རྗེ་ཙོང་ཁ་བ་ཆེན་པོའི་ཀློག་པ་ཐོས་བསམ་གྱི་འགྲུལ་བཞུད་རིང་མོ། (གཅིག)

བསྟན་དོན་གནད་བསྡུས།

(1)མདོ་སྨད་དུ་ཐོག་མའི་གསན་བསམ་གནང་ཡུལ་གང་ཡིན་དང་། བར་དུ་རྒྱ་ཆེན་ཐོས་པ་མང་དུ་བཙལ་པའི་དབུ་བརྙེས་ཚུལ། ཐ་མར་གཞི་ཆེ་བའི་ཐོས་པ་འཚོལ་བ་ལ་ལུས་སྲོག་ལྟོས་མེད་ཀྱི་དཔའ་སྟོབས་བདག་གིར་བཞེས་པ། (2)དོན་ངོ་མར་དབུས་ཕེབས་ཀྱི་ལམ་ཁ་གང་ཡིན་དང་། དེའི་ལེ་བར་ཉིས་སྟོང་ལྷག་གི་སྐུ་ངལ། (3)ཐོས་བསམ་གྱི་གདན་ས་ཁག་ཟུར་དུ་བཏོན་ཞིང་། དེའི་ལེ་བར་ཁྲི་ཕྲག་གི་སྐུ་ངལ་དང་། ཕྱི་ཚེས་ལོ་ཁམས་སྦྱར་བའི་མཛད་རིམ་གྱི་ཁོག་བསྒྲིགས་པ། (4)ལས་དང་པོ་བ་རྣམས་ལ་ཐད་ཀ་ཐད་ཀར་རིན་པོ་ཆེ་འདི་བའི་བླ་མ་གཙོ་བོ་དག་གི་རྣམ་ཐར་དང་། གདན་ས་གཙོ་གྲས་ཁག་གི་ལོ་རྒྱུས་ངོ་སྤྲོད་རགས་ཙམ་པ། (5)གནས་གང་དུ་ཐུགས་ཐོག་གི་འཆད་ཁྲིད་ཟླ་བ་གསུམ་ལ་རྫོགས་པར་མཛད་པས་འཛམ་གླིང་ལ་སྔོན་མེད་ཀྱི་ཟིན་ཐོ་དང་། གངས་ལྗོངས་ནང་བསྟན་བགྲོ་གླེང་ཆེན་མོ་གདན་འཛོམས་པ། (6)དགུང་ལོ་ཅི་ཙམ་པར་བོད་ཁ་བ་གངས་ཅན་པར་སྔར་མ་གྲགས་པའི་གྲྭ་སྐོར་མང་ཤས་དང་། རིགས་ལུང་བརྒལ་བརྟག་ཆེས་གནད་སྨིན་ཤས། ཆེས་དུས་ཡུན་རིང་ཤས་དང་། ཆེས་ཆ་ཚང་ཤས་ཀྱི་མདོ་ཕྱོགས་སློབ་གཉེར་ཡོངས་སུ་གྲུབ་པ། (7) དགུང་ལོ་ཅི་ཙམ་པར་གཞི་ཆེ་བའི་འཆད་རྩོམ་གཉིས་དབུ་བརྙེས་པ་དང་། དེ་བཞིན་གཞི་ཆེ་བའི་སྔགས་ཀྱི་གསན་བསམ་བརྩམས་པ་དང་། བྱ་བྲལ་ལ་བྱོན་ཅིང་གཙོ་ཆེར་སྒྲུབ་པ་ཉམས་བཞེས་གནང་བ། (8) གནས་གང་དུ་དཔལ་རི་བོ་དགའ་ལྡན་པའི་ཆོས་གཞིས་ཐོག་མ་དང་འདུས་པ་དང་པོ་བརྩམས་པ། (9)<རྣམ་ཐར་ཆེན་མོའི་>ཀློག་པ་ཐོས་བསམ་གྱི་མཛད་རྣམ་ཁག་ཕྱི་ཚེས་ལོ་ཁམས་སྦྱར་བའི་གཞི་བཅོལ་ཁོངས་དང་། དེའི་དངོས་ཤུགས་ཀྱི་བསྟན་དོན་དང་། ཕྱིས་ཀྱི་རྣམ་ཐར་ཁག་གི་གཡའ་དང་དོགས་པ་སེལ་ཞིང་འཁྲུལ་མེད་དུ་བསྟན་པ། (10)འཛམ་གླིང་ཤར་ནུབ་བཅས་པའི་དུས་མཚུངས་རོལ་ཙམ་སྒྲིག་པ་བཅས་པས་མཇུག་གྲུབ་པའོ།།

བརྡ་ཆད། དབུས་གཙང་། ཆོས་གྲྭ། བླ་མ། ཐོས་བསམ། གྲྭ་སྐོར། ཕེབས་བཞུད། 

དེ་ལའང་ས་བཅད་དྲུག་སྟེ། སྔོན་གླེང་། བརྒལ་བརྟག་གིས་བཙོ་སྦྱངས་རིང་མོ། འཆད་ཉན་གྱིས་བདུད་རྩིའི་བགོ་འགྲེམས། བདེ་ལམ་ལ་གསང་ལམ་གྱི་འཆར་སྣང་། ཁོངས་སྣེ་འཁྲུལ་མེད་ཀྱི་གཟེར། གཡའ་སེལ་འཁྲུལ་མེད་དུ་བསྟན་པ། དུས་མཚུངས་སྒྲིག་པ་བཅས་སོ།

སྔོན་གླེང་།

ཞབས་ཐང་ལྷམ་ཧྲལ་གྱི་བགྲོད་པ་རིང་མོ།

ས་སྒང་གོ་ལ་འདིའི་སྐྱ་རེངས་སྐྱ་མདའ།

གཅིག 

  དེ་ཡང་རྟོགས་བརྗོད་འདུན་ལེགས་མ་དང་ལམ་རིམ་ཉམས་མགུར། ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་བཅས་ནི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་མཆོག་གིས་རང་རེ་ལ་ཐུགས་བརྩེ་བ་ཆེན་པོས་གནང་བའི་ཁོང་རིགས་ཀྱི་རང་རྣམ་རྣམ་གསུམ་ཞེས་བྱ་ཞིང་། དེ་ལས་འདུན་ལེགས་མ་ནི་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་ཐོས་བསམ་སློབ་གཉེར་གྱི་རྣམ་ཐར་དང་། ལམ་རིམ་ཉམས་མགུར་ནི་བར་དང་ཐ་མར་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བ་དང་། ཐུགས་ཉམས་སུ་བཞེས་པའི་སྒྲུབ་པ་ཉམས་བཞེས་ཀྱི་རྣམ་ཐར་དང་། ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་ནི་ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པ་དང་་རྣམ་ཐར་སྤྱིའི་འཆིང་བཅས། དེ་ཡང་ཇི་སྐད་དུ། རྗེ་བླ་མ་ཙོང་ཁ་བ་ཆེན་པོ་རང་གི་རྟོགས་པ་བརྗོད་པ་ལས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཞེས་གསུངས་སོ། དེ་ལྟའི་ཚིག་གི་ཞལ་བཞེས་དང་དོན་གྱི་ཕྱག་བཞེས་གཉིས་ཆ་ལ་ནི་སྔོན་གྱི་ཁ་བ་རི་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་སུ་གང་གིས་ཀྱང་ཐོན་མྱོང་མེད་པའི་ཚིག་བཅད་ཤོ་ལོ་ཀ་འདིའི་ནང་དུ། གང་ཟག་གཅིག་ཐེག་པ་རིམ་འཛེགས་ཀྱིས་གནས་སྐབས་ཐར་བ་དང་། མཐར་ཐུག་རྒྱལ་བ་སངས་རྒྱས་ཀྱི་སའི་བར་གྱི་བགྲོད་པ་གཅིག་གི་གོ་རིམ་མ་འཆོལ་ཞིང་། ཡན་ལག་མ་ཚང་བ་མེད་པ་བསྟན་ཏེ། རང་རེའི་བསྟན་པའི་དགོངས་དོན་ཐམས་ཅད་ཀྱི་བཅུད་ཕྱུང་ཞིང་། བསྟན་འཛིན་གྱི་མཁས་གྲུབ་ཅིག་ལ་དགོང་ངེས་ཀྱི་རྣམ་ཐར་མཛད་རླབས་ཡོངས་ཀྱི་གནད་བསྡུས་པ་དང་། ཁྱད་པར་རྗེ་བླ་མ་རང་གི་དང་པོ་ཐོས་བསམ་སློབ་གཉེར་ཇི་ལྟར་གནང་ཚུལ་དང་། བར་དུ་རྒྱལ་བའི་མདོ་རྒྱུད་ཐམས་ཅད་འགལ་མེད་གཅིག་གྲོགས་གཅིག་ལ་འགྲོ་བའི་དགོངས་པ་འཁྲུངས་ཚུལ། ཐ་མ་ཅི་མཛད་ཅི་དགོངས་ཐམས་ཅད་གཅིག་ཏུ་སྐྱེ་འགྲོ་སེམས་ཅན་ཡོངས་ཀྱི་བདེ་རྩར་དམིགས་པའི་དམིགས་པ་ཆེན་པོའི་མཛད་རླབས་བཅས་ཀྱི་སྡོམ་ཆེན་པོ་ཉིད་མཛད་པ་ཡིན་ནོ།།   དེ་ལྟ་བུའི་མཛད་པའི་རླབས་ཆེན་པོ་དེ་འདྲ་བ་ནི་བདག་རང་ལྟ་བུས་ནི་ཇི་ལྟར་བརྗོད་པར་བྱ་ཞིང་། བརྗོད་པར་བྱ་བའི་གནས་མ་ཡིན་མོད། འོན་ཀྱང་། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། ཅེས་པའི་ཚིག་རྐང་དང་པོ་འདི་ནས་འཕྲོས་ཏེ། དང་པོ་མདོ་སྨད་དུ་གསན་བསམ་ཅི་ཙམ་གནང་བ་དང་། དེ་ནས་དབུས་གཙང་ལ་སློབ་གཉེར་དུ་གྲོགས་སུ་དང་ལམ་ཁ་གང་ནས་བརྒྱུད་དང་། དེ་ནས་གདན་ས་ཆེན་པོ་གང་དང་གང་ལ་ཕེབས། དེ་དང་དེར་གཞི་ཆེ་བའི་གསན་བསམ་ཇི་ལྟར་གནང་དང་། དེ་ཡང་གནས་རེ་ཟུང་མ་ཡིན་པར་མདོ་དབུས་གཙང་གསུམ་གྱི་གནས་ཡུལ་དུ་མར་ཇི་ལྟར་ཕེབས་དང་། དེ་དག་གི་ལམ་ཐག་རྒྱང་ཚད་བཅས་ནས་དཀྱུས་བསྲིངས་ཏེ་རགས་ཙམ་བརྗོད་པ་དང་དུ་བླང་བར་བྱའོ།།

གཉིས་པ།

   དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དེ་ཉིད་ཀྱིས་མདོ་སྨད་དུ་གསན་བསམ་ཅི་མཛད་པ་ལ། དང་བོ་འདི་ཤེས་དགོས་པ་ཡོད་དེ། དེ་ཡང་རིན་པོ་ཆེ་འདི་ཉིད་བོད་ཤར་ཕྱོགས་ཀྱི་ཡུལ་མདོ་ཁམས་ཙོང་ཁའི་བརྒྱུད་དུ། ཀླུ་འབུམ་ཞེས་པའི་ཚོ་བར་དཱ་ར་ཁ་ཆེའི་གོ་ཐོབ་ཅན་གྱི་ཁྱིམ་རྒྱུད་ཆེན་པོ་གཅིག་ཏུ་(ཕྱི་ལོ་1357~~1419)སྐུ་འཁྲུངས། འདི་བ་འཁྲུངས་ལོའི་ཡར་སྔོན་ལོ་གསུམ་པ་ནས་སྲིད་ལོ་ཉིས་བརྒྱ་དྲུག་ཅུ་ཅན་གྱི་གནམ་བསྐོས་ཕག་གྲུའི་སྲིད་དབང་ཚུགས། སྡེ་སྲིད་ཕག་མོ་གྲུབ་པ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཁམས་དབང་བསྒྱུར། དེ་ལ་རྒན་མོ་གསེར་འཁུར་གྱི་དུས་ཞེས་ཤིན་ཏུ་དུས་བདེ་ཞོད་འཇགས་ཀྱི་སྲིད་རབས་བྱས་པ་ཅན་ཞིག་ཡིན་རབས་ཡོད། ཡབ་དཱ་ར་ཁ་ཆེ་ཀླུ་འབུམ་དགེའམ་མཚན་དངོས་དོན་གྲུབ་ལེགས་པ་དང་། ཡུམ་ཤིང་མོ་བཟའ་ཨ་ཆོས་ལྟེངས་ཞབས་གཉིས་ལ་བུ་ཆེ་བ་གཙུག་ཏོར་བྱམས། དེའི་འོག་ཚེ་པོ། ཚེ་དབང་རྒྱལ། ཀུན་དགའ་སྙིང་བོ། བློ་བརྟན་བཅས་བུ་ལྔ་དང་། རྗེ་ལ་ཡོངས་གྲགས་ཀྱིས་ཨ་ཅེས་ཞིག་དང་བཅས་སྲས་སྲས་མོ་དྲུག་མངའ་བ་ལས་རིན་པོ་ཆེ་འདི་བ་ནི་ལྔ་བ་ཡིན་ནོ།།

དེ་དུས་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ཞེས་གྲགས་པའི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱིས་ཐུགས་ཀྱི་དཔྱད་པས་སྔོན་དུ་དཔགས་སྟེ། རྗེ་འདི་བ་མ་འཁྲུངས་པའི་སྔ་ལོ་ནས་འཁྲུངས་གཞིས་རྒྱབ་ཀྱི་སྒྲུབ་གནས་ཆུ་དཀར་རི་ཁྲོད་དུ་ཆོས་སྒོ་སྐྱེལ་ཚུལ་ཏུ་བྱོན་ཡོད་པ་དང་། ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་ནས་སྲུང་ཟློག་གི་བྱ་ར་མ་གཡེལ་བར་བཞུགས་ཤིང་སྒུག་ནས་ཡོད་པ་ལ། བླ་མ་དོན་གྲུབ་རིན་ཆེན་པ་དགུང་ལོ་ཞེ་བརྒྱད་པ། ཕྱི་ལོ་(1357~)ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཐོ་རངས་ཀྱི་ཆ་ལ་སྐར་ཆེན་ཤར་བ་དང་སྟབས་གཅིག་ཏུ་བདེ་བར་འཁྲུངས། འཁྲུངས་པའི་ཉིན་གྱི་ནངས་སྔ་མོ་དེར་ཆོས་རྗེ་དོན་གྲུབ་རིན་ཆེན་པས་བུ་ཆུང་སྲུང་བ་དང་། རྟེན་འབྲེལ་བསྒྲིག་དགོངས་པའི་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་མངགས་པའི་གདོང་། གསོལ་རས་དང་སྲུང་མདུད། རྟེན་འདུས་རིལ་བུ་བསྲེས་བའི་ཚེ་རིལ། འཇིགས་བྱེད་ཀྱི་བྲིས་ཐང་ཞིག བུ་ཆུང་བསྐྱང་ལུགས་ཀྱི་གསུང་འཕྲིན་ཞིག་བཅས་འབྱོར་ཅིང་། སྔ་མོ་ནས་ཐུན་མོང་མ་ཡིན་པའི་མཆོད་ཡོན་གྱི་འབྲེལ་ཟབ་པས། གསུང་འཕྲིན་བརྒྱུད་དེ་བུ་ཆུང་ལ་ཀུན་དགའ་སྙིང་བོ་ཞེས་མཚན་གསོལ་ཀྱང་མཛད། ཉེ་གནས་དེའི་མཚན་ལའང་ཀུན་དགའ་དོན་གྲུབ་ཟེར་བའི་གསུང་རྒྱུན་ཀྱང་མཆིས། དེ་ནི་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱིས། རང་གི་བུ་ལ་མཚན་གསོལ་བའི་རྟེན་འབྲེལ་གྱི་གནད་དང་འདྲ་བོ་ཞིག་འདུག་གོ།།

