རྗེ་ཙོང་ཁ་བ་ཆེན་པོའི་ཀློག་པ་ཐོས་བསམ་གྱི་འགྲུལ་བཞུད་རིང་མོ།(གཉིས)

དེ་ལྟར་ཐོག་མ་ཉིད་ནས་དཔོན་སློབ་ཕན་ཚུན་ཤིན་ཏུ་ཐུགས་གཅུགས་པར་གྱུར་ནས། ཕྱིས་བླ་མ་རྗེ་བཙུན་པ་ཉིད་ཀྱི་གསུང་ལས། སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེར་འོད་དང་།། སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པའི་དཔལ།། ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་བོ།། ཤེས་རབ་མཆོག་གྱུར་ཉི་མ་དཔལ་བཟང་དང་།།བརྩེ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང་།། འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང་།། རྩོད་པའི་མཆོག་གྱུར་དར་མ་རིན་ཆེན་ཏེ། གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན།། ཅེས་འགྲན་ཟླ་མེད་པའི་བླ་མའི་གཙོ་བོ་མཛད་ཅིང་། ནང་ཐུགས་ཀྱི་སྲས་མཆོག་གཅིག་པུར་བཟུང་བ་ཡིན། བོ་དོང་པཎ་ཆེན་འཁྲུངས།

རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ནི། སྤྱི་ལོ1349ལོར་དཔལ་ས་སྐྱ་དང་ཉེ་བའི་སའི་ཆ་རེད་མདའ་ཁབ་སོར་བློན་པོ་མགར་སྟོང་བཙན་ཡུལ་སྲུང་གི་རྒྱུད་དུ། ཡབ་རེད་མདའི་བློན་ཆེན་བཀྲ་ཤིས་མགོན་པོ་རྒྱལ་མཚན་དང༌། ཡུམ་དབང་ཕྱུག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་བཙུན་ནེ་གསོལ། མཚན་གཞན་ལ་བཙུན་ནེ་བློ་གྲོས་ཆེ་ཞེས་ཀྱང་གྲགས། མི་རིང་བར་ཡབ་ཡུམ་གཉིས་གཤེགས། ཨ་ནེ་བཀྲ་ཤིས་འབུམ་གྱིས་སྙོར་སྐྱོང་གནང་། འཕགས་ཆེན་ཆོས་བཟང་དཔལ་ལ་སྐྱབས་འགྲོ་སེམས་བསྐྱེད་དང༌། བསྙེན་གནས་ཀྱི་སྡོམ་པ་དང༌། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཞུ། ཡི་གེ་འབྲི་ཀློག་ལེགས་པར་བསླབས། དགུང་ལོ་བཅོ་བརྒྱད་པ་སྤྱི་ལོ1366ལོར་ས་བཟང་པཎ་ཆེན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་གཞོན་ནུ་བློ་གྲོས་ཞེས་གསོལ། ཉ་དབོན་ཀུན་དགའ་དཔལ་བ་དང༌། མཁན་ཆེན་སངས་རྒྱས་འཕེལ་གཉིས་ལས་ཚད་མ་སྡེ་བདུན་མདོ་འགྲེལ་དང་བཅས་པ་ལ་སྦྱངས་ཤིང་། ཆོས་གྲྭ་རྣམས་སུ་གྲྭ་སྐོར་མཛད། དེ་དུས་རྒྱལ་སྲས་ཐོགས་མེད་བཟང་པོའི་མཚན་ཐོས་པ་ཙམ་ལ་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཛག་པ་སོགས་བྱུང་ནས་རྒྱལ་སྲས་ཐོགས་མེད་བཟང་པོའི་ཞབས་ལ་གཏུགས། སྨོན་འཇུག་གི་སེམས་བསྐྱེད་བླངས།

དེ་ནས་ས་སྐྱར་དཔེ་མཚམས་བཅད་ནས་སྡེ་བདུན་མདོ་འགྲེལ་པ་འགྲེལ་བཤད་བཅས་ལ་བསྐྱར་དུ་གཟིགས་རྟོག་དང་། ཆོས་རྗེ་ས་པཎ་དང་། འུ་ཡུག་པ་རིགས་པའི་སེང་གེའི་ལེགས་བཤད་རྣམས་ལའང་གཟིགས་ཏེ། རྣམ་འགྲེལ་གྱི་ཊཱིཀྐ་ཆེ་ཆུང་གཉིས་སྤྱི་དོན་དང་བཅས་པའང་མཛད། བླ་མ་བསོད་ནམས་རྒྱལ་མཚན་པ་སོགས་ལས་ཕར་ཕྱིན་གྱི་བཤད་པ་གསན། ཉིན་རེ་བཞིན་བམ་པོ་ཕྱེད་རེ་ཐུགས་ལ་ཟིན། ལོ་ཆེན་བྱང་ཆུབ་རྩེ་མོའི་ཞབས་ལ་གཏུགས། མཁན་ཆེན་ལྡོག་ལོག་པ་ཀུན་དགའ་བཟང་པོའི་དྲུང་དུ་བྱོན་ཏེ། མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས། ཆོས་རྗེ་བྱང་སེམས་པའི་དྲུང་དུ་དབུ་མ་རིགས་ཚོགས་དང༌། བཞི་བརྒྱ་པ། འཇུག་པ་སོགས་དབུ་མའི་སྐོར་གསན་ཏེ། དབུ་མའི་བཤད་སྲོལ་དར་བར་མཛད་པས། སྐབས་དེར་སོང་ན་དབུ་མ་བསྡད་ན་དབུ་མ་ཞེས་པའི་གཏམ་དེ་བྱུང་བར་གྲགས། ལོ་ཆེན་སྐྱབས་མཆོག་དཔལ་བཟང་ལ་གཏུགས།

དབུས་ཕྱོགས་སུ་བྱོན་ནས་རྗེ་ཙོང་ཁ་པ་དང་ཞལ་འཛོམས་ཏེ་གནམ་རྩེ་ལྡེང་དང༌། བྱང་རྭ་སྒྲེང་དང༌། སྐྱིད་ཤོད་ཀྱི་སའི་ཆ་མང་པོ་དང༌། གཙང་སྟག་ཚང་རྫོང་ཁ་སོགས་སུ་ཡབ་སྲས་གཉིས་ཞལ་འཛོམས་ཏེ། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།། དེ་ནས་གངས་བུ་ལེ་དང་། མེ་ཏོག་མདངས་ཅན། བལ་བོད་ཀྱི་ས་མཚམས་མང་ཡུལ་སྐྱིད་གྲོང་གི་ནགས་ཁྲོད་དུ་ཕེབས་ཏེ། སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། མངའ་བདག་ཡུམ་སྲས་ལ་བསྟན་འགྱུར་བཞེངས་པའི་བསྐུལ་མ་དང་ཞབས་འདེགས་ཀྱང་གནང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཀྱང་རྗེ་བཙུན་རེད་མདའ་བ་ཆེན་པོའི་སྙན་པ་གསན་ནས་མེ་ཏོག་མདངས་ཅན་དུ་མཇལ་བར་ཕེབས་ཏེ། ཆོས་གསན་པས་ཐོག་མར་ཐུགས་ཆོས་ལ་འགྱུར་བའི་རྐྱེན་བྱས་པར་གྲགས་སོ། ། དེ་ནས་དགུང་ལོ་རེ་བཞི་པ་སྤྱི་ལོ1412ལོ་སྟེ། ཆུ་ཕོ་འབྲུག་གི་ལོ་ཟླ་བ་བཅུ་གཉིས་པའི་ཉེར་དགུའི་ཉིན་སྐུ་ཞི་བར་གཤེགས་སོ།།

རྩེ་ཆེན་ནི་ད་ལྟའི་རྒྱང་རྩེ་རྫོང་རྩེ་ཆེན་གྲོང་གི་རྒྱབ་རི་ངོས་ན་ཡོད། མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དཔལ་བའི་སྐུ་ཚེའི་སྨད་ལ་དཀའ་བཅུ་བས་ཕུལ་བ་ཞིག་ཡིན་ལ། དེ་ཡང་ཉང་སྟོད་དུ་དཀའ་བཅུ་པས་གདན་འདྲེན་མཛད་ནས། རྩེ་ཆེན་དགོན་གཞི་ཕྱག་དཔེ་ལྷ་རྟེན་དང་བཅས་པ་ཕུལ་ནས་དེར་བཞུགས་ཅིང་ཚད་མ་རྒྱུད་འགྲེལ་རྟག་ཏུ་འཆད་ཉན་མཛད། གཙུག་ལག་ཁང་དང་། གསེར་འབུམ་དང་། རྒྱུད་འགྲེལ་བཞེངས་པའི་རབ་གནས་ས་བཟང་མ་ཏི་པཎ་ཆེན་གདན་དྲངས།

ཚོགས་པ་རྒྱ་ཆེར་འཕེལ་ནས་དགེ་འདུན་སྟོང་ལ་ཉེ་བའི་བོད་གངས་ཅན་གྱི་བཤད་སྒྲུབ་གཉིས་ཀྱི་ལྟེ་གནས་སུ་གྱུར། གཉག་ཕུ་བ་བསོད་ནམས་བཟང་བོ། རྗེ་བཙུན་རེད་མདའ་བ། རྗེ་བླ་མ་ཙོང་ཁ་བ་སོགས་མཁས་པ་མང་པོ་བྱོན། དུས་རབས་དེར་བོད་ཁ་བ་རི་བའི་ཤེས་ཡོན་པ་དག་གིས་སློབ་སྦྱོང་མཛད་ཡུལ་གྱི་གྲྭ་ས་གྲགས་ཆེ་ཤས་གྲས་ཡིན། འབྲུག་པ་ཀུན་ལེགས་སྐབས་དགེ་འདུན་སུམ་བརྒྱ་ཙམ་ཡོད་པ་རྣམ་ཐར་དུ་གསལ་བས་ཁོང་ནི་འདིའི་གྲྭ་རྒྱུན་མིན་ནམ་སྙམ།

རྩེ་ཆེན་གྱི་དབྱར་ཆོས་དེ་གྲོལ་ནས། སྟོན་བླ་མ་རྗེ་བཙུན་པ་དང་དཔོན་སློབ་གཉིས་ཀས་རྩེ་ཆེན་ནས་ཉང་སྟོད་བསམ་གཏན་གླིང་དུ་ཆོས་བར་ལ་བྱོན། ཉང་སྟོད་བསམ་གཏན་གླིང་རྒྱང་རྩེ་རྫོང་ཁོངས།  རྗེ་བཙུན་པ་ལ་དབུ་མ་འཇུག་པ་ཚར་གཅིག་གསན། རྗེ་བཙུན་པས་ཀྱང་དབུ་མ་གསུང་བའི་སྔ་ཤས་དེར་འདུག་པར་མཁས་གྲུབ་ཐམས་ཅན་མཁྱེན་པས་གསུངས། དེ་དུས་དབུ་མའི་གནས་སྟངས་དེ་འདྲ་དེ་བདེན་ཆེ་བ་འདྲ་སྟེ། ཕྱིས་སུ་གོ་ཤཱཀ་རོང་གསུམ་སོགས་ཀྱིས་ཀྱང་། མཁས་གྲུབ་པའི་གསུང་འདིར་ཅི་ཡང་ལབ་མི་འདུག་པས་ཤེས་ཤིང་། དེས་རིན་པོ་ཆེ་འདི་ཉིད་མ་བྱོན་པའི་དུས་སྐབས་ལ་རང་རེའི་ཡུལ་འདིར་དཔལ་ལྡན་ཟླ་བའི་གཞུང་བསྟན་བཅོས་ལ་འཕྲིན་ལས་ཆེ་ཙམ་མེད་པ་མཐོང་ཞིང་། རྗེ་འདི་ཉིད་སླེབས་པ་ནས་དཔལ་ལྡན་ཟླ་བའི་གཞུང་ལ་བརྟེན་ཏེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལྟ་བའི་མཐིལ་གཏེར་ས་ནས་བཏོན་པ་བཞིན་ཕྱུང་ནས། རང་རྒྱུད་མི་འཐད་ཐལ་འགྱུར་འཐད་པའི་དབུ་མའི་ལྟ་བའི་ཤིང་རྟའི་སྲོལ་ཕྱེ་པས། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ་ཞེས་ཉི་ཟླ་དང་་རླུང་ལྟར་གྲགས་པའང་དེས་ཡིན་ནོ། དེའི་དུས་མཁན་ཆེན་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དབུས་སུ་བྱོན། དགུན་ཆོས་ལ་སྐྱིད་ཤོད་ཀྱི་པོ་ཏ་ལར་མངོན་པ་ཀུན་བཏུས་གསུང་པ་འདུག་ཅེས་གསན་ནས། སྟོན་མཇུག་ལ་ཉང་སྟོད་ནས་དབུས་སུ་ཕེབས་པ་མཛད། མངོན་པའི་ཐུགས་བཞེད་མ་གྲུབ་ཀྱང་ཆོས་འབྲེལ་ཞིག་གསན། དེའི་དགུན་ཆོས་ལྷ་ས་ནས་བདེ་བ་ཅན་དུ་བྱོན་ནས་བཞུགས།

བདེ་བ་ཅན་དུ་ཆོས་ཐམས་ཅད་སྣང་ལ་ངོས་གཟུང་མེད་པའི་དོན་ལ་མཉམ་པར་བཞག་པས། དགེ་འདུན་གྱི་ཆོས་སྤྱོད་དང་། བདུད་བཟློག་སོགས་ཀྱི་ཚིག་འབྲུ་ཙམ་ཡང་ཐུགས་ཀྱིས་མི་ངེས་པར། རྣམ་རྟོག་གི་རྒྱུ་བ་ཐམས་ཅད་ལོག་ནས་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཐུགས་རྩེ་གཅིག་ཏུ་གནས་པ་མང་ཇའི་འགོ་མཇུག་འཁྱོངས་པ་འབད་རྩོལ་མེད་པར་འཇུག་པ་བྱུང་། ཞེས་རིན་པོ་ཆེ་འདི་ཉིད་ན་ཕྲ་བ་དགུང་ལོ་ཉི་ཤུ་ནས་བོད་དུ་དེ་དུས་ཀྱི་གྲུབ་ཐོབ་ཏུ་བྱེད་པའི་རྟོགས་པ་བཟང་ཤས་མཐར་ཐུག་པ་དེ་ཐུགས་ལ་འཁྲུངས་འདུག་པར་གསུངས་སོ།།

མཁན་ཆེན་ལོ་ཙཱ་བ་དེ་ཉིད་དཔང་བློ་གྲོས་བརྟན་པའི་དངོས་སློབ་དང་དབོན་རྒྱུད་གཉིས་ཀ་ཡིན། དེ་དུས་ཁོང་མངོན་པའི་བདག་པོ་བྱེད་ཀྱིན་འདུག་ཅིང་། བླ་མ་རྗེ་བཙུན་པའི་མངོན་པ་གོང་འོག་གི་དགེ་རྒན་དང་། དེ་ལ་བསྟེན་པའི་བླ་མ་རྗེ་བཙུན་པས་མངོན་པ་གོང་འོག་གི་ཊིཀྐ་དང་བསྡུས་དོན་བཅས་མཛད་གནང་།

དགུང་ལོ་ཉེར་གཅིག་པ། (ཕྱི་ལོ1377མེ་སྦྲུལ) བདེ་བ་ཅན་ནས་སྐྱོར་མོ་ལུང་དུ་བྱོན། ཆོས་གྲྭ་འདི་ནི་སྟོད་ལུང་བདེ་ཆེན་རྫོང་རྒྱ་ར་ཞང་གཞོང་བ་ལྷ་ཆུའི་སྲུབས་ངོས་སྤྱི་ལེ་གཅིག་ཙམ་ན། ཕྱི་ལོ་(1169)ལ་སྦལ་ཏི་དགྲ་བཅོམ་པ་ཁུ་སྟོན་དབང་ཕྱུག་ཚུལ་ཁྲིམས་ཀྱིས་་ཕྱག་བཏབ། དེ་དུས་འདུལ་མཛོད་གཉིས་དང་བྲེ་བྲག་འདུལ་བ་ལ་རིགས་གཅིག་རྐང་འཛིན་ལྟ་བུར་བཞུགས་པས་སྐད་གྲགས་ཆེ། སྔོན་གྱི་འདུལ་འཛིན་ཆེན་པོ་རྒྱལ་ཚབ་མཁས་གྲུབ་རྣམ་གཉིས་དང་། ཆོས་རྗེ་འདུལ་འཛིན་པ། བྱང་སེམས་རྭ་སྒྲེང་བ་དང་། ཆོས་རྗེ་གཡག་པ་དང་རོང་ཊིག་པ་སོགས་ཕེབས་གནས་ཤིག་ཡིན། སྐབས་གཅིག་འདུལ་བ་མདོ་རྩ་ཐུགས་ཐོག་ནས་འཆད་གནང་མཁན་སྟོང་ཕྲག་བརྒལ་བ་བཞུགས་པའི་ལོ་རྒྱུས་འདུག འདུལ་མཛོད་ལ་ཤིན་ཏུ་མཁས་པར་གྲགས་པ་སྐྱོར་མོ་ལུང་བའི་མཁན་ཆེན་དཀའ་བཞི་བ་བློ་གསལ་བའམ། སྡེ་སྲིད་བསོད་ནམས་རྒྱལ་བོའི་སྲས།(1336~~) དཀའ་བཞི་བ་བློ་གྲོས་བཟང་པོ་ཞེས་བྱ་བའི་མདུན། འདུལ་བ་མདོ་རྩ་བ་ཆ་ལག་དང་བཅས་པ་རྫོགས་པར་གསན། ཁོང་ནི་སྔོན་དུས་ཀྱི་འདུལ་བ་འཛིན་པ་རྒྱ་མཚོའི་ཁྲོད་ན་ཉི་མ་ལྟར་གྲགས་པའི་འདུལ་འཛིན་ཆེན་པོ་ཐག་པ་མའི་བུ་ཆེན་དང་། ཟངས་་དཀར་ལོ་ཙཱ་བའི་དངོས་སློབ་སྦལ་ཏི་དགྲ་བཅོམ་པ། མཚན་དངོས་སེམས་པ་རྒྱལ་མཚན་ཞུ་བའི་བཤད་རྒྱུད་འཛིན་པའི་གདན་ས་བ་འདུལ་བ་ལ་ཤིན་ཏུ་མཁས་པར་འདུག དེའི་ཚེ་ཆོས་གསན་པའི་ཞར་ལ་མདོ་རྩའི་རྒྱ་ཆེར་འགྲེལ་ཉིན་རེ་བཞིན་མདའ་ཚད་བཅུ་བདུན་རེ་ཙམ་མ་ཆག་པར་ཐུགས་ལ་བཟུང་། རྒྱ་ཆེར་འགྲེལ་གྱི་བམ་པོ་བཞི་བཅུ་ལྷག་ཙམ་ཐུགས་ལ་ཆུད་པའི་མཚམས་སུ་བར་གཅོད་ཀྱི་རྣམ་པར་སྐུ་སྟོད་བསྙུང་བའི་བསྙུན་དྲག་པོ་ཞིག་བཞེས། ཡུན་རིང་དུ་མ་ཕན་པས། སྟོད་ལུང་ཕུར་ཨུ་རྒྱན་བསྙེན་སྒྲུབ་ལ་མཁས་པ་ཞིག་གི་གམ་དུ་བསྙུན་བཅོས་ལ་བྱོན། མན་ངག་ཐུགས་ཉམས་སུ་བཞེས་ཀྱང་ཕན་པ་མ་བྱུང་།

