སྒྲུང་གཏམ《གདགས་སྲིབ》ཀྱི་ངོས་གཉིས་གླེང་བ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་གཏམ《གདགས་སྲིབ》ཀྱི་ཁྱད་ཆོས་གཙོ་བོ་གནད་དུ་བཟུང་ནས་བརྩམས་ཆོས་ཀྱི་རྩོམ་རིག་རང་བཞིན་དང་། མཐོང་སྣེའི་སྤྲོས་བརྗོད་བྱེད་སྟངས། སྐྱེ་འཆིའི་བར་གྱི་ཚེ་སྲོག་གི་མཚན་ཉིད་རིག་པའི་གནད་དོན་སོགས་ལ་དབྱེ་ཞིབ་བགྱིས་པར་མ་ཟད། རྩོམ་གྱི་ཞན་ཆ་ཡང་རགས་ཙམ་བསྟན་ཡོད། 

   བརྡ་ཆད་གཙོ་བོ། རྩོམ་རིག་རང་བཞིན། སྤྲོས་བརྗོད་ཀྱི་མཐོང་སྣེ།    གབ་སྦས་རྩོམ་པ་པོ། སྐྱེ་འཆི།  

  巜གདགས་སྲིབ》(2019ལོའི《སྦྲང་ཆར》དེབ་དང་པོ)ནི་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་ཉེ་སྔོན་གསར་དུ་བརྩམས་པའི་ཕ་ཡུལ་གྲོ་ཞིང་ཁའི་མུ་འབྲེལ་སྒྲུང་གཏམ་གྱི་ཁག་ཅིག་ཏུ་གཏོགས་ལ།  ཁོང་གི་འཐུས་ཚབ་རང་བཞིན་ལྡན་པའི་བརྩམས་ཆོས་ལེགས་ཤོས་སུ་བགྲང་གི་ཡོད།   སྒྲུང་གཏམ་འདིས་སྐྱེས་བུ་བར་བརྗོད་ཀྱི་སྒྲའི་མཐོང་སྣེའི་སྟེང་ནས་སྤྲོས་བརྗོད་ཀྱི་རྒྱ་བསྐྱེད་དེ།   “ཁྱོད”ཅེས་པ་རྩོམ་གྱི་ནང་དོན་དང་བསམ་བློ་སོགས་འགྲུབ་བྱེད་ཀྱི་བརྡ་རྟགས་ཤིག་ཏུ་ཇུས་འགོད་མཛད་པར་མ་ཟད།  རྩོམ་པ་པོའི་རྟོག་བཟོ་དང་ཀུན་རྟོག་ལ་བརྟེན་ནས་དངོས་ཡོད་འཇིག་རྟེན་ལ་ལྟ་སྟངས་གསར་བ་སྤྱད་དེ་རྒྱུས་ལོན་དང་དཔྱད་འཇོག་གནང་ཡོད་ཅིང་།   སྒྲུང་གཏམ་གྱི་ཕུན་སུམ་ཚོགས་པའི་རྩོམ་རིག་རང་བཞིན་དང་སྤྲོས་བརྗོད་ཀྱི་མཐོང་སྣེ་སྤྱོད་སྟངས།   སྐྱེ་འཆིའི་བར་གྱི་མཚན་ཉིད་རིག་པའི་ལངས་ཕྱོགས་སོགས་ཀྱིས་རྩོམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོངས་སུ་གྲུབ་འདུག

     གཅིག བརྩམས་ཆོས་ཀྱི་རྩོམ་རིག་རང་བཞིན།

 《གདགས་སྲིབ》ཏུ། བརྗོད་དོན་སྔ་ཕྱི་རིམ་པ་གཉིས་སུ་སྤེལ་ཡོད་པ་སྟེ།  སྔ་མར་ཚོང་རའི་དཔལ་འབྱོར་གྱི་རླབས་རྒྱུན་འོག་འཚོ་སྡོད་ཀྱི་མནར་གཅོད་ཐེབས་པའི་བཟའ་དཔོན་ཞིག་གིས་ཁྱིམ་ཚང་གི་བསྐྱིས་དངུལ་བསབས་ཏེ་ཁ་རྒྱབ་གསོ་བའི་ཆེད་དུ་ཞོར་ལས་གཉེར་སྐབས།  སྟབས་ཉེས་ཏེ་འདྲུད་འཁོར་རྐང་གསུམ་མར་འཁོར་བགེགས་བྱུང་ནས་ཁོ་རང་ཕྱི་མའི་ཡུལ་དུ་ལྟུང་བའི་གཏམ་རྒྱུད་བཀོད་ཡོད་པ་དང་།  