕེབས་ཏེ་བུ་སྟོན་རིན་པོ་ཆེའི་དྲུང་ནས་དུས་འཁོར་གྱི་དབང་དང་ཁྲིད། བཤད་པ། མན་ངག་གི་གནད་སོགས་ཡོངས་སུ་རྫོགས་པ་གསན་ནས་དུས་འཁོར་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དགུང་ལོ་ཉི་ཤུ་ལྷག་བཞེས་པའི་སྐབས་ཆོས་རྗེ་འཇམ་དབྱངས་རིན་ཆེན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་དབེན་གནས་གོང་གསུམ་བདེ་ཆེན་དུ་བཞུགས་ཏེ《དུས་འཁོར་གྱི་རྒྱུད་འགྲེལ》དང༌། བཤད་པ། ས་རིས། དབང་བཀའ། ལག་ལེན་གྱི་ཁྲིད་སོགས་ཡང་ཡང་གནང་བས། སློབ་མ་དུས་འཁོར་ལ་མཁས་པ་མང་དུ་བྱོན། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་དགུང་ལོ་སོ་བཞི་པ་རབ་བྱུང་བདུན་པའི་ལྕགས་རྟ་(1390)ལོ་ལ་ཞལ་མཇལ། དུས་འཁོར་གྱི་དབང་ཁྲིད། བཤད་པ་ལག་ལེན་བཅས་ཡོངས་སུ་རྫོགས་པ་དང༌། རྡོ་རྗེ་ཕྲེང་བའི་དབང་སོགས་གསང་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན་པ་ཡིན། དགུང་ལོ་དོན་བཞི་པ་རབ་བྱུང་བདུན་པའི་མེ་གླང་(1397)ལོར་གོང་གསུམ་བདེ་ཆེན་རང་དུ་སྐུ་མྱ་ངན་ལས་འདས། སྐུ་གདུང་མཆོད་རྟེན་གདན་ས་དེར་བཞུགས་ཡོད།

དགུང་ལོ་སོ་ལྔ་བའི་ (ཕྱི་ལོ1391ལྕགས་ལུག) དཔྱིད་ཆོས་སྔ་མ་མ་རྫོགས་རིང་ལ་བཞུགས་ནས། རྒྱུད་འགྲེལ་གྱི་བཤད་པ། ཕྱག་ལེན་གྱི་མཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ཁྲིད་སོགས་རྫོགས་པར་གསན། དེ་ནས་ཡོ་གའི་བཀའ་ལུང་བཤད་པ་མཐའ་དག་གསན་པར་བཞེད་དེ། སྔོན་ལ་ཕྱག་ལེན་ཞིག་སྦྱང་བར་ཞྭ་ལུའི་ཡོ་ག་བ་མགོན་བཟང་ཞེས་བྱ་བ་གདན་དྲངས་ནས། ཁོང་རང་གཉིས་ཀྱིས་ཉང་སྟོད་སྨད་ཀྱི་མཚམས་འཁྲིས་རྩྭ་ཁང་ཞེས་པར་བཞུགས། ཡོ་གའི་དཀྱིལ་འཁོར་ཆེན་པོ་མཐའ་དག་གི་བྲི་ཐིག །གར་དབྱངས། དཀྱིལ་ཆོག་གི་ཆོག་ཁྲིགས། ཕྱག་རྒྱ་འཆིང་བ་སོགས་ལ་ཤིན་ཏུ་བྱང་བར་སྦྱངས། རྒྱལ་བ་དགེ་འདུན་གྲུབ་འཁྲུངས། 