བདེ་བ་ཅན་དུ་བྱོན་ནས་བསྙུང་བར་བཅོས་ཐབས་ཅི་རིགས་པར་མཛད་ཀྱང་མ་ཕན། བདེ་བ་ཅན་ན་ཁ་མཆུ་དང་འཁྲུག་ལོང་མང་དུ་འདུག་པས་ཀྱང་ཐུགས་སྐྱོ་བར་གྱུར་ཏེ། དགུན་གཙང་ཕྱོགས་ལ་བྱོན། ས་སྐྱར་འབྱོན་པར་བཞེད་པ་ལ། ལམ་དུ་ཧ་ཅང་གྲང་བའི་རེག་པས་འོ་བརྒྱལ་བར་འདུག་པ་དང་། བཤུལ་ལམ་ཐག་རིང་བས་ངུར་སྨྲིག་གི་ཕུ་ལ་མཛད། བདེ་བ་ཅན་ནས་གནས་རྙིང་དུ་བྱོན། དེའི་དགུན་གནས་རྙིང་དུ་བཞུགས། ཕྱག་ཕྱི་ལ་བྱོན་པ་འགའ་ཞིག་གིས་ནན་ཆེར་གསོལ་བ་བཏབ་པ་ལ་བརྟེན་ནས་མངོན་པ་ཀུན་བཏུས་ཚར་གཅིག་རྩལ་བཤད་མཛད། འདི་ནི་རིན་པོ་ཆེ་འདི་བས་ཕར་ལ་བཤད་པའི་གསུང་ཆོས་ཐོག་མ་དེ་ཡིན་པར་གསུང་། དེ་བས་གནས་རྙིང་ནི་རྗེ་བླ་མའི་འཆད་པ་ལེགས་བཤད་ཀྱི་རྔ་བོ་ཆེ་དང་པོ་རྡུང་གནས་སུ་གྱུར། འོན་ཀྱང་<རྣམ་ཐར་ཆེན་མོར>ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་ནི་སྔར་མདོ་སྨད་དུ་བཞུགས་པའི་དུས་ནས་ཐུགས་ལ་ཆུད་ཅིང་། བཤད་གསར་དང་འཆད་པ་ལ་སོགས་མཛད་ཀྱང་ཞེས་གསུངས་པའི་ཕྱིར། རིན་པོ་ཆེ་འདི་བའི་འཆད་པའི་དབུ་མདོ་སྨད་ནས་ཚུགས་པར་སྙམ་པས། རྗེ་བླ་མའི་འཆད་པ་ལེགས་བཤད་ཀྱི་ཐོག་མའི་རྔ་བོ་ཆེ་མདོ་དབུས་གཉིས་གང་གི་ལག་ན་ཡོད་རྩོད་དོ།། ཀུ་རེ་ཡིན། སྤྱིར་འཆད་པའི་དབུ་མདོ་སྨད་ནས་མདོ་སྡེའི་རྒྱན་གྱིས་ཚུགས་ཀྱང་། དབུས་གཙང་གི་འཆད་པའི་དབུ་གནས་རྙིང་དུ་མངོན་པ་ཀུན་བཏུས་ཚུགས་པ་བསྙོན་དུ་མེད་དོ།།

གནས་རྙིང་དགོན་དེ་ནི་ཐོག་མར་གུ་རུ་རིན་པོ་ཆེའི་དངོས་སློབ། ཁྲི་སྲོང་ལྡེ་བཙན་གྱི་ཆོས་གནས། མངའ་བདག་ཁྲི་རལ་གྱི་རྩ་བའི་བླ་མ་རྒྱ་འཇམ་དཔལ་གསང་བ་ཞུ་བས་ཕྱག་བཏབ། གྲུབ་ཆེན་འདར་འཆར་ནས་བརྒྱུད་པའི་རྟ་མགྲིན་ཡང་གསང་གི་གཟུངས་སྒྲུབ་དང་། ཆོས་རྒྱལ་ཁྲི་རལ་གྱི་འཇའ་ས་གཟུངས་བཞུགས་སུ་ཡོད་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་། རྗེ་ཙོང་ཁ་པ་ཆེན་པོས་ལྗགས་ལུང་གནང་མྱོང་བའི་འབུམ་རྒྱས་འབྲིང་བསྡུས་གསུམ་བཅས་བཞུགས། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གཞིས་དགོན་མཛད་ཅིང་། རྗེ་མཁས་གྲུབ་པའང་ཕེབས་བཞུགས་གནང་མྱོང་། ཕྱིས་རྒྱལ་ཚབ་རིན་པོ་ཆེ་གནས་འདིར་ཕེབས་སྐབས་ཤིག་ལ་མཁས་གྲུབ་རིན་པོ་ཆེ་མཇལ་དུ་སླེབས་པར། གསེར་ཁྲིར་ཕེབས་དགོས་པའི་ཞལ་ཏ་གནང་སྟེ། མཁས་གྲུབ་རིན་པོ་ཆེར་གསེར་ཁྲི་གནས་འདིར་གཏད་པ་ཡིན།

དགུང་ལོ་ཉེར་གཉིས་པ། (ཕྱི་ལོ1378ས་རྟ) དེའི་དཔྱིད་ཀ་སྣར་ཐང་ལ་མཛད་ནས། གནས་རྙིང་ནས་ས་སྐྱར་བྱོན། དེའི་ཚེ་ས་སྐྱ་ན་བླ་མ་རྗེ་བཙུན་རེད་མདའ་ཆེན་པོ་ལམ་འབྲས་གསན་གྱིན་འདུག་པ་དང་མཇལ་ནས། དེ་ནས་བཟུང་སྟེ་ཟླ་བ་བཅུ་གཅིག་ཙམ་གྱི་རིང་ལ་ས་སྐྱར་ཁོང་གི་སྤྱན་སྔར་བཞུགས། ཁོང་གི་མདུན་མངོན་པ་ཀུན་བཏུས་ཟབ་བཤད་ཚར་གཅིག་དང་། གཞན་ཡང་དེའི་ཚེ་ཚད་མ་རྣམ་འགྲེལ་ལ་གཙོ་བོར་སྦྱངས་ཤིང་གསན་པ་དང་། དབུ་མ་འཇུག་པ་སོགས་ཀྱི་བཤད་པ་དང་། འདུལ་བ་ལུང་ལ་སོགས་པ་བཀའ་བསྟན་བཅོས་མང་པོའི་ལྗགས་ལུང་ཡང་གསན།

བླ་མ་མུས་སྲད་པ་རྡོ་རྗེ་རིན་ཆེན་པའི་དྲུང་དུ། བརྟག་གཉིས་ས་ལུགས་ཀྱི་བཤད་པ་གསན་ཅིང་། དེར་བླ་མ་རྗེ་བཙུན་པས་མཚམས་སྦྱོར་མཛད་ནས། བླ་བྲང་ཤར་པ་ཚང་གི་སྔགས་ཀྱི་དགེ་བཤེས་མན་ངག་ལ་མཁས་པར་བྱེད་པ་ཞིག་ལས་མན་ངག་བླངས་ཏེ། བླ་བྲང་རིན་ཆེན་སྒང་གི་རྒྱབ་ཕྱོགས་དེ་ལ་འབྱོན་གྱིན་མ་ནིང་ཧ་འདོན་ལན་འགར་མཛད་པས། སྔར་གྱི་སྐུ་སྟོད་ཀྱི་བསྙུང་གཞི་དེ་ལྷག་མ་མེད་པར་ཐོན། དེ་ནས་དཔོན་སློབ་རྣམས་ས་སྐྱ་ནས་ལ་སྟོད་བྱང་གི་སའི་ཆ་ངམ་རིང་དུ་ཆོས་བར་ལ་བྱོན།

དགུང་ལོ་ཉེར་གསུམ་པའི (ཕྱི་ལོ1379ས་ལུག) དཔྱིད་དང་དབྱར་གཉིས་ཀར་ངམ་རིང་དུ་བཞུགས། རྗེ་འདིས་རྩོམ་སྐུལ་ཞུ་གནང་གིས་བླ་མ་རྗེ་བཙུན་པས། མངོན་འགྲེལ་རིགས་པའི་རྒྱ་མཚོའི་རྩོམ་པ་ལ་བྲེལ། དེའི་མཇུག་བྱང་ལ་བྱང་ཙོང་ཁ་བ་དཀའ་བཞི་འཛིན་པ་བླ་ོ་བཟང་གྲགས་པ་སོགས་ཀྱིས་བསྐུལ་བའི་ངོར་ཞེས་འབྱུང་ངོ་། དེ་དུས་ཁོང་གིས་དྲུང་ཡིག་མཛད་ཅིང་རྗེས་སུའང་བླ་མ་རྗེ་བཙུན་པའི་བརྩམས་ཆོས་མང་བོའི་དྲུང་ཡིག་གནང་བས། གོ་རམས་པས་རྗེ་བླ་མར་དྲུང་བློ་བ་ཞུ་བའི་རྒྱུ་མཚན་ཀྱང་འདིས་ཡིན། བླ་མ་རྗེ་བཙུན་པའི་མངོན་པ་ཀུན་བཏུས་ཊིཀྐ་མཛད་ཚར་རིམ་བཞིན་རྗེ་འདིས་གསན། ལ་ལས་འདི་དུས་རྗེ་ནས་ཀྱང་<ཀུན་གཞི་དཀའ་འགྲེལ>གྱི་རྩོམ་པ་མཛད་པར་གསུངས་པ་བླ་སློབ་ཀྱི་འགྲོ་སྟངས་མ་ཤེས་པའི་བབ་ཅོལ་ལོ། ། དེའི་རྩོམ་གནས་ཀྱང་འདི་མིན་ལ། བླ་མས་བཀའ་གནང་བ་དང་ཞུས་ལན་སོགས་མེད་ན་གནས་དུས་གཅིག་ལ་བླ་སློབ་གཉིས་སོ་སོར་ཆོས་གསུང་དབང་བསྐུར་སོགས་མི་རུང་ངོ་། དེས་རྩོམ་པ་ལའང་རིགས་བགྲེས།  དེའི་སྒྲུབ་བྱེད་གཤམ་གྱི་གཡའ་སེལ་སྐབས་འབྱུང་། རྗེ་བཙུན་པར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་དེ་ཞིབ་ཏུ་གསུང་བར་ཞུས་ནས་ཚར་གཅིག་གསན། རྗེའི་གསན་ཡིག་ཏུ། གསང་འདུས་རྩ་རྒྱུད་ཀྱི་བཤད་པ། རིམ་ལྔའི་ཁྲིད། སྤྱོད་བསྡུས། མདོར་བྱས། བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་ཀྱང་མཆིས།

དེའི་སྟོན་འཁྲུངས་ཡུལ་ནས་འབུལ་བ་བསྐུར་པ་དེ་བཞེས་པའི་སླད། ངམ་རིང་ནས་ས་སྐྱ་ལ་མཛད་དེ་དབུས་སུ་བྱོན། དབུས་ནས་གྲོགས་དང་སློབ་འབྲེལ་མང་བོས་བསྐུལ་ཞིང་། མདོ་སྨད་ནས་མ་ཡུམ་གྱིས་ཀྱང་ཞུ་བ་ནན་ཆེར་བྱུང་བས་རྐྱེན་བྱས། མ་ཡུམ་ལ་ཐུགས་འཕྲེང་བའི་རྣམ་པའི་ལན་གཅིག་མདོ་སྨད་ལ་འབྱོན་པར་བཞེད་པ་འཁྲུངས་ཏེ། དབུས་ནས་མལ་གྲོ་ལྷ་ལུང་དུ་བྱོན། ལག་ལེན་འགའ་ཞིག་ལ་ཐུགས་སྦྱོང་ཡང་མཛད་པར་བརྩམས། གསུང་རྒྱུན་གྱི་མ་ཡུམ་ནས་རྗེ་ལ་དབུ་སྐྲ་དཀར་པོ་ཉག་འགའ་དང་བཅས་པའི་ཡིག་འཕྲིན་གནང་འབྱོར་བྱུང་ཚུལ་ཡོད་པ་རེབ་འདི་ཡིན་པར་ངེས་ཏེ། རིན་པོ་ཆེ་འདི་བ་ལན་གཅིག་ཡུལ་ལ་ཕེབས་རྒྱུའི་དགོངས་པ་ལྡོག་དུ་མེད་པ་ལྟ་བུ་འཁྲུངས་པ་དང་། ཡང་མི་ཕེབས་རྒྱུའི་དགོངས་པའང་ནན་ཆེ་བ་བཅས་པས་ཤེས། དེ་དུས་མ་མཐའ་ཡང་མ་ཡུམ་དགུང་ལོ་དྲུག་བཅུའི་ཁ་རག་ཡིན་རྒྱུ་རེད། རྒྱུ་མཚན་ནི། མ་ཡུམ་དགུང་ལོ་ཉི་ཤུ་ལ་སྲས་ཐོག་མ་གཙུག་ཏོར་བྱམས་ཡོད་པའི་ཚོད་བརྩིས་དང་། རྗེ་རིན་པོ་ཆེ་མིང་སྲིང་དྲུག་ལས་ལྔ་བ་ཡིན་པ་དང་། མིང་སྲིང་རེའི་བར་ལ་ལོ་གསུམ་རེའི་བར་ཁྱད་ཡོད་པར་བགྱིས་ན། རྗེ་དགུང་ལོ་ཉེར་གསུམ་དུས་མ་ཡུམ་དགུང་ལོ་དྲུག་བཅུའི་ཁ་རག་གིས་དབུ་སྐྲ་དཀར་པོ་ཆགས་ཤིང་བགྲེས་ཉམས་བཞེས་ཡོད་ངེས་ཅན། ད་དུང་མ་ཡུམ་གྱིས་རེབ་འདིའི་གསུང་འཕྲིན་ནན་ཆེ་ལུགས་ཀྱིས་ཡིག་ངག་གང་རུང་གི་འཕྲིན་བསྐུར་རེབ་དང་ཐེངས་གཅིག་མིན་པ་འདྲ། དེས་ན་མ་་ཡུམ་ལ་བསྐུར་ཞིང་ཚོང་དཔོན་ནོར་བཟང་གིས་བརྗེས་པར་གྲགས་པའི་ཁ་ཏི་ཀ་བའི་སྐུའི་རྟེན་གསུང་འབྱོན་མ། རྗེའི་གཙོ་འཁོར་གསུམ་པ་དེ་ལ་དོགས་གཞི་ཞིག་འདུག འདི་དུས་སྐུ་རྐྱང་ལས་གཙོ་འཁོར་གསུམ་པ་ཡོང་ཚུལ་མི་འདུག 

ད་དུང་ཀུན་མཁྱེན་འཇིགས་མེད་དབང་བོ་དང་། གསེར་ཏོག་ཚང་གི་སྐུ་འབུམ་གདན་རབས་གཉིས་ན་རེབ་འདིར་སྐུ་ཚབ་ཏུ་རྗེ་དབོན་གྲགས་པ་རྒྱལ་མཚན་དང་། དངོས་སྐྱེས་སུ་རྗེ་རང་གི་སྐུ་ཐང་རེ་དང་། རྒྱལ་བ་སེང་གེ་ང་རོའི་སྐུ་དཔར། ཁོ་བོ་སྐྱེས་བའི་ས་ཆ་དེར་རྒྱལ་བ་སེང་གེ་ང་རོའི་སྣང་བརྙན་འབུམ་བཞེངས་རྒྱུའི་གསུང་བཀོད་སོགས་ནི་རྒྱུ་ལས་འབྲས་བུ་སྔ་བའི་སྐྱོན་ཏེ། དགུང་ལོ་ཉེར་གསུམ་པ་ལ་རང་དབོན་སྐུ་ཚབ་འགྲོ་བ་ཞིག་གཏོང་རྒྱུ་དཀོན་པ་དང་། སྐུ་ཐང་གཙོ་འཁོར་གསུམ་པ་ཞིག་དེ་བས་དཀོན། རྒྱལ་བ་སེང་གེ་ང་རོའི་ཞལ་སྒྲོས་དང་ལུང་བསྟན་སོགས་དགུང་ལོ་སོ་བཞི་བར་བླ་མ་དབུ་མ་བ་དང་ཞལ་འཛོམས། རྗེ་བཙུན་འཇམ་དབྱངས་ཞལ་གཟིགས་པ་ནས་ཡིན་པས་ཐེངས་འདིར་མི་འཐད་དོ། །ཡིན་ནའང་། ཚུལ་འདི་ནི་བདེན་ངེས་པས་ཁོང་གིས་ཐོས་བསམ་ཐུགས་གཉེར་ཡོངས་སུ་རྫོགས་པ་དང་། སྐུ་ཡོན་འཕྲིན་ལས་དང་སྐུའི་ན་ཚོད་དར་མའི་སྐབས་ཤིག་ཡིན་ཚོད།