རིན་པོ་ཆེ་འདི་ཉིད་འཁྲུངས་མ་ཐག་པའི་དུས་ཙམ་དུ་མ་ཟད། དེ་རྗེས་འཁྲུངས་ལོ་གཉིས་པ་དང་གསུམ་པ་བཅས་ནས་བླ་མ་དོན་རིན་པས་སྐུ་བདག་བརྒྱབ་སྟེ་། རྗེ་རྟོགས་ལྡན་འཇམ་དཔལ་བའི་<རྗེའི་རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས>ལས། ཕྱིས་ཀྱང་བུ་ཆུང་བསྐྱེད་བསྲིང་པ་དང་། འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མའང་མཛད་། ཆོས་སྒོར་འཇུག་པ་དང་། རྡོ་རྗེའི་འཕྲེང་བ་ལ་སོགས་པའི་ལག་ལེན་དང་། སྤྱོད་རྒྱུད་ལ་སོགས་པའང་གནང་ནས་མཐུན་རྐྱེན་དང་བཅས་ཏེ་ཅེས་དང་། བྱང་ཆུབ་སེམས་དཔའ་འདི་དགུང་ལོ་གཉིས་གསུམ་བཞེས་པ་ནས་བཅུ་གསུམ་བར་ལ་བླ་མ་དོན་རིན་པའི་ཞལ་སྔ་ནས་ལ། ཞེས་པ་ནས། མན་ངག་ལ་སོགས་པ་ཕལ་ཆེ་བ་གསན་ཅིང་ཐུགས་སུ་ཆུད་པར་མཛད་ཅེས་དང་། རྗེ་མཁས་གྲུབ་པའི་<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>>ལས། དེ་ལྟ་བུའི་གཞོན་ནུ་དེ་ཉིད་དགུང་ལོ་གསུམ་བཞེས་པའི་ཚེ། ཆོས་རྗེ་དོན་གྲུབ་རིན་ཆེན་པ་དེ་ཉིད། རྗེ་འདིའི་ཡབ་ཀྱིས་གདན་དྲངས་པ་ཞིག་གི་དུས། ཁོང་པས་ཡབ་ལ་རྟ་དང་ལུག་ལ་སོགས་པ་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས། ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་གནང་བ། ཡབ་ཀྱིས་ཀྱང་དང་དུ་བླངས་ཏེ་སྤྲོ་དགའ་དང་བཅས་པས་ཕུལ། ཅེས་པ་རྣམས་ལས་དགུང་ལོ་གསུམ་པ་ནས་བླ་མ་དོན་རིན་པའི་མདུན་ཆུ་དཀར་རི་ཁྲོད་དུ་བཞུགས་པ་ཡིན་ཞིང་། དེར་འཇམ་དཔལ་དབྱངས་དང་དབྱངས་ཅན་མའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་མཛད་པ་དང་། ཆོས་སྒོར་འཇུག་པར་གནང་བ་དང་གསན་བསམ་གྱི་དབུ་བརྙེས་པ་སོགས་མཐོང་ངོ་། དེ་ཡང་ཆོས་རྗེ་དེའི་དྲུང་དུ་ཐོག་མར་ཕེབས་མ་ཁེལ་ནས། གསུང་རབ་ཀློག་པ་བོ་མང་དུ་འདུག་པ་རྣམས་ལ་གཟིགས་ཤིང་ཐུགས་ཀྱིས་དཔྱད་པས། དེ་ཙམ་གྱིས་ཀློག་རང་ཉིད་ཀྱིས་ཐོགས་མེད་དུ་འདོན་པའི་ནུས་པ་བྱུང་ཞིང་ཆེད་དུ་གཏད་ནས་བསླབ་དགོས་པ་མ་བྱུང་ཞེས་གསུངས། ཞེས་པའང་ཆུ་དཀར་རི་ཁྲོད་ནས་ཡིན་གྱི་བྲག་བྱ་ཁྱུང་མིན།། དེས་ན་མཁས་གྲུབ་པའི་རྗེའི་བསྟོད་པ་ལས། གསུང་རབ་ཀློག་དང་ལེགས་སྦྱར་སྒྲ་ལ་སོགས།། བརྡ་སྤྲོད་གཙུག་ལག་མ་བསླབས་ཐུགས་སུ་ཆུད།། ཅེས་པའི་ངོ་མཚར་བའི་རྣམ་ཐར་གྱི་འབྱུང་གནས་ཀྱང་འདི་ག་ཡིན། གནའ་བོའི་མིང་སྟག་སེར་བྲག་སྐྱིབས་དང་། ཕྱིས་ཆོས་རྗེ་རིན་པོ་ཆེ་འདི་ནས་ཆུ་དཀར་ཐང་གི་རི་ཁྲོད། ཆུ་དཀར་རི་ཁྲོད་དུ་འབོད་དོ།།

གནས་འདིའི་ཡུལ་མི་རྣམས་ཀྱི་ངག་རྒྱུན་ལའང་། རྗེ་ཆུང་ངུའི་དུས་ཉིན་རྒྱུན་པར་ཆོས་རྗེ་བའི་དྲུང་། རི་ཁྲོད་འདིར་དཔེ་ཆ་བསླབ་ཏུ་འགྲོ་བཞིན་པ་དང་། དེ་ཡང་ལམ་ཁ་ཐང་དཀྱིལ་ན་ཤིང་སྡོང་ཁེར་སྐྱེས་གཅིག་དང་། དེ་ནས་སྒྲུབ་ཁང་གི་ལྟག་ནའང་ཁོང་ལ་ཆེད་དུ་དམིགས་པའི་དེ་མཚུངས་ཀྱི་ཤིང་སྡོང་ཞིག་ཡོད་པ་དེར་ལམ་རྟགས་འཛིན་པ་དང་། སྒྲུབ་ཁང་རྒྱབ་ཀྱི་ལམ་རྟགས་དེ་སྔར་ཆོས་རྗེ་བའི་ཕྱག་རྟེན་ཡིན་པ་ལ། ཕྱིས་སུ་རིམ་པར་སྡོང་བོར་རྒྱས་པར་བཤད། འདི་ནི་ཤིན་ཏུ་དག་པའི་ངག་རྒྱུན་ཅིག་ཡིན་འདྲ་བསམས་སོ། །དེང་སང་ཡང་རྐང་ལམ་བརྒྱུད་ན་ཤིང་སྡོང་དེ་གཉིས་ནི་ལམ་ཁ་མི་ནོར་བའི་གཟེར་ལྟ་བུར་ཡོད།

རབ་ཏུ་བྱུང་བའི་ལོའི་གྲངས་སུ་མ་སོན་པའི་སྔ་རོལ་ཏུ་ཆོས་རྗེ་ཀརྨ་བ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་མནོས་ཏེ། ཞེས་པའི་རབ་ཏུ་བྱུང་བའི་ལོའི་གྲངས་སུ་མ་སོན་པའི་སྔ་རོལ་ནི་དགུང་ལོ་ལྔ་དྲུག་ལ་ཟེར་གྱི་དགུང་ལོ་གཉིས་གསུམ་ལ་ཟེར་ཚུལ་མེད་སྙམ་པ་བཅས། ཆོས་རྗེ་ཀརྨ་བ་རོལ་བའི་རྡོ་རྗེ་ཕྱི་ལོ1360 ལ་པེ་ཅིང་ལ་ཕེབས་པའི་ཕྱིར་ལམ་ཕྱི་ལོ1362 པ། རིན་པོ་ཆེ་འདི་ཉིད་དགུང་ལོ་དྲུག་པར་དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་མནོས་ཏེ། མཚན་ཡང་ཀུན་དགའ་སྙིང་བོར་རང་འཇགས་གསོལ་ལོ། ། 

དེས་ན་<རྣམ་ཐར་ཆེན་མོར་>གཞོན་ནུ་འདིས་རབ་ཏུ་བྱུང་བའི་ལོའི་གྲངས་སུ་མ་སོན་པའི་སྔ་རོལ་ཏུ་ཆོས་རྗེ་ཀརྨ་བ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་མནོས་ཏེ། མཚན་ཡང་ཀུན་དགའ་སྙིང་པོ་ཞེས་བཏགས་སོ། དེ་ལྟ་བུའི་གཞོན་ནུ་དེ་ཉིད་དགུང་ལོ་གསུམ་བཞེས་པའི་ཚེ། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པ་དེ་ཉིད་རྗེ་འདིའི་ཡབ་ཀྱིས་གདན་དྲངས་པ་ཞིག་གི་དུས་ན། ཁོང་པས་ཡབ་ལ་རྟ་དང་ལུག་ལ་སོགས་པ་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས་ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་གནང་བ། ཡབ་ཀྱིས་ཀྱང་དང་དུ་བླངས་ཏེ་སྤྲོ་དགའ་དང་བཅས་ཕུལ། ཅེས་པའི་ཚིག་གི་དངོས་བསྟན་ལ། དགེ་བསྙེན་ཏུ་བསྒྲུབས་པ་སྔར་དང་། བུ་སྐལ་དུ་ཕུལ་བ་རྗེས་མ་ལྟ་བུ་སྣང་ཡང་། དེ་ནི་ལོ་རྒྱུས་བྱུང་བའི་ཚིག་གི་སྡེབ་ཀྱི་བབ་ཙམ་ལས་དོན་ལ། དགུང་ལོ་གསུམ་ནས་ཆོས་རྗེ་ལ་ཕུལ་ཟིན་ཏེ་ཆོས་རྗེ་བའི་སྤྱན་སྔར་བཞུགས་བཞུགས་པ་ལ། དེའི་རྗེས་ཀརྨ་བའི་མདུན་དུ་ཕེབས་པའང་ཆོས་རྗེ་བས་ཐུགས་བཀོད་ཡིན་ངེས་པ་དང་། འདིའི་ཚིག་ཟིན་ལྟར་ན་ཆོས་རྗེ་ཀརྨ་བའི་ཕེབས་ལམ་ཡར་མར་གང་དང་ཡང་མི་འགྲིག  དེ་ནས་དགུང་ལོ་བདུན་ལ་ཉེ་བར་བབ་པ་ན། ཆོས་རྗེ་དེའི་ཞབས་དྲུང་དུ་ཕེབས་པར་མཛད་དེ། ཞེས་པ་དགུང་ལོ་དྲུག་པའི་ལོ་མཇུག་བདུན་པའི་སློབ་ལོ་ལོན་ལ་ཉེ་དུས་དཔོན་སློབ་ལྷན་རྒྱས་ཙོང་ཁའི་ཆུ་དཀར་རི་ཁྲོད་ནས་བཱ་ཡན་བྲག་བྱ་ཁྱུང་དུ་སློབ་གཉེར་ལ་ཕེབས་པའི་དོན་ནོ། །

སྔོན་མ་ཡང་ད་ལྟ་ནང་བཞིན་བྱིས་པ་ལོ་དྲུག་བདུན་ལ་སོན་པ་ནས་སྒར་དང་དགོན་པར་སློབ་གཉེར་དངོས་གཞི་ལ་བསྐྱལ་བའི་ལུགས་རྒྱུན་ཆགས་པ་སྟེ། དེང་གི་སློབ་ལོ་ལོན་པ་ཞེས་པ་དང་དོན་གཅིག་པ་བཞིན་བྱེད། དེ་བཞིན་རབ་ཏུ་བྱུང་བ་དང་། ཡང་སྲིད་ཁྲི་འདོན་ལ་སོགས་པ་ལོ་དུས་ཕལ་ཆེར་འདི་འདྲ་གཅིག་པར་ཡོད།

དེ་ནས་དགུང་ལོ་བདུན་ལ་ཉེ་བར་བབ་པ་ན་ཞེས་ན་ཚོད་ཅུང་ཟད་སྨིན་པའི་དགུང་ལོ་དྲུག་པའི་ལོ་མཇུག་ལ། དཔོན་སློབ་ལྷན་རྒྱས་ཡབ་གཞིས་ཀླུ་འབུམ་ཚང་གིས་སྐྱེལ་མ་དང་། ཕྱོགས་ཀྱི་བུ་སློབ་མང་བོས་བསུས་ལེན་དང་བཅས་བྱ་ཁྱུང་དགོན་ཐེག་ཆེན་དར་རྒྱས་གླིང་ཞེས་དགེ་ལྡན་བསྟན་པའི་མ་དགོན་གཉིས་པ་དེར་ཕྱག་ཕེབས། དེ་ནས་དགོན་དེར་གཏན་ཆགས་པར་བཞུགས་པ་དང་། དེར་བླ་མ་མཆོག་གི་མདུན་ཏུ་མདོ་སྔགས་གཉིས་ལ་ཐོས་བསམ་སྒོམ་གསུམ་གྱི་དབུ་བརྩམས་ཤིང་། དབང་བསྐུར་རྒྱུད་བཤད་མན་ངག་ཟབ་ཁྱད་མང་བོའི་གཏེར་གྱི་སྒོ་མོ་གཏན་པ་མེད་པའི་བདག་པོར་དབང་བསྐུར། དགུང་ལོ་བདུན་པའི་ཚེ་རབ་ཏུ་མ་བྱུང་བའི་སྔོན་ཚུན་ལའང་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་བ་དང་། ཀྱཻ་རྡོ་རྗེ། ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར། བདེ་དགྱེས་ཀུན་རིག་གཤིན་རྗེ་གཤེད་སོགས་ཀྱི་དཀྱིལ་ཆོག་མང་བོ་ཐུགས་ལ་བཟུང་། བདེ་མཆོག་དྲིལ་བུ་བའི་བདག་འཇུག་མང་དུ་མཛད་ཅིང་བསྒོམ་བཟླས་སོགས་ལ་བརྩོན་པར་མཛད། ཅེས་པ་འདིས་རབ་ཏུ་བྱུང་བའི་དུས་ཚེས་དེ་དགུང་ལོ་བདུན་པའི་ལོ་སྨད་ལ་ཁེལ་འདུག་པ་དཔོག་ཐུབ་པ་དང་། ཨ་ར་པ་ཙའི་སྒྲུབ་པ་གནད་སྨིན་གནང་བའི་ངག་རྒྱུན་དང་། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ནི་སྔར་མདོ་སྨད་དུ་བཞུགས་པའི་དུས་ནས་ཐུགས་ལ་ཆུད་ཅིང་། བཤད་གསར་དང་འཆད་པ་ལ་སོགས་མཛད་ཀྱང་། ཞེས་དབུས་ལ་མ་ཕེབས་པའི་གོང་ཉིད་ནས་རིན་པོ་ཆེ་འདི་བས་མདོ་སྡེ་རྒྱན་ལ་བཤད་གསར་དང་འཆད་པ་གནང་བ་ཡིན་ཚོད་རེད། དེ་ནས་དགུང་ལོ་བདུན་པའི་ལོ་མཇུག་ལ་ཆོས་རྗེ་བའི་མདུན་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་གྲགས་པར་གསོལ། མཁས་གྲུབ་རིན་པོ་ཆེས། མཚན་ཡང་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བར་གསོལ་ཏོ། ཞེས་དང་བོ་ནས་བློ་བཟང་གྲགས་པ་ལ་དཔལ་བསྣན་པ་གསོལ་ཡོད་དགོངས་ཀྱང་དེ་མ་རེད། དེའི་སྒྲུབ་བྱེད་གཤམ་གྱི་གཡའ་སེལ་སྐབས་འབྱུང་ངོ་།།

ཕྱི་ལོ(1372)པར་བླ་མའི་ཞལ་གདམས་ཟབ་མོ་དང་བཅས་དགུང་ལོ་བཅུ་དྲུག་པའི་ཧོར་ཟླ་བཅུ་གཉིས་པའི་ནང་། སྐུ་ཡུལ་ལ་འཁྱུག་ཙམ་ཕེབས་ཏེ་མ་ཡུམ་མཆོག་དང་ཉེ་དུ་ཀུན་ལ་གྱེས་ཕྱག་ཕུལ་ཅིང་། ཞང་བོ་གཉིས་དང་འཁོར་གཡོག་མང་བོའི་སྐྱེལ་མ་དང་། མདོ་སྨད་ཀྱི་མཇལ་བ་དང་དབུས་ཀྱི་ཚོང་བ་མང་བོ་དང་བཅས་ཙོང་ཁ་ཟི་ལིང་མཁར་ནས་དབུས་ལམ་ལ་ཞུགས། ལམ་བར་རྐང་བཞོན་རེས་མོས་ཟླ་ངོ་བདུན་ཙམ་ལ་ཐོགས་ཤིང་། ཆུ་གླང་ལོའི་(ཕྱི་ལོ་1373)སྟོན་ཀར་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་ཕེབས་ཐོན་གནང་། འབྲི་གུང་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་བོའི་ཞབས་ལ་གཏུགས་ཤིང་ཟབ་ཆོས་མང་བོའི་ཆོས་འབྲེལ་ཞུས། འདི་ནི་དབུས་ལ་བསྟེན་པའི་བླ་མའི་ཐོག་མ་དང་། ཆོས་ཀྱི་རྒྱལ་བོར་བཞེངས་པའི་རྟེན་འབྲེལ་འགྲིག་གོ།

དེ་ལྟར་ན་ཤེས་རབ་འཕེལ་བའི་ཐབས་སོགས་མན་ངག་ཟབ་མོ་མང་བོ་དང་། ཐོག་མའི་ཀློག་སློབ་པ་དང་། ཆོས་སྒོར་འཇུག་པ་སོགས་ནི་དགུང་ལོ་གསུམ་པ་ནས་དྲུག་པའི་ལོ་སྟོད་བར་ཆུ་དཀར་རི་ཁྲོད་ལ་ཡིན་ཞིང་། ཡི་དམ་དུ་མའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་དཀྱིལ་ཆོག་མང་བོ་ཐུགས་ལ་བཟུང་བ། བདག་འཇུག་མང་དུ་མཛད་ཅིང་བསྒོམ་བཟླས་སོགས་ལ་བརྩོན་པར་མཛད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ལ་བཤད་པ་གསན་པ་དང་། མདོ་སྡེ་རྒྱན་ལ་བཤད་གསར་དང་འཆད་པ་གནང་བ་ལ་སོགས་པའི་གསན་བསམ་རྣམས་ནི་གདན་ས་ཆེན་པོ་བྱ་ཁྱུང་དགོན་དུ། དགུང་ལོ་དྲུག་པའི་མཇུག་ནས་བཅུ་དྲུག་པའི་ལོ་སྨད་བར་ཡིན་པ་བཅས་སོ། །དེས་ན་འདི་དག་ལས་རིན་པོ་ཆེ་འདི་བས་མདོ་སྨད་དུ་གསན་བསམ་ཅི་མཛད་རོབ་ཙམ་རྟོགས་ཐུབ་པ་ལེགས་སོ།། 

དེ་ནས་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་ཁ་བ་གངས་ཅན་ལྗོངས་སུ་མཚན་གྱི་བརྗོད་པ་ཉི་ཟླ་ལྟར་གྲགས་ཤིང་གསལ་བ། སྤྱིར་བོད་གངས་ཅན་པ་རྣམས་དང་ཁྱད་པར་དུ་ཕྱི་རབས་བོད་ལ་བཀའ་དྲིན་བླ་ལྷག་གི་ཆེ་བ་དང་ལྡན་པ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཡོངས་སུ་འཛིན་པ་ཆེན་པོ་བླ་མ་དོན་གྲུབ་རིན་ཆེན་པ་ནི།(ཕྱི་ལོ་1309~~1384) རྗེ་མཁས་གྲུབ་པས། དེའི་འཁྲུངས་ཡུལ་ནི་མདོ་ཁམས་སྨད་ཡིན། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་དབུས་གཙང་དུ་བྱོན། ཅེས་དང་། སླར་མདོ་སྨད་དུ་བྱོན། ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད། ཅེས་ཁོང་གི་འཁྲུངས་ཡུལ་ནི་མདོ་སྨད་ཤར་ལྷོའི་ཕྱོགས། རྒྱ་བོད་གཉིས་ཀྱི་སོ་མཚམས་ཤིང་ཀུན་སྡེ་གསར་གྱི་ལྷ་སྡེ་མི་སྡེ་ཁྲོད་ཡིན་པ། དབུས་གཙང་ནས་ཕྱིར་ཕེབས་དང་པོ་འདིས་ཁ་གྲགས་འདུག་གོ།།