      སླར་ཡང་དཔྱིད་སྨད་དེ་ནས་དབྱར་དང་སྟོན་འགོ་མའི་རིང་ལ་སྡེ་ཆེན་དུ་བྱོན། རིན་པོ་ཆེ་ཆོས་ཀྱི་དཔལ་བ་ལ། རྡོ་རྗེ་ཕྲེང་བའི་དབང་ལུང་མཛུབ་ཁྲིད་བཤད་པ། གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན་ཁྲིད་དང་བཅས་པའི་སྒོ་ནས་ཕྲེང་བ་བསྐོར་གསུམ་ལ་མཁས་པར་སྦྱངས། གསན་ཡིག་ཏུ། སྒྲོན་གསལ་དང་བདེ་མཆོག་རྩ་རྒྱུད་སོགས་སྔགས་ཕྱོགས་ཁོ་ནའི་ཆོས་ཚན་བཅུ་གཅིག་ཙམ་གསན། སྟོན་ཕྱི་མ་དགུན་དང་དེའི་ཕྱི་ལོའི་དཔྱིད་དབྱར་རྣམས་སྦྲེལ་ནས་ཞྭ་ལུར་བཞུགས།
       དགུང་ལོ་སོ་དྲུག་པའི་(1392ཆུ་སྤྲེལ) སྔ་ལོའི་དགུན་ནས་འདི་ལོའི་དཔྱིད་དབྱར་སྦྲེལ་ནས། རིན་པོ་ཆེ་ཁྱུང་བོ་ལྷས་པའི་དྲུང་དུ། ཡོ་གའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱིས་ཐོག་དྲངས། རྒྱུད་སྡེ་འོག་མ་རྣམས་ཀྱི་བཀའ། ད་ལྟ་བོད་ན་རྣམ་པར་དག་པའི་དབང་གི་ཆུ་བོའི་རྒྱུན་མ་ཆད་པར་ཡོད་པ་ཕལ་ཆེ་བ་ཡོངས་སུ་རྫོགས་པར་གསན། བདེ་མཆོག་ལཱུ་ཨི་བ་དང་། ནག་པོ་བའི་ལུགས་ལ་སོགས་པའི་བླ་མེད་ཀྱི་བཀའ་ལུང་ཡང་དཔག་ཏུ་མེད་པ་གསན། གསན་ཡིག་ཏུ། གསང་འདུས་འཕགས་ལུགས་ཀྱི་དབང་སོགས་སྔགས་ཁོ་ནའི་ཆོས་ཚན་ཉེར་ལྔ་ཙམ་གསན། བཀའ་ལུང་རྣམས་རྫོགས་པ་ན། ད་ནི་ཆོས་བདག་པོ་ལ་འཕྲོད་པས་འགྱོད་པ་མེད་དོ། ཞེས་གསུངས། དེའི་ཚེ་འབུལ་བ་ཚོགས་འཁོར་ཞབས་ཏོག་ནར་མ་སོགས་ཀྱིས་མཉེས་པར་མཛད་ཅིང་། ཞེས་གསུང་རྒྱུན་ལ་དེ་དུས་རྗེ་བདག་ཉིད་ཆེན་པོས་བླ་མ་ཁྱུང་བོ་ལྷས་པ་ལ་གསེར་ཞོ་མང་བོའི་འབུལ་བ་བཏེགས་ཀྱང་བླ་མ་བས་མ་བཞེས་པས། རྗེ་ནས་གསེར་དེ་དག་བླ་མའི་སྒྲུབ་ཁང་གི་རྩིག་སྲུབས་ལ་གསེར་ལེབ་བརྡུངས་ཀྱིས་བཅུག་བཞག་གི་ལོ་རྒྱུས་འདུག འགོས་ལོ་ཡིད་བཟང་རྩེ་བ་གཞོན་ནུ་དཔལ་འཁྲུངས།
         པ་རྣམ་གྱི་ཕག་པ་རི་ན་བླ་མ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་གདན་དྲངས་ནས་བཞུགས་འདུག་པའི་སྤྱན་སྔར་བྱོན། སླར་ཡང་རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་སྟོད་འགྲེལ། ནཱ་རོ་འགྲེལ་ཆེན་ལ་སོགས་པའི་དུས་འཁོར་གྱི་ཆ་ལག་མང་བོ་གསན། དཔལ་གསང་བ་འདུས་པ་ལུགས་གཉིས་ལ། བུ་སྟོན་རིན་པོ་ཆེ་བས་ཡིག་ཆ་མཛད་པ་ཅི་ཡོད་ཀྱི་བཤད་ལུང་སོགས་ཆོས་བཀའ་མང་དུ་གསན། དེ་ནས་ཁོང་བ་བདེ་ཆེན་དུ་ཐེགས། རྗེ་འདི་བས་ཕག་པ་རིར་ཞྭ་ལུ་བའི་ཡོ་ག་མཁས་པ་རིན་པོ་ཆེ་རྒྱལ་མཚན་གྲགས་པ་སྤྱན་དྲངས་ནས། ཡོ་གའི་གར་དབྱངས་སོགས་ཕྱག་ལེན་རྣམས་ལ་དག་ཐེར་དང་། ཆོས་བཀའ་མང་དུ་གསན། གསན་ཡིག་ཏུ། བུ་སྟོན་ཆོས་འབྱུང་ཕུད་པའི་སྔགས་ཕྱོགས་ཁོ་ནའི་ཆོས་ཚན་བརྒྱད་ཅུ་ཙམ་གསན།
       དེ་ནས་སྟོན་བླ་མ་དབུ་མ་བ་དང་ལྷན་ཅིག་ཏུ་དཔོན་སློབ་གཉིས་ཀ་དབུས་ཀྱི་དགའ་བ་གདོང་དུ་ཕྱག་ཕེབས། ལྷ་སར་ཇོ་བོ་རིན་པོ་ཆེའི་དྲུང་དུ་གསོལ་བ་འདེབས་པ་ལ་བྱོན་ནས། དཔོན་སློབ་གཉིས་ཀས་དགའ་བ་གདོང་དུ་སྐུ་མཚམས་ལེགས་པར་བཅད་ནས་བཞུགས། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་དྲག་ཏུ་འདེབས་པ་དང་། ཡི་དམ་གྱི་བསྙེན་སྒྲུབ་ལ་ཤིན་ཏུ་འགྲུས་པར་མཛད། དེའི་དུས་སུའང་བླ་མ་དབུ་མ་བ་ལ་ལོ་ཙཱ་བཅོལ་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་དབུ་མའི་ལྟ་བ་དང་། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་ཆེ་ཤས་རྣམས་དང་། རིམ་པ་ལྔའི་གོ་རིམ། གྲངས་ངེས་སོགས་མཐའ་ཡས་པ་ཞིག་གི་དྲི་བ་དང་། དོགས་པ་ཆོད་པའི་ཆེད་དུ་བརྒལ་ཞིང་བརྟགས་པའི་སྒོ་ནས་འདྲི་བ་ལ་སོགས་པ་འབའ་ཞིག་གཙོ་བོར་མཛད་པ་སྟེ། རྗེ་བཙུན་གྱིས་སྣང་ཕྱོགས་དང་སྟོང་ཕྱོགས་གཉིས་ལ་ཉེ་རིང་གཏན་ནས་བྱེད་མི་རུང་། ཁྱད་པར་སྣང་བ་ལ་རྩིས་སུ་བྱ་དགོས་ཞེས་དང་། ད་དུང་ཐལ་རང་གི་ཁྱད་པར། ངར་འཛིན་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཀྱི་ཁྱད་པར། དེ་གཉིས་ཀྱིས་བཟུང་བའི་བདག་དང་། རིགས་པས་འགོག་པའི་དགག་བྱའི་ཕྲ་རགས་ཀྱི་ཚད། སྟོང་ཉིད་ཀྱི་ལྟ་བ་རྙེད་པའི་ཚད། ཐལ་འགྱུར་བའི་ལུགས་ཀྱི་ཀུན་རྫོབ་འཇོག་ཚུལ་སོགས་ལ་ཞིབ་ཏུ་དཔྱད་པའི་ས་བོན་ཤིན་རུ་འདྲིལ་བ་རེ་གསུངས་ཤིང་། 
ཡང་མདོ་སྔགས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར། དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ངོ་བོ་། གོ་རིམ། གྲངས་ངེས་སོགས་ཀྱི་གནད་ཤིན་ཏུ་འདྲིལ་བ་རེ་གསུངས། འདི་རྣམས་མ་བརྗེད་པར་བཟུང་ལ་ཟིན་བྲིས་སུ་གྱིས། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་ལ་གསོལ་བ་འདེབས་ཤིང་བསྙེན་སྒྲུབ་བྱེད་པ་དང་། བསག་སྦྱང་གཉིས་ལ་ལེགས་པར་འབད་པ་དང་། གཞུང་ལུགས་ཀྱི་དོན་ལ་རིགས་པས་རྣམ་པར་དཔྱོད་ཅིང་ཞིབ་ཏུ་སེམས་པ་རྣམས་སུམ་སྒྲིལ་དུ་ཉམས་སུ་ལོང་ལ་ཚིམ་མ་སླ་བར་རྒྱུན་བསྲིངས་ལ་ལེགས་པར་དཔྱོད་ཅིག་དང་། སྐབས་སུ་བབས་པ་ན་ངས་ད་ལྟ་ས་བོན་བཏབ་པ་འདི་རྣམས་ཀྱིས་ཀྱང་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་བར་འདུག་ཅེ་གསུང་ངོ་།།
         ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཀྱི་དབུ་མ་དང་གསང་བ་འདུས་པ་ལ་རྩད་གཅོད་པའི་བླ་མ་བོད་དུ་རེད་མདའ་བ་ལས་དྲག་པ་མེད་ཅེས་དང་། རྒྱ་གར་གྱི་པཎྚྀཏ་རྣམས་ལའང་འགའ་ཞིག་གི་གཞུང་ལ་འཁྲུལ་བ་མེད་པ་འབའ་ཞིག་ཏུ་བཟུང་མི་ཉན་པའི་དམིགས་བསལ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སློབ་དཔོན་ཟླ་བ་གྲགས་པ་སྔགས་མཚན་ཉིད་གང་གི་སྐབས་སུའང་འཁྲུལ་བ་ཕྲ་མོ་ཙམ་ཡང་མེད་པས། རྣམ་པ་ཐམས་ཅད་དུ་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་ངེས་པར་བཟུང་དགོས་པ་ཡིན་ནོ་ཞེས་གསུངས་པ་སོགས། གཞན་ཡང་གསུང་རབ་ཀྱི་གནད་དང་། དཔྱད་པ་མཛད་པའི་སྒོ་བསྟན་པ་ལ་ཚད་མེད་དོ།།
དགའ་བ་གདོང་ནི། ཐོག་མར་བཀའ་གདམས་པའི་བླ་མ་ཞིག་པོ་ཤེས་རབ་ཞུ་བས། སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཕྱག་བཏབ། དབུས་ཀྱི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཡིན། རྗེ་བླ་མས་གནས་དེར་བླ་མ་དབུ་མ་པ་དང་ལྷན་དུ་འཇམ་དབྱངས་བསྒྲུབས་པས་ཞལ་གཟིགས་ཀྱང་གསུང་མ་བྱོན་པས། བླ་མ་དབུ་མ་པས་གསུང་སྒྱུར་གྱི་ཚུལ་མཛད་གནས་དང་། དུས་ཕྱིས་དེ་ལ་རྒྱལ་མཆོག་ལྔ་བས་རྒྱལ་པོ་སྐུ་ལྔའི་ནང་ཚན་ལྷོ་ཕྱོགས་ཡོན་ཏན་རྒྱལ་པོའམ་དགའ་གདོང་ཆོས་སྐྱོང་ཤིང་བྱ་ཅན་ཞེས་པ་གནས་སྲུང་དུ་བསྐོས།
དེ་ནས་བླ་མ་དབུ་མ་བས་དེ་ཁའི་སྟོན་མདོ་སྨད་ལ་འབྱོན་པར་ཆས། རྗེ་ཞལ་སྔ་ནས་ལྷ་སར་སྐྱེལ་མ་ལ་བྱོན། དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ། ལྷ་སའི་སྒོ་ཁང་སྟེང་གི་གཙུག་ལག་ཁང་དུ་བླ་མ་དབུ་མ་བ་ལ་རྗེ་འདི་བས་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཞི་རྫོགས་པར་གནང་། དེ་ནས་རྗེ་འདི་བ་སྐྱོར་མོ་ལུང་དུ་ཕེབས། སྟོན་མཇུག་དེ་ཆོས་མང་དུ་གསུངས། དགུན་ཟླ་བཅུ་བ་ལ་བབ་པ་ལ་སྐྱོར་མོ་ལུང་ནས་བྱ་བྲལ་ལ་ཕྱག་བཏེགས།
         བླ་མ་དབུ་མ་བ་ནི་མདོ་སྨད་སྨར་ཁམས་སུ་སྐུ་འཁྲུངས་པ་ཡིན་ཞིང་། མཚན་བརྩོན་འགྲུས་སེང་གེ་དང་། གསང་མཚན་དཔའ་བོ་རྡོ་རྗེ། སྟོང་ཉིད་ལ་མཁས་པས་དབུ་མ་པ་ཞེས་གྲགས། བླ་མ་འདི་ནི་སྔོན་གྱི་སྐུ་ཚེ་དཔག་ཏུ་མེད་པར་ཚོགས་རྒྱ་ཆེན་པོ་བསགས་ཤིང་། སྐུ་ཚེ་དུ་མར་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བས་ན། ཚེ་འདིར་འབད་པ་ལ་མ་ལྟོས་པར་ཨ་ར་པ་ཙ་ནའི་སྔགས་ཀྱི་སྒྲ་ཆེན་པོ་ཁོག་པའི་ནང་ནས་རང་གི་ངང་གིས་འབྱུང་བ་དང་། སྒྲ་དེ་འབྱུང་རེས་ཀྱིས་བ་སྤུ་ལྡང་ཞིང་སེམས་མནན་པས་མི་ནོན་པ་ལྟ་བུ་འབྱུང་བ་ཡོད་འདུག་གོ།
        ཆུང་དུས་མདོ་ཁམས་ན་ཕྱུགས་སྐྱོང་བའི་སྐབས་ཤིག་ནང་ནས་ཨ་ར་པ་ཙ་ནའི་སྒྲ་དྲག་པོ་བྱུང་བའི་རྐྱེན་གྱིས་བརྒྱལ་བར་གྱུར་ཅིང་། དེ་ནས་དྲན་པ་རྙེད་དེ་ལངས་པའི་ཚེ་མདུན་དུ་རྗེ་བཙུན་འཇམ་དབྱངས་སྐུ་མདོག་ནག་པོ་ཞིག་དངོས་སུ་གཟིགས། དེ་རྗེས་རྗེས་གནང་དང་ལུང་གསན་ནས་བསྙེན་སྒྲུབ་བྱས་པས་སྐུ་དང་གསུང་གི་སྣང་བ་ཇེ་མང་དུ་གྱུར། འོན་ཀྱང་དེ་ལ་ཐུགས་ངེས་རང་མ་མཛད། དེ་ནས་དབུས་ཀྱི་གསང་ཕུར་སློབ་གཉེར་ལ་བྱོན། ཕར་ཕྱིན་གྱི་གཟིགས་རྟོག་མཛད་པས་ཆོས་སྐད་ཕུན་སུམ་ཚོགས་པ་བྱུང་། གྲྭ་སྐོར་མཛད་པར་དགོངས་པ་ལ། ཡི་དམ་གྱི་གསུང་གིས་ཡོ་བྱད་ཅི་ཡོད་ཐམས་ཅད་ཚོགས་སུ་ཐོངས་གསུང་། སློབ་གཉེར་བྱེད་པའི་ཆས་མི་འོང་བར་འདུག་ཞུས་པས། གཏེར་ཅིག་འདོན་རྒྱུ་ཡོད་ཀྱིས་གསུང་། དེར་ཡོ་བྱད་ཐམས་ཅད་ཚོགས་སུ་བཏང་ཚར་ནས། ད་གཏེར་འདོན་འཚལ་ཞེས་ཞུས་པས། ད་བྱ་བྲལ་ཐག་ཆོས་གྱིས་ལ་དགེ་སྦྱོར་གྱིས་ཤིག་ཅེས་བསྐུལ་ལོ། 
        དེ་ནས་བྱ་བྲལ་མཛད་ནས་ཀོང་པོ་ཕྱོགས་ལ་བྱོན། ཀརྨ་སྐམ་ཚང་གི་ཆོས་སྐོར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཞུས། ཐུགས་དམ་མཛད་པས་སྔར་ལས་ཀྱང་ཡི་དམ་གྱི་སྐུ་དང་གསུང་གི་སྣང་བ་ཆེས་གསལ་ཞིང་བརྟན་པ་བྱུང་། དེ་ནས་བསམ་ཡས་སུ་རྟོགས་ལྡན་མཚོ་དཀར་མ་ལ་སྦྱོར་དྲུག་གསན་པས། དེའི་ཚེ་ཡི་དམ་གྱི་རྣམ་འཕྲུལ་གསལ་ཞིང་བརྟན་པ་དཔག་ཏུ་མེད་པ་བྱུང་།
དེ་ནས་གཙང་ལ་འབྱོན་པར་བཞེད་པ་ལ། དེ་དུས་འབར་འཛག་གཉིས་གྲགས་པ་ཆེ་བར་འདུག་པས། འབའ་ར་ཅན་དུ་བྱོན། ཕྱག་ཆེན་སོགས་ཞུས། ཁོང་སྐྱོ་ཤས་ཅན་ཅིག་འདུག་པས་དེའི་སྟོབས་ཀྱིས་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་སྐྱེས། སྣང་ཤས་ཆུང་ངུ་འགྲོ་བའི་ཚབས་ཆེན་པོ་བྱུང་། ཁོང་གིས་བསྟན་པའི་ལྷག་མཐོང་དེ་ལྷག་མཐོང་མཚན་ཉིད་པ་ཨེ་ཡིན་ཞུས་པས། རྗེ་བཙུན་གྱིས་ཅིས་ཀྱང་མིན་གསུང་ངོ་། །
དེ་ནས་ཡང་ཡི་དམ་གྱིས་ལུང་བསྟན་ནས་ས་སྐྱར་བྱོན། རྗེ་བཙུན་རེད་མདའ་པ་ལ་དབུ་མ་དང་འདུལ་བ་གསན། དེ་ནས་མར་བྱོན་རོང་ཆོས་ལུང་ན་བཞུགས་པའི་ཚེ་རྗེ་རིན་པོ་ཆེ་འདི་བར་འཇུག་པའི་རང་འགྲེལ་གསན་ནོ། ། མདོར་ན། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དགེ་བའི་བཤེས་གཉེན་མཛད་ནས། ཐོ་རངས་མནལ་སད་རེས་ཀྱིས་ཆོས་ཤོ་ལོ་ཀ་རེ་མ་ཆག་པར་གསུང་བར་ཞལ་གྱིས་བཞེས། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ལྟ་བ་རྣམ་པར་དག་པ་རྣམས་སྒོམ་པའི་དམིགས་རྣམ་སྐྱོང་ཚུལ་སོགས་མཐའ་དག་པར་དངོས་སུ་འདོམས་ཤིང་། ཐུགས་རྒྱུད་ཉོན་མོངས་པ་གང་ཤས་ཆེ་བ་དེའི་གཉེན་པོ་སྟོན་པར་མཛད། འཕྲལ་གྱི་སྒོ་གསུམ་གྱི་བྱ་བ་ལས་ཕལ་བ་ཐམས་ཅད་ཀྱི་འཇུག་ལྡོག་ཀྱང་ཡི་དམ་གྱིས་སྟོན་པ་མ་གཏོགས་པར་རང་དགར་འཇུག་ཏུ་མི་སྟེར། ཐུགས་དམ་ལ་བརྩོན་པ་དཔག་ཏུ་མེད་པའི་ཚུལ་སྐྱེ་བོ་གཞན་གྱིས་བསམ་པར་དཀའ།
མྱ་ངན་ལས་འདས་ནས་གདུང་ཞུགས་ལ་ཕུལ་བའི་ཚེ་ཡང་། དུ་བ་དང་མེ་ལྕེ་ནང་ལྷ་རིས་པ་མཁས་པས་བྲིས་པ་ལྟ་བུའི་རལ་གྲི་དང་ཨུཏྤལའི་གཟུགས་ཅན་མང་དུ་སྣང་བ་དང་། རིང་བསྲེལ་ཤེལ་ལྟར་དྭངས་པ་གུར་གུམ་གྱི་མདོག་ཅན་གྲངས་ལས་འདས་པ་དང་། འཕེལ་གདུང་འཁོར་ལོ་རྩིབས་དྲུག་པ་ལྟེ་བ་མུ་ཁྱུད་དང་བཅས་པ་ཤིན་ཏུ་ལེགས་ཤིང་ངོ་མཚར་བའི་རྣམ་པ་ཅན་མང་བོ་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་གྲུབ་པ་ཡིན། འདས་འཁྲུངས་མི་གསལ་ལོ།།