མཚམས་ཤིག་ནས་མདོ་སྨད་དུ་ཕེབས་པའི་ཐུགས་འདུན་ལྡོག་ཅིང་གཏན་ནས་མི་ཕེབས་པའི་ཐུགས་དམ་མཛད། དེར་བླ་མ་བསོད་ནམས་གྲགས་པ་ལ་ཆོས་ལུང་མང་རབ་གསན་ཅིང་། སྐུ་མཚམས་བཅད་ཅིང་ཐུགས་དམ་མཛད། འུ་ཡུག་པ་རིགས་པའི་སེང་གེའི་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད། ཚད་མ་རིགས་མཛོད་ལ་གཟིགས་རྟོག་ལེགས་པར་མཛད་པས་རྐྱེན་བྱས་ནས། ཆོས་ཀྱི་གྲགས་པའི་གཞུང་ལུགས་དང་། རིགས་པའི་སྲོལ་ལ་དཔག་ཏུ་མེད་པའི་དད་པ་ཤུགས་དྲག་པོ་མནན་པས་མི་ནོན་པ་འཁྲུངས་ཤིང། དད་པའི་སྤུ་ལོང་གཡོས་ཏེ་སྤྱན་ཆབ་རྒྱུན་བཅད་མི་ནུས་པ་རྟག་ཏུ་འོང་བ་ཞིག་བྱུང་ངོ་། ། རྣམ་འགྲེལ་གྱི་ཐུགས་སྦྱོང་གནད་སྨིན་མཛད། དེའི་དགུན་ཆོས་བདེ་བ་ཅན་དུ་བཞུགས།

ཁ་ཅིག་དེ་དུས་<དགེ་འདུན་ཉི་ཤུའི་རྣམ་བཞག་བློ་གསལ་བགྲོད་པའི་ཐེམ་སྐས>བརྩམས་པར་འདོད་ཀྱང་། རྗེའི་ཡོངས་གྲགས་ཀྱི་རྩོམ་པ་སྔ་ཤས་<ཀུན་གཞི་དཀའ་འགྲེལ>ཡང་བརྩམས་མེད་ན་ཅིག་ཤས་ག་ལ་སྲིད། དེའི་སྒྲུབ་བྱེད་གཤམ་གྱི་གཡའ་སེལ་སྐབས་འབྱུང་།

དགུང་ལོ་ཉེར་བཞི་པའི་ (ཕྱི་ལོ1380ལྕགས་སྤྲེལ) དཔྱིད་ཆོས་སྔོན་མ་ལ་གཙང་ལ་བྱོན། སྣར་ཐང་དུ་ཕེབས། བླ་མ་ལོ་ཙཱ་བ་དོན་བཟང་བའི་མདུན་ཁོང་གིས་མཛད་པའི་ཚད་མའི་ཊིཀྐའི་བཤད་པ་ཚར་གཅིག་གསན། དབྱར་ཆོས་དེར་སྣར་ཐང་དུ་རྣམ་འགྲེལ་དང་། མངོན་པ་གོང་འོག མདོ་རྩ་བ་དང་བཅས་པའི་གྲྭ་སྐོར་མཛད། སྣར་ཐང་དུ་གཞུང་བསྐྱུར་བཙུགས་པའི་ཐོག་མ་དེ་ཡིན་གསུངས།

དེ་ནས་སྟོན་ཆོས་ལ་བླ་མ་རྗེ་བཙུན་པ་བོ་དོང་ན་ཆོས་བར་ལ་ཕེབས་པ་གསན་ནས་ཨེར་བྱོན། བླ་མ་ལོ་ཙཱ་བ་ནམ་མཁའ་བཟང་བོ་ལ་སྙན་ངག་མེ་ལོང་གི་བཤད་པ་ལ་སོགས་པ་གསན། སོགས་པ་གསན་ཅེས་པའི་གསན་པའི་སོགས་ཁོངས་ལ་སྒྲ་རིག་པ་ཚུད་ངེས་ཀྱང་དེ་དུས་ཆ་ཚང་མ་རྫོགས་པ་འདྲ། ཕྱིས་གདན་ས་ཐེལ་དུ་བླ་མ་ཁོང་བའི་དྲུང་དུ་སྒྲའི་ས་རིས་ཡོངས་སུ་རྫོགས་པ་ཞིག་མཛད་པར་བཞེད་པའི་ཐུགས་འདུན་ཆེ་བར་ཡོད་པ་ལ། འགལ་རྐྱེན་ཅུང་ཞིག་བྱུང་བས་མཛད་མ་གྲུབ་ཅེས་གསུང་བས་གོའོ། །དེའི་རྗེས་འོལ་ཁར་སྒྲ་བ་ནམ་བཟང་དེ་ཉིད་ལ་སྒྲ་ཙནྡྲ་བ་དང་ཀ་ལཱ་བ་གསན་པར་རྗེ་རྟོགས་ལྡན་པའི་ཟུར་འདེབས་ན་གསུང་།

གཙོ་བོ་བླ་མ་རྗེ་བཙུན་པ་ལ་དབུ་ཚད་མངོན་པ་སོགས་གསན་ཅིང་། ཕར་ཕྱིན་དང་འདུལ་བ་ཡང་རང་རེའི་དྲུང་དུ་ཚར་རེ་ཉན་ན་རྟེན་འབྲེལ་གྱི་ཁྱད་པར་ཞིག་འོང་དུ་རེ་བས་གསུང་འཚལ་ཞུས་ནས་གསན། སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་པ་ལས་དབུ་མ་རིགས་ཚོགས་དྲུག་དང་། བཞི་བརྒྱ་བ། ཚིག་གསལ་བཅས་ཀྱི་ལུང་དང་། མཆིམས་ནམ་མཁའ་གྲགས་ཀྱི་ལྟ་ཁྲིད་གསན་པར་གསན་ཡིག་ཏུ་གསུང་། རིགས་ཚོགས་ཀྱི་ལུང་བདེ་བ་ཅན་པའི་བླ་མ་འཇམ་རིན་པ་ལས་ཀྱང་གསན། ལོ་འདིར་དཔང་ལོ་བྱང་ཆུབ་རྩེ་མོ་གཤེགས།

སྣར་ཐང་ནི། གཞིས་ཀ་རྩེ་རྫོང་ཁོངས་བཀྲ་ཤིས་ལྷུན་པོ་ནས་ས་སྐྱར་འགྲོ་སའི་ལམ་བརྒྱུད་ལེ་བར་བཅུ་ཙམ་གྱི་གཡོན་་ངོས་སུ་ཡོད། ཕྱི་ལོ་(1153) ལོར་པོ་ཏོ་བའི་ཡང་སློབ་གཏུམ་སྟོན་བློ་གྲོས་གྲགས་པས་བཏབ། དེར་དགེ་བཤེས་ཤ་ར་བ་ནས་བརྒྱུད་པའི་བཀའ་གདམས་གཞུང་བའི་ཁྲིད་རྒྱུན་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་འདུལ་བ་གཙོ་བོར་འཛིན་ཅིང་། མཁན་པོ་བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་ཡབ་སྲས་ཀྱིས་སྡེ་སྣོད་གསུམ་གྱི་གཙུག་ལག་བོད་དུ་འགྱུར་རོ་ཅོག བཀའ་འགྱུར་དང་བསྟན་འགྱུར་གཉིས་སུ་བསྒྲིགས་པ་དང་། ཕྱིས་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ཀྱིས་མཐུན་རྐྱེན་མཛད་དེ་བཀའ་འགྱུར་པོད་བརྒྱ་ཐམ་པ་དང་། བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པར་དུ་བསྐྲུན།

<ཡང་དེར་སྔོན་དུས་མཆིམས་རྣམས་ཀྱི་ཕྱག་དཔེ་ཡིན་ཟེར་བ་པོད་ལྔ་བརྒྱ་ལས་ལྷག་ཙམ་འདུག>ཅེས་དགེ་ཆོས་གསུང་སྒྲོས་གསེར་ཐང་མ།

དགུང་ལོ་ཉེར་ལྔ་བ་(ཕྱི་ལོ1381ལྕགས་བྱ) ལོར་དཔོན་སློབ་གཉིས་ཀ་ཐབས་གཅིག་ཏུ་ཨེར་ནས་ས་སྐྱར་བྱོན། རིན་པོ་ཆེ་འདི་བས་དེ་དུས་ས་སྐྱར་རྣམ་འགྲེལ་དང་། མངོན་པ་གོང་འོག །མདོ་རྩ་བ་བཅས་དཀའ་ཆེན་རྣམས་ཀྱི་གྲྭ་སྐོར་མཛད། དེ་དུས་པོ་ཏི་གཞན་བཅུ་ལྷག་ཙམ་གྱི་གྲྭ་སྐོར་ཡང་མཛད་ཆོག་པ་ཡོད་ཀྱང་། དེ་དུས་ཀྱི་གྲྭ་ས་རྣམས་ན་པོ་ཏི་གཞན་རྣམས་ཀྱི་གྲྭ་སྐོར་བྱེད་པའི་ལུགས་མ་དར་འདུག་པས་མ་བྱས་གསུངས་པ་དང་། རྗེའི་བཀའ་རྩོམ་རྣམས་ཀྱི་ཐོག་མ<ཀུན་གཞི་དཀའ་འགྲེལ་>དེ་དུས་བརྩམས་པ་ཡིན་ཏེ། དེའི་ཤེས་བྱེད་འོག་ཏུ་གཡའ་སེལ་སྐབས་འབྱུང་། དེ་ཡང་དཔྱིད་དང་དབྱར་གང་ཞིག་ལ་གྲྭ་སྐོར། དགུན་སྟོན་གཉིས་ལ་རྩོམ་པའི་ཐོག་མ་མཛད། རྩོམ་པ་གྲུབ་མཚམས་དེ་འཕྲལ་ལ་ས་སྐྱ་ནས་དབུས་ལ་བྱོན།

ཐོན་ཡོན་བླ་མ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་རྗེའི་རྣམ་ཐར་དུ། བླ་མ་རྗེ་བཙུན་པས་ཕར་ཕྱིན་འགྲེལ་བ་ཉི་མའི་འོད་ཟེར་དུས་དེ་ལ་གནས་འདིར་མཛད་པར་གསུངས་ཀྱང་། རྩོམ་གནས་ཡིན་ངེས་ཀྱང་རྩོམ་དུས་མིན། དེའི་སྦྱར་བྱང་ལ་། རྣམ་དཔྱོད་ཀྱི་ལུས་གྲིམས་ཤིང་མང་དུ་ཐོས་པའི་ཁུར་གྱིས་བརྗིད་པ་ལ་ལུང་རིགས་ཀྱི་མཆེ་སྡེར་རྣོན་པས་ཕས་རྒོལ་གླང་ཆེན་དྲེགས་པའི་སྤྱི་བོ་འགེམས་པར་ནུས་པ་ཙོང་ཁ་དཀའ་བཞི་འཛིན་པ་བློ་བཟང་གྲགས་པའི་དཔལ་སོགས་དུ་མས་ཡུན་རིང་གསོལ་བ་བཏབ་པའི་ངོར་། ཞེས་འབྱུང་བ་དེར། རྗེ་བླ་མའི་མཚན་བློ་བཟང་གྲགས་པའི་ཟུར་ལ་དཔལ་སྦྱར་བར་བལྟས་ན་རྗེ་དགུང་ལོ་ཉེར་བདུན་པར་བསྙེན་པར་རྫོགས་ཟིན་པའི་རྗེས་ལ་གོའོ། དེའི་ཤེས་བྱེད་འོག་ཏུ་གཡའ་སེལ་སྐབས་འབྱུང་།

ས་སྐྱ་ནི་བོད་རབ་བྱུང་དང་པོའི་ཆུ་གླང་། ཕྱི་ལོ་(1073)ལོར་འཁོན་དཀོན་མཆོག་རྒྱལ་པོས་བཏབ། གསུང་རྟེན་དུ་ཡུམ་མཆོག་བསྟན་འཛིན་དབང་མོས་བཞེངས་པའི་བརྡ་རྙིང་མའི་བཀའ་འགྱུར་གསེར་བྲིས་མ་ཆ་ཚང་དང་། ཆོས་རྒྱལ་འཕགས་པས་བཞེངས་པར་གྲགས་པའི་གསེར་ཆོས་བཀའ་འགྱུར་ཆ་ཚང་གཅིག་ལ་པོད་བརྒྱ་དང་བརྒྱད་བཅས་དང་། ལྷ་ཁང་གི་སྐུ་རྟེན་རྣམས་ཀྱི་སྐུ་རྒྱབ་ཏུ་རྒྱལ་བའི་བཀའ་འགྱུར་པོད་ཆེ་ཆུང་སྣ་ཚོགས་བཞུགས།

དེའི་ནང་ཚན་ཆོས་རྒྱལ་འཕགས་པའི་ཐུགས་དམ་གྱི་རྟེན་པོ་ཏི་ལྕགས་ལུང་མར་གྲགས་པ། སྐྱེས་པ་བདུན་བརྒྱད་ཅིག་གིས་འདེགས་ཐུབ་ཙམ་གྱི་བརྒྱད་སྟོང་བ། དེ་ནི་གསེར་དང་དངུལ། དུང་དང་གཡུ་བྱུར་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་བྲིས་པའི་བརྡ་རྙིང་མའི་བརྒྱད་སྟོང་པ་ཡིན་ཞིང་། ལྕགས་ལུང་མར་འབོད་པ་ནི། གླེགས་ཤིང་གི་ཕྱོགས་གཉིས་ཀྱི་སྟེང་འོག་ལ་ལྕགས་ལུང་བརྒྱད་ཡོད་པས། པོད་ཆེན་དེ་ལྟ་བུ་ནི་ཤིན་ཏུ་མཐོང་དཀོན་པོ་ཡིན།   གཞན་ཡང་དྲ་མིག་ནང་དུ་ཆོས་རྩིག་ཆེན་མོ་སྟེ། རྒྱལ་བའི་བཀའ་འགྱུར་གསེར་བྲིས་དང་། དངུལ་བྲིས། དུང་བྲིས། གསེར་དངུལ་སྤེལ་མར་བྲིས་པ། སྣག་ཚས་བྲིས་པ་བཅས་ཁྱོན་བསྡོམས་པོད་གྲངས་བརྒྱད་ཁྲི་བཞི་སྟོང་ཙམ་ཡོད་པར་གྲགས་པའི་ཁྲོད་དུ། པོད་གཡག་རྒྱབ་མ་དང་། མཛོ་རྒྱབ་མ། དྲེལ་རྒྱབ་མ་ཞེས་པ་སོགས་པོད་ཆེ་ཆུང་སྣ་ཚོགས་ཡོད་པ་རྣམས། བརྡ་རྙིང་མའི་བྲིས་མ་ཞེ་ཅིག་ཡིན་པས་ཆོས་རྩིག་དེ་ལྟ་བུ་ནི། བོད་ཀྱི་གདན་ས་ཁག་གང་དུའང་མ་མཆིས་པའི་ངོ་མཚར་ཆེ་བའི་རིག་དངོས་ཡིན་ཞིང་། ཁ་རྒྱུན་དུ་ས་སྐྱའི་ལྷ་ཁང་ཆེན་མོའི་ཕྱིའི་རྩིག་པ་ཞིག་ཀྱང་ནང་གི་ཆོས་རྩིག་མི་ཞིག་ཅེས་ཤོད་རྒྱུན་ཡོད་དོ།།

< ས་སྐྱར་རྒྱ་དཔེ་པོད་ཆེ་ཆུང་སུམ་བཅུ་ཙམ་དང་། རྒྱ་ནག་གི་བཀའ་འགྱུར་ཤོག་དྲིལ་ལ་དཔར་བཏབ་པ་ཆེས་ངོ་མཚར་ཅན་བཞུགས་པ་>དགེ་ཆོས་གསུང་སྒྲོས་གསེར་ཐང་མ།