སྙེ་ཐང་པ་བཀྲ་ཤིས་སེངྒེ་སོགས་ལ་ཕར་ཕྱིན་དང་བྱམས་ཆོས་ཐམས་ཅད་མཁས་པར་བསླབས། ཞེས་དང་བོ་བཀའ་གདམས་པའི་གདན་ས་ཞོལ་མར་ཕེབས་པ་དང་། གཙང་གི་སྣར་ཐང་དུ་བྱོན། ཅེས་གཉིས་པ་བཀའ་གདམས་པའི་གདན་ས་གོང་མར་ཕེབས་པ། སྐབས་ཤིག་ཏུ་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་དབུས་སུ་ཕེབས། ཞེས་པ་རྣམས་ལས་ཆོས་བརྒྱུད་ས་སྐྱ་མིན་པར་ཇོ་བོ་བཀའ་གདམས་པའི་མཁས་གྲུབ་ཆེན་པོ་ཞིག་གི་རྣམ་ཐར་འཛིན་པའོ།།།

སྣར་ཐང་དུ་ལྡོང་སྟོན་རིགས་པའི་སེང་གེ་ལ་ཚད་མ་རྣམ་ངེས་གསན་སྦྱོང་མཛད། རིགས་པའི་དགག་སྒྲུབ་ལ་ཅུང་ཟད་འཆར་དཀའ་བ་བྱུང་བ་ལ། ཞྭ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་སྒྲིབ་སྦྱང་ལ་འབད་པས། བློ་གྲོས་ཀྱི་ནུས་པ་མཆོག་ཏུ་གྱུར་བ་འཁྲུངས་ཏེ། རིགས་པའི་གནས་ལ་ཐོགས་པ་མེད་པར་གྱུར། དེ་རྗེས་ཞྭ་ལུར་གྲྭ་སྐོར་ལ་བྱོན་པས་རིན་པོ་ཆེ་བུ་སྟོན་ཐམས་ཅད་མཁྱེན་པ་གདན་སར་ཕེབས་འདུག་པ་ལའང་། ཚོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་པའི་མཁས་པའི་གྲགས་པ་ཐོབ།

མདོ་སྨད་དུ་བཞུགས་པའི་སྐབས་ཤིག་ཏུ་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་དབུས་སུ་ཕེབས། འོན་ཀྱང་གདན་སའི་སྟབས་མ་འཕྲོད། ཡབ་ཆོས་སྡིངས་སུ་སྐྱེས་མཆོག་རྟོགས་ལྡན་པ་བསམ་གཏན་དཔལ་གྱི་དྲུང་དུ་སྒྲུབ་པ་ལ་བྱོན། ཕྱག་རྫས་གང་ཡོད་བླ་མ་ལ་ཕུལ། སྒྲུབ་པ་ལ་རྩེ་གཅིག་ཏུ་དྲིལ་བས་ཞི་གནས་ཀྱི་མྱོང་བ་ཁྱད་པར་ཅན་འཁྲུངས། དེ་ནས་མདོ་སྨད་ལ་བྱོན། བྱ་ཁྱུང་དང་། ཤ་སྦྲང་དགོན་ཟེར་བའི་དགོན་པ་གཉིས་བཏབ། ཅེས་བླ་མའི་ལུང་གིས་མདོ་སྨད་ལ་བྱོན། རྨ་ལྷོ་བརྒྱུད་ནས་རིམ་པས་གནས་གཞི་དང་གདན་ས་འཚོལ་ཀིན། རྨ་བྱང་བརྒྱུད་བཱ་ཡན་དང་ཙོང་ཁ་ལ་ཐུག་པའི་བར་ཡུལ་བུད་པ་ལྟ་བུར་བྱོན་པས། དེའི་ཕྱོགས་ལ་འགྲོ་དོན་ཕྱོགས་མེད་སྐྱོང་ཞིང་། སྦས་པའི་བརྟུལ་ཞུགས་འཛིན་པའི་སྐྱེས་ཆེན་ཞིག་གི་རྣམ་ཐར་གསལ་བོ་འདུག དེར་ལོ་སྦྲེལ་གྱི་བར་དུ་ཕར་ཚད་ཀྱི་ཐོག་དྲངས། བྱམས་ཆོས་རྣམས་དང་། བརྟག་གཉིས། སྤྱོད་འཇུག་སོགས་ཀྱི་བཤད་པ་མཛད་ཅིང་། བྲག་བྱ་ཁྱུང་དང་། ཆུ་དཀར་རི་ཁྲོད་དུ་སྒྲུབ་པ་མཛད་བཞིན་བུ་སློབ་མང་བོ་བསྐྱངས། ཁྱད་པར་དུ་འཇམ་མགོན་རྒྱལ་བ་གཉིས་པ་སྨན་གྱི་མྱུ་གུ་བཞིན་བསྐྱངས་པའི་ལེགས་མཛད་ཀྱི་སྐུ་དྲིན། རང་རེས་ཚེ་རབས་ནས་བསྐལ་བར་གཞལ་ཐབས་མེད་པའི་ངེས་ཤེས་ཟབ་མོ་བརྟན་པ་འདིའོ།།

འདི་ནི་མཁས་ཤིང་གྲུབ་པ་བརྙེས་པ། ལྷག་པའི་ལྷས་དངོས་སུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པར་ཡང་གྲགས་པ། སྐུ་འདའ་བར་ཉེ་བ་ན་ལྷའི་སིལ་སྙན་དང་མེ་ཏོག་གི་ཚོགས་ལ་སོགས་པས་མཆོད་ཅིང་འདི་ནས་བྱང་ཕྱོགས་ལོགས་སུ། རྔ་སྒྲ་སྒྲོགས་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཞིང་དུ་འབྱོན་པར་ནམ་མཁའ་ལས་སྒྲ་མངོན་སུམ་དུ་བྱུང་བ་དང་། ལྐོག་ཏུ་གྱུར་བའི་ཡུལ་མངོན་སུམ་དུ་གཟིགས་པ་ཐོགས་པ་མེད་པ་ལ་སོགས་པའི་མངོན་པར་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཞིག་སྟེ། ཚུལ་དེ་ནི་ཆོས་རྗེ་བའི་སྤྱན་སྔར་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ཞབས་བཞུགས་བཞིན་པའི་སྐབས་མངོན་སུམ་ཚད་མས་གྲུབ་པ། དེའི་ཕྱིས་རྗེ་ཉིད་ཀྱིས་མཁས་གྲུབ་ཆོས་རྗེ་ལ་གསུངས་པ་རྣམས་མཁས་གྲུབ་པས་རྗེའི་རྣམ་ཐར་ཆེན་མོར་གསུངས་འདུག་པར་དེར་བལྟའོ།།

དེར་མ་ཟད་དབེན་གནས་ཆུ་དཀར་རི་ཁྲོད་དུ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་(ཕྱི་ལོ1356)ཞལ་གཟིགས་ཤིང་། དེར་ཡི་དམ་གྱིས་སང་ཕོད་ད་ཙམ་ལུང་བ་འདིའི་མདའ་རུ་ཡོང་བའི་ལུང་བསྟན་དང་། སང་ལོར་རྗེ་བླ་མ་འཁྲུངས་པའི་ནངས་མོ་དེ་མངོན་པར་གཟིགས་ཏེ། ཞོགས་པ་ཆེས་སྔ་བོ་ནས་ཉེ་གནས་ཚུལ་ཁྲིམས་ལྡན་པ་ཞིག་ལེགས་འབུལ་ལ་མངགས་པ་དང་། སངས་རྒྱས་གཉིས་པ་ལྟ་བུ་ཞིག་འབྱོན་པར་མངོན་པར་གཟིགས་ཏེ། དེའི་ཕྱིས་རྟ་ལུག་སོགས་ཟང་ཟིང་གི་འབུལ་བ་གྱ་ནོམ་པས་སྐུ་བླུས་ཤིང་སྨན་གྱི་མྱུ་གུ་བཞིན་བསྐྱངས་པའི་ལེགས་མཛད་ཀྱི་རི་མོ་རྣམས། ཕྱིས་སུ་རྗེ་རང་གིས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོར་གསུངས་པ་རྣམས་རྟོགས་ལྡན་པས། རྗེ་བླ་མའི་རྣམ་ཐར་ཆེན་མོའི་ཟུར་འདེབས་ལེགས་བཤད་ཀུན་འདུས་སུ་གསུངས་འདུག།

མདོར་ན་འཁྲུངས་ཡུལ་ནི་རྒྱ་བོད་གཉིས་ཀྱི་སོ་མཚམས་བོད་ཀྱི་ཤིང་ཀུན་ཏེ་རྒྱ་སྐད་ཀྱི་ལིན་ཐའོ་(临洮)ཞེས་པ། དབུས་གཙང་དུ་གསན་བསམ་མཛད་ཅིང་བཀའ་གདམས་རྙིང་མ་བ། གདན་ས་བཱ་ཡན་བྲག་བྱ་ཁྱུང་། སྒྲུབ་གནས་ཙོང་ཁའི་ཆུ་དཀར་རི་ཁྲོད་དང་ཤྭ་བ་རི་རྫོང་།   བུ་སློབ་ནི་རྗེ་བཙུན་རེད་མདའ་བའི་རྣམ་ཐར་དུ། ངམ་རིང་རྩེ་མོར་བློ་བཟང་དཔོན་སློབ་བཅུ་དྲུག་གིས་ཆོས་བར་མཛད་དུས། ངམ་རིང་ཤོད་ན་མཁན་ཆེན་རྒྱལ་བ་དཔོན་སློབ་བདུན་བརྒྱ་ཙམ་འཆད་ཉན་མཛད་ཀྱིན་འདུག་པས། དྲུང་བའི་ཐུགས་དགོངས་ལ་ཁོང་དཔོན་སློབ་བདུན་བརྒྱ་བོ་དང་། ངེད་བཅུ་དྲུག་པོ་བསྟན་པ་ལ་སུ་ཕན་ཆེའམ་དགོངས་པ་ཞིག་བྱུང་། དུས་ཕྱིས་ཁོང་བདུན་བརྒྱ་བོས་བློ་བཟང་གྲགས་པ་གཅིག་བུ་ལ་ཡང་མི་དོ་བར་འདུག་གསུངས། ཞེས་རྗེ་བཙུན་རེད་མདའ་བས་རྣམ་པ་ཀུན་ཏུ་ཆེས་ཚད་མཐོ་བའི་གདེངས་འཇོག་ཅན་གྱི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དང་། ཀོའུ་བ་གཞོན་ནུ་བྱང་ཆུབ་བ་སོགས་དང་། གསུང་རྩོམ་ནི་རྒྱུད་བླ་མའི་འགྲེལ་བ་རིན་པོ་ཆེའི་སྣང་བ་བཅས། དགུང་ལོ་དོན་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་གླང་(སྤྱི་ལོ1385) ལ་སྐུ་མྱ་ངན་ལས་འདས་པའི་སྐུ་གདུང་མཆོད་སྡོང་ཆེན་མོ། དགེ་ལྡན་བསྟན་པའི་མ་དགོན་བྱ་ཁྱུང་དགོན་ཐེག་ཆེན་དར་རྒྱས་གླིང་དུ་བཞུགས་སོ།།

གསུམ་པ། 

  དེ་ལ་གཉིས་པ་དབུས་གཙང་དུ་སློབ་གཉེར་ཇི་ལྟར་མཛད་པར། དང་བོ་འདི་ཤེས་དགོས་པ་ཡོད་དེ། རྒྱ་ནག་གི་བརྡ་ཆད་ལ་ཇ་རྟའི་གནའ་ལམ་(茶马古道)ཞེས་པ་དང་། ཐང་བོད་གནའ་ལམ་(唐蕃古道)ཞེས་དང་། བོད་རང་སྐད་ལ་གནའ་བོའི་གསེར་ལམ་དང་། དབུས་ལམ་ཞེས་པའི་ལམ་ཁ་དང་། ལམ་ཁ་དེ་དག་གང་ནས་གང་ལ་བརྒྱུད་ཚུལ་དང་། དེ་ལ་ལམ་ཁའི་རྣམ་གྲངས་དུ་ཞིག་ཡོད་ཀྱི་སྔོན་འགྲོའི་ཤེས་ཚད་དེ་ངེས་པར་ལྡན་དགོས་པ་ཡོད།

༼༡༽དེ་ཡང་ལམ་ཐིག་དང་པོ། སུའུ་ཁྲོན་(四川)ཁྲུན་ཏུའུ་(成都)གྲོང་ཁྱེར་ནས་མདོ་སྨད་རྒྱལ་རོང་གི་གཡག་རྔ་(雅安)དང་། མདོ་སྟོད་དཀར་མཛེས་ཀྱི་དར་རྩེ་མདོ་དང་། ལི་ཐང་། འབའ་ཐང་། སྨར་ཁམས། ཆབ་མདོ། ཉིང་ཁྲི། དེ་ནས་དབུས་ཀྱི་ལྷ་ས་དང་། གཙང་གི་རྒྱལ་རྩེ་བཅས་ལ་བརྒྱུད་པའི་ཇ་རྟའི་གནའ་ལམ་དང་།

༼༢༽ལམ་ཐིག་གཉིས་པ། ཧྲན་ཞི་(陕西)ཞིང་ཆེན་གྱི་ཞི་ཨན་(西安)གྲོང་ཁྱེར་ནས་ཞན་དབྱང་(咸阳)དང་། ལུང་ཤན།(陇山) ཀན་སུའུ་ཞིང་ཆེན་གྱི་ཐཱན་ཧྲུ་(天水)དང་། ལུང་ཞི།(陇西) ཤིང་ཀུན་ནམ་ལིན་ཐའོ་(临洮)དང་། ཀ་ཆུ།(临夏) ཏཱ་ཧོ་ཅཱ་(大河家)ནས་རྨ་ཆུ་བརྒལ་ཏེ། ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར། དེ་ནས་མཚོ་སྔོན་མངའ་ཁོངས་ཀྱི་ཡུལ་ལུང་མང་པོ་སྟེ། ཙོང་ཁའི་གནའ་མཁར་ཟི་ལིང་དང་། དེ་ནས་སྟོང་སྐོར་ལུང་བ་དང་། ཉི་ཟླ་རི་བོ། ད་ལྟའི་མཚོ་ལྷོའི་ཆབ་ཆ་གྲོང་ཁྱེར། འདི་སོག་རྒྱལ་ཨལ་ཐན་རྒྱལ་པོས་རྒྱལ་མཆོག་གསུམ་པར་ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ་འབུལ་ཡུལ་ཡིན། ཆོས་རྗེ་རྩྭ་ཐང་། བྲག་དཀར་རྫོང་གི་ཆུ་འགག འདིར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དང་། རྒྱལ་མཆོག་གསུམ་པ་དང་། ལྔ་བ་ཆེན་མོ། བདུན་པ་ཆེན་པོ་བཅས་ཀྱི་ཆུ་འགག་བཞུགས་ཁྲི་ཞེས་པའི་མིང་གྲགས་ཅན་དེ་ཡོད། མགོ་ལོག་གི་མཛོ་རྒན་རྭ་བར། སྟོང་རུ་མཚོ་ནག འདི་རྒྱ་ནག་གི་ཐང་ཡིག་གསར་རྙིང་ཞེས་པའི་དེབ་ནང་བཙན་པོ་ཁྲི་སྲོང་བཙན་ཀོང་ཇོའིབསུ་མ་ལ་མཚོ་ནག་ཏུ་ཕེབས་ཏེ། མག་པའི་ཚུལ་གྱིས་ཞབས་ཏོག་བསྒྲུབས་ཤིང་བོད་ཆས་ངན་པས་ངོ་ནོངས་ཚུལ་བྲིས་པའི་མཚོ་དེ་ཡིན། ཡུལ་ཤུལ་སྐྱེ་རྒུ་མདོ། རྫ་སྟོད། གདང་ལ། བོད་ལྗོངས་ཀྱི་ནག་ཆུ། འདམ་གཞུང་བཅས་བརྒྱུད་པའི་དབུས་ལམ་བྱང་མའམ་ཐང་བོད་གནའ་ལམ་གཉིས་པ། ལམ་ཁ་འདི་གནའ་ནས་འགྱུར་བ་མ་ཐེབས་པ་རྒྱལ་མཆོག་སྔ་ཕྱི་འགའི་ཕེབས་ལམ་ལ་ཁེལ་བས་ཤེས།