      དགུང་ལོ་སོ་བདུན་པའི་ (ཕྱི་ལོ1393ཆུ་བྱ) དཔྱིད་ཀ །སྔ་ལོ་ནས་རྗེ་བཙུན་གྱི་ཞལ་ནས། ད་ཕྱིན་ཆད་བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་འདེབས་པ། སྔར་བསགས་ཀྱི་སྡིག་ལྟུང་སྦྱོང་ཞིང་ཚོགས་རྒྱ་ཆེན་པོ་གོང་ནས་གོང་དུ་སྤེལ་བའི་བསགས་སྦྱང་ལ་འབད་པ། ཤིང་རྟ་ཆེན་པོ་རྣམས་ཀྱི་རིགས་པ་ལ་བརྟེན་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་ལ་ཞིབ་ཏུ་དཔྱོད་པ་བཅས། སུམ་སྒྲིལ་དུ་གྱིས་ལ་རྒྱུན་མ་ཆད་པར་ཉམས་སུ་ལོང་དང་། རིང་བོ་མི་ཐོགས་པར་ལྟ་བའི་གནད་མཐར་ཐུག་པ་དང་། མདོ་རྒྱུད་ཀྱི་དོན་མཐའ་དག་ལ་མི་འཁྲུལ་བའི་ངེས་པ་རྙེད་པར་འགྱུར། རེ་ཞིག་བྱ་བྲལ་བྱས། དབེན་པ་བསྟེན་ནས་སྒྲུབ་པ་སྙིང་བོར་གྱིས་ཤིག་བའི་སྐུལ་མ་གནང་ཡོད་པ་དང་།
རྗེ་ཉིད་ཀྱིས་ཀྱང་ཚུལ་དེ་ལེགས་པར་དགོངས་ནས་བྱ་བྲལ་མཛད་ཅིང་། དབེན་པ་བསྟེན་ནས་སྒྲུབ་པ་སྙིང་བོར་མཛད་པ་ལ་ཐུགས་ཐག་བཅད་གནང་བ་བཞིན། རྗེ་བཙུན་གྱི་ལུང་གིས་ཟིན་པའི་དབུས་པ་བཞི་དང་། མདོ་སྨད་པ་བཞི་ཞེས་པའི་སྐྱོར་མོ་ལུང་པ་འཇམ་དཀར་བ་དཔལ་ལྡན་བཟང་པོ་བ། རྟོགས་ལྡན་བྱང་སེང་པ། སྟོད་ལུང་བ་གནས་བརྟན་ཤར་བ་རིན་ཆེན་རྒྱལ་མཚན་པ། མལ་གྲོ་བ་གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ། དགེ་བཤེས་ཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་བཅས་ལ་འཁོར་དག་པ་རྣམ་བརྒྱད་དུ་ཞུའོ།།
      དེ་དུས་རྗེ་བཙུན་འཇམ་དབྱངས་ཀྱིས་བཀས་བསྐུལ་ཞིང་རྗེ་འདི་བས་ཀྱང་དབེན་པ་བསྟེན་ནས་སྒྲུབ་པ་སྙིང་བོར་མཛད་པར་ཐུགས་ཐག་བཅད་པར། འཆད་ཉན་གྱིས་ཕན་ཐོགས་ཤིན་ཏུ་ཆེ་བའི་སྒང་ཡིན་དུས། བླ་མ་རེད་མདའ་བ་དང་དབུ་མ་བ། འབྲི་གུང་སྤྱན་སྔ་ཆོས་རྒྱལ་བ་དང་། སྤྱན་སྔ་གྲགས་རྒྱན་པ། སྣེའུ་དཔོན་ནམ་མཁའ་བཟང་བོ་བཅས་ཀྱིས་དེ་ལྟའི་ཐུགས་ཐག་གཅད་རྒྱུ་མེད་པའི་ཞལ་ཏ་གནང་བའི་གསུང་རྒྱུན་མཆིས། དེ་ཡང་། སྐུའི་ན་ཚོད་ཤིན་ཏུ་གཞོན་ཞིང་། མཁྱེན་རབ་དང་ཕན་ཐོགས་ཤིན་ཏུ་ཆེ་བ་འདི་འདྲ་བ་ལ། ད་དུང་བཤད་ཉན་རང་མཛད་ན་བསྟན་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང་། འཆད་ཉན་འཕེལ་པོ་འདི་འདྲ་བའི་འཕྲོ་ལ་བྱ་བྲལ་ལ་བྱོན་ན་ཞེས་དང་། སྔགས་ཀྱི་རྩད་གཅོད་དེ་ཙམ་མཛད་པ་ལ་ཡུན་རིང་འགྱང་། ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་ཐོགས་རྒྱ་ཆེན་པོ་འོང་གིན་འདུག་པས་རེ་ཞིག་བཤད་པ་མཛད་པ་མི་འཐད་དམ་ཞེས་སོགས་མཚོན་ཙམ་མོ།།
       གུང་རུ་རྒྱལ་བཟང་བའི་རྗེའི་རྣམ་ཐར་དུ་སྔ་མ་བདུན་འཇམ་དབྱངས་ཀྱི་གསུང་གིས་གནང་བ་ཡིན་ལ། ཕྱི་མ་ནི་རྗེས་སུ་འབྲང་བ་ཙམ་མོ་ཞེས་མདོ་སྨད་པ་དགེ་བཤེས་དཔལ་སྐྱོང་ལུང་གིས་མ་ཟིན་པར་གསུངས། འཇམ་དབྱངས་ཤེས་དར་ཞེས་པའི་རྗེའི་རྣམ་ཐར་དུ་འཁོར་དག་པ་རྣམ་བདུན་དུ་གྲགས་པའི་སྟེང་ལ། རྗེ་རང་གི་དགེ་བཤེས་ཤེས་རབ་གྲགས་པ་ཞེས་པ་མདོ་སྨད་པ་གཅིག་དང་བརྒྱད་ཕྱག་ཕྱིར་ཁྲིད་ལ་ཞེས་དགེ་བཤེས་ཤེར་གྲགས་པ་རྗེ་བཙུན་གྱིས་ལུང་གིས་མ་གནང་ཚུལ་འདུག མཁས་གྲུབ་རྗེའི<རྗེའི་གསང་རྣམ་རིན་པོ་ཆེའི་སྙེ་མ་>ལས། དེ་ནས་སྒྲུབ་པ་ལ་འབྱོན་པའི་ཐུགས་ཐག་བཅད། འཁོར་ཇི་ལྟ་བུར་འཁྲིད་རྗེ་བཙུན་ལ་ཞུས་པས་ཐུན་མོང་པར་བྲིས་པའི་བརྒྱད་པོ་དེ་འཁྲིད་པའི་གནང་བ་བྱུང་ཞེས་གསུངས་པའི་ཕྱིར་ཏེ། ནང་ཐུགས་ཀྱི་སྲས་པོ་འདི་ལས་ཁོངས་བཙན་པ་མི་འདུག་པས། འཁོར་དག་པ་རྣམ་བརྒྱད་བཅས་པའི་དཔོན་སློབ་དགུས་དབུས་ཀྱི་གཞུང་ཆུ་ལ་ཀོ་གྲུ་མཛད་ནས་བྱ་བྲལ་ལ་འོལ་ཁར་ཕེབས་ཐོན་གནང་ཞིང་། འོལ་ཁ་ཆོས་ལུང་དུ་དཔལ་རི་བོ་དགའ་ལྡན་པའི་ཆོས་གཞིས་ཐོག་མ་ཚུགས་པ་དང་། རྗེ་བླ་མ་རང་འཁོར་དག་པ་རྣམ་བརྒྱད་བཅས་པའི་རྗེ་བཙུན་གྱི་ལུང་གིས་གནང་བའི་དཔལ་རི་བོ་དགེ་ལྡན་པའི་འདུས་པ་དང་པོའང་བརྩམས། 
     ཐོག་མར་བསགས་སྦྱང་གནད་ཆེ་བར་དགོངས་ཏེ། དཔོན་སློབ་ཐམས་ཅད་ཀྱིས་སྟོབས་བཞི་ཚང་བའི་བསགས་སྦྱང་ལ་ཤིན་ཏུ་འགྲུས་པར་མཛད། རྗེ་རིན་པོ་ཆེ་རང་གིས་ཀྱང་ལྟུང་བཤགས་བརྒྱ་ཕྱག་དང་བཅས་པ་དང་། ཕྱག་སོར་རྩེ་མོ་རྣམས་སེར་ཁར་སོང་གི་བར་དུ་མཎྜལ་འབུལ་བ་སོགས་ལ་དཔག་པར་དཀའ་བའི་བརྩོན་པ་དྲག་པོ་མཛད་ཅིང་། བྱང་ཆུབ་སེམས་སྦྱོང་གི་མདོ་དང་བསྟན་བཅོས་ལ་གཟིགས་རྟོག་ཞིབ་པ་དང་། རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་གང་རླབས་ཆེ་ཆེ་ལ་དམིགས་ཕུག་གི་ཐུགས་སྦྱོང་བའི་དམིགས་རྣམ་ནར་མར་བསྟེན་པས། དང་པོ་ཅུང་ཞིག་དཀའ་ཙམ་བྱུང་ཡང་། ཕྱིས་ལེགས་པར་གོམས་ནས་འབད་རྩོལ་མི་དགོས་པར་རང་ཤུགས་ཀྱིས་རྒྱལ་སྲས་ཀྱི་སྙིང་སྟོབས་དང་། སྤྱོད་པ་རྨད་དུ་བྱུང་བ་ཇི་འདྲ་བའི་དཔག་དཀའ་བ་ཞིག་ལའང་ཞུམ་པ་ནམ་ཡང་མི་སྐྱེ་ཞིང་། སྤྲོ་དགའི་ཤུགས་དྲག་པོ་ངང་གིས་འཇུག་པ་ཞིག་བྱུང་ཞེས་རྗེ་ཉིད་ཀྱི་གསུངས་སོ།།
     དེ་ལྟར་རྗེ་བླ་མ་ཙོང་ཁ་བ་ཆེན་པོས་མདོ་སྔགས་ཡོངས་སུ་རྫོགས་པའི་གསན་བསམ་སློབ་གཉེར་ལེགས་པར་གྲུབ་པའི་ས་མཚམས་དེ། ལོ་ཟླ་དུས་ཀྱི་ཆ་ནས་དགུང་ལོ་སོ་བདུན་པ། ཕྱི་ལོ་1393 བོད་རབ་བྱུང་བདུན་པའི་ཆུ་བྱ་ལོ་བ། དོན་གྱི་ཆ་ནས་རྗེ་བཙུན་འཇམ་པའི་དབྱངས་དང་མི་དང་མི་ལབ་པ་ནང་བཞིན་གྱི་དྲི་བ་དྲིས་ལན་དང་། རིགས་ལུང་བརྒལ་བརྟག་གི་བགྲོ་བ་ཡོངས་སུ་གྲུབ་སྟེ། རྗེ་བཙུན་གྱིས་བྱ་བྲལ་ལ་སྐུལ་བ་ནས་འཇོག་གོ།།
    དེ་ན་དགུང་ལོ་ཉེར་བདུན་ནས་སོ་བདུན་བྱ་བྲལ་ལ་མ་ཕེབས་གོང་གི་ལོ་ངོ་བཅུ་ལ། ཉང་སྟོད་ཀྱི་གོང་གསུམ་བདེ་ཆེན་དང་། གཙང་གི་ཞྭ་ལུ་དགོན་བཅས་རྒྱུད་གྲྭ་ཆེན་པོ་བཅུ་དྲུག་ཙམ་ནས། འབྲས་བུའི་ཐེག་པ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་རྒྱ་གཞུང་རྒྱ་མཚོ་ལྟ་བུའི་དབང་བཤད་བཀའ་དང་། རྩལ་བཤད་འཆད་ཉན། མན་ངག་ཟབ་ཁྱད་ཡོངས་ཀྱི་བདག་པོར་བཞེངས་ཏེ། སངས་རྒྱས་ལག་སྟེར་གསང་ཆེན་རྒྱུད་ཀྱི་གཞུང་འགྲེལ་པོད་ཆེན་བཅུ་ཕྲག་ཅིག་རང་རེ་བགོ་སྐལ་ཏུ་འཇོག་གནང་མཛད་པ་སྟེ། བོ་དོང་པཎ་ཆེན་མཆོག་ནས། དེང་སང་བོད་ཡུལ་འདི་ན་རླུང་སེམས་ཀྱི་ཆོས་སྐད་སྨྲ་བ་མང་དུ་འདུག་ཀྱང་། ཆོས་རྗེ་བློ་བཟང་གྲགས་པ་ཁོ་ན་ཟབ་པ་ ཡིན། བློ་བཟང་གྲགས་པ་འཇིག་པོ་ཡིན། འཇིག་འཇིག ཅེས་བླ་ན་མེད་པའི་བསྔགས་བརྗོད་དང་གདེངས་འཇོག་གི་ཆེ་བ་དང་བཅས་སོ།།
      དེས་ན་འོལ་ཁ་ཆོས་ལུང་ནི། རྗེ་བཙུན་འཇམ་དབྱངས་ཀྱི་ལུང་བཞིན་རྗེ་རིན་པོ་ཆེས་དང་པོ་བྱ་བྲལ་ལ་བྱོན་པའི་གནས་དང་། དཔལ་རི་བོ་དགའ་ལྡན་པའི་ཆོས་གཞིས་ཐོག་མ་དང་། རྗེ་བླ་མ་རང་འཁོར་དག་པ་རྣམ་བརྒྱད་བཅས་པའི་དགེ་ལྡན་པའི་འདུས་པ་དང་པོ་རྩོམ་གནས་དང་། རིན་པོ་ཆེ་འདི་བས་གནས་དེར་དཔག་པར་དཀའ་བའི་བསགས་སྦྱངས་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐུགས་སྦྱོང་གི་མཐར་ཕྱིན་གནས་བཅས། དེར་ཤེལ་ལྟར་གྱུར་བའི་རྡོའི་མཎྜལ་དང་། རྡོའི་ཕྱག་སྟན། བྱིན་ཆགས་པའི་རྗེ་བླ་མ་ཡབ་སྲས་ཀྱི་སྒྲུབ་ཕུག་སོགས་བཞུགས་སོ།། 
མདོར་ན་རྗེ་རང་གི་རྟོགས་པ་བརྗོད་པ་ལས། དང་བོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཞེས་རྗེ་རང་གིས་ཆེད་དུ་བརྗོད་པས་ཡོངས་སུ་ཆེད་དུ་བརྗོད་པའི་བརྗོད་དོན་ཐམས་ཅད། དགུང་ལོ་བཞི་བ་མདོ་སྨད་ནས་སོ་བདུན་པ་འདི་ལོ་འོལ་ཁ་ཆོས་ལུང་ལ་ཐུག་པའི་བར། ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་དཀྱུས་གཅིག་ཏུ་ཡོངས་སུ་གྲུབ་པར་མཛད་པའི་མཛད་རླབས་ཀྱི་ཆེ་བ་སྟེ། ཐོས་དོན་འཚོལ་བའི་རྣམ་ཐར་གྱི་ཆེ་བ་དང་བོ་དང་།
     རང་ལུགས་ལ་ངོས་བཟུང་ཀུན་དང་བྲལ་བ་རྣམ་བཞག་ཐམས་ཅད་གཞན་ངོར་སྐྱེལ་དགོས་པའི་གོ་བ་ཅིག་ཡོད་པས། ངེད་ཀྱི་ལྟ་བ་འདི་ཐལ་རང་གང་དུ་གཏོགས་ཞེས་ཞུས་པས་གང་ཡང་མིན་གསུང་། དེ་ནས་རྗེ་བཙུན་གྱིས་རྟེན་འབྲེལ་དང་སྟོང་བའི་ངེས་པ་ཕན་ཚུན་ཆ་མཉམ་ནས་ཁྱད་པར་རྟེན་འབྲེལ་གྱི་ཕྱོགས་ལ་རྩིས་སུ་བྱེད་དགོས་ཞེས་ཡང་ཡང་གསུངས་ཞེས་དང་། དེའི་དུས་སུའང་བླ་མ་དབུ་མ་བ་ལ་ལོ་ཙཱ་བ་བཅོལ་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་དབུ་མའི་ལྟ་བ་དང་། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་ཆེ་ཤས་རྣམས་དང་། རིམ་པ་ལྔའི་གོ་རིམ། གྲངས་ངེས་སོགས་མཐའ་ཡས་པ་ཞིག་གི་དྲི་བ་དང་། དོགས་པ་ཆོད་པའི་ཆེད་དུ་བརྒལ་ཞིང་བརྟགས་པའི་སྒོ་ནས་འདྲི་བ་ལ་སོགས་པ་འབའ་ཞིག་གཙོ་བོར་མཛད་པ་སྟེ། རྗེ་བཙུན་གྱིས་སྣང་ཕྱོགས་དང་སྟོང་ཕྱོགས་གཉིས་ལ་ཉེ་རིང་གཏན་ནས་བྱེད་མི་རུང་། ཁྱད་པར་སྣང་བ་ལ་རྩིས་སུ་བྱ་དགོས་ཞེས་དང་། ད་དུང་ཐལ་རང་གི་ཁྱད་པར། ངར་འཛིན་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཀྱི་ཁྱད་པར། དེ་གཉིས་ཀྱིས་བཟུང་བའི་བདག་དང་། རིགས་པས་འགོག་པའི་དགག་བྱའི་ཕྲ་རགས་ཀྱི་ཚད། སྟོང་ཉིད་ཀྱི་ལྟ་བ་རྙེད་པའི་ཚད། ཐལ་འགྱུར་བའི་ལུགས་ཀྱི་ཀུན་རྫོབ་འཇོག་ཚུལ་སོགས་ལ་ཞིབ་ཏུ་དཔྱད་པའི་ས་བོན་ཤིན་རུ་འདྲིལ་བ་རེ་གསུངས་ཤིང་། ཡང་མདོ་སྔགས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར། དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ངོ་བོ་། གོ་རིམ། གྲངས་ངེས་སོགས་ཀྱི་གནད་ཤིན་ཏུ་འདྲིལ་བ་རེ་གསུངས། འདི་རྣམས་མ་བརྗེད་པར་བཟུང་ལ་ཟིན་བྲིས་སུ་གྱིས། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་ལ་གསོལ་བ་འདེབས་ཤིང་བསྙེན་སྒྲུབ་བྱེད་པ་དང་། བསག་སྦྱང་གཉིས་ལ་ལེགས་པར་འབད་པ་དང་། གཞུང་ལུགས་ཀྱི་དོན་ལ་རིགས་པས་རྣམ་པར་དཔྱོད་ཅིང་ཞིབ་ཏུ་སེམས་པ་རྣམས་སུམ་སྒྲིལ་དུ་ཉམས་སུ་ལོང་ལ་ཚིམ་མ་སླ་བར་རྒྱུན་བསྲིངས་ལ་ལེགས་པར་དཔྱོད་ཅིག་དང་། སྐབས་སུ་བབས་པ་ན་ངས་ད་ལྟ་ས་བོན་བཏབ་པ་འདི་རྣམས་ཀྱིས་ཀྱང་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་བར་འདུག་ཅེས་གསུངས་ཞེས་དང་། 
ཡང་དེའི་རྗེས་སུ་རྗེའི་ཞལ་སྔ་ནས་ཐེག་ཆེན་འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་སམ་ཞུས་པས། མ་རྟོགས་གསུངས། སྒྲུབ་བྱེད་དྲག་ཏུ་གསུང་རེ་ནས་དེའི་ཕྱོགས་ལེགས་པར་འཐེན་པས། དེ་རྣམ་པ་ཐམས་ཅད་དུ་མིན་པས་དེ་འདྲ་བའི་གྲུབ་མཐའ་གཏན་མ་འཛིན་ཅིག་ཅེས་གསུངས་ཞེས་དང་། རྒྱ་གཞུང་འགའ་ཞིག་ལའང་མཐའ་གཅིག་ཏུ་ཡིད་རྟོན་མི་ཐུབ་པར་སྣང་བས། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འཚོལ་བ་ལ་ཟླ་བ་གྲགས་པ་འཁྲུལ་མེད་དུ་བཟུང་བས་ཨེ་ཆོག་ཞུས་པས། དེ་ལ་འཁྲུལ་བ་ཕྲ་མོ་ཙམ་ཡང་མེད་པས་ཡིད་ཆེས་པའི་གནས་འབའ་ཞིག་ཏུ་བཟུང་དགོས་པ་ཡིན་ནོ་ཞེས་གསུངས་སོ། ཞེས་པ་སོགས་ཡི་དམ་ལྷའི་ཞལ་གཟིགས་གསུང་འབྱོན་བྱིན་གྱིས་བརླབས་པའི་སྐབས་དག་ཏུའང་། བདུད་རྩི་དང་གཟུངས་སྔགས། རལ་གྲིའི་འཁོར་ལོ་སོགས་ཀྱི་བྱིན་བརླབས་དང་། ཚེ་བསོད་དཔལ་ཡོན་གྱི་དངོས་གྲུབ་ཙམ་ཞུ་གནང་ཙམ་པོ་བ་མིན་པར། མདོ་སྔགས་གཉིས་ཀྱི་གང་ཟབ་ས་དང་དཀའ་གནད་གང་ཆེ་ས་དག་ལ་བརྩམས་པའི་དྲི་གཏུགས་དང་བརྒལ་བརྟག་ཡུན་རིང་མཛད་པའི་ངོ་མཚར་བའི་བྱུང་བ་ཐོས་དོན་འཚོལ་བའི་རྣམ་ཐར་གྱི་ཆེ་བ་གཉིས་པ་དང་།