རྗེ་བླ་མ་གདན་ས་འདིར་ཕེབས་ཐེངས་བཞི་ལ་བྱོན་པ་དང་། དང་པོ་ས་སྐྱའི་ཆོས་བར་ལ་གྲྭ་སྐོར་གྱི་སྟབས་མ་འཕྲོད་པས་འཁྱུག་ཙམ་ཕེབས་པ་དེ་དང་། གཉིས་པ་ཕར་ཕྱིན་གྲྭ་སྐོར། གསུམ་པ་བླ་མ་རྗེ་བཙུན་པའི་གསུང་ཆོས་ལ་ཟླ་བ་བཅུ་གཅིག་ལ་བཞུགས་པ་དང་། བཞི་བ་དཀའ་ཆེན་ལྷག་མ་དག་གི་གྲྭ་སྐོར་མཛད་པ་བཅས་བཞིའོ། །ཕེབས་ཐེངས་ཐ་མའི་དུས་རྗེའི་བཀའ་འབུམ་ཀུན་གྱི་ཐོག་མ་<ཀུན་གཞི་དཀའ་འགྲེལ་>མཛད། དེ་བས་དཀའ་ཆེན་ཡོངས་ཀྱི་གྲྭ་སྐོར་མཛད་ཅིང་གསན་བསམ་ཡུན་རིང་མཛད་གནས་དང་། ལེགས་བཤད་ཁོ་ནའི་གཏེར་ཏུ་་གྲུབ་པའི་རྗེའི་བཀའ་འབུམ་མང་བོའི་རྩོམ་པའི་དབུ་ཡང་འདི་ནས་ཚུགས་པ་བཅས། རིན་པོ་ཆེ་འདི་བ་ས་སྐྱའི་བུ་ཆེན་ཡིན་པའི་རྒྱུ་མཚན་གཅིག་ཀྱང་དེས་ཡིན་སྙམ།

དགུང་ལོ་ཉེར་དྲུག་པའི་ (ཕྱི་ལོ1382ཆུ་ཁྱི) སོས་གུང་ཐང་ཚེས་བཅུའི་གནས་སྐབས་ནས་བརྩམས་ཏེ། ཐོག་མ་ཚལ་གུང་ཐང་དང་། རིམ་པ་བཞིན་དུ་གསང་ཕུ་དང་། རྩེད་ཐང་ལ་སོགས་པའི་གྲྭ་ས་ཆེན་པོ་རྣམས་སུ་ཕར་ཕྱིན་སྔར་ནས་མཛད་ཚར་བས། དེ་མ་གཏོགས་པའི་མངོན་པ་གོང་འོག་དང་། འདུལ་བ། རྣམ་འགྲེལ་ཏེ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་ཅིང་། དེའི་ཚེ་དབུས་གཙང་གི་ཆེ་རྒུ་ཐམས་ཅད་ལེགས་བཤད་གཏམ་གྱིས་ཐུགས་འཕྲོགས་པ་དང་། ལུང་རིགས་དབལ་གྱིས་སྤ་གོང་བར་མཛད་ཅིང་ས་གསུམ་ན་སྙན་པའི་བ་དན་སྲིད་མཐའི་བར་དུ་བཙུགས་པར་གྱུར་ཏོ། །གསང་ཕུར་དབྱངས་ཅན་མའི་བསྙེན་པ་བྱེ་བ་སོང་མཚམས་ཞལ་གཟིགས་པའི་གྲགས་པ་ཆེ་ཞིང་། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན།། རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ།། ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།། ཅེས་པས་འགྲུབ་པ་དང་། <རྣམ་ཐར་ཆེན་མོར་>བླ་མ་འདི་ཉིད་ངག་གི་ལྷ་མོ་དབྱངས་ཅན་མས་རྗེས་སུ་བཟུང་བར་གྲགས་ཤིང་། དེའི་རྗེས་གནང་ཞུ་བ་གར་བྱོན་དུ་མང་བ་ཞིག་འོང་ཞེས་གྲག་གོ་ཞེས་པའང་དེ་ཡིན་ནོ།།

འདིའི་སོགས་ཁོངས་ན་བདེ་བ་ཅན་དང་དགའ་བ་གདོང་། སྐྱོར་མོ་ལུང་། ཟུལ་ཕུ་བཅས་ཡོངས་གྲགས་སུ་གསང་བདེ་གུང་གསུམ་དགའ་སྐྱོར་ཟུལ་གསུམ་ཟེར། རིམ་པ་བཞིན་དུ་ཞེས་པ་ནི་གནས་ཀྱི་གོ་རིམ་མིན་པར་དུས་ཀྱི་གོ་རིམ་སྟེ། དབུས་ཀྱི་གྲྭ་སྐོར་མཐའ་མ་དེ་རིམ་པར་ལོ་ཕྱི་ནང་གཉིས་ལ་བགྱིས་པ་འདྲ། ལོ་དེར་ངོར་ཆེན་ཀུན་དགའ་བཟང་བོ་སྐྱེས།

རང་ལུགས་ལ་གནས་ཀྱི་ཆ་ནས་བདེ་བ་ཅན་དང་། དུས་ཀྱི་ཆ་ནས་དགུང་ལོ་ཉེར་དྲུག་པ་དང་། བསྙེན་རྫོགས་གོང་དེ་མ་ཐག་དང་བསྙེན་རྫོགས་བཞེས་མ་ཐག་པའི་དུས་དེ་ནི། འཇམ་མགོན་བླ་མ་ཙོང་ཁ་ཆེན་པོའི་གཞི་ཆེ་བའི་འཆད་པ་ལེགས་བཤད་དང་རྩོམ་པ་བསྟན་བཅོས་ཆེན་པོ་དག་གི་དབུ་བརྙེས་པ་ཡིན། <ཀུན་གཞི་དཀའ་འགྲེལ>གྱིས་རྩོམ་པའི་དབུ་དགུང་ལོ་ཉེར་ལྔ་བར་ས་སྐྱ་ནས་བརྙེས་ཟིན་ཀྱང་། དབུས་ཀྱི་བདེ་བ་ཅན་ནས་<དགེ་འདུན་ཉི་ཤུའི་རྣམ་བཞག་བློ་གསལ་བགྲོད་པའི་ཐེམ་སྐས>དབུ་དྲངས། <རྟག་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་>དང་། <བསྟན་བཅོས་ཆེན་པོ་ལེགས་བཤད་གསེར་ཕྲེང་> <འཁོར་བར་སྐྱོ་བའི་གཏམ་>དང་<ཧོར་རྒྱལ་པོའི་བུ་ལ་གནང་བའི་གསུང་འཕྲིན་>སོགས་འཇམ་མགོན་བླ་མའི་གཞི་ཆེ་བའི་རྩོམ་པ་ལེགས་བཤད་ཆེན་པོ་དག་གི་དབུ་རྩོམ་གནས་རྣམས་གཅིག་པ་དང་། རྩོམ་དུས་ཀྱང་ཐོག་མའི་རྩོམ་པ་ཡིན་པ་དང་དུས་ཀྱི་བར་ཆད་ཀྱང་ཆེན་པོ་མི་རྒྱུག་པས་དེ་ལྟར་བརྗོད་པ་ཡིན། འདིའི་ཆེས་ཐོག་མའི་རྩོམ་པ་གནས་དུས་གར་འཐད་འོག་ཏུ་གཡའ་སེལ་སྐབས་ཞིབ་པར་འབྱུང་།

དེས་ན་གཞུང་བསྟན་བཅོས་ཆེན་པོའི་དབུ་ནི་དགེ་འདུན་ཉི་ཤུའི་རྣམ་བཞག་ནས་བརྩམས་ཤིང་། ཉམས་མགུར་གྱི་དབུ་འཁོར་བར་སྐྱོ་བའི་གཏམ། གསུང་འཕྲིན་གྱི་དབུ་ཧོར་རྒྱལ་པོའི་བུ་ལ་གནང་བའི་འཕྲིན་དང་། སྙན་ངག་བརྩམས་ཆོས་ཀྱི་དབུ་རྟག་ངུའི་རྟོགས་བརྗོད། ཤིན་ཏུ་རྒྱས་པའི་བསྟན་བཅོས་ཀྱི་དབུ་རྒྱན་འགྲེལ་ལེགས་བཤད་གསེར་ཕྲེང་བཅས་ནས་དབུ་ཚུགས་པ་ལེགས་སོ། སྔ་མ་གསུམ་ནི་བསྙེན་རྫོགས་སྔོན་དང་། ཕྱི་མ་གཉིས་བསྙེན་རྫོགས་རྗེས་མཛད་པ་མཛད་བྱང་ན་འདུག།

འཆད་པའི་དབུ་ཡང་། ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་ལ་སྔར་མདོ་སྨད་དུ་བཞུགས་པའི་དུས་ནས་ཐུགས་སུ་ཆུད་ཅིང་བཤད་གསར་དང་འཆད་པ་ལ་སོགས་པ་མཛད་ཀྱང་ཞེས་དང་། དེའི་རྗེས་དབུས་གཙང་དུའང་། དེའི་དགུན་གནས་རྙིང་དུ་བཞུགས། གནས་རྙིང་བའི་དོན་གཉེར་བ་དང་ཕྱག་ཕྱིར་ལ་བྱོན་པ་འགའ་ཞིག་གིས་ནན་ཆེར་གསོལ་བ་བཏབ་པ་ལ་བརྟེན་ནས། དེ་གོང་མངོན་པ་ཀུན་ལས་བཏུས་ལ་ཆེད་དུ་གཏད་པའི་གཟིགས་རྟོག་མ་མཛད་ཀྱང་། དེ་དུས་ཚིག་ལ་གཟིགས་པ་ཙམ་གྱིས་དོན་ཡང་ཅིག་ཅར་དུ་གསལ་བར་འཆར་བས། ཐོག་མར་གཟིགས་པའི་རིམ་པ་བཞིན་གཞན་ལ་ཡང་འདོན་པའི་སྒོ་ནས་མངོན་པ་ཀུན་ལས་བཏུས་ཚར་གཅིག་རྩལ་བཤད་མཛད་དོ།། ཞེས་མཁས་གྲུབ་རིན་པོ་ཆེའི་<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>ལས་གསུངས་པས། འཆད་པའི་དབུ་མདོ་སྨད་དང་གནས་རྙིང་དུ་བརྙེས་ཟིན་ཀྱང་། ཡིན་ནའང་། གཞི་ཆེ་བའི་འཆད་པའི་དབུ་དེ་དགུང་ལོ་ཉེར་དྲུག་པ་ནས་བརྩམས་པ། མཁས་གྲུབ་རིན་པོ་ཆེས་<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>ལས། སོས་གུང་ཐང་ཚེས་བཅུའི་གནས་སྐབས་ནས་བརྩམས་ཏེ། རིམ་པ་བཞིན་དུ་གསང་ཕུ་དང་རྩེས་ཐང་ལ་སོགས་པའི་གྲྭ་ས་ཆེན་པོ་རྣམས་སུ། ཕར་ཕྱིན་སྔར་ནས་མཛད་ཚར་བས། དེ་མ་གཏོགས་པ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་ཅིང་། དེའི་ཚེ་དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་རྒྱ་མཚོ་ལྟ་བུ་མཐའ་དག་ཀྱང་། དམ་པ་འདིའི་བློ་གྲོས་ཀྱི་བང་མཛོད་ལས་འོངས་པའི་ལེགས་བཤད་གསར་པའི་དུས་སྟོན་ཉམས་སུ་མྱོང་བས་ནི་ཡིད་ཚིམ། རྣམ་དཔྱོད་འདབ་བཟང་དབང་བོའི་སྦར་ཁྱིམ་ལས་ཐོན་པའི་དངོས་སྟོབས་རིགས་པའི་སྡེར་མོ་མི་བཟད་པས་བསྡིགས་པས་ནི་སྙིང་འདར། མཁྱེན་རབ་གཏིང་མཐའ་ཡངས་པའི་ཆུ་གཏེར་ཆེན་པོ་ང་རྒྱལ་ཁེངས་པའི་རླབས་འཕྲེང་ཞི་བས་དུལ་བའི་དཔལ་གྱིས་ནི་དད་པའི་སྤུ་ལོང་ཀུན་ནས་གཡོས་ཏེ། འཇིག་རྟེན་མ་ལུས་པ་ངོ་མཚར་བའི་གཏམ་གྱི་དགའ་སྟོན་ལ་རོལ་བར་བྱེད་པས་དུས་འདའ་ཞིང་། ས་གསུམ་ན་སྙན་པའི་བ་དན་བཙུགས་པར་གྱུར་ཏོ་ཞེས་དང་།

དེའི་ཚེ་ཆོས་གྲྭ་ཆེན་པོ་རྣམས་སུ་གྲྭ་སྐོར་ལ་བྱིན་པའི་སྐབས་དག་ཏུ་ཡང་། དད་པའི་ཤུགས་ཀྱིས་གསོལ་བ་འདེབས་ཤིང་དམ་པའི་ཆོས་ཀྱི་བཀའ་བསྩལ་མཉན་ནས། བདག་ཉིད་ཀྱི་སློབ་མར་ཁས་ལེན་པའི་སྡེ་སྣོད་འཛིན་པའང་དུ་མ་ཞིག་བྱུང་ལ། ལེགས་སུ་འདོད་པ་དག་ནི་འདི་འདྲ་བའི་དམ་པའི་མགོན་ལ་བསྟེན་པ་ལས་འདོད་པའི་གནས་འཐོབ་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ་སྙམ་དུ་བསམས་པས་བདག་ཉིད་ཆེན་པོ་འདིའི་ཞབས་འབྲང་དུ་ཁས་ལེན་པར་ཡང་བྱེད་དོ། །ཞེས་སོགས་གསུངས་པ་ལས་གཞི་ཆེ་བའི་འཆད་ཉན་རྒྱ་ཆེར་མཛད་པ་གོའོ།། 

འདིའི་དེའི་ཚེས་ཞེས་པ་དགུང་ལོ་ཉེར་དྲུག་པ་སོས་གུང་ཐང་ཚེས་བཅུ་ནས་བརྩམས་པའི་དབུས་ཀྱི་ལོ་ཕྱི་ནང་སྦྲེལ་བའི་གྲྭ་སྐོར་མཐའ་མ་དེ་ལ་ཟེར་ཞིང་། དད་པའི་ཤུགས་ཀྱིས་གསོལ་བ་འདེབས་པ་དང་། བདག་ཉིད་ཀྱི་སློབ་མ་དང་། བདག་ཉིད་ཆེན་པོ་འདིའི་ཞབས་འབྲང་དུ་ཁས་ལེན་པ་དག་ནི་རྗེའི་བུ་སློབ་སྔ་ཚར་བཞི་དང་། གཞི་ཆེ་བའི་འཆད་པའི་བུ་སློབ་གཙོ་གྲས་དང་སྔ་ཤས་དག་སྟེ། དེ་དག་ཀྱང་གཙོ་གྲས་རྣམས་མདོ་སྨད་པས་ཟིན་ཡོད་པ་འདྲ་སྟེ། བདེ་བ་ཅན་དུ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་སྦྱིན་བདག་མཛད་ཅིང་། རྗེ་ལ་ཆོས་གསན་པར་རྟོགས་ལྡན་པའི་རྣམ་ཐར་ན་འདུག་པ་དང་། རྗེའི་<རྟག་ངུའི་རྟོགས་བརྗོད་>མཛད་བྱང་ལ་དགེ་བའི་བཤེས་གཉེན་འཇམ་དཔལ་ཅེས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ་དང་། བྱང་བླ་མ་བ་དང་། ཚ་ཁོ་ངག་དབང་གྲགས་པ་སོགས་ལྷན་དུ་གདན་འཛོམས་པ་གསལ་ཞིང་། དེ་ཡང་བདེ་བ་ཅན་ན་ཡིན་པས། སྲས་སྔ་ཚར་བཞི་དང་ འཛིན་བཟང་བར་གྲགས་པ་གསུམ་སྟེ། གླིང་མཚུངས་མེད་པ་དང་། མདོ་སྨད་པ་འཇམ་དབྱངས་བཀྲ་ཤིས་དང་། ཤཱཀྱ་གྲུབ་སོགས་ལ་དུས་གནས་གཅིག་པ་འདིར་ཟབ་ཆོས་དུ་མ་གནང་སྟེ། གཞི་ཆེ་བའི་འཆད་པའི་དབུ་བརྙེས་པ་ཐེ་ཚོམ་མེད་དོ། །རྗེ་བཙུན་རེད་མདའ་བས་འཆད་ཉན་ལ་བསྐུལ་ཏེ་བདེ་བ་ཅན་ཁོ་ནར་ལོ་ངོ་བདུན་ལ་བཤད་པ་གནང་བའི་གསུང་རྒྱུན་འདུག་ཀྱང་། བདེ་བ་ཅན་གནས་གཅིག་ལ་འཐད་པར་མ་མཐོང་ངོ། །དེའི་ཚུལ་འོག་ཏུ་རིམ་པར་འབྱུང་།