༼༣༽ལམ་ཐིག་གསུམ་པ། ཡང་དེང་གི་ཧྲན་ཞིའི་(陕西)ཞི་ཨན་(西安)ཞེས་པའམ། སྔོན་གྱི་ཐང་གི་རྒྱལ་ས་ཡིན་པའི་ཁྲང་ཨན་(长安)ནས་མཚོ་སྔོན་ཟི་ལིང་བར་ལམ་ཐིག་གཉིས་པ་སོར་གནས་དང་། དེ་ནས་མཚོ་ལྷོ་ཁུལ་ཆབ་ཆ་དང་། དོའུ་ཐང་གསུམ་ཞེས་པའི་ཐང་ཆེན་གསུམ་བརྒྱུད་པའི་མཚོ་ལྷོའི་ཡུལ་འགའ་སྟེ། བྲག་དཀར་རྫོང་དཀར་མོ་གཡས་འཁྱིལ་རྨ་ཆུའི་རབ་ཁ། རབ་འདི་ནི་གནའ་བོའི་དུས་སུ་རྨ་བྱང་རྒྱུད་མཚོ་ནུབ་ཚྭ་ཁ་དང་། རྨ་ལྷོ་རྒྱུད་ཐག་རིང་གི་རྒྱལ་རོང་ཁྲོ་ཆུ་དང་ཚ་ཁོ། ཀན་ལྷོའི་ཅོ་ནེ་དང་ཐེ་བོ་སོགས་རྨ་ལྷོ་བྱང་བར་ཚྭ་ཚོང་གི་རྒྱུ་འགྲུལ་གནད་ཆེ་ས་ཞིག་ཡིན། དེ་ནས་མང་ར་རྫོང་།(贵南县) འབའ་རྫོང་།(同德县) མགོ་ལོག་ཁུལ་རྭ་རྒྱའི་རྨ་ཆུའི་རབ་བརྒལ་ཏེ། རྨ་ཆེན་རྫོང་། དགའ་སྡེ་རྫོང་། དར་ལག་རྫོང་། དེང་གི་སུའུ་ཁྲོན་སེལ་ཤུལ་རྫོང་དང་། རྫ་ཆུ་ཁ། ཡུལ་ཤུལ་ཁུལ་སྐྱེ་དགུ་མདོ་དང་། ཁམས་ནང་ཆེན། རི་བོ་ཆེ། སྟེང་ཆེན། སྦྲ་ཆེན་རྫོང་། སོག་རྫོང་། ནག་ཆུ་དང་། ཡང་རི་བོ་ཆེ་ནས་ཆབ་མདོ་དང་། དེ་ནས་སྤོ་མེས་རྫོང་དང་། ཉིང་ཁྲི་དང་། ཀོང་པོ་རྒྱ་མདའ་བཅས་བརྒྱུད་པའི་དབུས་ལམ་ལྷོ་མ་དང་། ཐང་བོད་གནའ་ལམ་དང་པོའོ། ས་སྐྱ་པཎ་ཆེན་ཁྲི་ཀར་ཕེབས་པ་བདེན་ན་འདིར་བརྒྱུད་པ་ཐེ་ཚོམ་མེད་ཅིང་། ཕྱི་མ་འདི་གཉིས་ལམ་ཐག་རྒྱང་ཚད། ཐང་གི་རྒྱལ་ས་ཁྲང་ཨན་ནས་བོད་བཙན་པོའི་རྒྱལ་ས་ལྷ་ས་བར་ལེ་བར་སུམ་སྟོང་ལྷག་ཡོད་པ་དང་། དམིགས་བསལ་རྗེས་མ་འདིར་རྒྱ་བོད་མཛའ་མཐུན་གྱི་འབྲེལ་ལམ་ལོ་རྒྱུས་མི་ལོ་དྲུག་སྟོང་ཡོད་པར་ཡང་བཤད།

བཞི་བ། 

དེ་ལྟར་ལམ་ཁ་རྣམས་དྲང་བོར་བསྟན་ཏེ། ད་ནས་བརྗོད་འདོད་པ་དང་སྐབས་སུ་བབ་པ་གཅིག་རང་ཡོད་པ་ནི། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མདོ་སྨད་ནས་དབུས་ཕེབས་ཀྱི་ལམ་ཁ་གང་ནས་ཕེབས་པ་དེ་ཡིན། རྗེ་མཁས་གྲུབ་པའི་<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>>དང་། དེའི་ཟུར་འདེབས་རྗེ་རྟོགས་ལྡན་པའི་<<རྗེའི་རྣམ་ཐར་ལེགས་བཤད་ཀུན་འདུས>>གཉིས་ལས། དེ་ནས་འབྲི་གུང་ཐིལ་པའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་དྲངས་ནས་འཕྲིན་ལས་པ་དང་འགྲོགས་ཏེ་བྱོན་ཅེས་དང་། མདོ་སྨད་པའི་འགྲུལ་བ་མང་པོ་དང་སྟབས་གཅིག་ཞང་པོ་གཉིས་དང་འགྲོགས་ནས་བྱོན་ཅེས་པ་ལས་མ་གསལ་ཡང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། སུམ་པ་པཎྚྀཏ་བཅས་ཀྱིས་ལྷོ་ལམ་ནས་ཕེབས་པར་གསུངས་པ་དང་། འབྲུག་རྒྱལ་དབང་བའི་<<རྗེའི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན>>ལས་ཀྱང་། དེ་ནས་རིམ་གྱིས་བཤུལ་རིང་གི་ལམ་དུ་ཕེབས་ཀྱང་དམ་ཆོས་འཚོལ་བའི་ཐུགས་འདུན་ཤུགས་དྲག་ཁོ་ནའི་གཞན་དབང་དུ་གྱུར་པས་སྐུ་ངལ་བའི་ཆ་ཕྲ་མོ་ཙམ་གྱིས་ཀྱང་གོས་པར་མ་གྱུར་ཅིང་། ལམ་ཕྱོགས་ཀྱང་བྱང་ལམ་ནས་མ་ཡིན་པར་མདོ་ཁམས་ལྷོ་རྒྱུད་ཀྱི་ལམ་ནས་བྱོན་པར་སྣང་ལ། བར་ཁམས་ཀྱི་རྒྱུད་ངོམ་ཆུ་དང་རྫ་ཆུ་འཛོམས་པའི་མདོ། ད་ལྟ་ཆབ་མདོའི་དགོན་གནས་ཡོད་པའི་ས་ཆར་ཞག་གཅིག་བཞུགས་ཞེས་འབྱུང་བ་དང་། དུས་ཕྱིས་རྗེ་ཉིད་ཀྱི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་གི་ནང་ཚན། སྟོད་སྨད་ཀྱི་ཤེར་བཟང་གཉིས་ལས་སྨད་ཀྱི་ཤེས་རབ་བཟང་པོས་གནས་དེ་གར་དགོན་གནས་བཏབ་པ་ལས་ཆབ་མདོ་བྱམས་པ་གླིང་དུ་གྲགས་པའི་ཆོས་སྡེ་འདི་བྱུང་བར་གཞིག་ཚེ། བྱང་ལམ་མ་ཡིན་པར་ལྷོ་ལམ་བརྒྱུད་པ་ངེས་ཅན་ཡིན་པ་དང་། ཁྱད་པར་དུ་འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་བོའི་རྣམ་ཐར་དུ། འབུལ་དཔོན་རྒྱ་ནག་ནས་འཁོར་ཏེ་འབྲི་ཆུ་ཁར་སླེབས་པ་ན། རྟ་ཕྱུགས་ཐམས་ཅད་ཀྱི་ལམ་སྣ་ཤ་སྐྱ་ལག་པས་དྲངས་ཏེ། འབྲི་ཆུའི་ཚུར་འགྲམ་དུ་འབྲི་གུང་བའི་འཕྲིན་ལས་པ་རྣམས་བདེ་བར་ཕྱིན་ཅིང་། ཞེས་པས་ཀྱང་འགྲུབ་པ་ཆ་བཞག

དེ་ཡང་མཚོ་སྔོན་ཟི་ལིང་ནས་མཚོ་ལྷོའི་ཆབ་ཆ་དང་། དེ་ནས་བྲག་དཀར་རྫོང(་兴海县)དཀར་མོ་གཡས་འཁྱིལ་རབ་ཁ་དང་། མགོ་ལོག་རྭ་རྒྱའི་རབ་བརྒལ་ཏེ། ལྷོ་ལམ་བརྒྱུད་པ་གོང་གི་ལམ་ཐིག་གསུམ་པ་ལྟར་ཡིན། དེ་ཡང་གདན་འདྲེན་པ་འབུལ་དཔོན་ལགས་ཀྱི་ཚོང་གི་འགྲོ་བརྒྱུག་ལ་ལྟོས་ཏེ་རོང་འབྲོག་དགོན་གྲོང་གི་འདུས་པ་ཆེ་ས་ལ་དམིགས་པ་གོར་མ་ཆག་སྟེ། ལམ་ཐིག་གཉིས་པའི་རྒྱུད་ལ་བྱང་རྒྱུད་དང་བྱང་རྒྱབ་ཏུ་འབོད་ཅིང་ད་ལྟའང་མི་མེད་ལུང་སྟོང་ཤུགས་ཆེའོ། ལམ་ཐིག་གསུམ་པ་འདིའི་ཡང་རི་བོ་ཆེ་ནས་ནག་ཆུ་ཕྱོགས་མ་ཡིན་པ། རི་བོ་ཆེ་ནས་ཆབ་མདོ་དང་། ཀོང་པོ་ཁོག་དེད་དེ་འབྲི་གུང་ཐེལ་ལ་ཉེ་ཕྱོགས་བརྒྱུད་པ་ཤིན་ཏུ་གསལ། ཀོང་པོའི་མུ་ལ་ད་ལྟའི་མལ་གྲོ་གུང་དཀར་རྫོང་མཐུད་ཅིང་། རྫོང་དེ་ནས་ཤར་ཕྱོགས་སྤྱི་ལེ་དྲུག་བཅུ་ཙམ་གྱི་སར་རྫོང་དེ་གའི་རྨོད་པ་ཞང་དང་། གནས་དེར་རྗེ་བླ་མས་དབུས་གཙང་དུ་དང་པོར་གཏུགས་སའི་གདན་ས་སྟེ། འབྲི་གུང་དཔལ་གྱི་ནགས་ཁྲོད་གདན་ས་ཐེལ་ཅེས་པ། ཚོགས་པ་འདུས་པ་ཆེས་མང་བའི་སྐབས་དགེ་འདུན་པ་ཁྲི་བཅོ་བརྒྱད་ལྷག་ཙམ་བྱུང་བའི་གྲགས་པ་ཅན་དེ་བཞུགས་སོ།།

དེ་ཡང་ལམ་ཐིག་གསུམ་པར་བརྒྱུད་པའི་སྒྲུབ་བྱེད་སྣོན་མ་གཞན་ནི། བྱ་ཁྱུང་དགོན་ནི་དེང་གི་བཱ་ཡན་རྫོང་དང་གཙན་ཚ་རྫོང་གཉིས་བར་གྱི་རྨ་ཆུའི་བརྒྱུད། རྨ་འགྲམ་བྱང་ངོས་དང་་ཤིན་ཏུ་ཉེ་ས་ན་ཡོད་ཅིང་། དེ་ནས་ཤར་ཕྱོགས་སུ་ལེ་བར་བཅུ་གྲངས་ཀྱི་ལྷ་སྡེ་བྱ་ཚང་དུ་རྨ་ལྷོ་ལམ་ལ་བརྒལ་སའི་རབ་གཅིག་དང་། འདི་ཆོས་རྗེ་དོན་རིན་པ་དང་པོར་བྱ་ཁྱུང་ལ་ཕེབས་ལམ་གྱི་རབ་དེ་རང་ཡིན། དགོན་པའི་ལྷོ་ནུབ་ཉིན་ལམ་གཅིག་ན་ད་ལྟའི་མཚོ་ལྷོ་ཁུལ་ཁྲི་ཀའི་རྨ་འགྲམ་གྱི་རབ་བཅས་ལྷོ་ལམ་ལ་རབ་གཉིས་ཡོད་ཀྱང་། རིན་པོ་ཆེ་འདི་ཉིད་བྱ་ཁྱུང་དགོན་ནས་དེ་གཉིས་གང་ལའང་མ་བརྒྱུད་པར་ཐད་ཀར་སྐུ་ཡུལ་ཙོང་ཁ་ལ་འཁྱུག་ཙམ་ཕེབས་ཏེ། ཙོང་ཁ་ཟི་ལིང་ནས་གསེར་ཞལ་ཉི་མ་སེར་བོའི་དཀྱིལ་འཁོར་དབུས་ལ་ཕྱོགས་པ་ནི་འཇིག་རྟེན་ཐུན་མོང་བའི་སྣང་ཚུལ་བསྙོན་མེད་པ་ཡིན་ནོ།། རྗེ་ཡུམ་སྲས་གཉིས་མ་དུང་བུ་བརྩེ་ཡི་མཛའ་བ་ཐུན་མོང་མ་ཡིན་པ་མཆིས་པ། ཕྱིས་སུ་ཡུམ་ནས་རྗེ་ལ་དབུ་སྐྲ་དཀར་པོ་ཉག་འགའ་དང་བཅས་པའི་ཡིག་འཕྲིན་སྔ་ཕྱི་དང་། དེའི་རྐྱེན་པས་རྗེ་དགུང་ལོ་ཉེར་གསུམ་སྐབས་སློབ་གཉེར་གྱི་འཕྲོ་ལ་མ་ཡུམ་ལ་འཕྲད་འདོད་ཀྱི་དགོངས་པ་གནན་པས་མི་གནོན་པ་ཞིག་འཁྲུངས་ཏེ། ཕ་ཡུལ་མདོ་སྨད་ལ་ཕྱིར་ཕེབས་ཀྱི་གྲ་སྒྲིག་ནན་ཅན་གནང་བ་དང་། མ་ཡུམ་ལ་རིན་པོ་ཆེ་རང་གི་ཤངས་ཁྲག་གིས་བཞེངས་བྲིས་གནང་བའི་འདྲ་སྐུ་གསུང་འབྱོན་མ་བསྐུར་བ་དང་། ད་དུང་ཕྱིས་དགུང་ལོ་མཐོན་པོའི་སྐབས་གདན་ས་དགའ་ལྡན་རང་དུ་བཞུགས་དུས་ཀྱང་། ཁུ་བྱུག་དང་འཇོལ་མོ་སོགས་བྱ་སྐད་སྙན་མོ་ཅན་གྱི་སྐབས་ན་མ་ཡུམ་ཐུགས་དྲན་འཁྲུངས་ཡོང་བས། དེ་དག་ལ་ཁ་འཆིང་མཛད་པའི་ངག་རྒྱུན་སོགས་ལས་དཔོག་ཐུབ་བོ།།

རྗེ་འཁྲུངས་ལོ་བཅུ་གཉིས་པར་ཧོར་གྱི་རྒྱལ་རབས་མཇུག་རྫོགས་ཤིང་། རྒྱ་ནག་ཏཱ་མིང་རྒྱལ་རབས་ཚུགས་པས་ཡབ་གཞིས་ཀླུ་འབུམ་ཚང་ལའང་འགྱུར་བ་ཆེན་པོ་ཞིག་ཐེབས་འདྲ། ངག་རྒྱུན་ལ་རྒྱ་ནག་རྒྱལ་ཁང་གིས་ཀླུ་འབུམ་ཚང་གི་བུ་རབས་ཚ་རྒྱུད་ལ་རྗེས་འདེད་རྩད་གཅོད་གྱིས་པའི་ལོ་རྒྱུས་དང་། རིན་པོ་ཆེ་འདི་བ་རབ་ཏུ་བྱུང་ནས་དགོན་པར་བཞུགས་པ་རྩད་ཆོད་པས་རྒྱལ་ཁང་ཚང་བློ་བདེ་བར་བཤད་པ་དང་། མདོ་སྨད་པའི་འགྲུལ་བ་མང་པོ་དང་སྟབས་གཅིག་ཞང་པོ་གཉིས་དང་འགྲོགས་ནས་བྱོན་ཅེས་ཞང་བོ་ལས་ཨ་ཁུ་མ་གསལ་བ་འདིས། ཡབ་དཱ་ར་ཁ་ཆེ་ཀླུ་འབུམ་དགེ་མ་བཞུགས་ཤིང་ཡུམ་ཆེན་གཅིག་པུར་ལུས་འདྲ་བ་འདིས་ཀྱང་སྐུ་ཡུལ་ལ་འཁྱུག་ཙམ་ཕེབས་ངེས་ཅན་ནོ། ཕྱིས་སུའང་མ་ཡུམ་གྱི་གསུང་འཕྲིན་སོགས་ཀྱི་བགྲོས་ལས་ཡབ་ཆེན་གྱི་གླེང་སློང་མེད་པའང་དེས་ཡིན་འདྲའོ།།

ངག་རྒྱུན་གྱི། དེ་དུས་རྗེ་ཉིད་བླ་མའི་སྐུ་དྲུང་ནས་ཞབས་ཐང་གིས་ལམ་དུ་ཞུགས་མ་ཐག་རྒྱུན་དུ་ཞལ་འདོན་ལ་གོམས་པའི་སྟོབས་ཀྱིས། འཇམ་དཔལ་མཚན་བརྗོད་གསུང་བཞིན་པར་བྱོན་པ་ལས་གློ་བུར་དུ་བླ་མ་དྲན་ཏེ། སྤྱན་ཆབ་བསིལ་བཞིན་དུ་ཕྱིར་བླ་མའི་ཕྱོགས་སུ་གཟིགས་དུས། ཞལ་འདོན་ཚིག་མཚམས། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། ཞེས་པ་དང་ཐུག་བྱུང་བས་སླར་ཕ་ཡུལ་ལ་མི་ལྡོག་པའི་ལྟོས་སུ་དགོངས། ཞེས་པའི་གནས་ཀྱང་ད་ལྟའི་དགོན་པའི་བྱང་ཕྱོགས་མཆོད་རྟེན་གསེར་མགོའི་གདོང་ཟེར་བ་དེ་ཡིན་པས་ཀྱང་། ཐོག་མར་བཱ་ཡན་ནས་བྱང་གི་ཙོང་ཁའི་སྐུ་ཡུལ་ལ་ཕེབས་པ་ཤིན་ཏུ་གསལ།

ད་དུང་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་ནི། བྱ་ཁྱུང་དགོན་གྱི་མཇལ་བ་མ་ཡིན་པར་ཟི་ལིང་ལ་སླེབས་པའི་ཚོང་བ་དང་། འབྲི་གུང་ཐེལ་བའི་ཕྱག་མཛོད་མི་སྣ་སྟེ། དེ་ཡང་འབྲི་གུང་སྤྱན་སྔ་ཆོས་རྒྱལ་བའི་རྣམ་ཐར་དུ། མདོ་སྨད་ཀྱི་ཕྱོགས་སུ་འབུལ་དཔོན་བརྫང་བ་ལ། ད་ལན་ཁྱོད་ཀྱིས་རྒྱ་ནག་འཁོར་ནས་ནི།། གདན་སའི་ཞབས་ཏོག་ཟང་ཟིང་དངོས་པོ་འགྲུབ།། ཅེས་ལུང་བསྟན་གནང་བ་ཐིག་བྱུང་བར་གསུངས་པའང་འབུལ་དཔོན་དེ་ཉིད་དང་རེབ་འདི་ཡིན་པའི་ཕྱིར་རོ། །ད་དུང་རྗེའི་ཡབ་གཞིས་ཀླུ་འབུམ་ཚང་གི་འགྲུལ་བ་དང་མགྲོན་པོ་རེད།