      རྗེ་རེད་མདའ་བའི་རྣམ་ཐར་དུ། དེ་དུས་དབུས་གཙང་གི་དགེ་བཤེས་ཀུན་ན་རེ། བློ་བཟང་བ་འཇམ་དབྱངས་ཀྱི་ཞལ་གཟིགས། གར་གཤེགས་སུ་དཔེ་ཆ་མཛོ་རྒྱབ་ཆེ་ཆུང་བཞི་བཞི་བཀལ་ནས་ཉིན་མཚན་མེད་པར་གཟིགས་པའི་གྲུབ་མཐའ། ཞེས་ཕྱག་དཔེ་མཛོ་རྒྱབ་བརྒྱད་རེ་གར་ཕེབས་སར་ལྷན་དུ་བསྐྱོད་པའི་སྔོན་མེད་ཀྱི་སློབ་གཉེར་བ་ཐོས་དོན་འཚོལ་བའི་རྣམ་ཐར་གྱི་ཆེ་བ་གསུམ་པ་བཅས། ས་སྒང་རིལ་བོ་འདིར་ཐོས་དོན་འཚོལ་བའི་རྣམ་ཐར་གྱི་ཆེ་བ་དེ་ལྡན་ཞིག ད་སྔ་མིག་གིས་མཐོང་བ་ཕར་ཟད་རྣ་བས་ཐོས་པ་ཙམ་ཡང་མེད་པའི་རྣམ་ཐར་གྱི་འགང་ཆེ་བ་དང་ལྡན་པའི་ཚུལ་ངོ་མཚར་བའི་གཏམ་དང་ལྟད་མོ་རེ་ཞིག་རྫོགས་སོ།།
དེ་ལྟར་ན་ས་གསུམ་ན་འགྲན་པའི་ཟླ་ཕྱོགས་ཐམས་ཅད་ནས་དུས་ཐམས་ཅད་དུ་བྲལ་ཞིང་། རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་དང་གཉིས་སུ་མ་མཆིས་པ། རྗེ་བླ་མ་ཙོང་ཁ་བ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་གང་དེས། མདོ་སྨད་དང་དབུས་གཙང་གཉིས་སུ་མི་ལོ་སུམ་ཅུའི་རིང་མདོ་སྔགས་ཡོངས་སུ་རྫོགས་པར་ཐོས་བསམ་སློབ་གཉེར་རྒྱ་ཆེར་གནང་བའི་མཛད་རིམ་རྣམས་དང་། དེ་བཞིན་ལོ་ཁམས་ཕྱི་ཚེས་དང་སྦྱར་བ་དག་ནི། གཤམ་དུ་འགོད་འགྱུར་གྱི། རྗེ་མཁས་གྲུབ་པའི་<རྗེའི་རྣམ་ཐར་ཆེན་མོའི>གསུང་དུམ་མཚམས་པ་དག་ལ་ཁུངས་སྣེ་དང་གཞི་བཅོལ་ཞིང་། རིགས་པ་ཕུ་འདེད་ཀྱིས་གང་ངེས་ངེས་གཏན་ལ་ཕབ་པ་དག་ནི། རྟོག་ལྡན་དཔྱོད་པ་བ་རྣམས་ལ་རིགས་རྩལ་གྱི་བྱ་གཏོང་བ་དང་། དད་ལྡན་དག་སྣང་ཅན་རྣམས་ལ་མོས་གུས་ཀྱི་གསོས་སུ་ཕུལ་བ་ཡིན་ནོ།།
༼ཟུར་བཀོད།༽
 དང་པོ།
 ཁོངས་སྣེ་འཁྲུལ་མེད་ཀྱི་གཟེར།
དེས་ན་ལོ་ཁམས་ཕྱི་རྩིས་སྦྱར་ཏེ། རྗེའི་དགུང་ལོ་དང་གསན་བསམ་ལོ་ཚིགས་གུང་བསྒྲིགས་པ་དག །གཞི་བཅོལ་སའི་རྣམ་ཐར་ཆེན་མོའི་གསུང་དུམ་དག་ནི་འདི་ལྟར་ཏེ། ཇི་སྐད་དུ། <རྣམ་ཐར་ཆེན་མོ>ལས།
 (དགུང་ལོ། ༡༧) གླང་ལོ་སྟོན་གྱི་དུས་སུ་འབྲི་ཁུང་དཔལ་གྱི་ནགས་ཁྲོད་དུ་ཕེབས། དེའི་ཚེ་འབྲི་ཁུང་གི་སྤྱན་སྔ་རིན་པོ་ཆོས་ཀྱི་རྒྱལ་བོ་བཞུགས་པས། ཞེས་པ་ནས། ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན། ཞེས་པ། (ཤོག་ངོས་༩༠ནས༩༡)
 (དགུང་ལོ། ༡༨) དེ་ལྟར་ལོ་གཉིས་ཙམ་ལ་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས། ཞེས་པ། (ཤོག་ངོས་༩༢)
 (དགུང་ལོ ༡༩) དགུང་ལོ་བཅུ་དགུའི་སྟེང་དུ་གསང་ཕུ་དང་བདེ་བ་ཅན་ལ་སོགས་པ་རྣམས་སུ་གྲྭ་སྐོར་ལ་བྱོན། ཞེས་པ་ནས། དུས་ཆོས་ཚུགས་ནས་ས་སྐྱར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དེ་གའི་འཕྲོ་མཐུད་པ་ལ། ཞེས་དང་། ལ་སྟོད་བྱང་ལ་བྱོན། འདར་བཟང་ལྡན། ངམ་རིང་། དགའ་རོང་ཆོས་སྡེ་རྣམས་སུའང་གྲྭ་སྐོར་མཛད་ནས། ཞེས་དང་། གནས་རྙིང་བའི་གཟུངས་སྒྲུབ་ཀྱི་སྟེང་དུ་ཕར་ཕྱིན་གྲྭ་སྐོར་མཛད། ཅེས་པ། (ཤོག་ངོས་༩༢ནས༩༣)
 (དགུང་ལོ། ༢༠) དབྱར་ཆོས་ལ་རྩེ་ཆེན་དུ་ཕེབས་པ་མཛད་ནས། མཁས་པའི་དབང་བོ་རིན་པོ་ཆེ་ཉ་དབོན་ཀུན་དགའ་དཔལ་བའི་སྤྱན་སྔར་ཕར་ཕྱིན་གྱི་ཟབ་བཤད་ཚར་གཅིག་གསན། ཞེས་པ་ནས། རྩེ་ཆེན་གྱི་དབྱར་ཆོས་དེ་གྲོལ་ནས། སྟོན་བླ་མ་རྗེ་བཙུན་པ་དང་དཔོན་སློབ་གཉིས་ཀས་ཉང་སྟོད་བསམ་གཏན་གླིང་དུ་ཆོས་བར་ལ་བྱོན་ནས། ཞེས་པ་དང་། དེའི་དགུན་ཆོས་བདེ་བ་ཅན་དུ་བྱོན་ནས་བཞུགས། དེ་རྗེས་སྐྱོར་མོ་ལུང་བའི་མཁན་པོ་དཀའ་བཞི་བ་བློ་གསལ་བ་ཞེས་གྲགས་པ་འདུལ་མཛོད་ལ་ཤིན་ཏུ་མཁས་པར་བྱེད་པ་དེའི་དྲུང་དུ་སྐྱོར་མོ་ལུང་དུ་བྱོན། ཞེས་པ་ནས། དེའི་ཚེའི་རྒྱ་ཆེར་འགྲེལ་གྱི་བམ་པོ་བཞི་བཅུ་ལྷག་ཙམ་ཐུགས་ལ་ཆུད་པར་གྱུར་པ། ཞེས་པ། (ཤོག་ངོས་༩༣ནས༩༨ )
(དགུང་ལོ། ༢༡) དཔོན་སློབ་འགའ་ཞིག་གིས་དགུན་གཙང་ཕྱོགས་ལ་བྱོན། ས་སྐྱར་ཕེབས་པར་བཞེད་པ་ལ། ཞེས་པ་ནས། དེའི་དགུན་གནས་རྙིང་དུ་བཞུགས། ཞེས་པ།(ཤོག་ངོས་༩༩)
(དགུང་ལོ། ༢༢) དེའི་དཔྱིད་ཀ་སྣར་ཐང་ལ་མཛད་ནས་ས་སྐྱར་བྱོན། ཞེས་པ་ནས། དེ་ནས་བཟུང་སྟེ་ཟླ་བ་བཅུ་གཅིག་ཙམ་གྱི་རིང་ལ་ས་སྐྱར་ཁོང་གི་སྤྱན་སྔར་བཞུགས། ཞེས་པ། (ཤོག་ངོས་༩༩)
(དགུང་ལོ། ༢༣) ས་སྐྱ་ནས་དཔོན་སློབ་རྣམས་ཀྱིས་ལ་སྟོད་བྱང་གི་སའི་ཆ་ངམ་རིང་དུ་ཆོས་བར་ལ་བྱོན་ནས་དཔྱིད་དང་དབྱར་གཉིས་ཀ་ངམ་རིང་དུ་བཞུགས། དེའི་སྟོན་འཁྲུངས་ཡུལ་ནས་རྐྱེན་དུ་བབ་པའི་འཚོག་ཆས་ཅི་རིགས་པ་འཕྲིན་ལས་པའི་ནང་དུ་འབུལ་བ་བསྐུར་ཡོད་འདྲ་ཟེར་ནས་། ཞེས་པ་ནས། དེ་ནས་སྟོན་དེ་མལ་གྲོ་ལྷ་ལུང་བའི་བླ་མ་བསོད་གྲགས་པ་ལ་ཆོས་ལུང་ཡང་མང་རབ་གསན་ཅིང་། ཞེས་པ་ནས། དེའི་དགུན་ཆོས་བདེ་བ་ཅན་དུ་བཞུགས། ཞེས་པ། (ཤོག་ངོས་༡༠༠ནས༡༠༣)  
(དགུང་ལོ། ༢༤) དཔྱིད་ཆོས་སྔོན་མ་ལ་གྲྭ་སྐོར་མཛད་བཞེད་པའི་པོ་ཏི་འགའ་ཡར་གྱི་གཟིགས་རྟོག་མཛད་ནས་གཙང་ལ་བྱོན། དེ་ནས་སྟོན་ཆོས་ལ་བླ་མ་རྗེ་བཙུན་པ་བོ་དོང་ན་ཆོས་བར་ལ་ཕེབས་པ་གསན་ནས་ཨེར་བྱོན། བླ་མ་ལོ་ཙཱ་བ་ནམ་མཁའ་བཟང་བོ་ལ་སྙན་ངག་མེ་ལོང་གི་བཤད་པ་ལ་སོགས་གསན། གཙོ་བོར་བླ་མ་རྗེ་བཙུན་པ་ལ་དབུ་ཚད་མངོན་པ་སོགས་གསན་ཅིང་། ཕར་ཕྱིན་འདུལ་བ་ཡང་རང་རེའི་དྲུང་དུ་ཚར་རེ་ཉན་ན་རྟེན་འབྲེལ་གྱི་ཁྱད་པར་ཞིག་འོང་དུ་རེ་བས་གསུང་འཚལ་ཞུས་ནས་ཚར་རེ་གསན། ཞེས་པ། (ཤོག་ངོས་༡༠༣)
(དགུང་ལོ། ༢༥) དེ་ནས་དཔོན་སློབ་གཉིས་ཀ་ཐབས་གཅིག་ཏུ་ས་སྐྱར་བྱོན། རྗེ་རིན་པོ་ཆེ་འདིས་དེའི་ཚེ་ས་སྐྱར་གོང་དུ་སྨོས་པའི་དཀའ་ཆེན་རྣམས་ཀྱི་གྲྭ་སྐོར་མཛད། དེ་དུས་པོ་ཏི་གཞན་བཅུ་ལྷག་ཙམ་གྱི་གྲྭ་སྐོར་ཡང་མཛད་པས་ཆོག་པ་ཡོད་ཀྱང་། དེ་དུས་ཀྱི་གྲྭ་ས་རྣམས་ན་པོ་ཏི་གཞན་རྣམས་ཀྱི་གྲྭ་སྐོར་བྱེད་པའི་ལུགས་མ་དར་འདུག་པས་མ་བྱས་གསུང་ངོ། ཅེས་པ་ནས། དེ་འཕྲལ་ལ་དབུས་ལ་བྱོན། ཞེས་པ། (ཤོག་ངོས་༡༠༤)
(དགུང་ལོ། ༢༦) དེ་ནས་དེ་འཕྲལ་ལ་དབུས་ལ་བྱོན་ནས། སོས་གུང་ཐང་ཚེས་བཅུའི་གནས་སྐབས་ནས་བརྩམས་ཏེ། རིམ་པ་བཞིན་དུ་གསང་ཕུ་དང་རྩེད་ཐང་ལ་སོགས་པའི་གྲྭ་ས་ཆེན་པོ་རྣམས་སུ་ཕར་ཕྱིན་སྔར་ནས་མཛད་ཚར་བས། དེ་མ་གཏོགས་པའི་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་ཅིང་། ཞེས་པ། ཤོག་ངོས(༡༠༤)
(དགུང་ལོ། ༢༧) དེ་ནས་རྩེད་ཐང་གི་གྲྭ་སྐོར་ཚར་ནས་ཡར་ལུང་རྣམ་རྒྱལ་དུ། མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེའི་པཎྚིཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་མཁན་བརྒྱུད། ཅེས་པ་སོགས།(ཤོག་ངོས་༡༠༦ )
(དགུང་ལོ། ༢༨) དེ་ནས་གདན་ས་ཐེལ་དུ་བྱོན། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པའི་དྲུང་དུ་མཇལ། ལེགས་བཤད་ཀྱི་སྐྱེས་ཕུལ་ཞིང་དམ་པའི་ཆོས་ཀྱི་བཀའ་མཆིད་མཛད་པས་ཆོས་རྗེ་སྤྱན་སྔ་བ་དད་པའི་ཤུགས་ཀྱིས་སྤྱན་ཆབ་བྱུང་། ཕྱིས་ཀྱང་དྲུང་ན་འཁོད་པ་དག་དང་ཕེབས་པའི་མཆིད་གླེང་བ་ན། སྐུ་ན་གཞོན་ནུ་འདི་འདྲ་བ་ལའང་ཡོན་ཏན་གྱི་གཏེར་ཆེན་པོ་འདི་ལྟ་བུ་འདུག་ན། ཁོ་བོའི་སྐྱེ་བ་འདི་འདྲ་བ་ཞེས་ཐུགས་ཕྱུང་བའི་གསུང་ཡང་ཡང་འབྱོན་པའི་གཏམ་གླེང་བར་གྲག་གོ། །དེའི་ཚེ་སྤྱན་སྔ་རིན་པོ་ཆེ་དེ་ཉིད་ལ་ལམ་འབྲས་བུ་དང་བཅསཔའི་མན་ངག་ཡོངས་སུ་རྫོགས་པ་དང་། ནཱ་རོ་པའི་ཆོས་དྲུག་དང་། རྗེ་ཕག་མོ་གྲུབ་པ་དང་། ཆོས་རྗེ་འཇིག་རྟེན་མགོན་པོའི་བཀའ་འབུམ་ལ་སོགས་པ་གསན། ཞེས་པ་ནས། དེ་ནས་འོན་གྱི་ལྷ་ཁང་ཀེ་རུར་ཆོས་བར་ལ་བྱོན། ཚ་ཁོ་དབོན་པོ་སོགས་སྡེ་སྣོད་འཛིན་པ་མང་པོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས། ཅེས་པ། (ཤོག་ངོས་༡༠༦ནས་༡༠༧)
(དགུང་ལོ། ༢༩) དེ་ནས་སྐྱིད་ཤོད་དུ་ཕེབས་ཏེ་ཚལ་དུ་བཞུགས་ནས། བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་འཚལ་ལ་གཟིགས་རྟོག་མཛད། ཅེས་དང་། མངོན་པར་རྟོགས་པའི་རྒྱན་འགྲེལ་བ་བཅས་པའི་རྣམ་བཤད་ཆེན་མོ་དེ་ཉིད་ཀྱི་རྩོམ་པའང་མཛད། ཅེས་པ་ནས། ཚལ་ནས་དགུན་ཆོས་ལ་བདེ་བ་ཅན་དུ་བྱོན། ཞེས་པ། (ཤོག་ངོས༡༠༧ནས༡༠༨)
(དགུང་ལོ། ༣༠) དཔྱིད་ཆོས་དབུ་སྟོད་བྱ་ཡུལ་དུ་ཕེབས། ཞེས་པ་ནས། སླར་ཡང་ཚལ་དུ་བྱོན་ནས་ཕར་ཕྱིན་རྣམ་བཤད་ཀྱི་འཕྲོ་མཛད་ཅིང་མཇུག་བདེ་བ་ཅན་དུ་རྫོགས་པར་མཛད། ཅེས་པ། (ཤོག་ངོས་༡༠༨)
 (དགུང་ལོ། ༣༡) སླར་ཡང་དེའི་ཕྱི་དེ་དབྱར་ཆོས་བདེ་བ་ཅན་དུ་བཞུགས། ཞེས་དང་། དེ་ནས་དགུན་སྟོད་ལུང་མཚོ་སྨད་དང་ངང་དཀར་དུ་དུས་འཁོར་ལ་ཐུགས་སྦྱོང་ཤིན་ཏུ་འགྲུས་པར་མཛད། ཅེས་པ། (ཤོག་ངོས་༡༠༨་ནས་༡༠༩)
(དགུང་ལོ། ༣༢) དེ་དུས་གོང་དཀར་ན་སྒོམ་པ་ཆོས་རྒྱལ་ཡོད་པ་ཁོང་ཡང་རྗེ་འདི་བ་ལ་སྙིང་ནས་དད་པ་ཡོད་པའི་དབང་གིས་ཞུ་བ་ནན་ཆེར་ཕུལ་ཏེ། སོས་དེ་རིགས་ལྔ་ལྷ་ཁང་དུ་བཞུགས། ཞེས་པ་ནས། དེ་ནས་དགུན་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས། ཞེས་པ། (ཤོག་ངོས༡༠༩)
   (དགུང་ལོ། ༣༣) དེའི་དབྱར་ཁ་ཡར་ལུང་ཨོ་ཀར་བྲག་ཏུ་བཞུགས་ནས་སྐུ་མཚམས་དམ་པོ་མཛད། ཅེས་པ་ནས། དེ་ནས་སྟོན་སྐྱིད་ཤོད་དུ་ཕེབས། རྗེ་བཙུན་རེད་མདའ་བའི་ཞལ་སྔ་ནས་ཀྱང་དབུས་སུ་ཆོས་བར་ལ་ཕེབས་པས། དཔོན་སློབ་གཉིས་ཀས་པོ་ཏ་ལར་བཞུགས་ནས་དམ་པའི་ཆོས་ཀྱི་བཀའ་བགྲོ་བ་མང་དུ་མཛད་ཅིང་། རྗེ་བཙུན་པ་སླར་ཡང་གཙང་ལ་བྱོན། རྗེ་བླ་མ་འདི་ཉིད་ཀྱིས་དེའི་དགུན་སྐྱོར་མོ་ལུང་གི་བྲག་ཏུ་བཞུགས་ནས། ཞེས་པ། (ཤོག་ངོས་༡༡༡)
   (དགུང་ལོ། ༣༤) དེ་ནས་དེའི་དཔྱིད་རྟའི་ལོ་ལ། རྒྱུད་སྡེ་ཆེན་པོ་རྣམས་ཀྱི་བཤད་པ། དབང་ལག་ལེན་མན་ངག་དང་བཅས་པ་མཐའ་དག་རྫོགས་པ་ཞིག་རྩད་གཅོད་མཛད་པར་བཞེད་པ་དང་། བླ་མ་རྗེ་བཙུན་པ་དང་དཔོན་སློབ་གསུང་གླེང་མཛད་པའི་དགོས་པ་འགའ་ཞིག་གི་ཕྱིར་དུ་གཙང་ལ་བྱོན། ཞེས་པ་ནས། དེ་ནས་སྟོན་གཞུག་ཉང་སྟོད་ཀྱི་གོང་གསུམ་བདེ་ཆེན་དུ་ཕེབས། ཞེས་པ། (ཤོག་ངོས་༡༡༡ནས༡༡༥)
   (དགུང་ལོ། ༣༥) སྟོན་མཇུག་དེ་ནས་དཔྱིད་ཆོས་སྔ་མ་མ་རྫོགས་རིང་ལ་བཞུགས་ནས། རྒྱུད་འགྲེལ་གྱི་བཤད་པ་ཕྱག་ལེན་གྱི་མཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ཁྲིད་སོགས་རྫོགས་པར་གསན་ཏོ། ཞེས་པ་ནས། སླར་ཡང་དཔྱིད་སྨད་དེ་ནས་དབྱར་དང་སྟོན་འགོ་མའི་རིང་ལ་སྡེ་ཆེན་དུ་བྱོན། ཞེས་དང་། དེ་ནས་སྟོན་ཕྱི་མ་དགུན་དཔྱིད་དབྱར་རྣམས་སྦྲེལ་ནས་ཞྭ་ལུར་བཞུགས། ཞེས་པ། (ཤོག་ངོས་༡༡༦ནས་༡༡༧)
   (དགུང་ལོ། ༣༦) དེ་ནས་སྤྲེལ་ལོའི་སྟོན། བླ་མ་དབུ་མ་བ་དང་ལྷན་ཅིག་ཏུ་དཔོན་སློབ་གཉིས་ཀ་དབུས་ཀྱི་དགའ་བ་གདོང་དུ་ཕྱག་ཕེབས། ལྷ་སར་ཇོ་བོ་རིན་པོ་ཆེའི་མདུན་ཏུ་གསོལ་བ་འདེབས་པ་ལ་བྱོན་ནས། དཔོན་སློབ་གཉིས་ཀས་དགའ་བ་གདོང་དུ་སྐུ་མཚམས་ལེགས་པར་བཅད་ནས་བཞུགས་སོ། །ཞེས་པ། (ཤོག་ངོས་༡༡༩)
   (དགུང་ལོ། ༣༧) དགུན་ལ་ཉེ་བ་སྤྲེའུ་་ལོ་ཟླ་བ་བཅུ་བ་ལ་བབ་པ། དགུང་ལོ་སུམ་ཅུ་རྩ་དྲུག་པ་ལ་སྐྱོར་མོ་ལུང་ནས་ཕྱག་བཏེག །ཞེས་པ་ནས། དཔོན་སློབ་དགུས་གཞུང་ཀོ་མཛད་ནས་བྱ་བྲལ་ལ་བྱོན། འོལ་ཁར་ཕེབས། དེའི་དགུན་དཔྱིད་རྣམས་འོལ་ཁ་ཆོས་ལུང་དུ་བཞུགས། དེ་ནས་བཟུང་སྟེ་འོལ་ཁ་བ་ཡབ་སྲས་རྣམས་ཀྱིས་དད་པ་ཆེན་པོས་སྦྱིན་བདག་མཛད་དེ་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས།(ཤོག་ངོས༡༢༦ནས༡༢༧) ཞེས་སོགས་སོ། །
   འདི་དག་ནི་སེར་གཙུག་གིས་བསྒྲིགས་པའི་རྗེའི་རྣམ་ཐར་པོད་ཆེན་བཞི་བཞུགས་པ་དང་། དེའི་དེབ་ཕྲེང་དང་པོའི་མཁས་གྲུབ་ཐམས་ཅད་མཁྱེན་པའི་<རྗེའི་རྣམ་ཐར་ཆེན་མོ>རྩ་འཛིན་བགྱིས་པའི་རྣམ་ཐར་གྱི་ཁོག་དང་དེབ་ངོས་བཅས། ཁུངས་སྣེ་རྒྱབ་བརྟེན་རྫ་དང་གངས་ལ་བཅོལ་བའི་ལུགས་སོ།།
གཉིས་པ།
གཡའ་སེལ་འཁྲུལ་མེད་དུ་བསྟན་པ།