ཆ་ཧར་བའི་རྗེའི་རྣམ་ཐར་དུ། སྔར་རྗེ་རེད་མདའ་བས་སློབ་མ་རྣམས་ལ་ཆོས་འཆད་པར་བསྐུལ་བས་དགུང་ལོ་ཉེར་དགུ་ནས་འདིའི་བར་ལོ་བདུན་གྱི་རིང་གཞུང་ལུགས་མང་བོའི་གསུང་བཤད་མཛད་པ་ཡིན་ལ་ཞེས་པ་ཡང་། ཉེར་དགུ་མིན་པར་ཉེར་དྲུག་འདི་ནས་ཡིན། ཉེར་དྲུག་ནས་དགུང་ལོ་སོ་བཞི་བ་ལ་བླ་མ་རྗེ་བཙུན་པས་བསྐྱར་དུ་འཆད་ཉན་ལ་བསྐུལ་བའི་བར་ལོ་ངོ་བརྒྱད་དང་། དེ་ཕྱིས་དགུང་ལོ་སོ་དྲུག་པར་རྗེ་བཙུན་འཇམ་དབྱངས་ཀྱིས་སྒྲུབ་པ་ལ་བསྐུལ་བའི་བར་ལོ་བཅུ་གཅིག་རིང་ལ་འཆད་པ་ལེགས་བཤད་ཀྱི་ཀློང་བརྡོལ་བ་ཡིན་ཏེ། བླ་མ་རྗེ་བཙུན་པས་སྔར་ནས་འཆད་པ་ལ་བསྐུལ་ནས་ལོ་བདུན་རིང་ལ་བཤད་ཉན་རྒྱ་ཆེར་གནང་བའི་གསུང་རྒྱུན་དང་། དེའི་རྗེས་ཡང་འཆད་པ་ལ་ཕན་རླབས་ལྷག་པར་ལྡན་ཞིང་། བླ་མས་ཐུགས་རེ་ཆེས་ཆེར་གནང་བ་དང་ཐུགས་དགོངས་ཟིན་པའི་ཚུལ་ཡང། རྗེ་དགུང་ལོ་སོ་བཞི་བར་བླ་མ་རྗེ་བཙུན་པ་དང་ལྷན་འབའ་འུ་འབའ་གཉེར་དུ་ཆོས་བར་ལ་བཏེག མཁས་གྲུབ་རིན་པོ་ཆེའི<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>ལས། དེ་དུས་རྗེ་བཙུན་པའི་ཞལ་ནས། སྔགས་ཀྱི་རྩད་གཅོད་དེ་ཙམ་མཛད་པ་ལ་ཡུན་རིང་འགྱང་། ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་ཐོགས་རྒྱ་ཆེན་པོ་འོང་གིན་འདུག་པས་རེ་ཞིག་བཤད་པ་མཛད་པ་མི་འཐད་དམ་ཞེས་གསུངས་པ་དང་ཞེས་དང་། བླ་མ་དབུ་མ་བ་རྗེ་བཙུན་འཇམ་དབྱངས་བཅས་བགྲོ་བ་ལ་ཞུགས་ཤིང་རྗེ་བཙུན་གྱིས་རྗེ་འདི་བ་བྱ་བྲལ་ལ་སྐུལ་དུས། <དད་པའི་འཇུག་ངོགས>ལས། དེ་དུས་རྗེ་རང་ཡང་ཅུང་ཟད་འཆད་ཉན་ལ་ཐུགས་བཞེད་ཆེ། བླ་མ་དབུ་མ་བ་ཡང་དེ་དང་མཐུན་པས་སྐུའི་ན་ཚོད་ཤིན་ཏུ་གཞོན་ཞིང་། མཁྱེན་རབ་དང་ཕན་ཐོགས་ཤིན་ཏུ་ཆེ་བ་འདི་འདྲ་བ་ལ། ད་དུང་བཤད་ཉན་རང་མཛད་ན་བསྟན་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང་། འཆད་ཉན་འཕེལ་པོ་འདི་འདྲ་བའི་འཕྲོ་ལ་བྱ་བྲལ་ལ་བྱོན་ན་ངེད་ལའང་སྐྱེ་བོ་རྣམས་ཀྱིས་ཁ་ཟེར་དུ་འོང་བས་ན། རེ་ཞིག་འཆད་ཉན་མཛད་པས་ཆོག་པ་ཞིག་འཚལ་ཅེས་རྗེ་བཙུན་ལ་ནན་ཞུས་མཛད་པ་དེ་འདྲ་ཡིན། འདི་དུས་རྗེ་དགུང་ལོ་སོ་དྲུག་པའོ།།

དེས་ན་ཐོག་མའི་གཞི་ཆེ་བའི་བཤད་པ་དགུང་ལོ་ཉེར་དྲུག་ནས་སོ་གསུམ་བར་ལོ་ངོ་བརྒྱད་རིང་སྟེ། དགུང་ལོ་ཉེར་དྲུག་དང་ཉེར་བདུན་གྱི་བཤད་ཉན་དྲངས་མ་ཐག་པ། སོས་གུང་ཐང་ཚེས་བཅུའི་གནས་སྐབས་ནས་བརྩམས་ཏེ། ཞེས་པ་ནས། དེའི་ཚེ་དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་རྒྱ་མཚོ་ལྟ་བུ་མཐའ་དག་ཀྱང་། དམ་པ་འདིའི་བློ་གྲོས་ཀྱི་བང་མཛོད་ལས་འོངས་པའི་ལེགས་བཤད་གསར་པའི་དུས་སྟོན་ཉམས་སུ་མྱོང་བས་ནི་ཡིད་ཚིམ་ཞེས་དང་། དེའི་ཚེ་ཆོས་གྲྭ་ཆེན་པོ་རྣམས་སུ་གྲྭ་སྐོར་ལ་བྱིན་པའི་སྐབས་དག་ཏུ་ཡང་། དད་པའི་ཤུགས་ཀྱིས་གསོལ་བ་འདེབས་ཤིང་དམ་པའི་ཆོས་ཀྱི་བཀའ་བསྩལ་མཉན་ནས། བདག་ཉིད་ཀྱི་སློབ་མར་ཁས་ལེན་པའི་སྡེ་སྣོད་འཛིན་པའང་དུ་མ་ཞིག་བྱུང་ལ་ཞེས་པས་འགྲུབ་ཅིང་།

དེའི་ལྷག་རྗེས་མ་ལོ་དྲུག་ཀྱང་མཁས་གྲུབ་རིན་པོ་ཆེའི་<རྗེའི་རྣམ་ཐར་ཆེན་མོར>དེ་ནས་གདན་ས་ཐེལ་དུ་བྱོན། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པའི་དྲུང་དུ་མཇལ། ཞེས་པ་ནས། དེ་ནས་འོན་གྱི་ལྷ་ཁང་ཀེ་རུར་ཆོས་བར་ལ་བྱོན། ཚ་ཁོ་དབོན་པོ་སོགས་སྡེ་སྣོད་འཛིན་པ་མང་བོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས་ཞེས་པ་དགུང་ལོ་ཉེར་བརྒྱད་པ། དེ་ནས་སྐྱིད་ཤོད་དུ་ཕེབས་ཏེ་ཚལ་དུ་བཞུགས་ནས། ཞེས་པ་ནས། དགུན་ཆོས་བདེ་བ་ཅན་དུ་བྱོན་སྡེ་སྣོད་མང་དུ་གསུངས་ཞེས་པ་དགུང་ལོ་ཉེར་དགུ་བ། དཔྱིད་ཆོས་དབུ་སྟོད་བྱ་ཡུལ་དུ་ཕེབས། དགེ་བའི་བཤེས་གཉེན་བདུན་ཅུ་ཙམ་ཞིག་ལ་ཕར་ཚད་དབུ་མ་འཇུག་པ་མངོན་པ་ཀུན་བཏུས་རྣམས་གསུངས། ཞེས་པ་ནས། སྐྱོར་མོ་ལུང་གི་སྡེ་སྣོད་འཛིན་པ་མང་བོ་ལ་གཞུང་ཆེ་ཆུང་མང་བོའི་བཤད་པའང་གསུངས་ནས་ཞེས་པ་དགུང་ལོ་སུམ་ཅུ་བ།

སླར་ཡང་དེའི་ཕྱི་དེ་དབྱར་ཆོས་བདེ་བ་ཅན་དུ་བཞུགས། བློ་གསལ་འདུས་པ་རྒྱ་མཚོའི་ཚོགས་ལ་སྡེ་སྣོད་ཀྱི་བཤད་པ་མང་དུ་གནང་ཞེས་པ་དགུང་ལོ་སོ་གཅིག་པ། སོས་དེ་རིགས་ལྔ་ལྷ་ཁང་དུ་བཞུགས། སྡེ་སྣོད་འཛིན་པ་བདུན་ཅུ་ལྷག་ཙམ་ལ་ཕར་ཚད་མངོན་པ་གོང་འོག་འདུལ་བ་མདོ་རྩ་དབུ་མ་འཇུག་པ་སོགས་གསུངས་ཞེས་པ་དགུང་ལོ་སོ་གཉིས་པ། དེ་ནས་དགུན་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས། ཞེས་པ་ནས། སྤྱོད་འཇུག་སྟེ་བསྟན་བཅོས་བཅུ་བདུན་གྱི་བཤད་པ་ཞིབ་པར་མཛད་དེ་ཟླ་བ་གསུམ་ལ་རྫོགས་པར་མཛད་ཅིང་ཞེས་པ་དང་། དེ་ནས་སྟོན་སྐྱིད་ཤོད་དུ་ཕེབས། རྗེ་བཙུན་རེད་མདའ་བ་ཞབས་སྔ་ནས་ཀྱང་དབུས་སུ་ཆོས་བར་ལ་ཕེབས་པས་དཔོན་སློབ་གཉིས་ཀ་པོ་ཏ་ལར་བཞུགས་ནས་དམ་པའི་ཆོས་ཀྱི་བཀའ་བགྲོ་བ་མང་དུ་མཛད་ཅིང་། གདུལ་བྱ་རྣམས་ལའང་ལེགས་པར་བཤད་པའི་སྐྱེས་བསྩལ་ནས་རྗེ་བཙུན་པ་སླར་ཡང་གཙང་ལ་བྱོན། རྗེ་བླ་མ་འདི་ཉིད་ཀྱིས་དེའི་དགུན་སྐྱོར་མོ་ལུང་གི་བྲག་དུ་བཞུགས་ནས། སྡེ་སྣོད་འཛིན་པ་ཆེན་པོ་དུ་མ་ལ། དུས་འཁོར་དང་། ཕར་ཚད་མངོན་པ་སོགས་མང་དུ་གསུངས་སོ་ཞེས་པ་དགུང་ལོ་སོ་གསུམ་པ་སྟེ།

དེ་དག་ནི་རིམ་པ་བཞིན་དགུང་ལོ་ཉེར་བརྒྱད་ཉེར་དགུ་སུམ་ཅུ། སོ་གཅིག་སོ་གཉིས་སོ་གསུམ་བར་གྱི་གཞི་ཆེ་བའི་བཤད་པའི་རྣམ་ཐར་ཏེ། དགུང་ལོ་སོ་བཞི་བར་བླ་མ་རྗེ་བཙུན་པའི་ཞལ་ནས། སྔགས་ཀྱི་རྩད་གཅོད་དེ་ཙམ་མཛད་པ་ལ་ཡུན་རིང་འགྱང་། ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་ཐོགས་རྒྱ་ཆེན་པོ་འོང་གིན་འདུག་པས་རེ་ཞིག་བཤད་པ་མཛད་པ་མི་འཐད་དམ་ཞེས་འཆད་པ་ལ་བསྐུལ་འདུག་པས། དེ་ནས་སོ་དྲུག་པའི་བྱ་བྲལ་ལ་མ་ཕེབས་གོང་བར་བཤད་པ་ཕྲན་ཚེགས་མཛད་ཡོད་ངེས་ཀྱང་རྣམ་ཐར་ཆེན་མོར་མི་གསལ། བླ་མ་རྗེ་བཙུན་པས་རེ་ཞིག་བཤད་པ་མཛད་པ་མི་འཐད་དམ་ཞེས་གསུངས་པ་ལ། བདག་སྔགས་ཀྱི་ཕྱོགས་ལ་འདུན་པ་དྲག་པོ་བདོག་པས་སྔོན་ལ་སྔགས་ཕྱོགས་ཀྱི་རྩད་གཅོད་བགྱིད་པ་ལགས་ཞེས་དགོངས་པ་ཞུས་འདུག་པས། ལོ་གསུམ་དེ་རིང་ནི་བཤད་པ་ཕྲན་ཚེགས་མཛད་ཡོད་ན་ལས་གཙོ་ཆེར་ཟབ་མོ་སྔགས་ལ་གཞི་ཆེ་བའི་གསན་བསམ་རྫོགས་པར་གནང་བ་སྟེ། ཇི་སྐད་དུ། སྦོ་འབོར་སྒང་བ་འཇམ་དབྱངས་ཁ་ཆེ་བས། རིག་གནས་ཀུན་ལ་ཀུན་མཁྱེན་ལོ་ཙཱ་བ།། བློ་གྲོས་མཁའ་ལྟར་ཡངས་པའི་རེད་མདའ་བ།། ཡོངས་རྫོགས་བསྟན་པའི་མངའ་བདག་ཙོང་ཁ་བ།། མཚུངས་མེད་བླ་མ་གསུམ་གྱི་བཀྲ་ཤིས་ཤོག་གི་རྣམ་ཐར་བདག་གིར་བཞེས་པའི་ཚུལ་རྨད་དུ་བྱུང་བའི་གཏམ་མོ།།

མདོར་ན་མདོ་སྨད་ནས་དབུས་སུ་སླེབས་ཏེ་གསན་བསམ་ལ་དང་བོ་གཏུགས་གནས་ཀྱང་བདེ་བ་ཅན་འདི་ཡིན་ཞིང་། དུས་ཕྱིས་འཆད་ཉན་གྱིས་གཞི་ཕབ་གནས་ཀྱང་འདིར་འཐད་པའི་ཕྱོགས་མང་བོས། དགུང་ལོ་ཉེར་དྲུག་པར་བདེ་བ་ཅན་དུ་འཆད་ཉན་གྱི་དབུ་བརྩམས་པ་ནས་དགུང་ལོ་སོ་གསུམ་པར་གཞི་ཆེ་བའི་བཤད་པའི་ལོ་ངོ་མཐོང་བརྒྱད་དེ། བླ་མ་རྗེ་བཙུན་པས་འཆད་ཉན་ལ་བསྐུལ་ཏེ་ལོ་བདུན་ལ་ཞེས་པ་དང་འགྲིག དགུང་ལོ་སོ་བཞི་ནས་སོ་བདུན་བར་ནི་འཆད་པ་ཅི་གནང་རྣམ་ཐར་ཆེན་མོར་མི་གསལ་ཀྱང་། དེ་དུས་རྗེ་རང་ཡང་ཅུང་ཟད་འཆད་ཉན་ལ་ཐུགས་བཞེད་ཆེ། ཞེས་པ་ནས། མཁྱེན་རབ་དང་ཕན་ཐོགས་ཤིན་ཏུ་ཆེ་བ་འདི་འདྲ་བ་ལ། ཞེས་དང་། འཆད་ཉན་འཕེལ་པོ་འདི་འདྲ་བའི་འཕྲོ་ལ་བྱ་བྲལ་ལ་བྱོན་ན་ངེད་ལའང་སྐྱེ་བོ་རྣམས་ཀྱིས་ཁ་ཟེར་དུ་འོང་བས་ན། རེ་ཞིག་འཆད་ཉན་མཛད་པས་ཆོག་པ་ཞིག་འཚལ། ཅེས་བླ་མ་དབུ་མ་བས་རྗེ་བཙུན་ལ་ནན་ཞུས་དུས་ཀྱི་ཚིག་ནུས་དག་སྟེ། དེ་དུས་རྗེ་རང་ཡང་ཅུང་ཟད་འཆད་ཉན་ལ་ཐུགས་བཞེད་ཆེ། ཞེས་པ་དང་། མཁྱེན་རབ་དང་ཕན་ཐོགས་ཤིན་ཏུ་ཆེ་བ་འདི་འདྲ་བ་ལ། ཞེས་དང་། འཆད་ཉན་འཕེལ་པོ་འདི་འདྲ་བའི་འཕྲོ་ལ་བྱ་བྲལ་ལ་བྱོན་ན། ཞེས་པ་དག་ལས་གཞི་ཆེ་བའི་བཤད་པ་གནང་འདྲ་སྟེ་ཞིབ་ཆ་མ་རྙེད། གསལ་བོར་ཤེས་རྟོགས་ཐུབ་པ་རང་ནི་སོ་བཞི་ནས་སོ་དྲུག་བར་ལོ་གསུམ་རིང་ལ་ཟབ་མོ་སྔགས་ལ་གཞི་ཆེ་བའི་གསན་བསམ་རྫོགས་པར་གནང་བ་དེ་ཡིན། དེའི་རིང་བཤད་པའང་མཛད་ཡོད་ངེས་ཀྱང་ཞིབ་ཆ་མ་ངེས་པ་དེས་ན་བཤད་པ་ཕྲན་ཚེགས་ཀྱི་ལོ་གསུམ་ཞེས་ཀྱང་ཞུའོ།།

དགུང་ལོ་ཉེར་བདུན་པ།(ཕྱི་ལོ་1383ཆུ་ཕག) ལོ་འདིའམ་སྔ་མ་གང་རུང་ལ་གསང་ཕུར་གྲྭ་སྐོར་མཛད། གཉལ་རྒོད་རིན་བསམ་པས་ཆོས་འབྲེལ་གསན་ཅིང་། དཀའ་བཞི་གྲྭ་སྐོར་གནང་བའི་ལྗགས་བཤད་ཀྱིས་གསང་ཕུའི་མཁན་རིན་པོ་ཆེ། སློབ་དཔོན་སེང་གེ་རི་བོང་སོགས་མཁས་གྲུབ་མང་པོའི་ཐུགས་འཕྲོགས་པའི་ངག་རྒྱུན་ཡོད། དཀའ་བཞིའི་མཚན་གསོལ་འདིར་བཞེས་པ་འདྲ་སྟེ། དེའི་ཤེས་བྱེད་གཤམ་གྱི་གཡའ་སེལ་སྐབས་བལྟའོ།།