དེ་བས་རྗེ་བླ་མ་ཕེབས་སྐྱེལ་གྱི་ཨ་ཞང་གཉིས་གཙོས་ཞབས་འཁོར་མང་པོ་དང་བཅས་ཚོང་བའི་འཁོར་དང་བསྡེབས་ཏེ། ད་ལྟའི་ཟི་ལིང་དང་སྔོན་གྱི་ཙོང་ཁ་ནས་དབུས་ལམ་དང་གསེར་ལམ་བསྙེགས་པ་ཐེ་ཚོམ་མེད་ཅིང་། ཚོང་ལམ་ཡང་བྱང་ལམ་མ་ཡིན་པར་ལྷོ་ལམ་ལ་བརྒྱུད་པ་བདེན་ངེས་པ་གོང་གི་ལམ་ཐིག་གསུམ་པ་ནང་བཞིན་མི་ཕེབས་ཐབས་མེད་ཀྱི་གཟེར་ནི། འདིའི་ལྷོ་ལམ་བྱང་ལམ་ཞེས་པའང་ལམ་ཐིག་ཕྱི་མ་དེ་གཉིས་ཡིན་པ་དང་།  དེང་སང་ཡང་སྔོན་གྱི་གནའ་ལམ་དེ་དག་ཐིག་ལ་བཟུང་ཞིང་གཞུང་བསྲིངས་པའི་ལམ་ཁ་དག་བཟོས་དང་བཟོ་བཞིན་པ་མཐོང་ཆོས་ཡིན་པས། གནའ་བོའི་དུས་སུའང་ཚོད་པ་སྔོན་སོང་གིས་མྱུར་ལམ་དང་བདེ་ལམ་དེད་པ་མངོན་སུམ་རེད། ཡིན་ནའང་། དེང་གི་མདོ་དབུས་གཞུང་ལམ་གྱི་ལམ་ཐིག་འདི་གནའ་བའི་འགྲུལ་བཞུད་ལ་བསྐོར་ཚད་རྒྱང་བསྐྱེད་དྲག་པ་དང་་། དེང་གི་ཁྲོན་བོད་གཞུང་ལམ་ཀྱང་དེ་འདྲའི་རོང་བྲག་རྩུབ་ཆེ་བ་དེ་གནའ་བོའི་འགྲུལ་བཞུད་དང་། ཁྱད་པར་འདིའི་ལམ་ཁར་ཡོང་ཐབས་མེད་དོ།།

ཡང་འདིའི་ལྷོ་ལམ་ཞེས་པ་དང་། དེ་ཡང་མདོ་ཁམས་ཀྱི་ལྷོ་ལམ་ཞེས་པའི་ཁོངས་ལ་མདོ་སྨད་ཀྱང་ཚུད་པ། སྔོན་ནས་མདོ་ཁམས་དབུས་གསུམ་ཞེས་གྲགས་ཤིང་། བར་ཁམས་ཀྱི་རྒྱུད་ངོམ་ཆུ་དང་རྫ་ཆུ་འཛོམས་པའི་མདོ། ཞེས་མདོ་ཁམས་བྱ་བ་མདོ་སྟོད་སྨད་གཉིས་ཀ་དང་། བར་ཁམས་མདོ་སྟོད་ཙམ་ལ་གོ་བས་ཀྱང་འགྲུབ་པར་མ་ཟད།  འདིའི་ལམ་ཐིག་གཉིས་པའི་རྒྱུད་ལ་བྱང་རྒྱུད་དང་བྱང་རྒྱབ་ཏུ་འབོད་ཅིང་མི་མེད་ལུང་སྟོང་སྟེ། དེ་བས་གོང་གི་ལམ་ཐིག་གསུམ་པ་དེ་ག་རང་ལ་གཟུར་ཐབས་མེད་མོད། ཡང་འདིའི་མདོ་ཁམས་ཞེས་པ་མདོ་སྟོད་ཙམ་ལ་ཨུ་ཚུགས་བརྒྱབ་པ་ཡིན་ན་ཡང་། ཙོང་ཁ་ཟི་ལིང་ནས་སྐྱེས་དགུ་མདོ་བར་ལམ་ཐུག་གཉིས་པ་དང་། དེ་ནས་ཁམས་ནང་ཆེན་དང་རི་བོ་ཆེ་སོགས་ལམ་ཐིག་གསུམ་པ་བརྒྱུད་པ་དཔྱད་པའི་རྣམ་གྲངས་ཡིན། གང་ལྟར་རྗེ་དགུང་ལོ་བཅུ་དྲུག་པར་(ཕྱི་ལོ1372)དབུས་ལམ་ལ་ཞུགས་ཤིང་། ལོ་དེར་ཕག་གྲུའི་སྲིད་ཁྲི་གཉིས་པ་གུ་ཤྲི་ཤཱཀྱ་རྒྱལ་མཚན་སྲིད་ཁྲིར་བཞུགས། དགུང་ལོ་བཅུ་བདུན་པའི་(ཕྱི་ལོ1373)སྟོན་ཀར་དབུས་སུ་འབྱོར། དེ་ལྟར་ན་དབུས་ལམ་ལ་མ་ཐ་ཡང་ལམ་ཞུགས་ཟླ་ངོ་བདུན་ཞིག་ཐོགས་འདུག་ཅིང་། ཙོང་ཁ་ཟི་ལིང་ནས་དབུས་ཀྱི་མལ་གྲོ་གུང་དཀར་བར་དེང་གི་འཁོར་ལམ་འཇལ་ཚད་སྤྱི་ལེ་ཉིས་སྟོང་ཆིག་བརྒྱ་དོན་བརྒྱད་ལྷག་གི་ལམ་ཐག་ཆོད་པ་ཡིན།

ཡིན་ནའང་། ལམ་ལ་ཟླ་ངོ་བདུན་ཐོགས་དགོས་རྒྱུའི་རྒྱུ་མཚན་གཞན་མ་མཐོང་སྟེ། ད་ལྟ་རྐང་འགྲོས་ཀྱིས་མདོ་སྨད་ནས་དབུས་མཇལ་ཕེབས་མཁན་རྣམས་ཆེས་མང་ནའང་ཉིན་ལྔ་བཅུ་ལྷག་ལས་དགོས་རྒྱུ་མེད་པ་དང་། མཇལ་ཁ་ཁོ་ནར་རྐང་འཛུགས་པ་དག་དང་འདྲ་ཡུ་མེད་ཀྱང་བར་ཁྱད་དེ་ཙམ་ཞིག་ཐལ་འདུག དེ་ལ་རྨོངས་བློ་འཆར་སྒོ་འགའ་ཞིག་མཆིས་པའི་དང་པོ། འབྲི་གུང་བའི་འབུལ་དཔོན་ལྡན་མ་རིན་ཆེན་པ་དེ་ཉིད་དོན་ལ་ཚོང་བ་འཕྲིན་ལས་ཅན་གྱིས། ཡབ་གཞིས་ཀླུ་འབུམ་དང་བླ་མ་དོན་རིན་པ་གཉིས་ཀྱི་བཀའ་ནན་ཆེ་བས་ལྷན་བསྐྱོད་མ་གཡེལ་ཀྱང་ལམ་ཁར་ཚོང་གི་འཕྲིན་ལས་ཀྱིས་ཐོགས་སམ་སྙམ་པ་དང་།། ཡང་ན་གྲོགས་སྟོབས་ཀྱིས་གསོ་རིག་ལ་བསླབ་དགོས་ཐུག་པ་དེས། དབུས་སྐྱོད་ལམ་གྲོགས་རྒྱུ་འགྲུལ་བའི་ཁྲོད་ན་ཚ་བྱུང་རིགས་ཐོན་པས་ཀྱང་ལམ་ལ་ཐོགས་སམ་སྙམ་པ་དང་།

ཡང་འབུལ་དཔོན་ལྡན་མ་རིན་ཆེན་པ་དེ་ཉིད་རེབ་འདིར་མདོ་སྨད་ལ་ཕེབས་ཆས་སྐབས། འབྲི་གུང་ཆོས་ཀྱི་རྒྱལ་བོའི་རྣམ་ཐར་ལས། གཞན་ཡང་མངོན་པར་མཁྱེན་པའི་ཚུལ་མཐའ་ཡས་ཀྱང་དཔེར་བརྗོད་ཅུང་ཟད་ཙམ་སྨོས་ན། མདོ་སྨད་ཀྱི་ཕྱོགས་སུ་འབུལ་དཔོན་བརྫངས་པ་ལ། ཤ་སྐྱ་ལག་པ་ཞེས་བྱ་བའི་ཆིབས་པ་གནང་ནས་འདི་སྐད་ཅེས་གསུང་བར་མངོན་ནོ།

ད་ལན་ཁྱོད་ཀྱིས་རྒྱ་ནག་འཁོར་ནས་ནི།།

གདན་སའི་ཞབས་ཏོག་ཟང་ཟིང་དངོས་པོ་འགྲུབ།།

ལམ་སྣ་ཤ་སྐྱ་ལག་པས་དྲངས་ནས་ནི།།

ལྟོས་བཅས་འགྲུལ་བ་རྫས་དང་ལྡན་པར་འགྱུར།།

ཞེས་པའི་ལུང་བསྟན་གྱི་ཐོག་ཏུ་བབ་སྟེ། འབུལ་དཔོན་རྒྱ་ནག་ནས་འཁོར་ཏེ་འབྲི་ཆུ་ཁར་སླེབས་པ་ན། རྟ་ཕྱུགས་ཐམས་ཅད་ཀྱི་ལམ་སྣ་ཤ་སྐྱ་ལག་པས་དྲངས་ཏེ། འབྲི་ཆུའི་ཚུར་འགྲམ་དུ་འབྲི་གུང་བའི་འཕྲིན་ལས་པ་རྣམས་བདེ་བར་ཕྱིན་ཅིང་། གདན་ས་ཐེལ་བའི་འཕྲིན་ལས་པ་རྣམས་རྟ་དང་ཕྱུགས་མའི་ཚོགས་ཆུ་ལ་མ་ཐེབས་པས་ཕར་འགྲམ་དུ་ལུས་པས། ཧོར་དམག་གི་གནོད་པས་བཅོམ་པས་རྫས་དང་བྲལ་ཅིང་། སྐྱེ་བོ་མང་བོ་ཡང་མཐར་བྱེད་ཀྱི་ལྟོ་བར་བཅུག་པ་ལས་འབུལ་དཔོན་དེ་ཡང་བླ་མའི་གསུང་ལ་ངེས་ཤེས་སྐྱེས་ཤིང་། རྟ་བཟང་བོ་ལྕག་གིས་སྐུལ་བ་བཞིན་དུ་མྱུར་བར་ཆོས་རྗེའི་དྲུང་དུ་ཕྱིན་ཏེ་འབྲི་གུང་བའི་འཕྲིན་ལས་པ་ཐམས་ཅད་དོན་དང་ལྡན་པར་བྱས་སོ། ཞེས་ཀྱང་འབྱུང་བས་ཕེབས་ལམ་ལ་གནས་ཚུལ་འདྲ་མིན་བྱུང་བ་མིན་ནམ་སྙམ་པ་བཅས། དེ་གསུམ་གང་རུང་ལས་མ་འདས་སོ་སྙམ་མོ།        

དབུས་གཙང་གི་འགྲུལ་བཞུད་རིང་མོ།  

འཛམ་གླིང་གི་འོད་ཀྱི་ལམ་བུ།

དང་པོ། 

བརྒལ་བརྟག་གིས་བཙོ་སྦྱངས་རིང་མོ།

1

 དེ་ལྟར་ཟླ་ངོ་བདུན་དང་ལམ་ཐག་སྤྱི་ལེ་ཉིས་སྟོང་ལྷག་གི་ཕེབས་ལམ་དང་། དགུན་དཔྱིད་དབྱར་གསུམ་གྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་། ད་དུང་གནའ་བོའི་འགྲིམ་འགྲུལ་བདེ་འཇགས་མེད་པའི་སྐུ་ངལ་སོགས་ཆེད་སེལ་ཀྱིས་འབྲི་གུང་དཔལ་གྱི་གདན་སར་ཕེབས་ཐོན་ཟིན་ཏེ། དགུང་ལོ་བཅུ་བདུན་པའི་(ཕྱི་ལོ1373)སྟོན་ཀར། འབྲི་གུང་གདན་རབས་བཅུ་བ་འབྲི་གུང་སྤྱན་སྔ་འཛམ་གླིང་ཆོས་ཀྱི་རྒྱལ་པོ་ཞུ་བ་དགུང་ལོ་སོ་དགུ་བར་སྤྱན་སྔར་མཇལ། ཐེག་ཆེན་སེམས་བསྐྱེད་དང་། ཕྱག་ཆེན་ལྔ་ལྡན། འབྲི་གུང་བའི་བཀའ་འབུམ་བཅས་གསན། འདི་ནི་རིན་པོ་ཆེ་འདི་བས་དབུས་གཙང་དུ་བསྟེན་པའི་བླ་མའི་ཐོག་མ་དང་། བཀའ་བརྒྱུད་པའི་བླ་མ་བསྟེན་པ་གཉིས་པ་ཡིན། འདི་ནས་བཟུང་འབྲི་གུང་བཀའ་བརྒྱུད་དང་ཕག་གྲུ་བཀའ་བརྒྱུད་གཉིས་ནི་ཆོས་སྲིད་ལུགས་གཉིས་ཀྱིས་རིན་པོ་ཆེ་འདི་བའི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བདག་རྐྱེན་བླ་མེད་དུ་འགྱུར་བའི་དབུ་བརྙེས་ཤིང་། སྐུ་ཚེ་གང་བོའི་མཛད་འཕྲིན་ལུགས་གཉིས་ལ་གཞོག་འདེགས་རྒྱབ་གཉེར་གྱི་ཆེ་བ་སོགས་ཤིན་ཏུ་ནས་ཀྱང་སྐུ་དྲིན་ཆེའོ།། ཕྱིས་སུ་འཁྲུངས་ཡུལ་ནས་ཆོས་ཀྱི་རྐྱེན་དུ་མཁོ་བའི་འཚོ་ཆས་དང་ཡུམ་གྱི་གསུང་འཕྲིན་སོགས་ཀྱང་གདན་ས་འདིར་བརྒྱུད་བཞིན་འདུག་པས་འབྲེལ་ཤིན་ཏུ་ཟབ་པ་དང་། ད་དུང་འབུལ་དཔོན་ལྡན་མ་རིན་ཆེན་པ་དེ་ཉིད་མདོ་སྨད་ཙོང་ཁ་དང་དབུས་འགྱུར་འཆང་བར་རྒྱུ་འགྲུལ་ཆེ་བ་མཐོང་ངོ་། །ཕྱིས་སུ་རྗེ་ནས་མ་ཡུམ་ལ་ཕུལ་བའི་རྗེའི་སྐུ་གསུང་འབྱོན་མ་བསྐུར་ཡུལ་གྱི་ཚོང་དཔོན་ནོར་བཟང་བའང་འདི་ཉིད་མིན་ནམ་སྙམ་མོ།།   

ལ་ལས་<ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་>དེ་དུས་གནས་འདིར་མཛད་བཤད་པ་མ་དག་སྟེ། དེ་ཡང་དེར། གནས་ལུགས་ཟབ་མོའི་དོན་ལ་སྐྲག་གྱུར་ནས།། བློས་བྱས་ཉི་ཚེའི་སྟོང་བ་མཆོག་འཛིན་པའི་།། ལོག་པའི་ལྟ་ངན་མཐའ་དག་རབ་སྤངས་ཏེ།། ཆོས་ཀུན་གདོད་ནས་སྟོང་བར་རྟོགས་པར་ཤོག། ཅེས་རྗེ་ནས་ཟབ་མོ་དབུ་མའི་ལྟ་བ་གསར་དུ་རྟོགས་པའི་ཚུལ་བསྟན་པའི་རྗེས་ཙམ་དང་། བདག་གི་ལུས་དང་སྲོག་དང་ལོངས་སྤྱོད་ལ།། རྒྱུན་དུ་འཚེ་བའི་བསམ་པ་དང་ལྡན་ཞིང་།། བདག་ལ་མི་སྙན་བརྗོད་པ་དེ་དག་ལའང་།། བདག་ནི་ལྷག་པར་མ་བཞིན་བྱམས་གྱུར་ཅིག། ཅེས་ཕྱིས་རྗེའི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་ཕུན་ཚོགས་དཔལ་འབྱོར་ལ། མི་སྲུན་པའི་སྐྱེ་བོ་རེ་ཟུང་མ་བཟོད་པར་ཕྲག་དོག་གིས་ཅི་བྱ་དེ་བྱ་མ་བྱུང་བའི་ཚུལ་ལུགས་སོགས་གོ་བས། <རྣམ་ཐར་ཆེན་མོར>དེ་ནས་ཆོས་རྗེ་ལོ་ཙཱ་བ་དང་འབྲི་གུང་ཆོས་རྗེ་གཉིས་ཀས་ཞལ་འཛོམས་པར་ཞུ་བའི་ཕོ་ཉ་དང་གསུང་འཕྲིན་ནར་མར་བྱུང་བས། རྗེ་རིན་པོ་ཆེ་འདིས་དཔྱིད་འགོ་འབྲི་གུང་དུ་བྱོན། ཆོས་མང་དུ་གསུངས། ཞེས་དེ་ཕྱིས་དགུང་ལོ་ཞེ་ལྔ་བར་གདན་ས་འདིར་ཕེབས་དུས་ན་མཛད་དོ། ། མཛད་བྱང་ལ་བལྟ་བ་ཡིན་ནའང་བློ་བཟང་གྲགས་པའི་དཔལ་ཅེས་དུས་ཕྱིས་གསུངས་པ་གསལ་བས། ལོ་རྒྱུས་བྱུང་རིམ་ནི་དག་སྣང་དང་དད་པ་ཁོ་ནས་ཁ་ཚོན་བཅད་ཆོག་པ་ཞིག་མིན་ནོ།།   