     འདིའི་ཐད་ཐོན་ཡོན་བླ་མ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དང་། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་པ། འབྲུག་རྒྱལ་དབང་བ། དུང་དཀར་བློ་བཟང་འཕྲིན་ལས་པ། ཨ་ལགས་ཚེ་བརྟན་ཞབས་དྲུང་བཅས་མང་བོ་ཞིག་ལ་འཁྲུལ་བ་ཞུགས་འདུག་པས་བསྐྱར་ཞིབ་བགྱིས་པ་ཡིན། 

      འདིའི་ལོ་ཚུགས་ལ་<རྣམ་ཐར་ཆེན་མོར་>་གླང་ལོ་(ཕྱི་ལོ་1373དགུང་ལོ་17)སྟོན་གྱི་དུས་ཞེས་པ་དང་གཅིག དེའི་དཔྱིད་རྟའི་ལོ་(ཕྱི་ལོ་1390དགུང་ལོ་34)ལ་ཞེས་པ་དང་གཉིས། དེ་ནས་སྤྲེལ་ལོའི་(ཕྱི་ལོ་1392དགུང་ལོ་36)སྟོན་ཞེས་པ་དང་གསུམ་མ་གཏོགས། དེ་བྱིངས་དུས་ཚིགས་བཞིའི་སྔ་ཕྱི་གུང་བསྒྲིགས་ཏེ་རིགས་པ་ཕུད་འདེད་དགོས་པས་ལས་སླ་བོ་མེད་ཅིང་། དེ་འདྲའི་རྐྱེན་པས་གོང་གསལ་མཁས་དབང་རྣམས་ལའང་འཁྲུལ་བ་ཞུགས་པ་ཡིན་ཞིང་། ད་དུང་དགུང་ལོ་ཉེར་ལྔ་བ་དང་། ཉེར་བདུན་པ་དང་། ཉེར་བརྒྱད་པ། ཉེར་དགུ་བ་བཅས་ལོ་བཞི་གཏན་གསལ་བོ་མ་ཆགས་པ་ཡང་དབྱར་དགུན་སོགས་དུས་ཚིགས་ཀྱི་གསལ་ཁ་མེད་པ་དེས་ཡིན། ཉེར་ལྔའི་སྔ་ལོ་ཉེར་བཞི་བར་དཔྱིད་ཆོས་སྔོན་མ་ལ། ཞེས་པ་དང་། སྟོན་ཆོས་ལ་ཞེས་པ་དང་། ཉེར་ལྔའི་ཕྱི་ལོ་ཉེར་དྲུག་པར་སོས་གུང་ཐང་ཚེས་བཅུ་ཞེས་དུས་ཚིགས་ངེས་པ་ཅན་གཉིས་ནི་བར་འདིའི་ལོ་ཚུགས་མ་ངེས་པ་དག་མི་འཁྲུགས་པའི་གཟེར་ལྟ་བུར་ཡོད།