ཕྱི་མའི་ནང་དུ“རྣམ་ཤེས”སླར་ཡང་མི་ཡུལ་དུ་ལྡོག་སྟེ་ཆུང་མ་དང་བྱིས་པར“འཕྲད”དུ་ཕྱིན་པའི“རོ་སྒྲུང”ཞིག་བསྡུས་པར་བསྟན་ཡོད།  སྒྲུང་གཏམ་ཀློག་སྐབས། ང་ཚོར་རང་དབང་མེད་པར་མི་ཡུལ་གྱི་འཚོ་བ་དང་མི་མཐུན་པའི་ལྷ་སྒྲུང(ཡང་ན་འདྲེ་སྒྲུང)གི་ཞིང་ཁམས་ཤིག་དངོས་སུ་འགྲིམ་བཞིན་པའི་མྱོང་བ་ཁྱད་པར་བ་ཞིག་ངང་གིས་སྐྱེ་བར་བྱེད། མྱོང་བ་དེ་འདྲ་ནི་ལྷ་སྒྲུང་ས་བོན་དུ་ཐིམ་པའི་ཆོས་ལུགས་ཀྱི་ངོ་མཚར་བའི་བྱུང་བ་སྣ་ཚོགས་སམ་མིའི་རིགས་བྱུང་ཚུལ་གྱི་ངག་རྒྱུན་ལྟ་བུའི་གཏམ་རྒྱུད་དག་ལས་ཚོར་དཀའ་བར་མངོན། དེ་ནི་རྟོག་བཟོ་བྱས་པའི་ལྷ་སྒྲུང་དང་ལྷ་སྒྲུང་དངོས་བར་གྱི་མི་འདྲ་བའི་སྒྱུ་རྩལ་བྱེད་ནུས་ཀྱི་ཁྱད་པར་རེད། མཚམས་འདིར་རྟོགས་དགོས་པ་ཞིག་ནི། རྩོམ་པ་པོས་ཅིའི་ཕྱིར་སྒྲུང་གཏམ་ཁྲོད་དུ“ལྷ་སྒྲུང”གི་ཁྱད་ཆོས་མི་ཉུང་བ་ཞིག་རྟོག་བཟོ་བྱེད་དགོས་པ་ཡིན་ནམ། དེ་ཡང་། ཀུན་གྱིས་ལྷ་སྒྲུང་ནི་མི་རིགས་ཤིག་གི་རླབས་ཆེ་བའི་འཇིག་རྟེན་ཞིག་དང་། ལོ་རྒྱུས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་སྒྲོམ་གཞི་ཆེན་པོ་ཞིག་ཏུ་ངོས་འཛིན་གྱིན་ཡོད་པ་ལྟར།  དེས་མིའི་རིགས་ལ་མཚན་ཉིད་རིག་པ་དང་སྒྱུ་རྩལ། ཆོས་ལུགས། ཡུལ་སྲོལ་གོམས་འདྲིས་སོགས་ཀྱི་མཛེས་དཔྱོད་རིན་ཐང་གི་དོན་སྙིང་གང་ཞིག་སྐྲུན་གྱིན་པ་ཡིན་ན།  ལྷ་སྒྲུང་གི་སྙིང་སྟོབས་ནི་གདོད་མ་ནས་སྒྱུ་རྩལ་གྱི་ཆེས་ཟབ་སར་ཐིམ་ཡོད་ཅིང་། ལྷ་སྒྲུང་གིས་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་ཡང་དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བ་ཡིན་པས་རླབས་ཆེ་བའི་རྩོམ་རིག་ཡོད་ཚད་ཀྱི་འཕེལ་རྒྱས་ཀྱང་ལྷ་སྒྲུང་དང་ཁ་འབྲལ་ཐབས་མེད། 