ཁྱད་པར་དུ་ཐུགས་སྨོན་རླབས་པོ་ཆེ་འདིའི་དབུ་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེ་ལ་ཐུན་མོང་མ་ཡིན་པར་གནང་བའི་གདམས་པ་ཟབ་མོ། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་བཅས་ལམ་གྱི་གཙོ་བོ་རྣམ་གསུམ་དུ་ཞུ་བ་ཆེད་དུ་ཐོན་འདུག་པས་ཀྱང་། ཕྱིས་སུ་རྗེ་བཙུན་དང་ཞལ་མཇལ་བ་ནས་ཡིན་པ་གོ་དགོས།   

སྤྱན་སྔ་ཆོས་ཀྱི་རྒྱལ་བོས་རིན་པོ་ཆེ་འདི་བར་ངས་ཁྱེད་ལ་རྟེན་སྐལ་ཅིག་འབུལ་བ་ཡིན་པས་ཉིད་ལ་གང་དགོས་གསུང་གནང་ཞུ་བར། བླ་མའི་རྟེན་ཁྲོད་ནས་རྣམ་རྒྱལ་མའི་སྐུ་ཞིག་གིས་ང་འགྲོ་ཞེས་གསུང་འབྱོན་པར་གྲགས་པའི་གསུང་རྒྱུན་ཀྱང་འདུག་པས། གསུང་རྒྱུན་དག་མིན་གང་ལྟར་འདིས་ཡབ་གཞིས་ཀླུ་འབུམ་ཚང་དང་བླ་མ་དོན་རིན་པ་དང་། རིན་པོ་ཆེ་འདི་བ་བཅས་ཕྱོགས་གསུམ་ཀར་སྔར་ནས་རྒྱུས་མངའ་ལྡན་ཞིང་མཐོང་ཆེ་བའི་རྒྱུ་མཚན། རྗེ་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་ཆེ་བ་མཚོན་པའི་གསུང་རྒྱུན་ཞིག་གོ།།   

དེ་ལྟར་དམ་པ་འདིས་རིང་ནས་ཐུགས་ལ་བརྣག་ཅིང་རེ་བའི་མངོན་འདོད་དམ་པ། ཀུན་ནས་མངོན་པར་འགྲུབ་པའི་དགོངས་བཞེད་ཉིད་དེ། བོད་ཁ་བ་གངས་ཅན་པའི་ཆོས་ཚུགས་ས་ཚུགས་གང་ནས་ཀྱང་། དབུས་འགྱུར་རྡོ་རྗེ་གདན་གཉིས་པའི་ས་སྣེ་ཟིན་པ་ཡིན་དུས། ཐུགས་རབ་ཤིན་ཏུ་བརྟས་ཤིང་དགོངས་བཞེད་རླབས་ཀྱི་སྐྱ་རེངས་དང་པོའི་འོད་དཀར། དབུས་གཙང་སྤྱིའི་ཡུལ་ཁམས་ཀྱི་ཉི་མ་ཚང་ནས་ཤར་བ་ལྟར་མངོན་པར་འཕགས་པ་ནི། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས།། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་།། བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ།། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།། དགའ་ཆེན་རོལ་བ་ཆེན་པོ་སྟེ།། ཞེས་པའི་བདེན་སྟོབས་བསླུ་མེད་ཀྱི་རང་སྒྲ་དང་པོའོ།།    

འབྲི་གུང་ཐེལ་ནི། སྐྱོབ་པ་འཇིག་རྟེན་མགོན་པོས་དགུང་ལོ་སོ་བདུན་པ་སྟེ། ཕྱི་ལོ(1179)ལོར་ཕྱག་བཏབ། དེའི་ཆོས་བརྒྱུད་ལ་འབྲི་གུང་བཀའ་བརྒྱུད་ཅེས་ཞུ། ཕག་གྲུ་རྡོ་རྗེ་རྒྱལ་བོ་དང་མཇལ། ཕག་གྲུས་མཚན་ལ་རིན་ཆེན་དཔལ་ཞེས་གསོལ། བུ་སློབ་རྣམས་ཀྱིས་འཇིག་རྟེན་གསུམ་མགོན་ཞུས། འབྲི་གུང་གདན་རབས་བཅུ་བ་ཆོས་ཀྱི་རྒྱལ་བོའི་དུས་བླ་མ་ཙོང་ཁ་བ་ཕེབས། དབྱར་གནས་སྐབས་དགེ་སློང་འབུམ་ཕྲག་གིས་ཚུལ་ཤིང་བླངས་པ་སོགས་པའི་འདུ་བ་རྒྱས། ཚོགས་ཆོས་སྐབས་སུ་མདུན་རིའི་རྩེར་འཁར་རྔ་ཉི་མ་འབྲུག་གྲགས་ཞེས་པ་བརྡུང་རྒྱུ་མཆིས་ཤིང་། ད་ལྟའང་རི་རྩེར་བྲག་ངོས་ཤིག་ཏུ་འཁར་རྔ་འདོགས་བྱེད་ཀྱི་ལྕགས་ཐག་དུམ་བུ་གཉིས་མཐོང་རྒྱུ་ཡོད་པར་བཤད། ལྷ་ས་ནས་འཁོར་ལམ་སྤྱི་ལེ་140ཙམ་ན་དགོན་པ་དེར་སླེབས།   

དེ་ཡང་འབྲི་གུང་ཐེལ་ནས་སློབ་གཉེར་ཅིག་ལ་ཕེབས་བསམ་པ་ལ། མདོ་སྨད་ནས་འགྲོགས་ཏེ་ཕེབས་པའི་གྲོགས་འགའི་སྟོབས་ཀྱིས་ཚལ་གུང་ཐང་དུ་ཕེབས་ཞེས། འབྲི་གུང་ཐེལ་གྱི་ནུབ་ངོས་འཁོར་ལམ་སྤྱི་ལེ་133གྱི་གནས་སྐྱིད་ཤོད་གུང་ཐང་དུ་ཕེབས། ཚལ་བའི་སྨན་པ་མཁས་པ་དཔོན་དཀོན་མཆོག་སྐྱབས་ཞེས་བྱ་བའི་གམ་དུ་བྱོན། གསོ་བྱེད་ཀྱི་གཞུང་ལ་སྦྱངས་ཤིང་ཡན་ལག་བརྒྱད་པ་ཐུགས་ལ་བཟུང་། རྗེ་རྟོགས་ལྡན་འཇམ་དཔལ་བས། <རྗེའི་རྣམ་ཐར་ཆེན་མོའི་ཟུར་འདེབས་ལེགས་བཤད་ཀུན་འདུས>ལས། བདེ་བ་ཅན་དུ་ཕར་ཕྱིན་གྱི་སློབ་གཉེར་ཐོགས་པ་ཞིག་མཛད་པའི་རྗེས་སུ། ཞེས་བདེ་བ་ཅན་ནས་ཚལ་ལ་ཕེབས་པར་གསུང་འདུག་ཀྱང་དེ་མ་རེད། མཁས་གྲུབ་རིན་པོ་ཆེའི་<རྗེའི་རྣམ་ཐར་ཆེན་མོ་དད་པའི་འཇུག་ངོགས>ལས། གླང་ལོ་སྟོན་གྱི་དུས་སུ་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་ཕེབས། དེའི་ཚེ་འབྲི་གུང་གི་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་བོ་བཞུགས་པས་ཁོང་གི་སྤྱན་སྔར་མཇལ། ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང་། ཕྱག་ཆེན་ལྔ་ལྡན་ལ་སོགས་པ་གསན། དེ་ནས་སློབ་གཉེར་ཞིག་ལ་འབྱོན་པར་བཞེད་པ་ལ། གྲོགས་འགའ་ཞིག་གིས་དབང་མེད་དུ་ཁྲིད་ནས། ཞེས་འབྲི་གུང་གི་མུ་ལ་ཚལ་དུ་ཕེབས་པ་ཤིན་ཏུ་གསལ། སློབ་གཉེར་གང་གི་དབུ་ཚུགས་ན་དེའི་མཐའ་འཁྱོལ་བའི་རེ་བ་སྐྱེ་བོ་རང་ག་བ་ལའང་མཆིས་ན། རིན་པོ་ཆེ་འདི་བས་མདོ་སྨད་ནས་མདོ་སྡེ་རྒྱན་ལ་བཤད་གསར་དང་འཆད་པ་གནང་བ་ནས་བྱམས་ཆོས་ལ་སློབ་གཉེར་གྱི་དབུ་ཚུགས་ཟིན་པ་དང་། ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི།། རྒྱན་དུ་གྱུར་བའི་མངོན་རྟོགས་རྒྱན།། ཐོག་མར་བསླབ་ཅིང་ནན་ཏན་བྱ། ཞེས་བླ་མའི་བཀའ་སློབ་ལའང་བཀའ་ནན་མོར་འདུག་པས་ཀྱང་ཤེས་སོ།།   

ཚལ་གུང་ཐང་ནི་རིན་པོ་ཆེ་འདི་བས་དབུས་གཙང་གཉིས་སུ་སློབ་གཉེར་གྱི་དབུ་ཚུགས་གནས་དང་། ཕྱིས་བོད་དུ་འགྱུར་རོ་ཅོག་གི་བཀའ་བསྟན་གཉིས་ཀྱིས་གཙོས་གཞུང་ཆེན་དུ་མར། ལོ་སྦྲེལ་གྱིས་གཟིགས་རྟོག་ཞིབ་པར་གནང་ཡུལ་དང་། དགུང་ལོ་ཉེར་དྲུག་པ་ནས་སོ་གཅིག་བར་ཕེབས་བཞུགས་ཤུགས་ཆེ་ས་དང་། མཁས་པ་ཆེན་པོ་སྟག་ཚང་ལོ་ཙཱ་བ་ཞུ་བའི་ཁེངས་པའི་རི་བོ་རྨང་ནས་བཤིག་པའི་རྩོམ་པ་ལེགས་བཤད་གསེར་ཕྲེང་གི་རྩོམ་གནས་སོགས། རྗེའི་སྐུ་ཚེ་ནང་གལ་གནད་ཆེ་བའི་ཡུལ་ཞིག་ཡིན།   

དགོན་དེ་ནི་མཉམ་མེད་དྭགས་པོ་ལྷ་རྗེའི་ཡང་སློབ་བླ་མ་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པས་ཕྱི་ལོ1175ལོར་ཚལ་ཡང་དགོན་དང་། ཕྱི་ལོ་1187ལོར་གུང་ཐང་གཙུག་ལག་ཁང་བཏབ་གནང་མཛད། བཀའ་བརྒྱུད་ཕྱག་བཞེད་མཛད་པས་ཚལ་པ་བཀའ་བརྒྱུད་ཅེས་པའང་དེ་ནས་བྱུང༌། བྱང་ངོས་ཡང་དགོན་ལ་ཚལ་དང༌། ལྷོ་ངོས་གཙུག་ལག་ཁང་ལ་གུང་ཐང༌། དེ་གཉིས་སྡེབས་པ་ལ་ཚལ་གུང་ཐང་ཞེས་ཟེར། དགོན་དེར་ལོ་ལྟར་བོད་ཟླ4བའི་ཚེས15ལ་གུང་ཐང་མེ་ཏོག་མཆོད་པ་ཞེས་པའི་གར་འཆམ་བསྐྱོན་སྲོལ་ཡོད། དེ་ནི་བོད་ཀྱི་མཆོད་པ་ཆེན་པོ་བཞི་སྟེ་ལྷ་ས་བཅོ་ལྔ་མཆོད་པ། གུང་ཐང་མེ་ཏོག་མཆོད་པ། བསམ་ཡས་འདོད་བདེ་མཆོད་པ༌། རྭ་སྒྲེང་ཁུ་བྱུག་མཆོད་པ་བཅས་མཆོད་པ་བཞིའི་ཡ་གྱལ་ཡིན་གསུངས།

2   

དེར་ཡུན་ཧ་ཅང་མི་རིང་བ་ཞིག་བཞུགས་ནས་དེ་མ་ཐག་གྲོགས་ལ་ལྟོས་པ་མེད་པར་སྔོན་ནས་བླ་མ་ཆོས་རྗེ་བའི་བཀོད་མངགས་ཡོད་པ་ལྟར། ལོ་དེ་ག་རང་ལ་ལྷ་སའི་ནུས་ངོས། ཚལ་ནས་འཁོར་ལམ་སྤྱི་ལེ32གྱི་གནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན། བདེ་བ་ཅན་པ་སྙེ་ཐང་བ་བཀྲ་ཤིས་སེང་གེ་བ་བླ་མའི་བླ་མ་ཡིན་པའི་ཕྱག་འཕྲིན་དང་ཕྱག་རྟགས་ཕུལ་ཞིང་། རིན་པོ་ཆེ་སྙེ་ཐང་བ་བཀྲ་ཤིས་སེང་གེ་དང་། གདན་ས་པ་དགེ་བསྐོངས་པ་ཡེ་ཤེས་སེང་གེ་ཞུ་བ་གཉིས་ལ་ཆོས་འབྲེལ་གསན། ཀློག་གི་སློབ་དཔོན་གཙོ་བོ་བྱང་བའི་སློབ་དཔོན་ཆེ་བ་ཡོན་ཏན་རྒྱ་མཚོ་དང་། ཞར་ཆོས་པ་སློབ་དཔོན་ཆེན་པོ་ཨུ་རྒྱན་པ་གཉིས་ལ་མངོན་རྟོགས་རྒྱན་རྩ་འགྲེལ་ཏེ། བུ་སྟོན་རིན་པོ་ཆེའི་བླ་མ་ཡིན་པ། འུ་ཡུག་པའི་ཡང་སློབ་འཇམ་སྐྱ་ནམ་མཁའ་དཔལ་གྱི་འཇམ་སྐྱའི་ཊཱིཀྐའི་སྟེང་གསན་བསམ་མཛད། བདེ་བ་ཅན་པའི་བླ་མ་གྲྭ་ཚང་ཤར་བའི་སློབ་དཔོན་འཇམ་རིན་པ་ལ་བྱམས་ཆོས་ཕྱི་མ་རྣམས་དང་། བློ་སྦྱོང་དོན་བདུན་མའི་ཁྲིད། ཀྱཻ་རྡོར་བིར་ལུགས་ཀྱི་དབང་། ཇོ་བོའི་ཆོས་འབྱུང་བརྒྱ་རྩ་བཅས་ཀྱང་གསན། ཀུན་མཁྱེན་འཇམ་དབྱངས་བཞད་པས། དེ་དུས་རྗེ་འདི་བས་འདིར་བླ་མ་ཡོན་ཨུ་གཉིས་ལ་ཕར་ཕྱིན་ཤིང་རྟའི་སྲོལ་བཞིར་གྲགས་པ་གསན་གསུངས།     

དེ་ལྟར་ཞག་བཅོ་བརྒྱད་ལྷག་གི་རིང་ལ་བསྟན་པའི་ཉིང་ཁུ་གཞུང་ཕ་རོལ་ཏུ་ཕྱིན་པའི་ཚིག་དོན་གཉིས་ཆ་ཐུགས་ལ་བྱང་ཆུད་པའི་ཤེས་རྩལ་ངོམས་ཤིང་། བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ལ་བླ་སློབ་ཆོས་གྲོགས་ཡོངས་ཐུགས་མཚར་བའི་གནས་ལ་བཀོད་དེ། གཞི་ཆེ་བའི་དབུས་གཙང་གི་སློབ་གཉེར་གྱི་དབུ་བརྩམས།  < འདི་ནས་གཤམ་དུ་རིམ་པར་། རིན་པོ་ཆེ་འདི་བས་ཆོས་གྲྭ་ཆེན་པོ་གང་དུ། བླ་མ་སུའི་མདུན་ཏུ་ཐོས་གསན་གང་གནང་གི་བསྟན་བཅོས་གཞུང་ཆེན་ཁག་གི་མཚན་ཐོ་ཁ་ཐུག་ཁ་ཐུག་ལ་གསལ་བོར་འགོད་འོས་ཡོད་ཀྱང་། རྗེ་འདིའི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བདུན་གྱི་གྲས། རྗེའི་སྐུ་མདུན་དུ་མི་ལོ་བཅུ་ཕྲག་ལ་འབྲལ་མེད་དུ་བཞུགས་པའི་གུང་རུ་རྒྱལ་མཚན་བཟང་བོའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་ལེགས་བཤད་སྒྲོན་མེ་ན་གསལ་བོར་བཀོད་འདུག་པས། རྗེའི་བུ་ཆེན་ལས་རྒྱུས་དང་གསལ་ཆེ་བ་མི་འདུག་པས་དེས་འཐུས་པ་གྱིས། >   

དེ་ནས་ལམ་ཐག་སྤྱི་ལེ་2 ཙམ་གྱི་སྙེ་ཐང་གི་ཉེ་འདབས་དབེན་གནས་དངུལ་ཆུ་ཆོས་རྫོང་དུ་བླ་མ་བསོད་ནམས་རྒྱལ་མཚན་པའི་སྤྱན་སྔར་མཇལ། འཇམ་དབྱངས་ཨ་ར་པ་ཙ་ན་དང་། གུར་གྱི་མགོན་པོ། བདེ་མཆོག་དྲིལ་བུ་བའི་ལུས་དཀྱིལ་བཅས་ཀྱི་དབང་དང་རྗེས་གནང་སོགས་གསན། རྗེ་ནས་བསྟེན་པའི་ས་སྐྱའི་བླ་མའི་ཐོག་མ་ཡིན། དེ་དུས་བླ་མ་པས་དབུ་ཞྭ་རྗེ་ལ་གནང་ནས་བུ་ལུགས་ཀྱི་བསྟན་པ་གཏད་པར་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས་ཏེ། དེ་བདེན་ཤས་མཆིས་སྙམ་སྟེ། བུ་སྟོན་རིན་པོ་ཆེས། ངའི་བསྟན་པའི་རྒྱུན་འདི་འཛིན་མཁན་གྱི་སྐྱེས་བུ་ཞིག་འཐོན་གྲབས་ཡོད་ཀྱང་། འཁྲུངས་ཡུལ་ཐག་རིང་བས་མྱུར་ཏུ་འཐོན་ས་མ་རེད། ད་ང་རྒན་པོས་ཀྱང་སྒུག་ནས་ཡོང་གི་མ་རེད། ཅེས་སྒྲ་ཚད་པ་དང་བླ་མ་ཁྱུང་བོ་ལྷས་པ། གུང་གསུམ་བདེ་ཆེན་པ་བཅས་ལ་བུ་ལུགས་ཀྱི་ཆོས་ཆ་ཚང་འཕྲོད་པའི་ཞལ་ཏ་གནང་བ་ཡིན། ཞེས་པའི་དམ་པའི་གསུང་རྒྱུན་ཡོད། བུ་སྟོན་རིན་པོ་ཆེ་རྗེ་འདི་བ་འཁྲུངས་ལོ་བརྒྱད་པར་གཤེགས། ཕྱིས་སུ་གུང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་དང་། བླ་མ་ཁྱུང་བོ་ལྷས་པ་གཉིས་ལ་བུ་ལུགས་ཀྱི་ཆོས་རྫོགས་པར་གསན་པའི་མཇུག་ཐོག་ལ། བླ་མ་རྣམ་པ་གཉིས་ཀྱིས་ད་ཆོས་བདག་པོ་ལ་འཕྲོད་པས་སེམས་བདེ་སོང་ཞེས་པ་གཅིག་མཚུངས་གསུངས་པའི་དགོངས་གཞི་ཡང་དེ་ག་རང་རེད་སྙམ།   

བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནི་བོད་རྒྱལ་ཕག་གྲུའི་ཁྲི་རབས་གཉིས་པ་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་པའི་དབུ་བླ་དང་། རྗེ་བཙུན་རེད་མདའ་བའི་ཕར་ཕྱིན་དགེ་རྒན་དང་། རེད་མདའ་བས་ཁོང་ལ་བསྟེན་པའི་ལག་རྗེས་སུ་ཕར་ཕྱིན་དང་དོན་བདུན་ཅུའི་རྣམ་བཤད་མཛད་གནང་། སྐབས་དེར་བོད་དུ་བླ་མ་འདིའི་སློབ་མར་མ་གྱུར་བ་མེད་པ་ལྟ་བུ་ཡིན། ལོ་འདིར་ཕྱིས་རྗེའི་དངོས་སློབ་དང་འཁོར་དག་པ་རྣམ་བརྒྱད་གྲས། ཡུལ་ཕྱོགས་ཀྱང་གཅིག་པའི་ཟི་ན་བ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ་ཡང་དབུས་སུ་ཕེབས། འདི་བའི་རྣམ་ཐར་དུ། ཁོང་བའི་འཁྲུངས་ཡུལ་ཙོང་ཁ་དངོས་དང་། རྗེ་རིན་པོ་ཆེ་ཙོང་ཁའི་ལུང་ལག་ཏུ་གསུངས་པར་གཞིག་ན། ཁོང་རིགས་ཙོང་ཆུའི་འགྲམ་ངོགས་དངོས་ད་ལྟའི་ཟི་ལིང་གི་མིན་འགྲོ།   

བདེ་བ་ཅན་ནི། སྙེ་ཐང་སྒྲོལ་མ་ལྷ་ཁང་ནས་འཁོར་ལམ་སྤྱི་ལེ་གསུམ་ཙམ་ན་ཡོད། ཐོག་མར་གནས་དེར་སེར་ཁྱིམ་བདེ་བ་ཅན་ཞེས་དགོན་པ་ཞིག་ཡོད་པ། ཇོ་བོ་རྗེ་སྙེ་ཐང་དུ་བཞུགས་སྐབས་སྐ་བ་ཤཱཀྱ་དབང་ཕྱུག་གིས་གཙང་དགོན་དུ་བསྒྱུར། རིམ་པས་གྲྭ་ཚང་གཅིག་དང་ཁང་ཚན་དགུ་བར་འཕེལ། བདེ་གསང་གུང་གསུམ་ཞེས་སྔ་མའི་དབུས་ཀྱི་གདན་ས་གསུམ་གྱི་ཁོངས་ཡིན། ཕྱིས་ར་སྟོད་དགོན་ཞེས་ཀྱང་ཟེར། གསང་ཕུའི་གདན་རབས་ཀུན་མཁྱེན་ཡོན་ཏན་རྒྱ་མཚོས་མཛད་སྐབས། ཁོང་གིས་གསང་ཕུའི་གདན་ས་པ་དང་གླིང་སྨད་ཆོས་རྗེ་ཟུང་འབྲེལ་གནང་། གྲྭ་ཚང་གི་སྟོད་དུ་རྡོའི་རྭ་བ་བསྐོར་ཏེ་ཆོས་འཆད་ཉན་གནང་བས་རྭ་བ་སྟོད་ཅེས་གྲགས། དེ་ནས་རིམ་པར་འཕེལ་རྒྱས་སུ་སོང་སྟེ། སྙེ་ཐང་བདེ་བ་ཅན་དུ་གནས་སྤོས་ནས་ད་ལྟ་ར་སྟོད་གྲྭ་ཚང་ཞེས་པ་དེ་ཡིན།   

དེ་ནས་དགུང་ལོ་བཅུ་བདུན་པ་དང་བཅོ་བརྒྱད་པ་(ཕྱི་ལོ1373~1374)ལོ་ངོ་མཐོང་གཉིས་ཙམ་ལ་ཕར་ཕྱིན་གྱི་ཚིག་དོན་ཡོངས་སུ་རྫོགས་པར་་ཤིན་ཏུ་མཁས་པར་གྱུར་ནས། དེའི་ཕྱི་ལོར་གསང་ཕུ་དང་བདེ་བ་ཅན་ལ་སོགས་པ་རྣམས་སུ་གྲྭ་སྐོར་ལ་བྱོན། མཁས་གྲགས་ཀྱིས་ས་སྟེང་ཁྱབ། དེ་དུས་བདེ་བ་ཅན་ནི་དཔལ་ན་ལེནྡྲ་གཉིས་པ་ལྟ་བུར་ཡོད་ཅིང་། རིན་པོ་ཆེ་འདི་བ་མདོ་སྨད་ནས་དབུས་ཕེབས་ཀྱི་དམིགས་ཕུགས་པའི་ཕེབས་ཡུལ་ཀྱང་བདེ་བ་ཅན་འདི་ཡིན་ངེས་པ་ནི། བླ་མ་དོན་རིན་པ་དཔོན་སློབ་ཀྱི་གདན་ས་ཡིན་པ་དང་། ཁོང་གི་བཀོད་མངགས་དང་མཚམས་སྦྱོར་བའི་ཕྱག་ཡིག་ཡོད་ངེས་ཅན་ཡིན་སྙམ་པ་དང་།    

རིན་པོ་ཆེ་འདི་བས་གཞུང་ཆེན་པོ་ཏི་ལྔའི་སློབ་གཉེར་གྱི་དབུ་འདི་ནས་བརྩམས་ཡོད་པ་དང་། གདན་ས་འདི་དང་ཚལ་གཉིས་ནི་གཞན་དང་མ་འདྲ་བ་ཁོང་བ་ཡང་ཕེབས་བསྐྱར་ཕེབས་ཀྱི་ཐེངས་གྲངས་མང་ཤས་དང་། བཞུགས་ཡུན་རིང་ཤོས། <བློ་གསལ་བགྲོད་པའི་ཐེམ་སྐས>སོགས་ཁོང་གི་རྩོམ་པ་སྔ་ཤས་དག་གི་རྩོམ་གནས་ཡིན་པ་དང་། ཕྱིས་སུ་རྗེའི་བཀའ་བརྒྱུད་ལ་བཀའ་གདམས་གསར་མར་འབོད་པའང་གདན་ས་འདི་ལ་ལྟོས་ཤིང་། རྗེ་བླ་མ་ནི་བདེ་བ་ཅན་གྱི་གྲྭ་རྒྱུན་ཡིན་པ་བཅས། བདེ་བ་ཅན་ནི་དཔལ་རི་བོ་དགའ་ལྡན་པའི་བསྟན་པའི་ཆུ་འགོ་གཉིས་པ་ལྟ་བུར་གྲུབ་ཡོད།   

བདེ་བ་ཅན་ནས་ལམ་ཐག་སྤྱི་ལེ་60 གནས་གསང་ཕུ་ནེའུ་ཐོག་ནི། ཇོ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱི་ལོ་ 1073ལོར་ཕྱག་བཏབ། རྔོག་ལོ་ཆེན་པོ་དང་། ཕྱྭ་བ་ཆོས་ཀྱི་སེང་གེ་བཅས་སྨྲ་བའི་སེང་ཆེན་བརྒྱད་ཀྱི་གསན་བསམ་གྱི་གནས་དང་གདན་སའང་ཡིན། བོད་སྔ་རབས་ཀྱི་དུས་བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་ཚད་མ་རིག་པར་ལྕགས་ལ་ངར་དང་། གྲི་ལ་རྣོ་ཡི་དཔེ་བཞིན་གསར་གཏོད་དང་འཕེལ་རྒྱས་ཀྱི་སྐུལ་ལྕག་བླ་ལྷག་ཏུ་ཐོན་པའི་གནས་གཅིག་པུ་སྟེ། རྗེ་བླ་མས་གདན་ས་འདིར་མཁན་རིན་པོ་ཆེ་སེང་གེ་རི་བོང་ཞེས་པ་ལ་ཚད་མ་གསན་ཅིང་། ཕྱིས་དཀའ་བཞིའི་མཚན་རྟགས་ཀྱང་འདིར་བཞེས། དེའི་ཁུངས་སྐྱེལ་གཡའ་སེལ་སྐབས་གཤམ་ཏུ་འབྱུང་། གདན་ས་ཆེན་པོ་འདི་དང་། བདེ་བ་ཅན་བཅས་དབུས་ཀྱི་གདན་ས་ཆེན་པོ་དྲུག་ཅེས་པའི་ཁོངས་ཡིན།   

རྔོག་ལེགས་པའི་ཤེས་རབ་རང་གི་དབོན་པོ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་ཤར་ནུབ། བལ་པོ། ཁ་ཆེའི་ཡུལ་དུ་པཎྜི་ཏ་དུ་མའི་ཞབས་ལ་གཏུགས་ཏེ་སྡེ་སྣོད་གསུམ་ལ་དབང་བསྒྱུར། བོད་དུ་ཕེབས་ནས་བཀའ་བསྟན་མང་པོ་བསྒྱུར། གསང་ཕུར་འཆད་ཉན་གནང་བའི་སློབ་མ་འབུམ་ཕྲག་ལྷག་ཙམ་འདུས། ཐག་རིང་ཐུང་མེད་པར་གོ་བའི་ཚངས་པའི་དབྱངས་མངའ། སློབ་མ་སྡེ་སྣོད་འཛིན་པ་མཐའ་ཡས་པ་བྱུང་། སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་ནུས་པ་ལྡན་ཡང་། བོད་ཀྱི་བསྟན་འགྲོ་ལ་དགོངས་ཏེ་གངས་ཅན་གྱི་ལྗོངས་འདིར་ཕེབས། རྭ་ལོ་ཙཱ་བས་ཀྱང་རྔོག་ལོ་ཆེན་པོའི་དུས་སུ་གསང་ཕུའི་དགེ་འདུན་རྣམས་ལ་བསྙེན་བཀུར་ཡང་ཡང་ཞུས་རབས་ཡོད།   

དགུང་ལོ་བཅུ་དགུ་བ་(ཕྱི་ལོ་1375ཤིང་ཡོས།)ལ། ཟླ་བ་བཅོ་བརྒྱད་ལ་ཕར་ཕྱིན་གྱི་གཞུང་མ་ལུས་པ་རྫོགས་པར་ཐུགས་སུ་ཆུད་པའི་མཛད་རླབས་དང་། ལོ་ངོ་མཐོང་གསུམ་གྱི་སྦྱངས་འབྲས་ངོམ་པར་གསང་ཕུ་དང་། བདེ་བ་ཅན་ལ་སོགས་པ་རྣམས་སུ་ཕར་ཕྱིན་གྲྭ་སྐོར་ལ་བྱོན། པཎ་ཆེན་ཤཀྱཱ་མཆོག་ལྡན་གྱི་རྣམ་ཐར་དུ། དེ་དུས་དཀའ་བཞི་བ་འདིས་ཕར་འགྲེལ་རྒྱ་གཞུང་ཉེར་གཅིག་ཁོང་དུ་ཆུད་པའི་གྲྭ་བསྐོར་གྱི་དྲིལ་བསྒྲགས་པས་དབུས་གཙང་གཉིས་སྤ་ཀོང་བར་གྱིས་ཤིང་། གར་སླེབས་ལ་སུས་ཀྱང་གླགས་མ་རྙེད་པ་ཡིན་ཞེས་བསྔགས། གཙང་དང་ས་སྐྱར་འབྱོན་བཞེད་ཀྱིས་རིན་སྤུངས་ཀྱི་རྒྱང་མཁར་ཕུའི་ལ་ལ་བྱོན། ཉང་སྟོད་མཁར་ཁ་ལ་མཛད་ནས་བདེ་བ་ཅན་ནས་ལམ་ཐག་སྤྱི་ལེ་253གྱི་ཞྭ་ལུར་ཕེབས། བུ་སྟོན་རིན་པོ་ཆེ་བའི་དམ་པའི་ཆོས་ཀྱི་རྒྱལ་སྲིད་འཛིན་པའི་གདན་ས་བ། ལོ་ཙཱ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ་བའི་དྲུང་དུ་མཇལ། བདེ་མཆོག་མཻ་ཏྲི་བཅུ་གསུམ་དང་། གཤེད་དམར་ལྷ་ལྔའི་དབང་གསན། ལོ་འདིར་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་གཤེགས།   

ཆོས་གྲྭ་ཆེན་པོ་འདིར་ཆོས་རྗེ་དོན་རིན་པ་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་། ཞབས་ལ་ཁྲག་བརྡོལ་གྱི་བར་ཉིན་མཚན་དུ་སྐོར་བ་མཛད་པས། བློ་གྲོས་ཀྱི་ནུས་པ་མཆོག་ཏུ་གྱུར་བ་འཁྲུངས་པ་དང་། དེར་གྲྭ་སྐོར་དང་ཚོགས་སུ་བགྲོ་གླེང་མཛད་པས་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་པའི་མཚན་གནས་ཐོབ་ཡུལ་ཡིན།  

ཞྭ་ལུ་ནས་སྤྱི་ལེ་བཞི་ཙམ་གྱི་གནས་ཞྭ་ལུ་རི་ཕུག་ནི། <ཀུན་མཁྱེན་བུའི་སྒྲུབ་གནས་གཟིམ་ཤག་ཀ་བ་གཅིག་གི་ས།>ཞེས་མཁས་དབང་དགེ་ཆོས་པའི་གསུང་སྒྲོས་གསེར་ཐང་།   

ཞྭ་ལུ་ནས་ལམ་ཐག་སྤྱི་ལེ་33ཙམ་གྱི་སྣར་ཐང་དང་། དེ་ནས་སྤྱི་ལེ་253ཡུན་གྱི་ས་སྐྱ་གཉིས་ལ་འཁྱུག་ཙམ་ཕེབས་པ་དང་། ས་སྐྱའི་དུས་ཆོས་མ་ཚུགས་བར་ས་བཟང་དུ་བྱོན། ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་པའི་(1294-1376)དྲུང་དུ་ཆོས་བཀའ་ཅི་རིགས་པ་གསན། དུས་ཆོས་ཚུགས་ནས་ས་སྐྱར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དེ་ཀའི་འཕྲོ་མཐུད་ས་སྐྱ་ནས་ལ་སྟོད་བྱང་ལ་བྱོན།      

བྱམས་པའི་སྤྲུལ་པ་ས་བཟང་མ་ཏི་པཎ་ཆེན་ནི། རྗེ་བཙུན་རེད་མདའ་བ་དགུང་ལོ་བཅོ་བརྒྱད་པའི་དགེ་ཚུལ་གྱི་སློབ་དཔོན། ཕྱི་ལོ་1294ཤིང་ཕོ་རྟ་ལ་མངའ་རིས་སུ་སྐུ་འཁྲུངས། བཙས་མ་ཐག་གོམ་གསུམ་བཞེས་ནས་བྱམས་པའི་སྤྲུལ་པའི་འགྲོ་དོན་མཛད་ཚུལ་གྱི་ཚིགས་བཅད་གསུངས། དགུང་ལོ་བཞི་ནས་བྱམས་པའི་ཆོས་ལྔ་ཁ་ཏོན་མཛད། ལོ་བཅོ་ལྔ་སྐོར་ནས་མཁས་པའི་གྲགས་པ་ཆེན་པོ་ཐོབ་ཅིང་དབང་ལུང་མན་ངག་མང་པོ་གསན་པ་དང་། དོལ་པོ་བའི་ཐུགས་སྲས་གྲགས་ཆེ་བ་དང་ཇོ་ནང་པའི་པཎྜི་ཏ་ཆེན་པོ་ཞིག དོལ་པོ་བའི་བཀའ་བཞིན་ལོ་ཙཱ་བ་བློ་གྲོས་དཔལ་དང་ལྷན་དུ་རྒྱུད་འགྲེལ་དང་རྒྱུད་འགྲེལ་དྲི་མེད་འོད་ཟེར་བྱ་བ་ཞུ་དག་མཛད། སྤྱི་ལོ1337ལོར་བླ་མ་ཟླ་བ་རྒྱལ་མཚན་པས་ཕུལ་བ་བཞིན་ས་བཟང་དགའ་ལྡན་དགོན་ཞལ་འཛིན་མཛད་ཅིང་། སྣར་ཐང་དང་། ཞྭ་ལུ། རྭ་ལུང་། ས་སྐྱ། གསང་ཕུ་སོགས་དབུས་གཙང་གི་དགོན་སྡེ་མང་བོའི་གྲྭ་བཙུན་མང་དུ་འདུས། སྤྱི་ལོ1375ལོར་རྗེ་རིན་པོ་ཆེར་འཇམ་དབྱངས་དང་ཀྱེ་རྡོར་སོགས་ཀྱི་ཆོས་སྐོར་གསུངས། དེའི་ཕྱི་ལོར་གྲོངས། གསུང་རྩོམ་སྐོར་ལའང་། སྒྲ་ཊཱིཀྐ་སྤྱོད་འགྲེལ་སོགས་མང་དུ་མཛད། ཞལ་སློབ་ལའང་། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་མང་དུ་བསྐྱངས།   