       ད་དུང་བླ་མ་རྗེ་བཙུན་པས་རྗེ་འདི་བར་སྔ་ཕྱི་ཐེངས་གཉིས་འཆད་ཉན་ལ་བསྐུལ་བའི་གནས་དུས་གཉིས་མ་འཁྲུལ་བར་ངོས་ཟིན་པ་ཡིན་ནའང་། བར་སྐབས་འདིའི་མ་ངེས་པའི་ལོ་ཚིགས་རྣམས་ཏག་ཏག་ངོས་ཟིན་པ་ལ་ཕན། བསྐུལ་བ་དང་བོ་དགུང་ལོ་ཉེར་ལྔ་བ་ས་སྐྱར་བླ་མ་རྗེ་བཙུན་པ་དང་གདན་འཛོམས་ཤིང་། རྗེ་བླ་མ་ཙོང་ཁ་བ་ཆེན་པོས་བཀའ་རྩོམ་ཐོག་མ་གནང་གྲུབ་སྟེ་སོས་གུང་ཐང་ཚེས་བཅུ་ལ་ཕེབས་ཁ་མའི་ལོ་དེ་ཡིན་ངེས། དེའི་ཕྱི་ལོ་ཉེར་དྲུག་པ་བདེ་བ་ཅན་ནས་འཆད་པའི་དབུ་བརྩམས་པ་རེད། བསྐུལ་བ་གཉིས་པ་དགུང་ལོ་སོ་བཞི་བ་འབའ་འུ་འབའ་གཉེར་ཡིན། དེར་བླ་མ་རྗེ་བཙུན་པས། སྔགས་ཀྱི་རྩད་གཅོད་དེ་ཙམ་མཛད་པ་ལ་ཡུན་རིང་འགྱང་། ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་ཐོགས་རྒྱ་ཆེན་པོ་འོང་གིན་འདུག་པས་རེ་ཞིག་བཤད་པ་མཛད་པ་མི་འཐད་དམ། ཞེས་འཆད་ཉན་ལ་བསྐུལ་བ་གཉིས་པ་འདིའི་སྔ་ལོ་བར་ལོ་ངོ་མཐོང་བརྒྱད་ལ་བཤད་པ་གནང་བས། རྗེ་བཙུན་པས་བསྐུལ་ཏེ་ལོ་བདུན་རིང་རྒྱུན་མ་ཆད་པའི་བཤད་པ་གནང་བའི་གསུང་རྒྱུན་དང་ཁྲུགས་སེ་འགྲིག་པས། འདིས་ཀྱང་གོང་གི་དུས་ཚིགས་མ་ངེས་པ་དག་གོ་བའི་ཐབས་དམ་པའོ། ། དགུང་ལོ་སོ་བཞི་བའི་སྔ་ལོ་ནས་ལུགས་ལྡོག་གིས་དགུང་ལོ་ཉེར་དྲུག་པའི་སོས་གུང་ཐང་ཚེས་བཅུ་བར་ལོ་བདུན་ཏག་ཏག་ཁེལ་འདུག་པས། དགུང་ལོ་ཉེར་ལྔ་བའི་ས་སྐྱའི་ཐོག་མའི་རྩོམ་པ་གྲུབ་པའི་རྗེས་ལ་ཉེར་དྲུག་པའི་བདེ་བ་ཅན་གྱི་འཆད་ཉན་མཐུད་པ་གཉིས་སྟེས་དབང་མིན་པ་ཤེས་དགོས། འདིའི་ཐོག་མའི་རྩོམ་པའི་ཚུལ་འོག་ཏུ་འབྱུང་། མདོ་སྨད་ནས་དབུས་སུ་སླེབས་ཏེ་གསན་བསམ་ལ་དང་བོ་གཏུགས་གནས་ཀྱང་བདེ་བ་ཅན་འདི་ཡིན་ཞིང་། དུས་ཕྱིས་འཆད་ཉན་གྱིས་གཞི་ཕབ་གནས་ཀྱང་འདིར་འཐད་པའི་ཕྱོགས་མང་བོས། བདེ་བ་ཅན་གྱི་དགུང་ལོ་ཉེར་དྲུག་ནས་དགུང་ལོ་སོ་གསུམ་བར་གཞི་ཆེ་བའི་བཤད་པའི་ལོ་བདུན་ནོ།།
        དེས་ན་འདིའི་དུས་ཚིགས་བཞི་སོ་སོའི་གསལ་ཁ་དང་། དེ་མ་ཡིན་པའི་ད་དུང་དུས་ཚིགས་ཀྱི་གསལ་མེད་དུས། དེ་ནས་དེ་ནས་ཞེས་པའི་ཚིག་བསྐྱར་རྣམས་ནི་སྡུད་ཚིག་ལ་འཇུག་པས་ལོ་རེའི་མཛད་འཕྲིན་གྱི་འབྲེལ་དང་མཐུད་ཡིན།<རྣམ་ཐར་ཆེན་མོར་>དེ་ནས་དཔོན་སློབ་གཉིས་ཀ་ཐབས་ཅིག་ཏུ་ས་སྐྱར་བྱོན་ཅེས་པ་དང་། དེ་ནས་དེ་འཕྲལ་ལ་དབུས་ལ་བྱོན་ནས་ཞེས་པ་དང་། དེ་ནས་རྩེད་ཐང་གི་གྲྭ་སྐོར་ཚར་ནས་ཞེས་པ་དང་། དེ་ནས་གདན་ས་ཐེལ་ལ་བྱོན་ཅེས་པ་དང་། དེ་ནས་སྐྱིད་ཤོད་དུ་ཕེབས་ཏེ་ཚལ་དུ་བཞུགས་ཞེས། དེ་ནས་དེ་ནས་ཞེས་པ་སྔ་ཕྱི་ལྔ་འཕྲོ་རིམ་འཕྲོར་འབྱུང་བ་ནི། ཏག་ཏག་གོང་གི་གསལ་བོ་མ་ཆགས་པའི་ལོ་ཚིགས་དེ་དག་ལ་སྟབས་ཁེལ་བས། དེ་རྣམས་སྟོན་བྱེད་ཅིག་ཏུ་ཐེ་ཚོམ་མེད་དེ། རྒྱུ་མཚན་ནི་དགུང་ལོ་ཉེར་དྲུག་པའི་གུང་ཐང་གི་ཚེས་བཅུ་ནས་བཟུང་། ཚལ་གུང་ཐང་དང་། བདེ་བ་ཅན། སྐྱིད་ཤོད་ལྷ་ས་གསུམ་ནི་བཞུགས་ཡུན་རིང་ཤས་དང་། ཡང་བསྐོར་བསྐྱར་བསྐོར་གྱི་ཡུལ་གནས་གལ་གནད་ཅིག་ལ་གྱུར་བས། དུས་ཚིགས་སྦྱར་བའི་གཏན་ཁེལ་མ་ལང་པས་ཕེབས་ལོའི་ས་མཚམས་སྟོན་སྟངས་ཤིག་ལ་ཐེ་ཚོམ་མེད་དོ།།
       ད་དུང་དགུང་ལོ་སོ་གཅིག་པ་མེ་ཡོས་ལོ་བ་ལེགས་བཤད་གསེར་ཕྲེང་གི་རྩོམ་པ་གྲུབ་པའི་ལོར་མཛད་བྱང་རང་གིས་གྲུབ་པས། དེ་ནས་ལུགས་ལྡོག་གིས་དགུང་ལོ་ཉེར་བཞི་བ་ལྕགས་སྤྲེལ་ལོ་བ་སྣར་ཐང་དང་བོ་དོང་ཨེའི་མཛད་རིམ་བར། ལོ་ངོ་མཐོང་བདུན་གྱི་མཛད་རྣམ་ཚུད་དགོས་ཡོད་པས། ཡུལ་དེ་དང་དེར་ལོ་དེ་དག་གི་དུས་ཚུགས་ཏག་ཏག་མ་ངེས་པའི་གསུང་ལ་ཐེ་ཚོམ་མེད། དེ་ཡང་དུས་ཚུགས་མ་ངེས་པའི་དོན་ནི། ཡུལ་དེར་ལོ་དེའི་དབྱར་དགུན་སྟོན་དཔྱིད་གང་ནས་བརྩམ་མ་ངེས་པའི་དོན་ནོ།།
       ཁྱད་པར་འདིའི། དེ་ནས་རྩེད་ཐང་གི་གྲྭ་སྐོར་ཚར་ནས་ཡར་ལུང་རྣམ་རྒྱལ་དུ། ཞེས་པ་ནས། བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས་ཏེ། ཞེས་པ་སོགས་ཀྱི་དུམ་མཚམས་དེ། དམིགས་བསལ་མདོ་ཕྱོགས་ཀྱི་གསན་བསམ་ལེགས་པར་གྲུབ་པ་དང་། དེ་ཡང་དབུས་གཙང་ཡོངས་ལ་མཚན་ཉིད་ཀྱི་གྲྭ་སྐོར་ཡོངས་སུ་རྫོགས་པའི་རྗེས། དགུང་ལོ་ཉེར་དྲུག་པར་གཞི་ཆེ་བའི་འཆད་ཉན་གྱི་དབུ་ཚུགས་པའི་ཕྱི་ལོ་དེར་ཁེལ་འདུག་པ་བཅས་ནས། བསྙེན་རྫོགས་དགུང་ལོ་ཉེར་ལྔ་བ་མིན་པར་ཉེར་བདུན་པ་ཡིན་ངེས་སོ། །ཀུན་མཁྱེན་འཇིགས་མེད་དབང་བོས་ཀྱང་སྐུ་འབུམ་གདན་རབས་སུ་བསྙེན་རྫོགས་ཡོངས་གྲགས་ཀྱི་དགུང་ལོ་ཉེར་ལྔ་བ་མི་བཞེད་པར་དགུང་ལོ་སུམ་བཅུ་བར་གསུངས་འདུག
       བསྙེན་རྫོགས་དགུང་ལོ་ཉེར་ལྔ་བ་མིན་པར་ཉེར་བདུན་སྟེང་བསྒྲུབས་པའི་སྒྲུབ་བྱེད་གཞན་གཅིག་ནི། རྩོམ་གནས་བདེ་བ་ཅན་ཡིན་པའི་<དགེ་འདུན་ཉི་ཤུའི་རྣམ་བཞག་བློ་གསལ་བགྲོད་པའི་ཐེམ་སྐས་>། དུས་ནམ་ཞིག་ལ་བརྩམས་པར་ར་འཕྲོད་ན་ཤེས་ཐུབ་པ་ཞིག་ཡོད། དགུང་ལོ་ཉི་ཤུ་ལ་དབྱར་རྩེ་ཆེན། སྟོན་ཉང་སྟོད་བསམ་གླིང་། དགུན་ཆོས་བདེ་བ་ཅན། ཉེར་གཅིག་ལ་དཔྱིད་དང་དབྱར་སྐྱོར་མོ་ལུང་། དགུན་བདེ་བ་ཅན་ནས་གནས་རྙིང་། འདུལ་བ་ལ་ཤིན་ཏུ་ཐུགས་གཏད་པས་སྐུ་སྙུང་བའི་ལོ། ཉེར་གཉིས་ལ་སྣར་ཐང་བརྒྱུད་ས་སྐྱ། དེར་བླ་མ་རྗེ་བཙུན་པའི་མདུན་དུ་ཟླ་བ་བཅུ་གཅིག་གི་གསུང་ཆོས། ཉེར་གསུམ་པར་དཔྱིད་དང་དབྱར་ངམ་རིང་དང་། སྟོན་མལ་གྲོ་ལྷ་ལུང་། དེའི་དགུན་ཆོས་བདེ་བ་ཅན། རྣམ་འགྲེལ་གྱི་ཐུགས་སྦྱོང་གནད་སྨིན་དང་། རྗེ་འདིས་ཐུགས་སྐུལ་གནང་འོག་བླ་མ་རྗེ་བཙུན་པས་ངམ་རིང་དུ་མངོན་འགྲེལ་རིགས་པའི་རྒྱ་མཚོའི་རྩོམ་པ་ལ་བྲེལ། ལ་ལས་རྗེའི་ཀུན་གཞི་དཀའ་འགྲེལ་ཀྱང་། དེ་དུས་མཛད་གསུངས་པ་ནི་བླ་སློབ་གྱི་འགྲོ་སྟངས་མ་ཤེས་པའི་སྐྱོན་དང་དེའི་རྩོམ་གནས་ཀྱང་དེ་མིན། ཉེར་བཞི་ལ་དཔྱིད་དང་དབྱར་སྣར་ཐང་དང་། སྟོན་ཆོས་བོ་དོང་ཨེ།
       དེས་ན་རྩོམ་གནས་བདེ་བ་ཅན་ཡིན་པ་ལ་། དགུང་ལོ་ཉི་ཤུ་བ་དང་ཉེར་གཅིག་པ། ཉེར་གསུམ་པར་དགུན་ཆོས་བདེ་བ་ཅན། ལོ་དེ་གསུམ་ལ་རྩོམ་པ་སྔ་བའི་སྐྱོན་མཆིས་ཏེ། གཞུང་དེའི་མཛད་བྱང་དུ་ས་སྐྱའི་པཎྚིཏ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་དྲིན་ལས། ཆོས་མངོན་པའི་གཞུང་གོང་འོག་ཐམས་ཅད་ཀྱི་དོན་ལ་བློའི་སྣང་བ་ཐོབ་ཅིང་། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དང་། གཏན་ཚིགས་རིག་པའི་ཚུལ་ལའང་སྤོབས་པ་དགེ་བས། རིགས་པ་དང་མི་རིགས་པ་རྣམ་པར་དཔྱོད་པར་ནུས་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པ། ཞེས་འབྱུང་བས་ནི་བླ་མ་རྗེ་བཙུན་པའི་སྤྱན་སྔར་དཀའ་ཆེན་བཞིའི་གསན་བསམ་རྫོགས་པའི་རྗེས་ལ་གོ་བས། རྗེ་བཙུན་པའི་མདུན་དུ་དཀའ་ཆེན་བཞིའི་ཐོས་བསམ་རྫོགས་པ་དགུང་ལོ་ཉེར་བཞི་བ་བོ་དོང་ཨེའི་ཆོས་གྲྭ་ཆེན་པོ་སྟེ། དེ་ཡང་<རྣམ་ཐར་ཆེན་མོ> ལས། དེ་ནས་སྟོན་ཆོས་ལ་བླ་མ་རྗེ་བཙུན་པ་ཆེན་པོ་བོ་དོང་ན་ཆོས་བར་ལ་ཕེབས་པ་གསན་ནས་ཨེར་བྱོན། གཙོ་བོ་བླ་མ་རྗེ་བཙུན་པ་ལ་དབུ་ཚད་མངོན་པ་སོགས་གསན་ཅིང་། ཕར་ཕྱིན་དང་འདུལ་བ་ཡང་རང་རེའི་དྲུང་དུ་ཚར་རེ་ཉན་ན་རྟེན་འབྲེལ་གྱི་ཁྱད་པར་ཞིག་འོང་དུ་རེ་བས་གསུང་འཚལ་ཞུས་ནས་གསན། ཅེས་གསུང་བའི་ཕྱིར་ཏེ། རྒྱུ་ལས་འབྲས་བུ་སྔ་བ་མི་སྲིད་དོ།།
        ཉེར་ལྔ་བ་ས་སྐྱའི་དཀའ་ཆེན་གྲྭ་སྐོར། རྩོམ་གནས་ས་སྐྱ་ཡིན་པའི་<ཀུན་གཞིའི་དཀའ་འགྲེལ>། དེ་དུས་རྩོམ་པ་ལས་འོས་མེད་དེ། དགུང་ལོ་ཉེར་བཞི་བའི་དཔྱིད་དབྱར་གཉིས་ཀ་སྣར་ཐང་གྲྭ་སྐོར། སྟོན་དགུན་གཉིས་ལ་བོ་དོང་ཨེར་བླ་མ་རེད་མདའ་བའི་མདུན་གཞི་ཆེ་བའི་གསུང་ཆོས། དེའི་ཕྱིས་ཉེར་ལྔ་བའི་ལོ་གཅིག་ཧྲིལ་བོའི་མཛད་རིམ་ལ། དཔོན་སློབ་གཉིས་ཀ་ཨེར་ནས་ས་སྐྱར་ཐབས་གཅིག་ཏུ་་བྱོན་ཞེས་པ་དང་། དེའི་ཚེས་ས་སྐྱར་གོང་དུ་སྨྲས་པའི་དཀའ་ཆེན་བཞིའི་གྲྭ་སྐོར་མཛད་ཅེས་པ་ལས་མཛད་རིམ་གཞན་མ་གསལ་བ་དེ། དེའི་དཔྱིད་དབྱར་གང་རུང་ལ་གྲྭ་སྐོར་དང་། དགུན་སྟོན་གཉིས་ལ་རྩོམ་པ་ལ་བྲེལ་བས་ཡིན། 
       སྤྱིར་གྲྭ་སྐོར་སོས་དང་དབྱར་གང་རུང་ལ་ཁེལ་བ་རང་རེའི་གནམ་གཤིས་དབང་གིས་རེད་ལ། དེ་བས་དེའི་ཕྱི་ལོ་དགུང་ལོ་ཉེར་དྲུག་པའི་དབུས་ཀྱི་དཀའ་ཆེན་བཞིའི་གྲྭ་སྐོར་ཡང་སོས་གུང་ཐང་ཚེས་བཅུ་ལ་ཁེལ་བའང་དེས་ཤེས། སྔ་ཕྱིའི་གྲྭ་སྐོར་གྱི་དུས་ཚུགས་ཚང་མ་སོས་དང་དབྱར་ལ་ཁེལ་འདུག་གོ། འདི་བླ་མའི་བཀའ་འཁྲོལ་གྱིས་བླ་མའི་མདུན་དུ་བརྩམས་སྙམ་པ། གཞུང་དེའི་མཆོད་བརྗོད་དང་མཇུག་རྩོམ་གཉིས་ཀར་བླ་མའི་གསུང་ལ་བརྟེན་པར་གསུངས་པ་དང་། མཛད་བྱང་ལ་སྡེ་སྣོད་གསུམ་པ་བློ་བཟང་གྲགས་པ། ཞེས་པའི་ཞལ་ཕོད་ཀྱིས་ས་སྐྱར་དཀའ་ཆེན་བཞིའི་གྲྭ་སྐོར་མཛད་གྲུབ་རྗེས་བརྩམས་གནང་བ་ཤུགས་ལ་ཐོན་པ་བཅས། དེ་དུས་ས་སྐྱ་རང་དུ་བརྩམས་གནང་པ་མཛད་བྱང་ལ་གསལ་ཞིང་། རྗེའི་བཀའ་འབུམ་ཀུན་གྱི་ཐོག་མའང་ཡིན་པས། ཐོག་མའི་རྗེས་འབྲེལ་མཐའ་མ་མི་འཆོལ་རྒྱུ་གདམས་པའོ།།
       དེས་ན་བདེ་བ་ཅན་དུ་བརྩམས་པའི་མཛད་བྱང་ཅན་ལ། དགུང་ལོ་ཉེར་དྲུག་པ་དང་ཉེར་བདུན་པ་གང་རུང་ལས་གཟུར་ཐབས་མེད་དེ། དེ་ཡང་ཉེར་དྲུག་པ་གཙང་ཕྱོགས་ནས་ཕར་ཕྱིན་ཐེག་པའི་ཐོས་བསམ་སློབ་གཉེར་ཡོངས་སུ་རྫོགས་ནས། ས་སྐྱའི་གྲྭ་སྐོར་གྲུབ་མཚམས་ས་སྐྱ་ནས་སྐྱིད་ཤོད་དུ་ཕེབས་ཐེངས་ཐ་མ་དེ་ཡིན། བསྙེན་རྫོགས་ཀྱི་སྔོན་ཡིན་པ་མཛད་བྱང་དུ་བློ་བཟང་གྲགས་པ་ཞེས་པ་ལས། གྲགས་པའི་དཔལ་ཞེས་མི་འབྱུང་བས་ཤེས། བསྙེན་རྫོགས་བཞེས་མ་བཞེས་ཀྱི་མཛད་བྱང་གི་ས་མཚམས་དེ། མཚན་གྱི་མཇུག་ལ་དཔལ་ཅེས་པ་ཡོད་མེད་ནས་འཇོག་ཅིང་། དེ་བས་བསྙེན་རྫོགས་ཀྱི་སྡོམ་པ་མ་བཞེས་སྔོན་གྱི་ཕྱག་རྩོམ་དང་། བཞེས་རྗེས་ཀྱི་ཕྱག་རྩོམ་གཉིས་ཀྱི་མཛད་བྱང་གི་མཚན་ལ་ཁྱད་པར་ཤིན་ཏུ་ཆེའོ། དེས་ན་<བློ་གསལ་བགྲོད་པའི་ཐེམ་སྐས>ནི། དགུང་ལོ་ཉེར་དྲུག་ལ་ས་སྐྱ་ནས་གུང་ཐང་ཚེས་བཅུ་ལ་ཕེབས་ཞིང་། ཉེར་དྲུག་དང་ཉེར་བདུན་སྐྱིད་ཤོད་ཀྱི་ཚལ་གུང་ཐང་དང་། གསང་ཕུ། རྩེད་ཐང་སོགས་སུ་ལོ་ཕྱི་ནང་སྦྲེལ་བའི་གྲྭ་སྐོར་གནང་བའི་བར་གསེང་དང་། དཔེ་གཟིགས་ཡུན་རིང་མཛད་ཅིང་གཞི་ཆེ་བའི་རྩོམ་པའི་དབུ་མ་བརྙེས་པའི་སྔོན་ཙམ་ལ་བསྙོན་ཏུ་མེད་དོ།། རྗེ་མཁས་གྲུབ་པར་ཡང་བར་གསེང་དེའི་ལོ་དུས་ལ་གསལ་ཁ་དེ་ཙམ་མེད་པ་དང་། ཁྱད་པར་གསུང་རྩོམ་སྔ་ཤས་དེ་གཉིས་ལ་སྒྲོས་ཙམ་ཡོད་ཆོག་པ་ལ་གླེང་སློང་ཙམ་ཡང་མེད་པ་ནི། གཅིག་ན་རྩོམ་པ་ཕྲན་ཚེགས་སུ་དགོངས་པས་རེད་ཅིང་། གཉིས་སུ་གསལ་བོ་མ་ཆགས་པའི་གནས་དུས་ཁག་སྟབས་གཅིག་ལ་ཁེལ་བས་ཡིན། དེ་བས་བསྙེན་རྫོགས་དགུང་ལོ་ཉེར་བདུན་པ་དང་། <བློ་གསལ་བགྲོད་པའི་ཐེམ་སྐས>ཀྱི་རྩོམ་པ་ཉེར་དྲུག་པའམ་བསྙེན་རྫོགས་ཀྱི་སྔོན་དེ་མ་ཐག་ཡིན་པ་ཤེས་པར་བྱའོ།།
        དེ་ཡང་དགུང་ལོ་ཉེར་དགུ་བར། གཞི་ཆེ་ཞིང་ཆེས་རྨད་དུ་བྱུང་བའི་རྒྱན་འགྲེལ་ཆེན་མོ་<ལེགས་བཤད་གསེར་གྱི་ཕྲེང་བ་>རྩོམ་པ་དབུ་བརྙེས་ཀྱི་སྟ་གོན་ལ་དེ་འབྲེལ་གྱི་གཞུང་ཆུང་ཁོལ་ཏུ་བྱུང་བ་ཡིན་ནོ། །སྔ་ཕྱི་འདིར་འཁོར་བར་སྐྱོ་བའི་གཏམ་དང་ཧོར་རྒྱལ་པོའི་བུ་ལ་གནང་བའི་གསུང་འཕྲིན་གཉིས་ཀྱང་བརྩམས་གནང་བ་འདྲ། དེ་གཉིས་ཀྱི་མཛད་བྱང་ལ་གནས་བདེ་བ་ཅན་དང་དུས་དགུང་ལོ་ཉེར་བདུན་པའི་བསྙེན་རྫོགས་སྔོན་ཡིན་པ་སོགས་གསལ་ལོ།།
         བཀའ་རྩོམ་མཛད་བྱང་དག་གི་མཚན་གྱི་འགྱུར་བ་ཡང་། དགུང་ལོ་ཉེར་བཞི་བར་སྟོན་ཆོས་ལ་བོ་དོང་ཨེར་ལོ་ཙཱ་བ་ནམ་མཁའ་བཟང་པོ་ལ་སྙན་ངག་མེ་ལོང་གི་བཤད་པ་གསན་ཅིང་། སྙན་ངག་འབྲི་རྩོམ་ལའང་ཐུགས་སྣང་མཛད་བཞིན་པ་ནས། ཉེར་བདུན་པར་བསྙེན་པར་རྫོགས། ཉེར་བརྒྱད་པར་འོན་གྱི་ལྷ་ཁང་ཀེ་རུར་ཆོས་བར་ལ་བྱོན། ཚ་ཁོ་དཔོན་པོ་སོགས་སྡེ་སྣོད་འཛིན་པ་མང་པོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས། དེའི་དུས། ཀེ་རུ་ཞེས་གྲགས་གནས་འདིར་འཁོར་བ་རྣམས།། ཞེས་ལ་སོགས་པའི་སྙན་ངག་གི་དབྱངས་ཨེ་དང་ཨོ་ངེས་པའི་བྱ་དཀའ་བའི་སྙན་ངག་གི་བཀའ་རྩོམ་མཛད་ཅིང་དེའི་མཛད་བྱང་ལ། ལེགས་པར་བསྡེབས་འདི་མང་ཐོས་ཙོང་ཁ་བ།། བློ་བཟང་གྲགས་པས་ཆོས་བར་བྱེད་ཚེ་སྦྱར།། ཅེས་བློ་བཟང་གྲགས་པའི་དཔལ་ཅེས་གསུང་མ་བདེ་བའམ་ད་དུང་དེར་རབ་ཏུ་བྱུང་བའི་དུས་ཀྱི་མཚན་རང་འཇགས་སྤྱད་འདུག 
       བསྙེན་པར་རྫོགས་པའི་ལོ་གཉིས་པ་དགུང་ལོ་ཉེར་དགུ་བ་ཚལ་དབུས་གླིང་དུ་བཀའ་བསྟན་གཉིས་ལ་གཞི་ཆེ་བའི་གཟིགས་རྟོག་སྐབས། བྱ་དཀའ་བའི་སྙན་ངག་གི་ལམ་ནས་བློ་སྦྱོང་རིང་པོ་ཞིག་མཛད་པའི་མཛད་བྱང་ནས་ད་གཟོད་བློ་བཟང་གྲགས་པའི་དཔལ་ཅེས་བློ་བཟང་གྲགས་པ་ལ་དཔལ་གྱི་སྣོན་པ་བཏབ་པའི་དབུ་ཚུགས་འདུག་པ་དང་། ཐམས་ཅད་ཡོད་སྨྲའི་སྡེ་བ་ལ་སྡེ་བའི་མིང་གི་མཐའ་ཅན་དང་། མཁན་པོའི་མིང་གི་མཐའ་ཅན་དཔལ་དང་གྲགས་པ་དང་བཟང་པོ་ཞེས་པ་སོགས་བསྒྲུབ་བྱ་ལ་འདོགས་པ་ལྟར། འདིར་ཡང་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲའི་མཁན་བརྒྱུད་ཡིན་པས་མིན་ནམ། ཤྲཱི་ནི་དཔལ་ལ་འཇུག་པས། ཅེས་པ་འདི་ནི་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཚལ་དབུས་གླིང་གི་གཙུག་ལག་ཁང་དུ་སྦྱར་བ་དགེ་ལེགས་འཕེལ། ཞེས་གོང་གི་བློ་སྦྱོང་གི་མཛད་བྱང་ནས་མཚན་ལ་འགྱུར་བ་ཐེབས་འདུག་གོ ཡང་བླ་མ་རྗེ་བཙུན་པས་རྗེ་དགུང་ལོ་ཉེར་གསུམ་པར་ལ་སྟོད་ངམ་རིང་དུ་བརྩམས་གནང་བའི་མངོན་པ་ཀུན་བཏུས་འགྲེལ་བ་ལེགས་བཤད་རྒྱ་མཚོའི་མཛད་བྱང་ལ། བྱང་ཙོང་ཁ་བ་དཀའ་བཞི་འཛིན་པ་བློ་བཟང་གྲགས་པ་ལ་སོགས་པས་ཞེས་བྲིས་གནང་འདུག་པས་། རྗེ་ལ་ཙོང་ཁ་བ་ཞེས་པའི་མཚན་གསོལ་འདི་ཆེས་འཕྱིས་ནའང་དགུང་ལོ་ཉེར་གསུམ་ལ་བླ་མ་རྗེ་བཙུན་པས་གསོལ་གནང་མཛད་ཅིང་། གསུང་རབ་ལ་ཕབ་ཏེ་བྱིན་རླབས་ཀྱི་འོད་དང་ལྡན་པར་བཞུགས་སོ།།
       གསེར་ཕྲེང་གི་རྩོམ་པ་གྲུབ་ལོ་ཡང་དགུང་ལོ་སོ་གཉིས་པ་མིན། དགུང་ལོ་ཉེར་དགུ་བར་དབུ་བརྩམས། སུམ་ཅུ་བར་འཕྲོ་བསྐྱངས་པ་རྣམ་ཐར་ཆེན་མོར་གསལ་ཞིང་། སོ་གཅིག་པར(ཕྱི་ལོ1387)བརྩམས་གྲུབ་པ་གསེར་ཕྲེང་རང་གི་མཛད་བྱང་དུ། རབ་བྱུང་གི་སྣོན་ཟླ་བར་ཞེས་པའི་རབ་བྱུང་ནི་ལོ་རྒན་དྲུག་ཅུའི་ཐོག་མ་མེ་ཡོས་པ། རྗེའི་དགུང་ལོ་སོ་གཅིག་པར་ཁེལ་བ་ཡིན། དེ་ཡང་ལོ་དེའི་དབྱར་ཆོས་ལ་བརྩམས་གྲུབ། གདན་ས་ཐེལ་ལ་བྱོན་དུས་དེར་། དགུང་ལོ་ཤིན་ཏུ་གཞོན་པ་དགུང་ཚོད་ཉི་ཤུའི་ནང་ཡིན་པ། རིན་པོ་ཆེ་སྤྱན་སྔ་བའི་ཐུགས་ཕྱུང་བའི་གསུང་ལས་དཔག་ཐུབ།
   དཀའ་བཞིའི་མཚན་བཏགས་ནི། སྤྱིར་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་སྣར་ཐང་དང་། ས་སྐྱ། གསང་ཕུ། ཚལ་གུང་ཐང་། རྩེད་ཐང་སོགས་དེ་དུས་ཀྱི་དབུས་གཙང་གི་གདན་ས་ཆེ་ཆེ་ཁག་ལ། དེ་དུས་ཀྱི་དཀའ་ཆེན་རྣམས་ལ་སྔར་མ་གྲགས་པའི་གྲྭ་སྐོར་བླ་ལྷག་གནད་སྨིན་དུ་མཛད་པ་གྲགས་ཆོད་ཡིན་མོད་ཀྱང་། རྗེའི་བཀའ་འབུམ་ཁྲོད་ཀྱི་སྡོམ་པ་གསུམ་གྱི་བཀའ་རྩོམ་ཁག་གི་མཛད་བྱང་ལ། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཞེས་དང་། གསང་བ་སྔགས་ཀྱི་གསུང་རྩོམ་རྣམས་ལ་རྒྱུད་དེ་དང་དེའི་རྣལ་འབྱོར་བ་ཆེན་པོ་ཤར་ཙོང་ཁ་བ་ཞེས་དང་། ལམ་རིམ་བློ་སྦྱོང་དང་ནཱ་རོ་ཆོས་དྲུག་དང་འབྲེལ་བ་དག་ལ་སྤོང་བ་པ་བློ་བཟང་གྲགས་པའི་དཔལ་ཞེས་དང་། ལྟ་བ་ཕྱོགས་མེད་སྟོན་པའི་གཞུང་ལ་མང་དུ་ཐོས་པའི་རིགས་པ་སྨྲ་བ་ཞེས་དང་། སྡེ་སྣོད་འཛིན་པ་ཞེས་དང་། དབུ་མའི་ལྟ་བ་བྱེ་བྲག་ཏུ་སྟོན་པ་ལ་དབུ་མའི་རྣལ་འབྱོར་བ་ཆེན་པོ་ཞེས་སོགས་གསུང་ན་ལས། བཀའ་རྩོམ་དང་གསུང་འཕྲིན་ཁག་གི་མཛད་བྱང་གང་ནའང་། དཀའ་བཞི་བ་ཞེས་པའི་སྦྱར་བ་ཞིག་ལན་གཅིག་ཀྱང་འཐོན་མི་འདུག
       དེ་ཡང་དུས་ཕྱིས་དགུང་ལོ་སོ་བརྒྱད་པ་ནས་བླ་མ་ལྷོ་བྲག་པས་རྗེ་ལ་ཆོས་རྗེ་དཀའ་བཞི་བ་ཞེས་བཀའ་ནན་མོ་དང་། དེའང་ཡང་ནན་བསྐྱར་ནན་གསུང་བ་ཞིག་ཡོད་པས་དཀའ་བཞི་མཚན་རྟགས་བཞེས་ཡོད་ངེས་ཅན་དང་། ཡང་རིན་པོ་ཆེ་འདི་བ་དགུང་ལོ་ཉེར་གསུམ་སྐབས། བླ་མ་རྗེ་བཙུན་པས་ལ་སྟོད་ངམ་རིང་དུ་བརྩམས་གནང་བའི་མངོན་པ་ཀུན་བཏུས་འགྲེལ་བ་ལེགས་བཤད་རྒྱ་མཚོའི་མཛད་བྱང་ལ། བྱང་ཙོང་ཁ་བ་དཀའ་བཞི་འཛིན་པ་བློ་བཟང་གྲགས་པ་ལ་སོགས་པས་ཞེས་བྲིས་གནང་འདུག་པས་། གནས་དུས་དེར་བླ་མ་རྗེ་བཙུན་པས་དཀའ་བཞིའི་མཚན་བཏགས་འཕར་མ་གནང་བ་ཡིན་སྲིད་པ་དང་། དེ་ཡང་དཀའ་བཞི་མཚན་བཏགས་དངོས་གཞི་དེ་ནི་གསང་ཕུར་བཞེས་པ་ཐེ་ཚོམ་མེད་དེ། རྗེ་བདག་ཉིད་ཆེན་པོས་གསང་ཕུར་དཀའ་བཞི་མཚན་རྟགས་བཞེས་པའི་གསུང་རྒྱུན་གྲགས་ཆེ་བ་དང་། དེ་ཡང་གསང་ཕུར་གྲྭ་སྐོར་མཛད་ཅིང་། དཀའ་ཆེན་བཞིའི་བཤད་པས་གསང་ཕུའི་མཁན་རིན་པོ་ཆེ་སེང་གེ་རི་བོང་སོགས་མཁས་གྲུབ་མང་བོའི་ཐུགས་འཕྲོགས་པར་གསུངས་པ་དང་། མཁས་གྲུབ་རིན་པོ་ཆེས། དེའི་ཚེ་དབུས་གཙང་གི་ཆེ་རྒུ་ཐམས་ཅད་ལེགས་བཤད་གཏམ་གྱིས་ཐུགས་འཕྲོགས་པ་དང་། ལུང་རིགས་དབལ་གྱིས་སྤ་གོང་བར་མཛད་ཅིང་ས་གསུམ་ན་སྙན་པའི་བ་དན་སྲིད་མཐའི་བར་དུ་བཙུགས་པར་གྱུར་ཏོ།། ཞེས་གསུངས་པའང་འདི་ཡིན། ཆོས་བརྒྱུད་གཅིག་པའི་གདན་ས་ཆེ་གྲས་གནད་དང་། ཆོས་གྲྭ་དེ་ཉིད་དེ་དུས་དབུས་གཙང་ཡོངས་སུ་གྲགས་ཆེ་བའི་རྒྱུ་མཚན་བཅས་ཀྱིས་མཚན་བཏགས་ཡོངས་གྲགས་ཆགས་པ་སྟེ། རྗེ་ནས་དཀའ་བཞི་མཚན་བཏགས་དངོས་གཞི་གསང་ཕུར་བཞེས་པ་ཡིན་ནོ།།
       དགུང་ལོ་བཅུ་བདུན་པ་དང་བཅོ་བརྒྱད་པ་བཅུ་དགུ་བ། ཉི་ཤུ་བ་བཅས་ལོ་ངོ་མཐོང་བཞི་ལ་བླ་མ་ཡོན་ཏན་རྒྱ་མཚོ་བ་དང་། སློབ་དཔོན་ཨུ་རྒྱན་པ། བླ་མ་འཇམ་རིན་པ། བླ་མ་ཉ་དབོན་ཀུན་དགའ་དཔལ་བ་བཅས་ལ་ཕར་ཕྱིན་གཙོས་པའི་བྱམས་ཆོས་རྣམས་ལ་གསན་བསམ་རྫོགས་ཤིང་། ད་དུང་ཉི་ཤུ་བར་རྗེ་བཙུན་རེད་མདའ་བའི་མདུན་མངོན་པ་མཛོད་དང་། དབུ་མ་འཇུག་པ་གསན་ཞིང་། སྐྱོར་མོ་ལུང་བའི་མཁན་དཀའ་བཞི་བ་བླ་མ་བློ་གསལ་བའི་མདུན་འདུལ་བ་མདོ་རྩ་བ་རྒྱ་ཆེར་འགྲེལ་ཆ་ལག་དང་བཅས་པ་རྫོགས་པར་གསན། ཉི་ཤུ་རྩ་གཉིས་པར་བླ་མ་རེད་མདའ་བའི་མདུན་མངོན་པ་ཀུན་བཏུས་གཟབ་བཤད་དང་། དབུ་མ་འཇུག་པའི་བཤད་པ། འདུལ་བ་ལུང་ལ་སོགས་པ་བཀའ་བསྟན་མང་བོའི་ལུང་གསན། ཉི་ཤུ་རྩ་གསུམ་པར་མངོན་པ་དང་རྣམ་འགྲེལ་རང་འགྲེལ་ཞིབ་པར་གསན་པ་བཅས། སྐབས་འདི་དག་ཏུ་དཀའ་ཆེན་བཞི་ལ་གྲྭ་བསྐོར་མ་རྫོགས་ཀྱང་འཆད་ཉན་རྫོགས་ཤིང་ཐུགས་རབ་ལ་བླ་མ་བ་ངོ་མཚར་སྐྱེས་པ་ཡོདཔས། བླ་མ་རྗེ་བཙུན་པས་དཀའ་བཞི་མཚན་བཏགས་འཕར་མ་ཕུལ་བ་མིན་ནམ་སྙམ་པ་སྟེ། དེ་བས་རྗེ་བདག་ཉིད་ཆེན་པོས་མཚན་བཏགས་འཕར་མ་བཞེས་ཡུལ་ནི། དགུང་ལོ་ཉེར་གསུམ་པར་ལ་སྟོད་བྱང་གི་ཆོས་གྲྭ་ཆེན་པོ་ངམ་རིང་ཆོས་སྡེ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་དམ་པ་མང་པོའི་གསུང་རྒྱུན་ལྟར་མཚན་བཏགས་དངོས་གཞི་གསང་ཕུ་ཆོས་གྲྭ་ཆེན་པོའོ།།
      སྤྱིར་རིན་པོ་ཆེ་འདི་བའི་དཀའ་བཞིའི་གྲྭ་སྐོར་དང་བོ་དགུང་ལོ་ཉེར་བཞི་བ་སྣར་ཐང་། གཉིས་པ་ཉེར་ལྔ་བ་ས་སྐྱ། གསུམ་པ་ཉེར་དྲུག་པ་གསང་ཕུ་དང་ཚལ་གུང་ཐང་སོགས། མཐའ་མ་དེ་ཉེར་བདུན་པ་རྩེད་ཐང་དུ་གནང་བ་སོགས་ཡིན་ནོ། བདེ་བ་ཅན་དུ་ཕར་ཕྱིན་གྲྭ་སྐོར་ལས་དཀའ་བཞི་གྲྭ་སྐོར་མ་གནང་བ་འདྲ། དེ་ཡང་གཅིག་ན་དགུང་ལོ་ཉི་ཤུ་བར་སྐུ་སྙུང་བའི་བཅོས་ཐབས་ལ་བདེ་བ་ཅན་དུ་ཕེབས་པར། <རྣམ་ཐར་ཆེན་མོར་>བདེ་བ་ཅན་དུ་བྱོན་ནས་ཀྱང་བཅོས་ཐབས་ཅི་རིགས་མཛད་ཀྱང་མ་ཕན། བདེ་བ་ཅན་ན་ཁ་མཆུ་དང་འཁྲུག་ལོང་མང་དུ་འདུག་པས་ཀྱང་ཐུགས་སྐྱོ་བར་གྱུར་ཏེ། དཔོན་སློབ་འགའ་ཞིག་གིས་དགུན་གཙང་ཕྱོགས་ལ་བྱོན། ས་སྐྱར་འབྱོན་བཞེད་པ་ལ་ཞེས་པ་ནས་ཀྱང་ཅུང་ཟད་གོ་ཐུབ།
        ཆ་ཧར་བའི་རྗེའི་རྣམ་ཐར་དུ། སྐབས་ཤིག་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་བྱོན་ནས། ད་ཕྱིན་ཆད་པཎ་ཞྭ་གསེར་མདོག་གྱོན་ན་བསྟན་པ་དྲི་མ་མེད་པར་འགྱུར་བ་སོགས་ཀྱི་དགོས་པ་ཡོད་ཅེས་ལུང་བསྟན་པས། རྗེ་རིན་པོ་ཆེས་སྐབས་འདི་ནས་བཟུང་སྟེ་དབུ་ཞྭ་སེར་བོ་བཞེས་པར་མཛད་དོ། །ཞེས་རྗེ་ནས་དབུ་ཞ྄་གསེར་མདོག་དགུང་ལོ་ཉེར་དགུ་ནས་བཞེས་པར་བཤད་ཀྱང་། འཐད་པར་མ་མཐོང་སྟེ། དབུ་ཞྭ་གསེར་མདོག་བཞེས་དུས་དགུང་ལོ་ཉེར་དགུ་བ་མ་ཡིན་པར་སོ་བདུན་དང་སོ་བརྒྱད་པ་གང་རུང་ཡིན་ངེས། དེའི་སྒྲུབ་བྱེད་བཙན་པོ་རང་ཡོད་པ་ནི། མངའ་རིས་ལྷ་བཙུན་བསྟན་རྒྱན་པའིརྗེའི་རྣམ་ཐར་དུ། ཀུན་མཁྱེན་ཆོས་སྐྱབས་པས། བྲ་གོར་གྱི་དབེན་གནས་རིན་ཆེན་གླིང་དུ་བཅད་རྒྱ་བསྙེན་མཚམས་ལ་བཞུགས་སྐབས། མནལ་ལམ་དུ་དཔལ་ལྡན་ཨ་ཏི་ཤ་ཡིན་ཟེར་བའི་པཎྚིཏ་ཞྭ་དམར་བོ་བྱས་པ། བེར་དུར་ཁ་བཞེས་པ་གཅིག་བྱུང་ནས། ཨ་ཏི་ཤའི་གདམས་པ་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་བླ་མ་གཅིག་འོང་བ་ཡོད་ཅེས་དང་། སང་ཉིན་རྗེ་དཔོན་སློབ་བཞིས་མཁན་ཆེན་ཆོས་སྐྱབས་བཟང་བོ་མཇལ་བར་བྱོན་ཅེས་དང་། མཁན་ཆེན་པས་རྗེ་རིན་པོ་ཆེ་ལ་ཨ་ཏི་ཤ་དངོས་ཀྱི་འདུ་ཤེས་དང་། སྔར་རྨི་ལམ་དུ་བྱུང་བ་ལྟར་གཟིགས་སོ། ཞེས་དང་། ཡང་རྗེའི་ཞལ་ནས་མཁན་ཆེན་པ་ཁྱེད་ཀྱི་སློབ་མ་གྲུབ་ཆེན་ཕྱག་རྡོར་བ་དེ་བླ་མ་གང་ལ་ཐུག སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཇི་ལྟ་བུ་ལགས་ཞུས་པས། ཞེས་དང་། དེ་ནས་རྗེ་རིན་པོ་ཆེ་ལྷོ་བྲག་ལ་འབྱོན་པར་བཞེད་ནས་བྱོན། ཞེས་སོགས་ནི་རྗེ་འདི་བ་དགུང་ལོ་སོ་བརྒྱད་པ་རྫོང་ཇིའི་ཇོ་བོ་བྱམས་པ་ཞིག་གསོ་མཛད་པའི་ལོ་དེ་ག་ཡིན་པས། དེ་དུས་ད་དུང་དབུ་ཞྭ་དམར་བོ་མནབས་བཞིན་པ་དེས་དབུ་ཞྭ་གསེར་མདོག་ཉེར་དགུ་ནས་ཡིན་ཚུལ་མེད་པར། ཆེས་སྔ་ནའང་སོ་བརྒྱད་ཚུན་ནས་ཡིན་ངེས་པ་གོང་བརྗོད་ལྟར་འཐད་དོ།། ཅེས་སོགས་ནི་དོགས་པའི་མཐའ་གཅོད་པའི་ལུགས་སོ།།