གསང་ཕུ་ནེའུ་ཐོག་ནི་སྟོད་ལུང་བདེ་ཆེན་རྫོང་གི་ཁོངས་ལྷ་ས་སྐྱིད་ཆུའི་ལྷོ་ངོས། སྣེའུ་ཆུས་ཀྱི་ཕུར་གནས་ཡོད། བོད་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ1073ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱིས་ཐོག་མར་བཏབ། ཇོ་བོ་སྙེ་ཐང་དུ་བཞུགས་སྐབས་རྔོག་ལེགས་པའི་ཤེས་རབ་ལ། གསང་ཕུའི་ཕྱོགས་སུ་ཕྱག་མཛུབ་བསྟན་ཏེ་འཆད་ཉན་འཕེལ་བའི་ལུང་བསྟན། དགོན་པ་མ་བཏབ་བར་དུ་གསང་བ་མཛད་པར་ཞུ་ཞེས་ཞུས་པར་བརྟེན་ནས་གསང་ཕུ་ཞེས་མིང་ཐོགས། རྔོག་ལེགས་པའི་ཤེས་རབ་ཀྱིས་ཐོག་མར་བྲག་ནག་ཏུ་བཏབ་སློབ་མའི་ཚོགས་ལ་འཆད་ཉན་མཛད། གསུང་གཏོར་གྱི་སྐབས་ཡོ་བྱད་ནེའུ་ལེས་འཁྱེར་ནས་གནས་དེར་བསྐྱལ་བས་དཔལ་གསང་ཕུ་ནེའུ་ཐོག་ཞེས་གྲགས་པ་རེད། ཐོག་མར་གྲྭ་པ་ལྔ་བརྒྱ་ཙམ་འདུས་པ་ལ་རྔོག་གིས་འཆད་ཉན་མཛད། དེ་རྗེས་རིགས་པའི་དབང་ཕྱུག་ཆ་པ་ཆོས་ཀྱི་སེང་གེས་ཚད་མའི་བསྡུས་གཞུང་གསར་དུ་བཙུགས་ནས། ད་ལྟ་གདན་ས་ཁག་ལ་ཡོད་པའི་ངྷི༔་སྐད་གཏོང་བ་དང་འཁོར་གསུམ་སྐོར་བ་སོགས་ཀྱི་སྲོལ་གསར་དུ་བཙུགས་ནས། ཁ་བ་གངས་ཅན་ལྗོངས་ཀྱི་རིགས་པ་སྨྲ་བ་མཐའ་དག་གི་འབྱུང་ཁུངས་སུ་གྱུར། སེ་འབྲས་མ་ཆགས་གོང་དབུས་ཀྱི་གདན་ས་དྲུག་གི་གྲས་ཡིན།

དུས་རབས་བཅུ་བཞི་པའི་ནང་རྗེ་ཙོང་ཁ་པས་དེ་གའི་མཁན་པོ་སེང་གེ་རི་བོང་ལས་རྣམ་འགྲེལ་གསན་པར་གྲགས་པ་དང་། དཀའ་ཆེན་བཞིའི་གྲྭ་སྐོར་མཛད། དེ་རྗེས་མཁན་པོ་གྲགས་པ་སེང་གེས་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས། ཁོང་གི་བུ་སློབ་སོགས་ནས་བརྒྱུད་དེ་དགེ་ལུགས་དར་རྒྱས་ཆེ་སྟབས་གསང་ཕུར་ས་སྐྱ་དང་དགེ་ལུགས་ཀྱི་གྲྭ་ཚང་བཅུ་གཅིག་ཏུ་གྱེས་པ་སྟེ། ཕྱིས་གྲྭ་ཚང་རྣམས་གྲྭ་ས་གཞན་དང་བསྒྲིལ་བའམ། གྲོ་ལུང་པས་ཕྱག་བཏབ་པའི་ཉག་རོང་གྲྭ་ཚང་དུ་བསྒྲིལ་ཏེ། དེ་ནས་བཟུང་དགའ་ལྡན་ཤར་རྩེ་གསང་ཕུ་དབྱར་ཆོས་སུ་ཕེབས་སྲོལ་ཆགས། དབྱར་ཆོས་སྐབས་མཁན་པོ་དང་ཁྲིམས་གནོན་རྣམས་སྙེ་ཐང་རྭ་བ་སྟོད་པ་སོགས་བླ་ཁག་བཅུས་རེས་མོས་བྱེད་པ་དང་། དགའ་ལྡན་ཤར་རྩེ་མཁན་པོས་གསང་ཕུ་གླིང་སྨད་ཞབས་དྲུང་གི་མིང་འཛིན་བྱེད་སྲོལ་ཡོད།

ཐོག་མར་བཀའ་གདམས་རྙིང་མའི་དགོན་པ་ཡིན་ཡང་། ཕྱིས་སུ་གདན་ས་པ་བརྒྱད་པ་དང་དགུ་པར་གཉལ་པ་དད་པ་བཟང་པོ་དང་འཇམ་བཙན་ནེ་གཉིས་ཀྱི་དུས་སུ་གླིང་སྟོད་དང་གླིང་སྨད་གཉིས་སུ་གྱེས་པ་དང་། དེ་ནས་བཟུང་གསང་ཕུའི་ཁྲི་པ་གླིང་སྟོད་སྨད་སོ་སོ་ནས་ཁྲི་པ་རེ་ཕེབས་ཀྱི་ཡོད་པར་གཅིག་ནི་ལེགས་པའི་ཤེས་རབ་དང་། གཅིག་ནི་བློ་ལྡན་ཤེས་རབ་ཀྱི་སྐུ་ཚབ་ཏུ་གྲགས། དགེ་ལུགས་པ་རྣམས་ཀྱིས་རྗེ་ཡབ་སྲས་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱི་ཡིག་ཆ་ལ་སློབ་གཉེར་མཛད་ཅིང་། ས་སྐྱ་བ་རྣམས་ཀྱི་རོང་སྟོན་ཤཱཀྱ་རྒྱལ་མཚན་དང་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་སོགས་ཀྱི་ཡིག་ཆའི་ཐོག་ནས་སློབ་གཉེར་གནང་བ་ཡིན།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མ་ཕེབས་གོང་། ས་ཆ་གཞན་དུ་གཞིས་ཕབ་སྟབས་གསང་ཕུ་དབྱར་ཆོས་ཙམ་མ་གཏོགས་རྒྱུན་གཏན་གྲྭ་གྲངས་སུམ་ཅུ་སྐོར་ལས་མེད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དུས་གསང་ཕུའི་ཚོགས་ཆེན་ཉམས་གསོ་གནང་བ་དང་། རྒྱུན་མཆོད་བཙུགས་ཏེ་གྲྭ་ཕོགས་ལོ་རེར་འབྲུ་ཁལ་བཅུ་གཉིས་རེ་གཞུང་ནས་གནང་རྒྱུ་དང་། གསང་ཕུ་ཆོས་ཁང་གི་བདག་འཛིན་ཀུན་གླིང་བླ་བྲང་ནས་བྱེད་དགོས་རྒྱུའི་གཏན་འབེབས་གནང་། དགའ་ལྡན་ཤར་རྩེ་དང་། རྭ་སྟོད་གྲྭ་ཚང་གཉིས་ཀྱིས་དབྱར་ཆོས་རིང་གཙོ་བོ་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་གནང་བ་དང་། ཆོས་ཁྲི་སེར་པོ་ཞེས་པ་སྟེ་གསང་ཕུའི་དགེ་བཤེས་དཔེ་ཆ་བ་ཚོས་སེང་གེ་བཞུགས་ཁྲིའི་མདུན་དུ་དམ་བཅའ་བཞག་སྟེ་དགེ་བཤེས་ཆུང་བའི་མཚན་བཏགས་ལེན་སྲོལ་ཡོད་པ་རེད། དེ་ལྟ་བུའི་གསང་ཕུའི་གདན་ས་དེ་ནི་ལུང་བསྟན་ཁྱད་པར་འཕགས་པ། དཔལ་མཉམ་མེད་ཇོ་བོ་ཆེན་པོས་དངོས་སུ་ལུང་བསྟན་པ། ས་དཔྱད་ཁྱད་པར་འཕགས་པ། སྟོན་པ་ཐུབ་པའི་དབང་པོ་དཔང་པོར་བཞུགས་པ་ལ་བྱམས་འཇམ་དབྱངས་གཉིས་ཀྱིས་ཆོས་ལ་བགྲོ་གླེང་མཛད་བཞིན་པ། འཆད་ཉན་ཁྱད་པར་འཕགས་པ། རྔོག་ལོ་ཁུ་དབོན་ཡབ་སྲས་རྣམས་ཀྱིས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་དཀའ་ཆེན་གྱི་རྩོད་གྲྭ་ཐོག་མར་དར་བར་མཛད་པ་བཅས་སོ།

དེ་ནས་རྩེད་ཐང་གི་གྲྭ་སྐོར་ཚར་ནས་ཡར་ལུང་རྣམ་རྒྱལ་དུ་ཕེབས། མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེའི་པཎྚྀཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་མཁན་བརྒྱུད་ལས་བསྙེན་པར་རྫོགས། རྩེད་ཐང་གི་གྲྭ་སྐོར་ནི་སྐུ་ཚེ་འདིའི་གྲྭ་སྐོར་རྣམས་ཀྱི་མཐའ་མ་སྟེ། དེ་་ལྟར་བོད་ཁ་བ་གངས་ཅན་པར་སྔར་མ་བྱུང་ཞིང་ཕྱིས་མི་འབྱུང་བའི་གྲྭ་སྐོར་མང་ཤས་དང་། རིགས་ལུང་བརྒལ་བརྟག་ཆེས་གནད་སྨིན་གྱི་མདོ་ཕྱོགས་ཀྱི་སློབ་གཉེར་ཡོངས་སུ་གྲུབ་བོ། །ཆོས་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ཞིང་ལ་ཕེབས།

དེ་ལྟར་དགུང་ལོ་བཅུ་བདུན་སྨད་ནས་ཉེར་བདུན་བར་བདེ་བ་ཅན་གཙོས་པས་ཆོས་གྲྭ་ཆེན་པོ་ཉེར་གཉིས་ལྷག་ལ་ལོ་ངོ་བཅུ་གཅིག་གི་རིང་། འཆད་ཉན་དང་གྲྭ་བསྐོར་སྦྲགས་ཤིང་། དོགས་སློང་དང་མཐའ་གཅོད་སྦྲེལ་བའི་དཔྱད་སྒོ་དུ་མའི་སྒོ་ནས། རྒྱུའི་ཕར་ཕྱིན་ཐེག་པའི་ལུགས་ཀྱི་རྒྱ་བོད་ཀྱི་བཀའ་བསྟན་གཞུང་ལུགས་མ་ལུས་པ་ལ་རྡོ་རུས་ཐུག་པའི་སློབ་གཉེར་གནད་སྨིན་མཛད་དེ། པཎ་ཆེན་ཤཀྱཱ་མཆོག་ལྡན་པས་ཀྱང་། དེ་དུས་དཀའ་བཞི་བ་འདིས་ཕར་ཕྱིན་རྒྱ་འགྲེལ་ཉེར་གཅིག་ཁོང་དུ་ཆུད་པའི་གྲྭ་བསྐོར་གྱི་དྲིལ་བསྒྲགས་པས། དབུས་གཙང་གཉིས་སྤ་ཀོང་བར་གྱིས་ཤིང་། གར་སླེབས་ལ་སུས་ཀྱང་གླགས་མ་རྙེད་པ་ཡིན་ཞེས་བསྔགས་པ་དང་། ཉིན་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས། ཐུགས་ཐོག་ཏུ་གཞུང་ཆེན་བཅུ་བདུན་རྩ་འགྲེལ་སྡོམ་སུམ་ཅུ་རྩ་ལྷག་གི་བཤད་པ་ཟླ་ངོ་གསུམ་ལ་རྫོགས་པར་མཛད་དེ། འཛམ་གླིང་ལ་སྔོན་མེད་པའི་ཟིན་ཐོ་བཀོད་པ་དང་། ད་དུང་རྗེའི་བཀའ་འབུམ་སྤྱི་དང་ཁྱད་པར་ཁུངས་སྐྱེལ་རྒྱལ་བའི་བཀའ་དང་བསྟན་བཅོས་ཁོ་ན་ལ་གཞི་བཅོལ་བའི་ལྟ་བའི་གཞུང་ཆེན་ལྔ་རང་རེའི་བགོ་སྐལ་ལ་གནང་བཞག་པ་འདི་ཡིན།།

དགུང་ལོ་ཉེར་བདུན་པའི་མཛད་རིམ་དེ་ཉིད། དེ་བཞིན་ཕར་ཕྱིན་ཐེག་པའི་ཐོས་པ་ཡོངས་སུ་རྫོགས་པར་མཛད་པའི་རིམ་པའི་མཇུག་དང་། གཞི་ཆེ་བའི་བཤད་པ་དང་རྩོམ་པ་དག་གི་དབུ་བརྩམས་པའི་རིམ་པའི་སྐབས་དག་དག་ལ་ཐོན་པ་སྟེ། ཕར་ཕྱིན་ཐེག་པའི་ཐོས་པ་ཡོངས་སུ་རྫོགས་པའི་འབྲས་རྟགས་ཀྱི་ཆེ་བ་དང་། ལོ་སྔ་མ་དང་འདི་ནས་དགུང་ལོ་སོ་བཞི་བར་བསྟན་པའི་ནང་མཛོད་འདུལ་བ་གཙོས་འཆད་པ་རྒྱ་ཆེར་མཛད་རྒྱུའི་གྲབས་ཀྱིས། རྗེའི་རྣམ་ཐར་བྱིངས་དང་མི་མཐུན་པར་འདིར་བསྙེན་རྫོགས་དགུང་ལོ་ཉེར་བདུན་པར་འཐད་པའི་ཁོངས་སྐྱེལ་གཤམ་དུ་གསལ་ཡོང་། 

གཉིས་པ།

འཆད་ཉན་གྱིས་བདུད་རྩིའི་བགོ་འགྲེམས།

དགུང་ལོ་ཉེར་བརྒྱད་པ།(ཕྱི་ལོ1384ཤིང་བྱི) དེ་ནས་གདན་ས་ཐེལ་དུ་བྱོན། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པའི་དྲུང་དུ་མཇལ། ལེགས་བཤད་ཀྱི་སྐྱེས་ཕུལ་ཞིང་དམ་པའི་ཆོས་ཀྱི་བཀའ་མཆིད་མཛད་པས་ཆོས་རྗེ་སྤྱན་སྔ་བ་དད་པའི་ཤུགས་ཀྱིས་སྤྱན་ཆབ་བྱུང་། ཕྱིས་ཀྱང་དྲུང་ན་འཁོད་པ་དག་དང་ཕེབས་པའི་མཆིད་གླེང་བ་ན། སྐུ་ན་གཞོན་ནུ་འདི་འདྲ་བ་ལའང་ཡོན་ཏན་གྱི་གཏེར་ཆེན་པོ་འདི་ལྟ་བུ་འདུག་ན། ཁོ་བོའི་སྐྱེ་བ་འདི་འདྲ་བ་ཞེས་ཐུགས་ཕྱུང་བའི་གསུང་ཡང་ཡང་འབྱོན་པའི་གཏམ་གླེང་བར་གྲག དུས་དེར་དགུང་ལོ་ཤིན་ཏུ་གཞོན་པ་དགུང་ཚོད་ཉི་ཤུའི་ནང་ཡིན་པ། རིན་པོ་ཆེ་སྤྱན་སྔ་བའི་གོང་གི་གསུང་ལས་དཔག་ཐུབ་བོ།།

དེའི་ཚེ་སྤྱན་སྔ་རིན་པོ་ཆེ་དེ་ཉིད་ལ་ལམ་འབྲས་དང་། འཇུག་པ་སེམས་བསྐྱེད། ནཱ་རོ་པའི་ཆོས་དྲུག རྗེ་ཕག་མོ་གྲུབ་པ་དང་། ཆོས་རྗེ་འཇིག་རྟེན་མགོན་པོའི་བཀའ་འབུམ། ནི་གུ་ཆོས་དྲུག་སོགས་མདོར་ན་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཐམས་ཅད་གསན། དེ་ནས་འོན་གྱི་ལྷ་ཁང་ཀེ་རུར་ཆོས་བར་ལ་བྱོན། ཚ་ཁོ་དབོན་པོ་སོགས་སྡེ་སྣོད་འཛིན་པ་མང་པོ་ཞིག་ལ་དཀའ་ཆེན་བཞིའི་བཤད་པ་མཛད།

གདན་ས་ཐེལ་ནི། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་ཐུགས་སྲས་དྭགས་པོ་ལྷ་རྗེའི་སློབ་མ་རྡོ་རྗེ་རྒྱལ་པོས་། བོད་རབ་བྱུང་གསུམ་པའི་ས་སྟག་ཕྱི་ལོ1158ལོར་ཕྱག་བཏབ། དེ་ནས་བཟུང་རྡོ་རྗེ་རྒྱལ་པོར་ཕག་མོ་གྲུ་པ་ཞེས་མཚན་ཐོགས་ཤིང་། ཕྱི་ལོ1354ལོར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་ཕམ་པར་བྱས་ཏེ། བོད་ཡོངས་ལ་དབང་བསྒྱུར་རྗེས་སྡེ་སྲིད་ཕག་མོ་གྲུ་པ་ཞེས་མཚན་ཐོགས་པ་ནས་བཟུང་། ཕག་གྲུའི་སྡེ་སྲིད་ན་རིམ་ལ་སྡེ་སྲིད་ཕག་མོ་གྲུ་པ་ཞེས་འབོད།

གདན་ས་ཐེལ་དེ་ཆོས་ཀྱི་ཆ་ནས་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་དང་། སྲིད་ཀྱི་ཆ་ནས་དུས་ཕྱིས་བོད་ཁྲི་སྐོར་ལ་དབང་སྒྱུར་བྱེད་མཁན་ཕག་གྲུའི་གདན་ས་ཡིན་སྟབས། ཆོས་སྲིད་གང་ཐད་ནས་སྙན་པའི་གྲགས་པ་བོད་ཡོངས་ལ་ཁྱབ་པ་ཞིག་ཡིན། རྟེན་གཙོ་བོའི་གྲས་སུ་ཕག་གྲུ་རྡོ་རྗེ་རྒྱལ་པོའི་འདྲ་སྐུ་དང་། ནཱ་རོའི་རུས་རྒྱན། སྤྱན་སྔ་ན་རིམ་གྱི་གདུང་རྟེན་གསེར་ཟངས་དང་། དངུལ་ལས་གྲུབ་པའི་བཀྲ་ཤིས་སྒོ་མང་མཆོད་རྟེན་བརྒྱད། ཕག་གྲུའི་གདུང་རྟེན་བཀྲ་ཤིས་འོད་འབར། ཧུ་ལ་ཧུས་ཕུལ་བའི་གསེར་ཟངས་ཀྱི་དབུ་ཞྭར་མུ་ཏིག་གིས་བརྒྱན་པ་དང་། ད་དུང་དེས་ཕུལ་བའི་ཅོག་ཙེ་སོགས་ཡོད། 