 《གདགས་སྲིབ》ཀྱི་ལྷ་སྒྲུང་གི་རྣམ་པ་ནི་དོན་དམ་དུ་རྩོམ་པ་པོས་རྟོག་བཟོ་འབའ་ཞིག་ལས་བསྐྱེད་པ་ཡིན་ཞིང་། རྟོག་བཟོ་དེ་ཡང་བརྟག་པ་མཐའ་བཟུང་གི་ཀུན་རྟོག་ལས་སྐྱེས་པ་ཞིག་རེད། འདི་སྣང་དང་བསྡུར་ཏེ་བཤད་ན། “སྐྱེ་བ་ཕྱི་མ”ནི་དཔོག་ཐབས་མེད་པའི་འཇིག་རྟེན་གཞན་ཞིག་ཡིན་པ་དང་། ང་ཚོ་སུ་ཡང་ངོ་མཚར་ཅན་གྱི་འཇིག་རྟེན་འདི་ཀོ་འགྲིམས་མ་མྱོང་བས། རྩོམ་པ་པོ་ཇི་འདྲའི་རྣམ་དཔྱོད་ཅན་དང་ཉམས་མྱོང་ཅན་ཞིག་ཡིན་ཀྱང་སྐྱེ་བ་ཕྱི་མའི་འཇིག་རྟེན་ཞིག“བཞེང་སྐྲུན”བྱེད་སྐབས་གསར་རྩོམ་གྱི་དཀའ་ཁག་ལ་ཅིས་ཀྱང་འཕྲད་ངེས་ཡིན་ལ། འདི་ལྟའི་རྟོག་ངོའི་བཀོད་པ་ཞིག་མངོན་འགྱུར་བྱེད་དགོས་ན་གཙོ་བོར་གཞན་བརྒྱུད་ཀྱི་ཉམས་མྱོང་གཞིར་བྱས་ཏེ་རང་ཉིད་ཀྱི་འོལ་ཚོད་དང་རྟོག་བཟོ་ལ་བརྟེན་རྒྱུ་ནི་སྨོས་མ་དགོས། དེ་བས།   ང་ཚོས་ཁ་ན་ཏའི་རྩོམ་རིག་དཔྱད་བརྗོད་པ་རོ་སི་ནོ་ཕུ·ཧྥོ་རད་ཀྱི་རྩོམ་རིག་བརྩམས་ཆོས་ནི“འོལ་ཚོད་རང་བཞིན་ཅན་གྱི་ཚིག་སྦྱོར་གྱི་སྒྲིག་གཞི་ཞིག་ཡིན”(1)ཟེར་བའི་སྡོམ་ཚིག་དེ་གཞིར་བཟུང་ནས་བལྟས་ན།   《གདགས་སྲིབ》ཀྱང་རྩོམ་པ་པོས་རྟོག་བཟོ་ལས་བསྐྲུན་པའི་འཇིག་རྟེན་ཞིག་དང་། ཡང་ན“འོལ་ཚོད་རང་བཞིན་ཅན་གྱི་ཚིག་སྦྱོར་གྱི་སྒྲིག་གཞི”ལས་གྲུབ་པའི་རྩོམ་རིག་གི་ཞིང་ཁམས་ཤིག་ཏུ་ངོས་འཛིན་མཛད་ཆོག་ཅིང་།  དེར་མ་ཟད།   ཁོང་གིས་ད་དུང“ང་ཚོ་གནས་གང་དུ་འདི་ལྟ་བུའི་ཚིག་སྦྱོར་གྱི་སྒྲིག་གཞི་དང་ཕྲད་པའི་ཚེ།  ད་གཟོད་ང་ཚོ་རྩོམ་རིག་དང་ཕྲད་པར་གྱུར་པ་རེད”(2)ཅེས་གསུངས་མྱོང་བ་བཞིན།   巜གདགས་སྲིབ》ཀྱི་རྩོམ་རིག་རང་བཞིན་གྱི་འབྱུང་ཁུངས་གཙོ་བོ་ཡང་དེའི་ལྷ་སྒྲུང་གི་གྲུབ་ཆའི་སྟེང་དུ་ཕུགས་འདེད་བྱ་ཆོག་པ་རེད།   དེ་ཡང་ཡིན་ཏེ།   ཝེ་ལེ་ཁི་ནས་ཀྱང“སྒྲུང་གཏམ་གྱི་དོན་སྙིང་དང་བྱེད་ནུས་གཙོ་བོ་ནི་གབ་མཚོན(隐喻)དང་ལྷ་སྒྲུང་གི་ཁོང་དུ་མངོན་ཡོད་དེ། མིའི་རིགས་ཀྱི་ཀླད་པའི་ནང་དུ་གབ་མཚོན་རྣམ་པའི་བསམ་གཞིག་དང་ལྷ་སྒྲུང་རྣམ་པའི་བསམ་གཞིག་གི་འགུལ་སྐྱོད་གནས་ཡོད”(3)ཅེས་བསྟན་པ་ལྟར། ལྷ་སྒྲུང་ལ་མ་གཞི་ནས་རྩོམ་རིག་གི་གྲུབ་ཆ་འདུས་པ་ནི་དེའི་ཁྱད་ཆོས་སུ་སྣང་ཞིང་།   གྲུབ་ཆ་དེ་དག་ཚད་མི་འདྲ་བའི་སྒོ་ནས་སྒྲུང་གཏམ་དུ“ནང་འདྲེན”བྱེད་པ་ནི་བརྩམས་ཆོས་ལ་རྩོམ་རིག་རང་བཞིན་བསྐྲུན་པའི་སྒྱུ་རྩལ་གྱི་དགོས་དབང་ཞིག་རེད།    《གདགས་སྲིབ》ཀྱི་གྲུབ་ཆའི་ངོས་ནས་བལྟས་ན།   