གསུམ་པ།
དུས་མཚུངས་སྒྲིག་པ།

   རྗེ་འཁྲུངས་པའི་ལོ་དེ་མ་ཐག་གི་སྔ་ལོ་དེར། (ཕྱི་ལོ་1356~1415)སྤྱན་སྔ་བ་གྲགས་པ་བྱང་ཆུབ་དང་། ཤར་རྒྱལ་མོ་རོང་བ་ཤེས་རབ་རྒྱལ་མཚན་འཁྲུངས། དེ་ནས་ཡར་ལོ་གསུམ་པར་སྲིད་ལོ་ཉིས་བརྒྱ་དྲུག་ཅུ་ཅན་གྱི་གནམ་བསྐོས་ཕག་གྲུ་སྲིད་དབང་(སྲིད་ལོ་1354~~1617)ཚུགས། སྡེ་སྲིད་ཕག་མོ་གྲུབ་པ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་(ཁྲི་ལོ་1354~~1371)བོད་ཁམས་དབང་བསྒྱུར། དེ་ལ་རྒན་མོ་གསེར་འཁུར་གྱི་དུས་ཞེས་ཤིན་ཏུ་དུས་བདེ་ཞོད་འཇགས་ཀྱི་སྲིད་རབས་བྱས་པ་ཅན་ཞིག་ཡིན་རབས་ཡོད། ལོ་བདུན་པར་(ཕྱི་ལོ་1350~1414)གཡག་ཕྲུག་སངས་རྒྱས་དཔལ། ལོ་བརྒྱད་པར་(ཕྱི་ལོ1349~1412)བླ་མ་རྗེ་བཙུན་རེད་མདའ་བ། ལོ་བཅུ་གཉིས་པར་(ཕྱི་ལོ1345~1439)བླ་མ་ཉ་དབོན་པ་ཀུན་དགའ་དཔལ། བཅུ་བདུན་པར་(ཕྱི་ལོ་1340~1383)བླ་མ་ཀརྨ་བ་རོལ་བའི་རྡོ་རྗེ། ཉེར་གཉིས་པར་(ཕྱི་ལོ་1335~)བླ་མ་འབྲི་གུང་ཆོས་ཀྱི་རྒྱལ་པོ། ཉེར་བཞི་བར(ཕྱི་ལོ1333~1379)བླ་མ་སྒྲ་བ་ནམ་བཟང་། སོ་གཅིག་པར་(ཕྱི་ལོ་1326~1401)བླ་མ་ལྷོ་བྲག་པ་ནམ་མཁའ་རྒྱལ་མཚན་པ། ཞེ་གཅིག་པར་(ཕྱི་ལོ1316~1397)བླ་མ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ། ཞེ་ལྔ་བར་(ཕྱི་ལོ་1312~1375)བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཞེ་དགུ་བར་(ཕྱི་ལོ་1308~1363)ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། ལྔ་གཅིག་པར་(ཕྱི་ལོ་1306~)བླ་མ་ཇོ་ནང་བ་ཕྱོགས་ལས་རྣམ་རྒྱལ་པ། ལྔ་བཞི་བར་(ཕྱི་ལོ་1303~)དཔང་ལོའི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ། རེ་གཉིས་པར་(1295~)རྒྱལ་སྲས་ཐོགས་མེད་བཟང་བོ། རེ་གསུམ་པར་(ཕྱི་ལོ1294~)བླ་མ་ས་བཟང་མ་ཏི་པཎ་ཆེན། རེ་ལྔ་བར་(ཕྱི་ལོ་1292~1361)ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན། རེ་བདུན་པར་(ཕྱི་ལོ་1290~1364)ཀུན་མཁྱེན་བུ་སྟོན། ལོ་དེར་ས་སྐྱས་འབྲི་གུང་བཅོམ་པའི་འབྲི་གུང་གླིང་ལོག་བྱུང་། བདུན་བཅུ་བར་(ཕྱི་ལོ་1287~)གཡག་སྡེ་པཎ་ཆེན། དོན་གསུམ་པར་(ཕྱི་ལོ་1284~1339)ཀརྨ་བ་རང་བྱུང་རྡོ་རྗེ། དོན་བཞི་བར་(ཕྱི་ལོ་1283~)རྔོག་ཆོས་རྡོར་གྱི་སྲས་རྔོག་ཆོས་ཀྱི་རྒྱལ་མཚན། གྱ་གཅིག་པར་(ཕྱི་ལོ་1276~1342)དཔང་ལོ་བློ་གྲོས་བརྟན་པ། ལོ་དེར་འགྲོ་མགོན་འཕགས་པས་དགེ་འདུན་ཁྲི་བདུན་ལ་བསྙེན་བཀུར་ཏེ་ཆུ་མིག་ཆོས་འཁོར་མཛད། དེའི་སྔ་ལོར་དབྱི་ཏ་ལའི་ཡུལ་སྐོར་བ་མ་ཁོ་པོ་ལོ་ཟེར་བ་རྒྱ་ནག་ལ་སླེབས། འགྲོ་མགོན་འཕགས་པ་དང་རྒྱལ་ཁང་གཅིག་ཏུ་བཞུགས། འཕགས་པ་དང་བཅོམ་ལྡན་རིག་རལ་དུས་མཉམ་སྟེ། འཕགས་པས་ལས་ཚན་བཅུ་གསུམ་གྱི་བཀོད་སྒྲིག་སོགས་མཛད་དེ་རྒྱས་སྤྲོས་ཆེན་པོ་གནང་བ་ལ་བཅོམ་ལྡན་རིག་པའི་རལ་གྲིས། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་སྒྲིབ། །སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། །སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་འཛིན། །འདི་གསུམ་མ་རྟོགས་འཕགས་པ་མིན་པར་གོ །ཞེས་ཟུར་ཟའི་ཚིག་ཕུལ་བ་ལ། དེའི་ལན་དུ་འཕགས་པས། བསྟན་པ་འཕེལ་འགྲིབ་ཡོང་བ་རྒྱལ་བས་གསུངས། །སེམས་ཅན་བདེ་སྐྱིད་རང་རང་ལས་ལ་རག །གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད། །འདི་གསུམ་མ་རྟོགས་མཁས་པ་མིན་པར་གོ །ཞེས་བཀའ་ལན་བསྩལ་བར་གྲགས། 

      རྗེ་ནས་ཡར་བགྲང་བའི་ལོ་122པར་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་འཁྲུངས། ལོ་127པར་གྲུབ་ཆེན་ཨུ་རྒྱན་པ། ལོ་153ལ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བཎ་ཆུང་དགུ་དང་བཅས་བོད་ལ་ཕེབས། ལོ་159 ལ་ཆག་ལོ་ཆོས་རྗེ་དཔལ། ལོ་175 ལ་ས་སྐྱ་པཎ་ཆེན། ལོ་247ལ་ཀརྨ་དུས་གསུམ་མཁྱེན་པ། ལོ་258་ལ་ཆ་བ་ཆོས་ཀྱི་སེང་གེ། ལོ་278་ལ་མཉམ་མེད་དྭགས་པོ་ལྷ་རྗེ། ལོ་287ལ་དགེ་བཤེས་ཤ་ར་བ། ལོ་298ལ་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ། ལོ་312་ལ་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས། ལོ་315 ལ་ཇོ་བོ་རྗེ་བོད་ལ་ཕེབས། ལོ་317ལ་རྒྱ་བརྩོན་འགྲུས་སེང་གེ་འདས། འཁྲུངས་ལོ་མ་ངེས། ལོ་317ལ་རྗེ་བཙུན་མི་ལ་རས་པ་ཕེབས། ལོ་326 མ་ཅིག་ལབ་སྒྲོན། ལོ་341རྭ་ལོ་རྡོ་རྗེ་གྲགས་པ། ལོ་345 ལ་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། ལོ་346 ལ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ལོ་353 ལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་འཁྲུངས། ལོ་355 ལ་རོང་ཟོམ་ཆོས་བཟང་། ལོ་364ལ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། ལོ་399་ལ་ལོ་ཙཱ་བ་རིན་ཆེན་བཟང་པོ་འཁྲུངས་པ་བཅས་དང་། ལོ་440་ཡས་མས་ཙམ་ལ་བསྟན་པ་ཕྱི་དར་ཚུགས། ཕྱི་དར་ནམ་ཚུགས་འདི་བསྟན་བསྣུབ་ལྕགས་བྱ་དྲུག་ཅུ་སྐོར་སྔ་ཕྱི་གཉིས་ཀྱི་སྔ་མ་ལ་ཆ་བཞག།

        བླ་མ་ཙོང་ཁ་བའི་འཁྲུངས་ལོ་དྲུག་པར་ཀློང་ཆེན་རབ་འབྱམས་པས་ཀློང་ཆེན་ཆོས་འབྱུང་བརྩམས་ཤིང་དེའི་ཕྱི་ལོར་གཤེགས། ཐང་སྟོང་རྒྱལ་བོ་འཁྲུངས་ནས་ལོ་གཉིས་པ་ཡིན། འཁྲུངས་ལོ་བརྒྱད་པར་ཀུན་མཁྱེན་བུ་མྱ་ངན་ལས་འདས་ཤིང་། རྒྱལ་ཚབ་དར་མ་རིན་ཆེན་འཁྲུངས། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ་རྗེ་བླ་མ་ལས་ལོ་གཅིག་དང་། བྱམས་ཆེན་ཆོས་རྗེ་ལོ་གསུམ་གྱིས་བགྲེས། འཁྲུངས་ལོ་བཅུ་གཅིག་པར་རོང་སྟོན་ཤཱཀྱ་རྒྱལ་མཚན་སྐྱེས། སྦོ་འབོར་སྒང་པ་འཇམ་དབྱངས་ཁ་ཆེ་སྟེ། རྗེའི་དངོས་སློབ་ཆོས་སྒོ་བ་གཉིས་ཀྱི་གྲས། ཕག་གྲུའི་ཆོས་སྒོ་བ་འཇམ་དབྱངས་ཁ་ཆེ་བསོད་ནམས་དཔལ། ཙོང་ཁ་བརྒྱད་བཅུའིརྩོམ་པ་པོ། རྗེ་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་གསང་རྣམ་རྩོམ་སྐུལ་ལ་འདི་བ་བང་ཆེན་དུ་མངགས། རོང་ཊིག་པའི་བླ་མ་དང་རོང་བས་འདི་ལ་སྐུ་བསྟོད་ཅིག་ཀྱང་འདུག ཀརྨ་དཀོན་གཞོན་དང་འབྲི་གུང་དཔལ་འཛིན་གཉིས་ཀྱང་དུས་འདི་ཙམ་ལ་བྱོན་པར་སྣང་། ཀརྨ་དཀོན་གཞོན་པས་ལོ་ཆེན་སྐྱབས་མཆོག་དཔལ་བ་དང་། རྗེ་བཙུན་རེད་མདའ་བ། རྗེ་བདག་ཉིད་ཆེན་པོ་བཅས་གསུམ་རབ་བྱུང་བདུན་པའི་ལྕགས་འབྲུག་སྤྱི་ལོ1400ལོར་སྟོད་ལུང་དགའ་གདོང་དུ་ཞལ་འཛོམས་སྐབས། དགེ་བཤེས་མཁས་གྲགས་ཅན་ལྔ་བརྒྱ་ཙམ་ཚོགས་པའི་ཚོགས་དཔོན་དབུ་བཞུགས་མཛད་པའོ། །འཁྲུངས་ལོ་བཅུ་གཉིས་པར་ཧོར་གྱི་རྒྱལ་རབས་མཇུག་རྫོགས། རྒྱ་ནག་ཏཱ་མིང་རྒྱལ་རབས་ཚུགས། འཁྲུངས་ལོ་བཅུ་གསུམ་པར་རྒྱལ་སྲས་ཐོགས་མེད་བཟང་བོ་མྱ་ངན་ལས་འདས། འདི་བའི་དྲུང་དུ་བླ་མ་རྗེ་བཙུན་པས་སྨོན་འཇུག་གི་སེམས་བསྐྱེད་དང་བློ་སྦྱོང་སོགས་ཞུས།
འཁྲུངས་ལོ་བཅུ་དྲུག་པར་ཕག་གྲུའི་སྲིད་ཁྲི་གཉིས་པ་གུ་ཤྲི་ཤཱཀྱ་རྒྱལ་མཚན་ཁྲིར་(ཁྲི་ལོ་1372~~1384)བཀོད། བླ་མ་ཙོང་ཁ་བ་མདོ་སྨད་ནས་དབུས་ལམ་ལ་ཞུགས། འཁྲུངས་ལོ་བཅོ་བརྒྱད་པར་འདུལ་འཛིན་གྲགས་པ་རྒྱལ་མཚན་འཁྲུངས་། འཁྲུངས་ལོ་བཅུ་དགུ་བར་བོ་དོང་པཎ་ཆེན་འཁྲུངས། འཁྲུངས་ལོ་ཉེར་བདུན་པར་རྒྱུད་ཆེན་ཤེས་རབ་སེང་གེ་འཁྲུངས། འཁྲུངས་ལོ་ཉེར་དགུ་བར་མཁས་གྲུབ་རྗེ་འཁྲུངས་པ་དང་། ཕག་གྲུའི་སྲིད་ཁྲི་གཉིས་པ་སྤྱན་སྔ་གྲགས་པ་བྱང་ཆུབ་ཁྲིར་(1385~~1390)བཀོད། <རྣམ་ཐར་ཆེན་མོར>དེ་ནས་གདན་ས་ཐེལ་དུ་བྱོན། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པའི་དྲུང་དུ་མཇལ། ལེགས་བཤད་ཀྱི་སྐྱེས་ཕུལ་ཞིང་དམ་པའི་ཆོས་ཀྱི་བཀའ་མཆིད་མཛད་པས་ཆོས་རྗེ་སྤྱན་སྔ་བ་དད་པའི་ཤུགས་ཀྱིས་སྤྱན་ཆབ་བྱུང་། ཕྱིས་ཀྱང་དྲུང་ན་འཁོད་པ་དག་དང་ཕེབས་པའི་མཆིད་གླེང་བ་ན། སྐུ་ན་གཞོན་ནུ་འདི་འདྲ་བ་ལའང་ཡོན་ཏན་གྱི་གཏེར་ཆེན་པོ་འདི་ལྟ་བུ་འདུག་ན། ཁོ་བོའི་སྐྱེ་བ་འདི་འདྲ་བ་ཞེས་ཐུགས་ཕྱུང་བའི་གསུང་ཡང་ཡང་འབྱོན་པའི་གཏམ་གླེང་བར་གྲག་གོ་ཞེས་པའི་ལོ་དེའི་ཕྱི་ལོ་ཡིན། འཁྲུངས་ལོ་སོ་ལྔ་བར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་འཁྲུངས། ཕག་གྲུའི་སྲིད་ཁྲི་གསུམ་པ་བསོད་ནམས་གྲགས་པ་སྲིད་ཁྲིར་(1391—1408)བཀོད། བླ་མ་ཙོང་ཁ་བ་དགུང་ལོ་སོ་ལྔ་བ་ཟབ་མོ་སྔགས་ལ་གཞི་ཆེ་བའི་གསན་བསམ་གནང་བཞིན་པའི་སྒང་། སྡེ་སྲིད་འདི་བའི་རིང་བོད་ཀྱི་ཆོས་དཔལ་རིག་གསུམ་ལ་འཕེལ་རྒྱས་ཆེན་པོ་བྱུང་ལ། སྒོས་སུ་ལོ་ཕྱུགས་ལེགས་པ་བྱུང་བས་བསོད་ནམས་ཅན་གྱི་རྒྱལ་བོ་ཞེས་འབོད་ཀྱང་ཟེར།་ འཁྲུངས་ལོ་སོ་དྲུག་པར་འགོས་ལོ་གཞོན་ནུ་དཔལ་འཁྲུངས། འཁྲུངས་ལོ་བཞི་བཅུ་བར་གཉལ་གྱི་ལུང་ར་ཆེན་མོ་ཚུགས། རྒྱལ་ཚབ་རིན་པོ་ཆེས་ཞབས་ལ་གཏུགས། རྒྱལ་ཚབ་པ་དགུང་ལོ་སོ་གསུམ་པ། འཁྲུངས་ལོ་ཞེ་བརྒྱད་པར་ཞང་ཞུང་ཆོས་དབང་གྲགས་པ་འཁྲུངས་། འཁྲུངས་ལོ་ཞེ་དགུ་བར་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་འཁྲུངས།
      འཁྲུངས་ལོ་ང་གཅིག་པར་སེ་ར་ཆོས་སྡིངས་སུ་རྩ་ཤེས་ཊིག་ཆེན་མཛད་ཅིང་མཁས་གྲུབ་རིན་པོ་ཆེས་ཞབས་ལ་གཏུགས། མཁས་གྲུབ་དགུང་ལོ་ཉེར་གསུམ་པ། འཁྲུངས་ལོ་ང་གཉིས་པར་ར་ཁ་བྲག་ཏུ་དྲང་ངེས་ལེགས་བཤད་སྙིང་བོ་མཛད་ཅིང་ཏཱ་མིང་རྒྱལ་བོས་གདན་ཞུ་འབྱོར་ཀྱང་མ་ཕེབས། འཁྲུངས་ལོ་ང་གསུམ་པར་སྐུ་དངོས་ཀྱིས་དཔལ་རི་བོ་དགེ་ལྡན་པའི་མ་དགོན་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ། དེ་ལྟར་ན་རྗེའི་གདན་ས་དང་པོ་དེ་ཙོང་ཁའི་ཆུ་དཀར་རི་ཁྲོད་དང་། གདན་ས་གཉིས་པ་བཱ་ཡན་བྲག་བྱ་ཁྱུང་དགོན། གསུམ་པ་དབུས་ཀྱི་འོལ་ཁ་ཆོས་ལུང་། བཞི་བ་ཆོས་སྡེ་ཆེན་པོ་འདི་ཉིད་ཡིན་ནོ། །འཁྲུངས་ལོ་ང་གསུམ་པ་འདིར་ཕག་གྲུའི་སྲིད་ཁྲི་བཞི་བ་སྤྱན་སྔ་གྲགས་པ་རྒྱལ་མཚན་སྲིད་ཁྲིར་(1409—1434)བཀོད། ཕག་གྲུ་རྒྱལ་ཁང་གིས་སྦྱིན་བདག་གི་མཐིལ་ལེན་མཛད་དེ། རྗེ་བླ་མ་ཙོང་ཁ་བས་དགེ་འདུན་ཁྲི་ར་ཅན་གྱིས་ལྷ་ལྡན་སྨོན་ལམ་ཆེན་མོ་ཚུགས་ཤིང་ཆོས་སྡེ་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ། འཁྲུངས་ལོ་དྲུག་ཅུ་བར་སྔར་ནསའཇམ་དབྱངས་ཆོས་རྗེ་ལ་འགོག་པ་རི་ནས་གཏེར་བཞེས་པའི་ཆོས་དུང་གནང་ཞིང་། དགོན་མ་ལས་བུ་དགའ་བ་དར་རྒྱས་ཆེན་པོ་འོང་བའི་ལུང་བསྟན་དང་། སྣེའུ་དཔོན་ནམ་མཁའ་བཟང་ལའང་ཆོས་སྡེའི་སྦྱིན་བདག་མཛད་དགོས་པའི་བཀའ་བསྩལ་སྔ་ཕྱི་ཡོད་པ་བཅས། འདི་ལོར་དཔལ་ལྡན་འབྲས་དཀར་སྤུངས་པའི་སྡེ་ཆེན་པོ་ཕྱག་བཏབ། འཁྲུངས་ལོ་རེ་གསུམ་པར་རྒྱུད་ཆེན་ཤེས་རབ་སེང་གེ་ཆོས་དཔོན་དུ་བསྐོས་ཤིང་རྟེན་འབྲེལ་བསྒྲིག་པར་གནས་ལ་གསོ་སྦྱོང་དང་། རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གསུངས་པ་དང་། མདོ་སྔགས་གཉིས་ཀྱི་འཆད་ཉན་རྒྱུན་མི་ཆད་ཅིང་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཆོས་སྡེ་ཆེན་པོ་ཞིག་ཇི་ལྟར་འདེབས་པའི་ཚུལ་གྱི་ཞལ་བཀོད་མཛད་པ་བཞིན། ལོ་དེ་རང་ལ་བྱམས་ཆེན་ཆོས་རྗེ་དགུང་ལོ་རེ་དྲུག་པ་རྒྱ་ནག་ཏཱ་མིང་རྒྱལ་བོས་སྦྱིན་བདག་མཛད་དེ་སེ་ར་ཐེག་ཆེན་གླིང་ཕྱག་བཏབ། ཆོས་དཔོན་བསྐོ་ཚུལ་དང་རྟེན་འབྲེལ་བསྒྲིག་པར་རྒྱུད་གསུངས་པ་བཅས་ནས། རྗེ་བླ་མའི་ཐོག་མའི་དགོངས་གཞི་རྒྱུད་ཁོ་ནའི་འཆད་ཉན་གྱི་རྒྱུད་གྲྭའི་དགོངས་པ་ཡིན་ཡང་། ཕྱིས་སུ་མདོ་རྒྱུད་གཉིས་ཀྱི་ཆོས་གྲྭ་ཆེན་པོར་གནས་འགྱུར་བ་ཡིན།
      རྗེ་མྱ་ངན་ལས་པའི་ལོ་བཅུ་བར་པཎ་ཆེན་ཤཀྱཱ་མཆོག་ལྡན་སྐྱེས། འདས་པའི་ལོ་བཅུ་གཅིག་པར་<གོ་ལན་གནམ་ལྕགས་འཁོར་ལོ་>རྩོམ་པ་པོ། རྗེ་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་དང་། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་འཁྲུངས། འདས་ལོ་ང་གཅིག་པར་རྗེ་བཙུན་ཡིག་ཆའི་བདག་པོ་སེ་ར་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་འཁྲུངས། འདས་ལོ་ང་གཉིས་པར་བསོད་གྲགས་ཡིག་ཆའི་བདག་པོ་པཎ་ཆེན་བསོད་ནམས་གྲགས་པ་འཁྲུངས། འདས་ལོ་གྱ་དགུ་བར་ཀརྨ་མི་བསྐྱོད་རྡོ་རྗེ་འཁྲུངས། འདས་ལོ་བརྒྱ་དང་བདུན་པར་མཁས་གྲུབ་སངས་རྒྱས་ཡེ་ཤེས་འཁྲུངས། འདས་ལོ་བརྒྱ་དང་དགུ་པར་འབྲུག་པ་པད་མ་དཀར་པོ་འཁྲུངས། འདས་ལོ་ཉིས་བརྒྱ་སུམ་བཅུ་བར་སྒོ་མང་ཡིག་ཆའི་བདག་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཁྲུངས་པ་བཅས། རྗེའི་སྔ་རོལ་ཏུ་རིམ་པར་བྱོན་པའི་སྐྱེས་ཆེན་མང་པོའི་འཁྲུངས་འདས་དང་། རྗེ་རང་དང་རང་གི་བླ་མ་རྣམས་དང་། དེའི་རྗེས་ཀྱི་སྐྱེས་ཆེན་གཞན་དང་གཞན་གྱི་བྱོན་དུས་རྣམས་ཕན་ཚུན་དུས་མཚུངས་རགས་ཙམ་བསྒྲིགས་པ་འདིའང་། རྗེའི་རྣམ་ཐར་ལ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གོ་ནས་ངལ་བར་མ་འཛེམ་པར་ཀུན་ལས་བཏུས་ཏེ་བཀོད་དོ།།
     ད་དུང་ནུབ་ཡོ་རོབ་གླིང་ནི་དུས་སྐབས་དེར་རིག་རྩལ་བསྐྱར་དར་ཅེས་པའི་ཚ་རླབས་འཕྱུར་བའི་སྒང་རེད། ཀེ་རེ་སི་དང་རོ་མའི་གནའ་བོའི་རིག་གནས་བསྐྱར་གསོ་དང་། མི་གཤིས་དང་མི་གཙོ་བོ་ཡིན་པའི་མི་ཆོས་རིང་ལུགས་ཀྱི་རིག་གནས་སྙིང་སྟོབས་དར་སྤེལ་ལ་ཤུགས་བརྒྱབ་པས། རང་རེའི་ཇོ་བོ་བཀའ་གདམས་པའི་ལམ་རིམ་བློ་སྦྱོང་གི་བསྟན་དོན་དང་འདྲ་བ་མིན་ནམ་སྙམ་པ་འདུག དེའི་ངོས་ཀྱི་མཁས་པའང་མང་བོ་བྱུང་ཡོད། ད་དུང་གནམ་དཔྱད་རིག་པ་དང་། རྫས་དངོས་རྩིས་གསུམ་དང་། སྨན་དཔྱད་བཅས་ལ་གྲུབ་འབྲས་མི་དམན་པ་བླངས་ཟེར། རང་རེར་ཡང་སྐབས་དེ་ནས་བླ་མ་འདིའི་སྐུ་དྲིན་ལ་དུས་འཁོར་གྱི་རྒྱུད་ཀྱི་བཤད་པ་དང་། དེའི་རྒྱུ་མཚན་རྩིས་དང་ལག་ལེན་བཅས་པ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་དང་ཆ་འདྲ་བོ་ཡོད་པ་མིན་ནམ་སྙམ།