འོན་ཀེ་རུའི་ལྷ་ཁང་ནི་རྩེད་ཐང་ནས་ཉ་མགོ་ཟམ་ཆེན་བརྒལ་ཏེ། བྱང་ངོས་འོན་ཡུལ་གྱི་ཕུ་ལ་སྤྱི་ལེ་བདུན་ཙམ་བསྐྱོད་ན་ཀེ་རུ་ལྷ་ཁང་དུ་སླེབས་ཤིང་། ལྷ་ཁང་དེ་ནི་ཐོག་མར་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱིས་བཞེངས་གནང་མཛད་པ་དང་། དེའི་རྗེས་བླ་མ་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི། ལྷོ་ཁའི་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལྷ་ཁང་རྙིང་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཇོ་བོ་རྗེ་གནས་དེར་ཕེབས་ནས་ཡུན་རིང་བཞུགས་པ་དང་། གཏན་བཞུགས་གནང་བའི་ཞུ་བ་ཕུལ་ཀྱང་། ཇོ་བོས་ང་མ་ཕྱིན་ན་མི་འགྲིག་པས་ངའི་ཚབ་ཏུ་འདི་ཉར་ཚགས་བྱོས། ཞེས་གསུངས་ནས་ཤངས་ཁྲག་གིས་འདྲ་སྐུ་ཞིག་བཞེངས་གནང་མཛད་པ་དང་། ཇོ་བོས་ཉིན་ལྟར་སྒོམ་ནས་བཞུགས་སར་ཞབས་དང་། ཕྱག དབུ་སོགས་ཀྱི་རྗེས་ཡོད་པས་མཆོད་རྟེན་ཞིག་བཞེངས་པ་དེ་ལ་མཆོད་རྟེན་དཀར་ཆུང་ལྷ་ཁང་ཞེས་ཟེར། བསྟན་འགྱུར་བྲིས་མ་པོད་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ཀྱང་ཆེས་རྙིང་མ་ཤ་སྟག་ཡིན།

ཀེ་རུ་ལྷ་ཁང་གི་མཚན་རྙིང་པར་འོན་ཁྲ་སྣ་ཀེ་རུ་ལྷ་ཁང་ཞེས་ཟེར་ཞིང་། དེ་ཡང་ཁྲ་སྣ་ཞེས་པ་ནི་གྲོང་ཚོའི་མིང་རྙིང་པ་ཡིན། ད་དུང་མཁས་དབང་འགའ་ཞིག་གིས་ཀེ་རུ་ལྷ་ཁང་ནི་མུ་ནེ་བཙན་པོའི་དུས་བཞེངས་པར་ཡང་བཞེད།

དགུང་ལོ་ཉེར་དགུ་བར (ཕྱི་ལོ1385ཤིང་གླང་) སྐྱིད་ཤོད་དུ་ཕེབས་ཏེ་ཚལ་དུ་བཞུགས། བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་འཚལ་ལ་གཟིགས་རྟོག་ཞིབ་པར་མཛད། མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་བཤད་ཆེན་པོ་ལེགས་བཤད་གསེར་ཕྲེང་གི་རྩོམ་པའི་དབུ་ཚུགས། ལོ་འདིར་བླ་མ་དོན་གྲུབ་རིན་ཆེན་པ་ཞིང་ལ་ཕེབས། རྗེ་མཁས་གྲུབ་པ་དགེ་ལེགས་དཔལ་བཟང་འཁྲུངས།

དགུན་ཆོས་ལ་བདེ་བ་ཅན་དུ་བྱོན་སྡེ་སྣོད་མང་དུ་གསུངས། ཆ་ཧར་བའི་རྗེའི་རྣམ་ཐར་དུ། སྐབས་ཤིག་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་བྱོན་ནས། ད་ཕྱིན་ཆད་པཎ་་ཞྭ་གསེར་མདོག་གྱོན་ན་བསྟན་པ་དྲི་མ་མེད་པར་འགྱུར་བ་སོགས་ཀྱི་་དགོས་པ་ཡོད་ཅེས་ལུང་བསྟན་པས། རྗེ་རིན་པོ་ཆེས་སྐབས་འདི་ནས་བཟུང་སྟེ་དབུ་ཞྭ་སེར་བོ་བཞེས་པར་མཛད་དོ། །ཞེས་རྗེ་ནས་དབུ་ཞ྄་གསེར་མདོག་དགུང་ལོ་ཉེར་དགུ་ནས་བཞེས་པར་བཤད་ཀྱང་། འཐད་པར་མ་མཐོང་སྟེ། དགུང་ལོ་ཉེར་དགུ་ནི་མདོ་ཕྱོགས་ཀྱི་གསན་བསམ་རྫོགས་མ་ཐག་ཡིན་དུས། ཆོས་བརྒྱུད་རང་རྐང་བ་གཟུང་རྒྱུའི་ཐུགས་དགོངས་འཁྲུངས་ཡོད་མིན་མི་ཤེས་ཤིང་། ད་དུང་ཟབ་མོ་སྔགས་ཀྱི་གསན་བསམ་རྫོགས་པར་འགྲོ་རྒྱུ་ལྷག་བསྡད་པའི་ཕྱིར་རོ། ཡིན་ངོ་མ་དགུང་ལོ་སོ་བདུན་པར་རྫིང་ཇིའི་བྱམས་པར་མཆོད་སྨོན་རླབས་ཆེན་མཛད་པ་དང་། སོ་བརྒྱད་པར་རྫིང་ཇིའི་བྱམས་པ་ཞིག་གསོའི་མཛད་འཕྲིན་དང་འབྲེལ་བ་ཤིན་ཏུ་ཆེ། དེ་དུས་ཇོ་བོ་བྱམས་པའི་སྐུ་དེ་ཡང་རྡུལ་ཁྲོད་ན་འོ་བརྒྱལ་ཞིང་། སྐུ་ལ་བྱ་ཐལ་སོགས་ཀྱི་མི་གཙང་བས་གོས་པར་གྱུར་པ་གཟིགས་པས་ཐུགས་ཀྱིས་མ་བཟོད་པར་སྤྱན་ཆབ་བྱུང་། ཞེས་དེ་འདྲ་དེས་དེ་དུས་ཀྱི་བོད་ཀྱི་བསྟན་པའི་གནས་ཚད་གཟིགས་པ་དང་། སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱི་སྐུ་དྲིན་དྲན་པ་སོགས་ཀྱིས། ཆོས་བརྒྱུད་རང་རྐང་བ་གཟུང་རྒྱུའི་དགོངས་པ་གཞི་ནས་འཁྲུངས་ཏེ། སྔོན་གྱི་འདུལ་འཛིན་རྣམས་ཀྱིས་དབུ་ཞྭ་སེར་བོ་མནབས་པ་ཡིན་པས། དེ་ནས་བཟུང་རྗེ་བླ་མས་བསྟན་པ་སྤྱི་དང་། བྱེ་བྲག་འདུལ་བའི་བསྟན་པ་གསོ་བའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་མདོག །སྔོན་གྱི་འདུལ་འཛིན་བླ་ཆེན་པོ་དང་ཀླུ་མེས་རྣམས་དང་མཐུན་པར་སེར་བོ་མཛད། འཕགས་པ་ལྷའི་ཞལ་ནས། ཞྭ་འདི་གང་གིས་གྱོན་པ་ཕལ་ཆེར་མཁས།། ཞྭ་འདི་གང་གིས་གྱོན་པ་ཕལ་ཆེར་བཙུན།། ཞྭ་འདི་གང་གིས་སྨོད་པར་བྱེད་པ་དེ།། ཞ་ལོང་བཞིན་དུ་རང་ཉིད་ཉམས་པར་འགྱུར་ཅེས་སོ།།

དབུ་ཞྭ་གསེར་མདོག་བཞེས་དུས་དགུང་ལོ་ཉེར་དགུ་བ་མ་ཡིན་པར་སོ་བདུན་པ་ཡིན་པའི་སྒྲུབ་བྱེད་བཙན་པོ་གཞན་ཞིག་ཡོད་པ་ནི། མངའ་རིས་ལྷ་བཙུན་བསྟན་རྒྱན་པའིརྗེའི་རྣམ་ཐར་དུ། ཀུན་མཁྱེན་ཆོས་སྐྱབས་པས། བྲ་གོར་གྱི་དབེན་གནས་རིན་ཆེན་གླིང་དུ་བཅད་རྒྱ་བསྙེན་མཚམས་ལ་བཞུགས་སྐབས། མནལ་ལམ་དུ་དཔལ་ལྡན་ཨ་ཏི་ཤ་ཡིན་ཟེར་བའི་པཎྚིཏ་ཞྭ་དམར་བོ་བྱས་པ། བེར་དུར་ཁ་བཞེས་པ་གཅིག་བྱུང་ནས། ཨ་ཏི་ཤའི་གདམས་པ་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་བླ་མ་གཅིག་འོང་བ་ཡོད་ཅེས་དང་། སང་ཉིན་རྗེ་དཔོན་སློབ་བཞིས་མཁན་ཆེན་ཆོས་སྐྱབས་བཟང་བོ་མཇལ་བར་བྱོན་ཅེས་དང་། མཁན་ཆེན་པས་རྗེ་རིན་པོ་ཆེ་ལ་ཨ་ཏི་ཤ་དངོས་ཀྱི་འདུ་ཤེས་དང་། སྔར་རྨི་ལམ་དུ་བྱུང་བ་ལྟར་གཟིགས་སོ། ཞེས་དང་། ཡང་རྗེའི་ཞལ་ནས་མཁན་ཆེན་པ་ཁྱེད་ཀྱི་སློབ་མ་གྲུབ་ཆེན་ཕྱག་རྡོར་བ་དེ་བླ་མ་གང་ལ་ཐུག སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཇི་ལྟ་བུ་ལགས་ཞུས་པས། ཞེས་དང་། དེ་ནས་རྗེ་རིན་པོ་ཆེ་ལྷོ་བྲག་ལ་འབྱོན་པར་བཞེད་ནས་བྱོན། ཞེས་སོགས་ནི་རྗེ་འདི་བ་དགུང་ལོ་སོ་བརྒྱད་པ་རྫོང་ཇིའི་ཇོ་བོ་བྱམས་པ་ཞིག་གསོ་མཛད་པའི་ལོ་དེ་ག་ཡིན་པས། དེ་དུས་ད་དུང་དབུ་ཞྭ་དམར་བོ་མནབས་བཞིན་པ་དེས་དབུ་ཞྭ་གསེར་མདོག་ཉེར་དགུ་ནས་ཡིན་ཚུལ་མེད་པར། མ་ཐ་སོ་བརྒྱད་ཚུན་ནས་ཡིན་ངེས་པ་གོང་བརྗོད་ལྟར་འཐད་དོ།།

དགུང་ལོ་སུམ་ཅུ་བའི (ཕྱི་ལོ1386མེ་སྟག) དཔྱིད་ཆོས་དབུ་སྟོད་བྱ་ཡུལ་དུ་ཕེབས། དགེ་བའི་བཤེས་གཉེན་བདུན་ཅུ་ཙམ་ཞིག་ལ་ཕར་ཕྱིན་དང་། ཚད་མ། དབུ་མ་འཇུག་པ་དང་། མངོན་པ་ཀུན་བཏུས་རྣམས་གསུངས། སླར་ཡང་ཚལ་དུ་བྱོན་ནས་ཕར་ཕྱིན་གྱི་རྣམ་བཤད་གསེར་ཕྲེང་གི་འཕྲོ་བསྐྱངས་ཤིང་། མཇུག་དེའི་ཕྱི་ལོ་བདེ་བ་ཅན་དུ་རྫོགས་པར་མཛད། ཚལ་པ་བླ་མ་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་པའམ་རྟོགས་ལྡན་སྔོ་ཉལ་པར་དུས་འཁོར་གསུང་བར་ཞུས་ཤིང་། དཔོན་སློབ་གཉིས་ཀས་སྐྱོར་མོ་ལུང་དུ་བཞུགས་ཏེ། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་པ་ཞིབ་པར་གསན་ཅིང་། རྒྱུ་མཚན་རྩིས་དང་ལག་ལེན་རྣམས་ལའང་མཁས་པར་སྦྱངས།

བདེ་མཆོག་དྲིལ་བུ་ལྷ་ལྔའི་ཁྲིད། ནག་པོ་པའི་རྫོགས་རིམ་དཔྱིད་ཐིག །རིམ་པ་བཞི་བ། གུར། སམྦུ་ཊ། ཕྱག་ཆེན་ཐིག་ལེ། དགོངས་པ་ལུང་བསྟན། ལྷ་མོ་བཞི་ཞུས། ཡེ་ཤེས་རྡོ་རྗེ་ཀུན་བཏུས། བཤད་རྒྱུད་རྡོ་རྗེ་ཕྲེང་བ། དགྲ་ནག །རྟོག་གསུམ། རྟོག་བདུན། རྡོ་རྗེ་མཁའ་འགྲོ། མཧཱ་མ་ཡ། རྣམ་སྣང་མངོན་བྱང་། དཔུང་བཟང་། གསང་བ་སྤྱི་རྒྱུད། ལེགས་གྲུབ། བསམ་གཏན་ཕྱི་མ་སོགས་ཀྱང་གསན། དེར་སྡེ་སྣོད་འཛིན་པ་མང་བོ་ལ་གཞུང་ཆེ་ཆུང་མང་བོ་ཡང་གསུངས། ལོ་འདིར་བླ་མ་ཇོ་ནང་ཕྱོགས་རྒྱལ་བ་སྐུ་གཤེགས།

དགུང་ལོ་སུམ་ཅུ་སོ་གཅིག་པའི (ཕྱི་ལོ1387མེ་ཡོས) དབྱར་ཆོས་བདེ་བ་ཅན་དུ་བཞུགས། ལེགས་བཤད་གསེར་ཕྲེང་གི་རྩོམ་པ་གྲུབ། གསེར་ཕྲེང་གི་རྩོམ་པ་ལོ་འདིར་གྲུབ་པའི་རྒྱུ་མཚན་འོག་ཏུ་འགོད། བློ་གསལ་འདུས་པ་རྒྱ་མཚོའི་ཚོགས་ལ་སྡེ་སྣོད་ཀྱི་བཤད་པ་མང་དུ་གནང་། དེ་ནས་དགུན་སྟོད་ལུང་མཚོ་སྨད་དང་། ངང་དཀར་དུ་དུས་འཁོར་ལ་ཐུགས་སྦྱོང་ཤིན་ཏུ་འགྲུས་པར་མཛད། དེར་ཡང་བཤེས་གཉེན་བློ་གསལ་མང་བོ་ལ་སྡེ་སྣོད་མང་དུ་གསུངས། དེ་ཡང་འཆད་པ་ལ་རྔམ་ཞིང་འཆད་རྒྱུས་འཕོངས་པའི་ཕྱིས་ཀྱི་བཅོལ་ཆུང་རེ་ཟུང་གིས་བསྟན་བཅོས་ཆེན་པོ་<རྒྱན་འགྲེལ་ལེགས་བཤད་གསེར་ཕྲེང་>དེ་ཉིད། རྒྱལ་བ་ཀློང་ཆེན་པའི་གསུང་རྩོམ་དུ་འུར་བ་ནི་ཕ་ལ་རེ་བ་བུ་ལའང་མ་ཡོང་བའི་ཤིན་ཏུ་ཐབས་ཆག་པའི་སྤྱོད་པ་སྟེ། དེ་འདྲའི་དོགས་པ་དང་དོགས་སློང་སྐྱེ་ན་སྐྱེ་འོས་པ་གོ་ཤཱཀ་རོང་གསུམ་ལ་ཡོད་ཀྱང་སྒྲོས་ཙམ་མེད་པ་དང་། སྟག་ཚང་ལོ་ཙཱ་བ་མཆོག་གིས་ཀྱང་། ཁྱོད་བློ་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།། མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།། བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།། ཟབ་ཡངས་མཁྱེན་པའི་གཏེར།། ཞེས་པ་དེ་ཡང་བསྟན་བཅོས་འདི་ཉིད་ལ་གསུངས་པས་འགྲུབ་ཞིང་འདིས་ནི་སྨྲ་བ་མེད་པར་བྱས་ཡོད། ངང་ཚུལ་དེ་ནི་རང་ཉིད་ལྟོས་བཅས་ཀྱིས་ཕ་ཤུལ་བུས་མ་ཟིན་པའི་རང་རྟགས་ཁྲོམ་ལ་བཀྲམ་པ་ཤིན་ཏུ་ངོ་ཚ་བའི་གནས་ཏེ། དེ་འདྲ་ཚོགས་གཏམ་ལ་ཕར་ཟད་ནང་མོལ་ལའང་ཧ་ཅང་ཡ་ང་བའི་གནས་སོ།།