ལ་སྟོད་བྱང་དུ་ཐོག་མར་འདར་བཟང་ལྡན་ནམ་ས་བཟང་དགོན་དང་། ཆོས་གྲྭ་དེ་ནི་ཐོག་མར་རབ་བྱུང་གཉིས་པའི་དུས་དཀྱིལ་ཙམ་དུ། བྱང་སེམས་ཟླ་བ་བཟང་བོས་ཕྱག་བཏབ། དགོན་དེའི་མཁན་ཐོག་དང་པོ་ས་བཟང་མ་ཏི་པཎ་ཆེན་དང་། གཉིས་པ་རྗེ་རེད་མདའ་བ། གསུམ་པ་བྱང་བདག་ཀུན་སྤངས་ཆོས་གྲགས་ལ་སོགས་པ་རིམ་པས་བྱུང་སྟེ། བཤད་སྒྲུབ་གྱི་བསྟན་པ་ཤིན་ཏུ་རྒྱས་པར་བྱུང་། རྗེ་རིན་པོ་ཆེས་གནས་དེར་གྲྭ་སྐོར་མཛད་ཅིང་ཟླ་གཅིག་ཙམ་བཞུགས།  

དེ་ནས་ངམ་རིང་དུ་གྲྭ་སྐོར་མཛད། ངམ་རིང་ཆོས་སྡེ་དེ་ཉིད་ནི། ཐོག་མར་བྱང་བདག་དཔོན་ཆེན་གྲགས་པ་དར་གྱིས་བཏབ་པ་དང་། བར་དུ་བྱང་བདག་སྐུ་མཆེད་རིམ་བྱུང་གིས་དར་རྒྱས་མཛད། བོ་དོང་པཎ་ཆེན་དང་། མཁས་གྲུབ་རིན་པོ་ཆེ་རྣམ་གཉིས་ཀྱི་རྩོད་གྲྭ་དང་། ཁོང་བ་གཉིས་བཅས་རྒྱལ་ཚབ་དར་མ་རིན་ཆེན་པ་སོགས་ཀྱིས་ཐོག་མའི་གསན་བཞེས་ཀྱང་འདི་ནས་མཛད། རྗེ་རིན་པོ་ཆེ་དཔྱིད་དང་དབྱར་གཉིས་རིང་འདིར་བཞུགས་ཤིང་། དེ་དུས་རྗེ་བཙུན་རེད་མདའ་བའི་མངོན་འགྲེལ་རིགས་པའི་རྒྱ་མཚོ་མཛད།   

དེ་ནས་དགའ་རོང་ཆོས་སྡེ་རྣམས་སུ་གྲྭ་སྐོར་མཛད། དེ་ནས་ཇོ་མོ་ནང་དུ་ཕེབས། ཆོས་རྗེ་ཇོ་ནང་བ་ཕྱོགས་ལས་རྣམ་རྒྱལ་བའི་དྲུང་དུ། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ལ་སོགས་གསན། ཆོས་རྗེ་ཕྱོགས་རྒྱལ་བ་མངའ་རིས་ནས་ཡིན། དང་པོ་བཀའ་གདམས་པ་ཚལ་གུང་ཐང་གི་ཆོས་གྲྭ་འགྲིམ། དེ་ནས་ཐུགས་རྗེ་བརྩོན་འགྲུས་གཡུང་དྲུང་དང་མཇལ་བས་ཆོས་བརྒྱུད་གནས་འགྱུར་བར་བཤད།    

ཇོ་མོ་ནང་ནི་དུས་རབས་བཅུ་གཅིག་པར་ཡུ་མོ་མི་བསྐྱོད་རྡོ་རྗེས་གཞན་སྟོང་གི་སྲོལ་བཏོད། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་གི་དགོན་པ་དེ་བཏབ། ཕྱིས་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་རི་ཆོས་ངེས་དོན་རྒྱ་མཚོ་སོགས་བརྩམས་ནས་དར་རྒྱས་སུ་བཏང་བ་དང༌། ཀུན་མཁྱེན་ཏཱ་ར་ན་ཐས་ཀྱང་རྟག་བརྟན་ཕུན་ཚོགས་གླིང་ཞེས་པའི་དགོན་པ་བཏབ་སྟེ། ལྟ་བ་ལ་གསལ་ཁ་མང་དུ་བཏོད་དེ་བརྒྱུད་པའི་ཆོས་རྒྱུད་ལ་ཇོ་ནང་བ་ཞེས་གྲགས། བདེ་གཤེགས་སྙིང་བོའི་མདོ་སོགས་ལ་བརྟེན་ནས་གཞན་སྟོང་གི་ལྟ་བ་འཆད་པ་དང༌། གྲུབ་མཐའ་འདིའི་ལུགས་ལ་ལྟ་བ་དེ་དང་དུས་འཁོར་གྱི་སྦྱོར་དྲུག་སྦྱར་ནས། ཉམས་སུ་བླངས་ན་སྟོང་གཟུགས་མངོན་དུ་འགྱུར་པར་འདོད་དོ།།   

དེ་ནས་བོ་དོང་ལ་བྱོན། མར་ལམ་ས་པཎ་གྱི་མཁན་པོ་སྤྱི་བོ་ལྷས་པ་བྱང་ཆུབ་འོད་ཀྱིས་བཏབ་པ་སྤྱི་བོ་ལྷས་སུ་ཕེབས། དེའི་མཁན་ཆེན་པ་ལ་བཀའ་གདམས་ལམ་རིམ་གྱི་ལུང་ཐོབ་ཅིག་མཛད། གུང་རུ་རྒྱན་བཟང་བའི་འདུན་ལེགས་མའི་འགྲེལ་བར། བཀའ་གདམས་གླེགས་བམ་གྱི་ལུང་ཐོབ་ཙམ་ཞིག་ཅེས་གསུངས་ཀྱང་། མཁས་གྲུབ་རིན་པོ་ཆེའི་ཐུབ་བསྟན་བྱི་དོར་དུ། ཇོ་བོ་ལ་ཁུ་རྔོག་འབྲོམ་གྱིས་བསྐོར་བའི་དབང་ཡོད་པར་སྣང་སྟེ། འོ་ན་འབྲོག་མི་ལ་ས་ཆེན་སོགས་ཀྱིས་བསྐོར་བའི་དབང་བསྐུར་ན་ཅི་མི་རུང་། ཞེས་གསུང་འདུག་པས་བཀའ་གདམས་གསར་མའི་ཕྱོགས་ལ་འདི་རྩོད་པ་ཅན་དུ་སྣང་བས་མི་འཐད་དོ།།    

དེ་ནས་ཆོས་གྲྭ་ཆེན་པོ་ཨེར་གྲྭ་སྐོར་མཛད། ཆོས་གྲྭ་དེ་ནི་གཞིས་ཀ་རྩེ་ཁོངས་ལྷ་རྩེ་རྫོང་བཀྲ་ཤིས་སྒང་བོ་དོང་གྲོང་། དགེ་བའི་བཤེས་གཉེན་མུ་ཊ་པ་ཆེན་པོས་(ཕྱི་ལོ་1049)ཕྱག་བཏབ། གཉན་ལོ་ཙཱ་བས་པཎྚིཏ་འབུམ་ཕྲག་གསུམ་པ་གདན་དྲངས། བཤེས་གཉེན་མུ་ཊ་པས་དགོན་པ་པཎྚིཏར་ཕུལ། དེ་ནས་རིམ་བཞིན་ལོ་ཆེན་བྱང་ཆུབ་རྩེ་མོ་དང་། ལོ་ཆེན་གྲགས་པ་རྒྱལ་མཚན་སོགས་རིམ་པར་བྱོན། དེ་ཕྱིས་(ཕྱི་ལོ་1278)ཙམ་ལ་བོ་དོང་པཎ་ཆེན་གྱིས་གདན་ས་མཛད་ནས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་བོད་ཀྱི་ས་ཆེན་པོར་གྲགས།   

དེ་ནས་སྣར་ཐང་དུ་བསྐྱར་ཕེབས་གནང་། སྣར་ཐང་གི་བླ་མ་ལོ་ཙཱ་བ་དོན་གྲུབ་བཟང་བོ་ལ་བསམ་བཟང་གི་ཊཱིཀྐའི་སྟེང་ནས་མཛོད་ཀྱི་བཤད་པ་ཚར་གཅིག་གསན་ཀྱང་། དེ་ཙམ་གྱིས་ཐུགས་ཁེངས་མ་བྱུང་བའི་ཚུལ་མཛད། ཁོང་གི་མདུན་མགོན་པོ་ཕྱག་དྲུག་པའི་དབང་གསན། གནས་འདིར་ཕར་ཕྱིན་ཉ་ཊཱིག་ལ་མཇལ་བས་དེ་དུས་ནས་ཉ་དབོན་ཀུན་དགའ་དཔལ་ལ་ཐུགས་དད་འཁྲུངས།   

དེ་ནས་སླར་ཉང་སྟོད་དུ་ཕྱག་ཕེབས། གནས་རྙིང་དུ་ཐོགས་ཙམ་ཞིག་བཞུགས་ཤིང་། གནས་རྙིང་གཟུངས་སྒྲུབ་ཀྱི་སྟེང་གྲྭ་སྐོར་མཛད། དེ་དུས་ཆོས་རྗེ་གཡག་གཞོན་གཉིས་ཀྱང་ཕེབས་འདུག་པ་དང་། རྗེ་བླ་མ་ཙོང་ཁ་བ་དང་རྣམ་པ་གསུམ་གྱིས་གནས་རྙིང་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་པའི་དྲུང་དུ་རིགས་ལུང་མཛད་པའི་གསུང་སྒྲོས་ཤིག་འདུག་ཀྱང་། དེ་ནི་མི་བདེན་པ་ལྟར་སྣང་སྟེ། དེ་དུས་རྗེ་བླ་མ་ཡབ་སྲས་ད་དུང་ཞལ་འཛོམས་བྱུང་མེད། ཡབ་སྲས་གཉིས་ཀྱི་མཇལ་ཁ་རིན་པོ་ཆེ་འདི་བ་དགུང་ལོ་ཉི་ཤུ་བར་རྩེ་ཆེན་དུ་བླ་མ་ཉ་དབོན་པར་མཇལ་པའི་རྗེས་ལ་ཡིན་ནོ། གཅིག་ན་འདི་དུས་ནས་ཡབ་སྲས་གཉིས་ཞལ་འཚོ་བ་ཡོད་ཀྱང་འདྲིས་དང་ཞིབ་མེད་པའང་ཡིན་སྲིད།   

དགུང་ལོ་ཉི་ཤུའི་ (ཕྱི་ལོ་1376མེ་འབྲུག) དབྱར་ཆོས་ལ་གནས་རྙིང་ནས་རྩེ་ཆེན་དུ་ཕེབས་པ་དང་། རིན་པོ་ཆེ་ཉ་དབོན་ཀུན་དགའ་དཔལ་བའི་སྤྱན་སྔར་ཕར་ཕྱིན་གྱི་ཟབ་བཤད་ཚར་གཅིག་གསན་པས། མཁས་པའི་རྣམ་འགྱུར་གྱིས་ཤིན་ཏུ་ཐུགས་རངས་པར་གྱུར་ཅིང་བཅོས་མིན་གྱི་ཐུགས་དད་འཁྲུངས། བླ་མ་ཉ་དབོན་པ་དེ་ཉིད་རྗེ་རེད་མདའ་བའི་ཚད་མའི་དགེ་རྒན་དང་། རེད་མདའ་བས་ཁོང་ལ་བསྟེན་འབྲས་སུ་ཚད་མའི་ཊིཀྐ་ཆེ་ཆུང་སྤྱི་དོན་བཅས་མཛད་པ་བཞུགས། རེད་མདའ་བས་དུས་འཁོར་གྱི་རྒྱུད་དང་གཞན་སྟོང་ལ་ཐུགས་མོས་མེད་ཁར་དགག་བཞག་མཛད་ཀྱང་། བླ་མ་འདིས་ཅི་ཡང་གསུང་མ་གནང་བའི་གསུང་རྒྱུན་ཡོད།    

བླ་མ་ཉ་དབོན་པ་ཀུན་དགའ་དཔལ་བ་ནི། ཡབ་རྣམ་རྒྱལ་དང་ཡུམ་པདྨ་སྒྲོན་གྱི་སྲས་སུ་རབ་བྱུང་ལྔ་པའི་ཤིང་བྱ་ལོའི་(ཕྱི་ལོ1345~1439)ཐ་སྐར་ཟླ་བའི་ཚེས་བརྒྱད་ཉིན་ཀོང་སྤོ་ཉང་གསུམ་ལས་ཉང་པོར་སྐུ་བལྟམས། དགུང་ལོ་གསུམ་ལོན་པ་ན་མཚན་བརྗོད་འདོན་པ་དང་། དགུང་ལོ་བཞི་རུ་ཕེབས་སྐབས་ཀུན་མཁྱེན་དོལ་བོ་བ་་དང་མཇལ། མཇལ་བ་ཙམ་གྱིས་དད་གུས་ཅིག་ཅར་དུ་འཆར། དགུང་ལོ་བཅུ་གཉིས་སུ་མཁན་ཆེན་ཉི་མ་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀུན་དགའ་བཟང་པོ་དཔལ་ཞེས་གསོལ།   

དེ་ནས་སྟག་ལུང་དང་། སྣར་ཐང་སོགས་དགོན་སྡེ་མང་པོར་བྱོན་ཏེ་མཁན་རིན་ཆེན་བཟང་པོ་དང་། མཆིམས་བློ་བཟང་གྲགས་པ་ལས་མཛོད་འགྲེལ་དང་། ཕར་ཕྱིན། མངོན་པ་སོགས་གཞུང་ལུགས་མང་དུ་གསན། སྐུ་ཚེའི་སྨད་དུ་བློ་གསལ་དྲུག་བརྒྱ་ཙམ་གྱིས་བསྐོར་ནས་རྩེ་ཆེན་ཆོས་སྡེ་བཟུང་། བཤད་སྒྲུབ་གཉིས་ཀ་འཕེལ་བར་མཛད། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ལེགས་པར་བཞེངས། སློབ་བརྒྱུད་མང་དུ་སྤེལ། འདི་བ་དགུང་ལོ་སུམ་བཅུ་རྩ་གཅིག་པར་རྗེ་བདག་ཉིད་ཆེན་པོས་བླ་མར་བཀུར་ཞིང་རྣམ་དཔྱོད་ཤེས་རྩལ་ཀྱིས་ཐུགས་ཡིད་དྲངས་། རྗེ་རིན་པོ་ཆེའི་ཕར་ཕྱིན་ལ་སྐུ་དྲིན་ཆེ་བའི་ཐོག་མཐའ་བར་གྱི་ཡོངས་འཛིན་རྣམ་བཞིའི་གྲས་ཡིན། རྗེ་བཙུན་རེད་མདའ་བ་དང་། རྒྱལ་ཚབ་དར་མ་རིན་ཆེན་སོགས་སྐད་གྲགས་ཆོད་པའི་བུ་སློབ་མང་བོ་བསྐྱངས།   

ཁམས་པའི་དགེ་བཤེས་ཉ་དར་མ་རིན་ཆེན་གྱི་དབོན་པོ་ཡིན། ཀུན་མཁྱེན་དོལ་བོ་བ་དང་ཐེངས་མང་མཇལ་མྱོང་ཞིང་དགོངས་དོན་ཐུགས་སུ་ཆུད། གཙུག་ལག་ཁང་དང་གསེར་འབུམ་རྒྱུད་འགྲེལ། དོལ་པོའི་འདྲ་སྐུ་གསེར་ཟངས་ལས་བསྐྲུན་པ་ཆེ་ཆུང་མང་པོ་བཞེངས། ཚད་མ་དང་ཕར་ཕྱིན་གྱི་ཊིཀ་ཆེན་སོགས་གསུང་ཆོས་མང་པོ་ཡོད། ཕར་ཕྱིན་ཉ་ཊིག་དང་གྲུབ་མཐའ་འོད་གསལ་རྒྱན་གཉིས་གྲགས་སྐད་དང་འཕྲིན་ལས་ཆེ། དགུང་ལོ་གོ་ལྔ་སྟེ་སྤྱི་ལོ1439ལོའི་ཆུ་སྟོད་ཟླ་བའི་ཚེས་དྲུག་ལ་ངོ་མཚར་དུ་མའི་ལྟས་དང་བཅས་དགོངས་པ་ཞི་བར་བཤེགས་སོ།།

རྗེ་བཙུན་རེད་མདའ་བ་དབྱར་དེ་ས་སྐྱ་ནས་རྩེ་ཆེན་ན་ཕེབས་འདུག་པ་ལ། བླ་མ་ཉ་དབོན་པས་མཚམས་སྦྱར་ནས། རྗེ་བཙུན་པའི་མདུན་མངོན་པ་མཛོད་ཀྱི་རང་འགྲེལ་སྟེང་མཛོད་ཀྱི་མཛུབ་ཁྲིད་གསན། བླ་མས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་དོན་གྱི་ཁོག་ལེགས་པར་བསྒྲིགས་ནས། འགངས་འཆུན་པའི་གོ་བ་བོགས་ཆོད་དུ་སྟེར་ནུས་པས་ཐུགས་དད་ཆེན་པོ་འཁྲུངས་ཤིང་། བླ་མས་གང་གསུང་ཐམས་ཅད་ལན་རེ་ཁོ་ནས་ཚིག་དོན་ལྷག་མ་མེད་པར་ཐུགས་སུ་ཆུད་ཅིང་། དཀའ་བའི་གནད་རྣམས་ལ་དྲི་གཏུགས་ལེགས་པར་མཛད་པས། ཁྱེད་ལ་མཛུབ་ཁྲིད་བྱེད་པ་ལ་ལེགས་པར་བསྒྲིམ་དགོས་པ་འདུག་ཅེས་གསུངས་ཏེ། བླ་མ་རྗེ་བཙུན་པ་ཡང་ཤིན་ཏུ་ཐུགས་འཕྲོགས་པར་གྱུར་ཏོ།།  

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།