       ཡིན་ནའང་། ད་ལྟ་འཛམ་གླིང་དུ་སྲིད་འབྱོར་རིག་གསུམ་གང་ཅིའི་ཆར་དར་བའི་རྩེ་མོར་སོན་པའི་དེང་གི་ཨ་མི་རི་ཀ་དང་ཁ་ཎ་ཊ་གཉིས་དང་། འཛམ་གླིང་དུ་ཤིན་ཏུ་བདེ་ཞིང་སྐྱིད་པར་གྲགས་པའི་ཨོ་སི་ཊི་ལི་ཡ་སོགས་ནི་དེ་དུས་སྲིད་འབྱོར་རིག་གསུམ་གྱི་དཔལ་ཡོན་ཁྱད་པར་བ་ལྟ་ཞོག ད་དུང་རི་ཀླུང་དང་ནགས་གསེབ་དུ་རྩྭ་་ཤིང་གི་སྤྱིལ་བུ་དང་རི་དྭགས་ཀྱི་པགས་ཚག་ཙམ་གྱོན་ཏེ། གནས་པའི་གནས་སྟངས་ཐབས་རྡུགས་པར་ཡོད་པར་གྲགས། ཡིན་ནའང་། དེ་དུས་བོད་དུ་ནི་བཀའ་བསྟན་བཅོས་ཀྱི་གླེགས་བམ་དགུང་ལ་མཉམ་ཞིང་རིགས་ལུང་བརྒལ་བརྟག་གི་ཐལ་སྐད་ས་ཆེན་པོ་གཡོ་བའི་སྐབས་དང་། ཁྱད་པར་རིན་པོ་ཆེ་འདི་བའི་དུས་ནས་དེ་བས་ཀྱང་གྲངས་སྤུས་གཉིས་ཆ་ནས་མགྱོགས་སུ་སོང་སྟེ། དཔལ་རི་བོ་དགེ་ལྡན་པ་ཁོ་ནའི་མཁས་གྲུབ་རྣམས་དང་། དེ་དག་གི་གསུང་རབ་ཁོ་ནའང་བགྲང་གིས་མི་ལང་ཞིང་། རི་བོའི་གཏོས་དང་མཉམ། ཁྱད་པར་རིན་པོ་ཆེ་འདི་བའི་བཀའ་རྩོམ། དྲང་ངེས་ལེགས་བཤད་སྙིང་པོ་ཞེས་ཞུ་བ། ལས་དག་པ་ལ་མཚན་མོར་གླེགས་བམ་ལའང་འོད་འཕྲོ་བར་སྣང་ཞིང་གྲགས་པའི་བསྟན་བཅོས་ཆེན་པོ་འདིས་མཚོན། གསུང་རབ་པོ་ཏི་བཅོ་བརྒྱད་ཀྱི་བདག་ཉིད་ཅན་འབྱོན་པ་བཅས། རང་རེར་བར་ཁྱད་ཉིན་མཚན་དང་དཀར་ནག་གི་ཁྱད་འདྲ་བ་ཞུགས་ཏེ་འདུག་གོ།

       ཤར་རྒྱ་ནག་ནི་ཀྲུའུ་ཡོན་ཀྲང་གིས་བཙུགས་པའི་མིང་རྒྱལ་རབས་ཀྱི་འགོ་ཚུགས་པ་དང་། དེས་ཞིང་ཐོན་དངོས་རྫས་ཚོང་ཟོག་ལ་སྒྱུར་བའི་དཔལ་འབྱོར་གྱི་འཕེལ་ཤུགས་ཆེས་ཆེར་སྤེལ་བ་དང་། རིག་གནས་སྤྱི་དང་བྱེ་བྲག་རུའུ་ལུགས་ཁོ་ནའི་ལྟ་གྲུབ་རྒྱ་བསྐྱེད་པ་དང་། ཁྱད་པར་རྩོམ་རིག་སྒྱུ་རྩལ་གྱི་ངོ་བོར་འགྱུར་བ་ཐེབས་ཏེ། <རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་>དང་། <ཆུ་ངོགས་གཏམ་རྒྱུད།><ནུབ་ཕྱོགས་བསྐྱོད་པའི་གཏམ་རྒྱུད་>བཅས་པའི་རྩོམ་རྩལ་ཚད་མཐོ་ཤས་ཀྱི་སྒྱུ་རྩལ་རྩོམ་རིག་གི་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད། དེ་དག་ལ་ཏན་ཏན་ཡོབ་རོབ་པའི་རིག་རྩལ་བསྐྱར་དར་གྱི་རླབས་རྒྱུན་གྱི་ཤུགས་རྐྱེན་ཐེབས་པ་སྨྲས་མེད་རེད། དེ་ལྟར་རྩ་བའི་ཆ་ནས་དེ་དུས་ཉེར་སྤྱོད་རིག་གནས་ལས། རྒྱུན་བསྲིངས་རིག་གནས་ལ་དང་དོད་ཆེ་བའི་སྐབས་དེ་འདྲ་ལ་སོང་ཡོད།

      བོད་ལ་མཚུངས་ན་༧ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཙུགས་པའི་ཕག་གྲུ་སྲིད་དབང་གི་དུས་སྐབས་ཏེ། རྒན་མོ་གསེར་འཁུར་གྱི་དུས་ཞེས་བསྐལ་བ་བཟང་ཤས་ཀྱི་དུས་ལ་ཁེལ་འདུག བོད་སྤྱི་དང་བྱེ་བྲག་དབུས་གཙང་གཉིས་ལ། དུས་ད་ལྟ་བདེ་ལ་ཕྱི་མ་སྐྱིད་པའི་ལས་གཞི་རྣམ་གྲངས་མང་བོ་སྤེལ་པ་དང་། ཁྱད་པར་རིག་གནས་སློབ་གཉེར་ཐད་ཀྱི་དོ་དམ་གཙུག་ཏུ་བཟུང་བས་། ཆོས་གྲྭ་ཆེན་པོ་མང་བོ་འཕེལ་ཞིང་སྔ་ཕྱིར་མཁས་གྲུབ་དམ་པ་དུ་མ་ཕེབས་པ་སྟེ། དཔེར་ན། བུ་སྟོན་ཐམས་ཅད་མཁྱེན་པ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་པ། ཀུན་མཁྱེན་དོལ་བོ་བ་ཤེས་རབ་རྒྱལ་མཚན། ཀློང་ཆེན་རབ་འབྱམས་པ། ཉ་དབོན་ཀུན་དགའ་དཔལ་བ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། གཡག་ཕྲུག་སངས་རྒྱས་དཔལ་བ། དབུ་མ་བ་བརྩོན་འགྲུས་སེང་གེ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། བོ་དོང་པཎ་ཆེན།(ཕྱི་ལོ་1375~~1451) སྟག་ཚ་ལོ་ཙཱ་བ་ཤེས་རབ་རིན་ཆེན་མཆོག(ཕྱི་ལོ་1405~~) གོ་རམས་པ་བསོད་ནམས་སེང་གེ།(1429-1489། པཎ་ཆེན་ཤཱཀ་མཆོག་པ། (ཕྱི་ལོ་1428-1507)། རོང་ཊིག་པ་(ཕྱི་ལོ་1367—1449)བཅས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དུ་མ་ཞིག་བྱོན་ཅིང་། གཙུག་ལག་ལུགས་གཉིས་ཀྱི་གླེབས་བམ་བྲག་རིའི་གཏོས་དང་མཉམ་པ་བྱུང་།

      ཁྱད་པར་རིན་པོ་ཆེ་འདི་བས་དུས་སྐབས་དེའི་བོད་ཀྱི་ལྟ་སྒོམ་སྤྱོད་གསུམ་སྤྱིའི་འཁྲུལ་བ་སེལ་ཅིང་ཡོ་བ་བསྲིངས་པ་དང་། ཆེད་དུ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་དགོངས་འཁྲུལ་མེད་ས་འོག་གི་གཏེར་བཞིན་བཏོན་ཏེ། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ་ཞེས། བོད་ལ་སྔར་མ་བྱུང་ཕྱིས་མི་འབྱུང་བའི་རིག་པའི་ལམ་སྲོལ་ཆེན་པོ་ཉི་ཤར་སྦར་མོས་མི་ཁེབས་པའི་ངང་ཚུལ་ཅན་དེ་འདྲ་བའང་དེ་དུས་བྱུང་ངོ་། །ཞེས་བྱ་བ་ནི་དུས་མཚུངས་བསྒྲིགས་པའི་ལུགས་མཚོན་ཙམ་པའོ།།

      ཞེས་སོགས་གོང་བཀོད་ཀྱི་རྗེ་མཁས་གྲུབ་པའི་<རྗེའི་རྣམ་ཐར་ཆེན་མོ་དད་པའི་འཇུག་ངོགས་>ནང་། དུས་བསྒྲིགས་པའི་གསུང་གི་གནད་ཕྲ་མོ་དག་དང་། རྒྱ་ནག་གི་百席དྲ་བ་དང་། 联通དྲ་བའི་སྟེང་གི་རྒྱའི་སྐད་དུ་ཐང་བོད་གནའ་ལམ་དང་། ཇ་རྟའི་གནའ་ལམ་དུ་བཏགས་པ་དང་། བོད་རང་སྐད་དུ་གསེར་ལམ་དང་དབུས་ལམ་དུ་འབོད་པའི་ས་ཁྲ་དང་ལམ་ཐིག་དག་ལ་གཞི་བཅོལ་ཏེ། ཞིབ་ཅིང་ཕྲ་བའི་བརྟག་དཔྱད་རྣམ་གྲངས་དུ་མའི་ལམ་ནས། རྗེའི་ཐོས་བསམ་སློབ་གཉེར་གྱི་མཛད་རིམ་རྣམས་དང་་། དེའི་ལོ་ཚིགས་ཁག་དང་དུས་ཚེས་མ་ངེས་པ་རྣམས་དང་། རྗེ་མདོ་སྨད་ནས་དབུས་ཕེབས་ཀྱི་ལམ་ཁ་དངོས་བཅས་ལ་འཁྲུལ་བ་སེལ་ཞིང་བདེན་པ་ར་འཕྲོད་པར་བྱེད་པ་པོ་ནི་། བརྒྱ་ལན་སྟོང་ལན་ལ་ཤིན་ཏུ་ནས་ཀྱང་མཇལ་དཀའ་ཞིང་། མཇལ་ན་ཚེ་ཚེ་རབས་རབས་ལ་ཤིན་ཏུ་ནས་ཀྱང་དོན་དང་ལྡན་པ། སྐྱེས་པའི་སྐྱེས་གོ་ཆོད་པ་གཅིག་པུ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོའི་བསྟན་པ་ལ། མི་ལྡོག་པའི་ངེས་ཤེས་ཀྱི་གཟེར་ཐེབས་པ་དང་། ལུང་རིགས་སྨྲ་བའི་སྤོབས་པ་དགེ་བ་ཅན་ཨ་ཚོགས་བློ་བཟང་མཁས་བཙུན་དུ་འབོད་པས། རྗེ་སྐུ་འབུམ་འཇམ་དབྱངས་ཀུན་གཟིགས་གཙུག་ལག་ཁང་གི་ཁྱམས་སུ་ཉིན་ལྔ་བཅུ་རིང་། འབུམ་ཕྱག་གསོག་པའི་འཕྲོས་ལ་དབུ་བཙུགས་ཤིང་། མཇུག་རང་ཡུལ་བྲག་དཀར་རྫོང་རང་སྤྱིལ་རིགས་པའི་རྣོ་དབལ་འབར་བའི་གནས་མལ་དུ་གྲུབ་པར་བགྱིས་པ་དགེའོ།།

       ཕྱི་ལོ་2017ཧོར་ཟླ་9ཚེས་1དབུ་བཙུགས་ཏེ་ལོ་དེར་བརྩམས་གྲུབ། ཕྱི་ལོ་2019 རྒྱལ་སྤྱིའི་རྗེ་ཙོང་ཁ་བའི་ལོའི་དགའ་ལྡན་ལྔ་མཆོད་ཆེན་མོ་དང་སྟབས་ཁེལ་བར་རྟེན་འབྲེལ་བཟང་བོའི་ཆོས་ལ་རྗེ་སྐུ་འབུམ་དུ་དགུན་ཟླ་ར་བར་ཡང་། ལྗོན་ཕྲན་ཚོམ་བུ་ཞིག་ལ་མེ་ཏོག་དཀར་ལ་དམར་མདངས་ཆགས་པ་དུ་མ་ལྷག་གེར་བཞད་པའི་མདུན་དུ། དད་ལྡན་མང་བོས་ངོ་མཚར་བའི་འཚང་ཁ་ཤིག་ཤིག་གི་དབུས་སུ་ཚིག་གི་སྡེབ་བཅོས་པ་དང་། དོན་གྱི་སྣོན་པ་རེ་འགའ་བཅས་ཡོངས་སུ་གྲུབ་པར་བགྱིས་པ་དགེའོ།།

དཔྱད་གཞི་ཡིག་ཆ།
༡ རྗེ་མཁས་གྲུབ་པའི<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>> ༢ རྗེ་རྟོགས་ལྡན་འཇམ་དཔལ་བའི<<རྗེའི་རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས>> ༣ གསེར་ཏོག་ཚང་གི<<སྐུ་འབུམ་གདན་རབས>> ༤ འབྲུག་རྒྱལ་དབང་བའི<<རྗེའི་རྣམ་ཐར་ཆེན་མོ>> ༥ སྒོ་མང་བ་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱི་<རྗེའི་རྣམ་ཐར་རྣམ་དཀར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས> ༦ ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་<རྗེའི་རྣམ་ཐར་བདེ་ལེགས་ཀུན་འབྱུང་> དགེ་འདུན་ཆོས་འཕེལ་གྱི་<གཏམ་རྒྱུད་གསེར་ཐང་> ཡོངས་འཛིན་དྲྭ་བ།
༧ མཁས་དབང་ཚེ་བརྟན་ཞབས་དྲུང་གི<<བྱ་ཁྱུང་གདན་རབས>> <བསྟན་རྩིས་ཀུན་བཏུས།> ༨ དུང་དཀར་རིན་པོ་ཆེའི<ཚིག་མཛོད་ཆེན་མོ> ༩ ཆོས་འཕེལ་གྱིས་བརྩམས་པའི<གངས་ཅན་ལྗོངས་ཀྱི་གནས་བཤད་ལམ་ཡིག་གསར་མ> 
༡༠ <ཡོངས་འཛིན་དྲྭ་བ།> ༡༡ མི་ཉག་མགོན་པོས་བརྩམས་པའི 《གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།