དགུང་ལོ་སུམ་ཅུ་སོ་གཉིས་པར (ཕྱི་ལོ1388ས་འབྲུག) ཡར་ཀླུང་རྫོང་ཇི་གྲགས་པ་རིན་ཆེན་པ་དང་། གོང་དཀར་སྒོམ་པ་ཆོས་རྒྱལ་པས་གསོལ་བ་བཏབ་པ་བཞིན། གོང་དཀར་དང་ཡར་ཀླུང་དུ་ཕེབས། སོས་དེ་གོང་དཀར་རིགས་ལྔ་ལྷ་ཁང་དུ་བཞུགས། སྡེ་སྣོད་འཛིན་པ་བདུན་ཅུ་ལྷག་ཙམ་ལ། ཕར་ཕྱིན་དང་། ཚད་མ། མངོན་པ་གོང་འོག །དབུ་མ་འཇུག་པ་སོགས་གསུངས། དེ་ནས་ཡར་ཀླུང་དུ་བྱོན་ནས་མོན་མཁར་དུ་བཞུགས། སྡེ་སྣོད་མང་བོའི་བཤད་པ་དང་། རྒྱུད་སྡེ་གོང་འོག་དང་། ལྷག་ལྷ་དུ་མའི་དབང་ལུང་རྗེས་གནང་གསུངས། དགུན་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས། བོད་ལ་སྔར་མ་གྲགས་པའི་ལོ་རྗེས་མའི་གསུང་ཆོས་ལ་སྐུ་མཚམས་བཅད་ནས་ཕྱག་དཔེ་མང་བོར་གཟིགས་རྟོག་མཛད། 

མོན་མཁར་བཀྲ་ཤིས་གདོང་ནི། རྩེད་ཐང་ནས་གྲ་ནང་རྫོང་ཁོངས་སུ་སྤྱི་ལེ28ཙམ་བསྐྱོད་ན་རྣམ་སྲས་གླིང་གཞིས་ཀར་སླེབས་ཤིང་། གཞིས་ཀ་དེ་ནི་གྲ་ཕྱི་མོན་མཁར་རོང་ཞེས་པའི་གྲོང་ཚོ་དང་ཉེ་བར་གནས་ཡོད་པས། ཐོག་མའི་མིང་ལ་མོན་མཁར་བཀྲ་ཤིས་གདོང་ངམ་བཀྲ་ཤིས་རབ་བརྟན་ཞེས་ཟེར་གྱི་ཡོད་ཀྱང་། ཕྱིས་རིམ་པར་གཞིས་ཀ་རྒྱ་བསྐྱེད་དང་ཉམས་གསོ་ལེགས་པར་བྱས་ཏེ། གཞིས་ཀ་དེ་རྒྱ་ཁྱོན་ཆེ་ལ་ཐོག་དཔང་མཐོ་ཞིང་བཟོ་བཀོད་ལེགས་པ་རྣམ་སྲས་ཀྱི་ཕོ་བྲང་ལྟ་བུ་ཞིག་ཏུ་གྱུར་པས་མིང་ལའང་རྣམ་སྲས་གླིང་གཞིས་ཀ་ཞེས་ཟེར།

དེ་ཡང་སྤྱི་ལོའི་དུས་རབས་བཅུ་གསུམ་སྐབས། ས་སྐྱ་པས་སོག་རྒྱལ་བོའི་རོགས་སྐྱོར་ལ་བརྟེན་ནས་བོད་དུ་ཁྲི་སྐོར་བཅུ་གསུམ་བཙུགས་ཏེ་བོད་ལ་དབང་བསྒྱུར། དེའི་སྐབས་ཁྲི་སྐོར་ཕག་མོ་གྲུ་པས་རང་གི་མངའ་ཞབས་སུ་ཧུར་བརྩོན་དང་། ཡ་རབས་ཀྱི་བྱ་ཐབས་བཟང་པོ་སྣ་ཚོགས་སྤྱད་དེ་མངའ་དབང་བརྟན་དུ་བཏང་བ་དང་། དབང་ཤུགས་ཇེ་ཆེར་བཏང་ཞིང་། ཕྱིས་དཔོན་རྡོ་རྗེ་དཔལ་གྱིས་ཕག་མོ་གྲུ་པའི་ཁྲི་དཔོན་བྱེད་སྐབས། ཕོ་བྲང་སྒང་སོགས་གཞིས་ཀ་མང་པོ་ཞིག་བརྩིགས་པའི་ནང་གི་མོན་མཁར་བཀྲ་ཤིས་གདོང་ཞེས་པ་དེ་ནི། རྣམ་སྲས་གླིང་གཞིས་ཀ་ཞེས་པ་དེ་ཡིན། 

དགུང་ལོ་སོ་གསུམ་པའི་ (ཕྱི་ལོ1389ས་སྦྲུལ) དཔྱིད་ཉིན་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས། ཐུགས་ཐོག་ཏུ་གཞུང་ཆེན་བཅུ་བདུན་རྩ་འགྲེལ་པོ་ཏི་སུམ་ཅུ་ལྷག་གི་བཤད་པ་ཟླ་གསུམ་ལ་རྫོགས་པར་མཛད་པའི་སྔོན་མེད་པའི་ཟིན་ཐོ་བཀོད། ཐུགས་ཐོག་ཡིན་པ་ཅིས་ཤེས་ཟེར་ན། <རྣམ་ཐར་ཆེན་མོར> ཟླ་བ་དེའི་ཚེས་བཅུ་ནས་གནམ་གང་གི་བར་སྐུ་མཚམས་བཅད་ནས་གཟིགས་རྟོག་མཛད། གནམ་གང་གི་ཉིན་ཕྱག་དཔེ་ཐམས་ཅད་ཀྱི་སྐུ་རགས་བཅིངས། ཞེས་པ་ནས། ཚེས་ལྔ་ནས་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས། ཞེས་པ་དང་ཁྱད་པར་ཕྱག་དཔེ་ཐམས་ཅད་ཀྱི་སྐུ་རགས་བཅིངས་ཞེས་གསུངས་པའི་ཕྱིར་རོ།། དེའི་ཕྱིས་པོ་ཏི་བཅུ་ཙམ་གུང་བསྒྲིགས་ནས་པོ་ཏི་རེ་ལ་འགྲེལ་བ་གཉིས་གསུམ་དང་སྦྲེལ་ཏེ་གསུངས་བ་ལན་མང་མཛད་པ་དང་། ཁྱད་པར་བྱ་བྲལ་ལ་འབྱོན་ཁར་པོ་ཏི་ཉེར་དགུ་སྦྲེལ་ནས་གསུངས་པས་ཀུན་ངོ་མཚར་བའི་གནས་ལ་བཀོད་པ། རྗེ་རྟོགས་ལྡན་འཇམ་དཔལ་བས་གསུངས་སོ།།

དབྱར་ཁ་ཡར་ལུང་ཨོ་ཀར་བྲག་ཏུ་སྐུ་མཚམས་དམ་པོས་ཐུགས་དམ་གནང་ཞིང་། དཔལ་འཁོར་ལོ་བདེ་མཆོག་གི་བསྒོམ་བཟླས་དང་། ཐུན་བཞིའི་རྣལ་འབྱོར། བདག་འཇུག་ཤིན་ཏུ་མང་བར་མཛད་ཅིང་། ནི་གུ་ཆོས་དྲུག་གི་དམིགས་སྐོར་རྣམས་ཐུགས་ཉམས་སུ་བསྟར་ནས་ལེགས་པར་སྦྱངས་ཏེ། ཞག་རེ་ལ་གཏུམ་མོ་རླུང་སྦྱོར་ཡང་བརྒྱད་བརྒྱ་རེ་ཙམ་མཛད། གཏུམ་མོ་ལ་སོགས་པའི་ཐུགས་ཀྱི་ཉམས་བཟང་བོ་མང་དུ་འཁྲུངས་སོ། །དུས་འཁོར་འགྲེལ་ཆེན་ལ་གཟིགས་རྟོག་མཛད། དེ་ནས་སྐྱིད་ཤོད་པོ་ཏ་ལར་རྗེ་བཙུན་རེད་མདའ་བ་དབུས་སུ་ཆོས་བར་ལ་ཕེབས་པའི་དྲུང་དུ་དམ་པའི་ཆོས་ཀྱི་བཀའ་བགྲོ་བ་མང་དུ་མཛད་ཅིང་། དགུན་སྐྱོར་མོ་ལུང་གི་བྲག་ལ་བཞུགས་ནས་སྡེ་སྣོད་འཛིན་པ་ཆེན་པོ་དུ་མ་ལ། དུས་འཁོར་དང་། ཕར་ཚད། མངོན་པ་སོགས་མང་དུ་གསུངས།

སྐྱོར་མོ་ལུང་ནི། སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས། བཀའ་གདམས་ཀྱི་བསྟན་པ་དར་འགོ་ཚུགས་ནས་ཡུན་རིང་མ་སོང་བར། སྦལ་ཏི་དགྲ་བཅོམ་པ་དབང་ཕྱུག་ཚུལ་ཁྲིམས་ཀྱིས་དགུང་ལོ་ཞེ་གཅིག་ལ་ཕེབས་པ། རབ་བྱུང་གསུམ་པའི་ས་གླང(1169)ལོར་ཕྱག་བཏབ། བཀའ་གདམས་བརྒྱུད་འཛིན་གྱི་དགོན་པ་ཡིན་ཅིང་། མཆོད་རྟེན་གྱི་རྭ་བས་སྐྱོར་བ་ན་སྐྱོར་མོ་ལུང་ཞེས་འབོད། འདུལ་བ་དང་མཛོད་ཀྱི་བཤད་ཉན་དར་རྒྱས་ཆེན་པོ་ཡོད་པར་བརྟེན། རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་ཉི་ཤུར་ཕེབས་པ། མེ་འབྲུག(1376)ལོར་སྐྱོར་མོ་ལུང་དུ་ཕེབས་ནས་མཁན་ཆེན་དཀའ་བཞི་པ་བློ་གསལ་གྱི་དྲུང་དུ། འདུལ་བའི་བཤད་པ་ཆ་ཚང་བ་གསན་ཞིང་རྒྱུན་རིང་བཞུགས། མཁན་ཆེན་ཆོས་རྒྱལ་བ་རྗེ་ཙོང་ཁ་པའི་དངོས་སློབ་ཏུ་གྱུར།

སྔོན་དུས་དགོན་གནས་དེ་ཉིད་བཤད་སྒྲུབ་འཆད་ཉན་དར་རྒྱས་ཧ་ཅང་ཆེ་སྟབས་སེ་འབྲས་མ་ཆགས་གོང་དབུས་ཀྱི་གདན་ས་དྲུག དགའ་གདོང་། སྐྱོར་མོ་ལུང་། ཟུལ་ཕུ་བཅས་དགའ་སྐྱོ་ཟུལ་གསུམ་དང་། བདེ་བ་ཅན། གསང་ཕུ། གུང་ཐང་བཅས་བདེ་གསང་གུང་གསུམ་ཏུ་གྲགས་པའི་ཡ་གྱལ་གཅིག་ཡིན།

གསུམ་པ།

བདེ་ལམ་ལ་གསང་ལམ་གྱི་འཆར་སྣང་།

དགུང་ལོ་སོ་བཞི་བའི (ཕྱི་ལོ1390ལྕགས་རྟ) དཔྱིད་རྟའི་ལོ་ལ། རྒྱུད་སྡེ་ཆེན་པོ་རྣམས་ཀྱི་བཤད་པ་དང་། དབང་ལག་ལེན་མན་ངག་དང་བཅས་པ་མཐའ་དག་རྫོགས་པ་ཞིག་རྩད་གཅོད་མཛད་པར་བཞེད་པ་དང་། བླ་མ་རྗེ་བཙུན་པ་དང་དཔོན་སློབ་གསུང་གླེང་མཛད་པའི་དགོས་པ་འགའ་ཞིག་གི་ཕྱིར་དུ་གཙང་ལ་བྱོན། རོང་ཆོས་ལུང་དུ་བཞུགས། ཚོགས་པའི་མཁན་པོ་རིན་པོ་ཆེ་གྲགས་པ་བཤེས་གཉེན་པ་ལ་བཀའ་ལུང་ཅི་རིགས་པ་གསན། གསན་ཡིག་ཏུ། རིམ་ལྔ་དོན་ལྔ་བ་སོགས་སྔགས་ཕྱོགས་ཁོ་ནའི་ཆོས་ཀྱི་རྣམ་གྲངས་ཉི་ཤུ་ལྷག་གསན། རིན་པོ་ཆེ་དབུ་མ་བ་བརྩོན་འགྲུས་སེང་གེ་དེའི་དབེན་གནས་བདེ་མཆོག་སྟེང་ནས་རོང་ཆོས་ལུང་དུ་ཕེབས། དཔོན་སློབ་ཐོག་མར་མཇལ། ཕན་ཚུན་ཆོས་འབྲེལ་ཞུས་ཤིང་གསང་བའི་གསུང་གླེང་བྱུང། 

དེ་ནས་བླ་མ་རེད་མདའ་བའི་གསུང་འཕྲིན་འབྱོར་བ་བཞིན་སྟག་ཚང་རྫོང་ཁར་བྱོན། སྟག་ཚང་རྫོང་ཁ་ནི་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་ཕྱིས་ཀྱི་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གདན་ས་ཡིན། ཆོས་རྗེ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་བོས་མཐུན་རྐྱེན་གྱི་ཁུར་བཞེས་དང་མཚམས་སྦྱོར་མཛད་དེ། མཁན་ཆེན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་པ་དང་། རྗེ་བཙུན་རེད་མདའ་བ་དང་། བླ་མ་ལོ་ཙཱ་བ་དོན་བཟང་བ་དང་། རྗེ་རིན་པོ་ཆེ་འདི་བའི་ཞལ་སྔ་ནས་དང་། དེ་དག་གི་ཞམ་འབྲང་དུ་ལྷགས་པའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཕུན་སུམ་ཚོགས་པ་དུ་མ་དང་། གཉུག་མར་གནས་པའི་དགེ་འདུན་གྱི་ཚོགས་དང་བཅས་པའི་གངས་ལྗོངས་ནང་བའི་བགྲོ་གླེང་ཆེན་མོར་ཞུ་ཆོག་པ་ཞིག་གདན་འཛོམས།

བླ་མ་རྗེ་བཙུན་པ་དཔོན་སློབ་གཉིས་ཀྱིས་རྣམ་འགྲེལ་རྒྱན་གྱི་དཀའ་གནད་གཏན་ལ་འབེབས་པའི་རིགས་པའི་བརྒལ་བརྟག་ཀྱང་མང་དུ་མཛད། དེ་ནས་དཔོན་སློབ་གཉིས་འབའ་འུ་འབའ་གཉེར་དུ་ཆོས་བར་ལ་བཏེགས་ནས་བྱོན། བླ་མ་རྗེ་བཙུན་རེད་མདའ་བའི་ཞལ་སྔ་ནས་ལ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་བཤད་པ་གསན། བླ་མ་རྗེ་བཙུན་པས་རེ་ཞིག་སྡེ་སྣོད་ཀྱི་བཤད་པ་མཛད་པར་སྐུལ་ཀྱང་། རིན་པོ་ཆེ་འདི་བས་སྔགས་ལ་འདུན་པ་དྲག་པོ་བདོག་པས་སྔོན་ལ་སྔགས་ཕྱོགས་ཀྱི་རྩད་གཅོད་ཆོག་པའི་དགོངས་པ་ཞུ།

བླ་མ་རྗེ་བཙུན་པ་ས་སྐྱ་ལ་ཕྱག་བཏེག། རྗེ་འདི་བས་རོང་ཆོས་ལུང་དུ་བྱོན། བླ་མ་དབུ་མ་བ་ལ་འཇམ་པའི་དབྱངས་ཀྱི་ཆོས་བསྐོར་གསན། ཉང་སྟོད་དུ་རིན་པོ་ཆེ་སྡེ་ཆེན་པའི་དྲུང་དུ་འབྱོན་པར་བཞེད་པ་ལ། ཕག་མོ་གྲུབ་པའི་དམག་ཆེན་གཡོ་བ་ལ་དོགས་ནས། དེའི་དམག་ཐག་མ་ཆོད་བར་རོང་གི་རིང་ལུང་ཕུག་ཏུ་བཞུགས། འདིའི་དམག་ཆེན་<རྣམ་ཐར་ཆེན་མོ>སོགས་ན་གསལ་ཁ་མེད་ཀྱང་། ཡིན་རྒྱུ་དེ། སྤྱན་སྔ་གྲགས་པ་རྒྱལ་མཚན་ཁྲི་ལས་ཐོག་སྐབས། ཉང་སྟོད་ཤར་ཁ་བ་རབ་བརྟན་ཀུན་བཟང་འཕགས་ཀྱི་བྱེད་ལས་སྟེང་གཙང་ཕྱོགས་ལ་དཔུང་འཇུག་བྱས་པ་དེ་རེད། སྟོན་མཇུག་ཉང་སྟོད་ཀྱི་གོང་གསུམ་བདེ་ཆེན་དུ་ཕེབས། ཀུན་མཁྱེན་བུའི་བུ་ཆེན་རྣམས་ལས་དུས་འཁོར་ལ་མཆོག་ཏུ་མཁས་པ། རིན་པོ་ཆེ་ཆོས་ཀྱི་དཔལ་བའི་དྲུང་དུ་མཇལ། འགྲེལ་ཆེན་གསུང་བའི་ལེའུ་དང་པོ་རྫོགས་པའི་ཆོས་མཚམས་ལེའུ་གཉིས་པའི་འགོ། གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱེད་པའི་དོན་དུ། ཞེས་པའི་སྐབས་ལ་ཁེལ་བས་ལེའུ་དེ་ནས་དབུ་བཙུགས་ཏེ་རྫོགས་པར་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།