གཏམ་རྒྱུད་དང་མི་སྣ་གཉིས་ཁྱད་མེད་དུ་འཛིན་པའི་སྤྲོས་བརྗོད་བྱེད་ཚུལ་དང་།  གཏམ་རྒྱུད་མཇུག་རྫོགས་པ་དང་བསྟུན་ནས་མི་སྣའི་ལོ་རྒྱུས་ཀྱང་མཇུག་རྫོགས་པར་བྱེད་པའི་སྒྲིག་གཞི་འགོད་སྟངས་སོགས་ཀྱིས་སྤྱིར་བཏང་གི་ཆ་ནས་ལྷ་སྒྲུང་གི་ཁྱད་ཆོས་དེ་རིགས་སྲུང་འཛིན་བྱེད་ཐུབ་པ་བྱུང་ཡོད་མོད།  དེང་རབས་སྒྲུང་གཏམ་གྱི་བླང་བྱའི་ངོས་ནས་གཞིགས་ན།  སྒྲུང་གཏམ་གྱི་མི་སྣ་གཙོ་བོ“ཁྱོད”ལ་གཅིག་ནས་ཕུན་སུམ་ཚོགས་པའི་གཤིས་ཀའི་ནང་དོན་ཆེན་པོ་མི་འཛོམས་པ་དང་།   གཉིས་ནས་གཏིང་ཟབ་པའི་སེམས་ཁམས་ཀྱི་ནང་དོན་ཆེན་པོ་ཡང་མི་འདུས་པས་མི་སྣའི་གཤིས་ཀ“ལེབ་གཟུགས”ཅན་དུ་སོང་བ་ལྟ་བུའི་སྣང་བ་ཐོག་མར་སྐྱེད་པར་བྱེད་སྲིད་ཀྱང་།    ཞིབ་ཏུ་བཀླགས་ཚེ།   རྩོམ་པ་པོས“ཁྱོད”ཀྱི་བྱ་བྱེད་མཐའ་དག་རྩོམ་གྱི་སྐུད་སྣེ་གཙོ་བོར་བཟུང་སྟེ“ཁྱོད”རང་ཕྱི་མའི་ཡུལ་དུ་འཁྱམ་པའི་བྱུང་རིམ་ལ་བློ་རྣལ་མོས་དང་དོད་ཚད་མེད་བགྱིས་པ་དེས་སྒྲུང་གཏམ་གྱི་འཇིག་རྟེན་ཧྲིལ་བོ་དངོས་ཡོད་འཚོ་བ་དང་མི་མཐུན་པའི་འཇིག་རྟེན་གཞན་ཞིག་གི་རྣམ་པར་བསྒྱུར་ཡོད་པ་རེད།   དེ་ལྟར་ན“ཁྱོད”ནི་ཚེ་ལས་འདས་མ་ཐག་པའི་བར་དོའི“མི”ཞིག་ཡིན་པ་དང་། “མི”དེའི་སྣང་བརྙན་ཡང་དོན་དངོས་ལས་རྟོག་བཟོ་ཤས་ཆེ་ཞིང་དོན་དངོས་དང་བསྡུར་ན་རྟོག་བཟོའི་ཆ་མང་པོ་བསགས་ཏེ་ཤུགས་ཆེན་པོས་གསར་བཞེང་བྱས་པའི་འབྲས་བུ་ཉག་ཅིག་ཏུ་མངོན་པར་སྣང་སྟེ།   སྒྲུང་གཏམ་དུ་བསྟན་པ་ལྟར“ཁྱོད”རང་ཕྱི་མའི་བར་དོར་འཁྱམ་སྐབས“མོའི་སྐྲ་རྣམས་རླུང་གིས་གཟེངས་སུ་བཅུག་ནས་ལྷ་མ་ཞིག་དང་འདྲ་ལ། ལུས་ཡོངས་ལྷབ་ལྷུབ་ཏུ་འདར་ཏེ། ཁ་ནས་གང་བྱུང་དུ་འབོད་ཅིང་། མོས་བེམ་པོ་དེ་དག་གི་གསེང་ནས་ཁྱོད་གང་ཡིན་འཚོལ་གྱིན་འདུག”ཅེས་པ་དང་། “ཁྱོད”ཀྱིས་བཟའ་ཟླ་དང་ཡུལ་མི་དག་ཕར་མཐོང་ཡང་ཁོ་ཚོའི་མཐོང་ལམ་དུ“ཁྱོད”རང་སྣང་མི་ཐུབ་པ།   “ཁྱོད་ཀྱིས་མོར་བཤད་འདོད་པ་དག་ཁོག་ནས་ཡང་ཡང་བསྒྲིགས་ནའང་། ཁྱོད་གཉིས་ནི་རི་བོ་ཞིག་གི་ཕར་ཚུར་དུ་སྡོད་པ་ཇི་བཞིན་ཁྱོད་ཀྱིས་སྐད་ཆ་དག་ཁ་ནས་ཕྱིར་ཕུད་དུས་མོས་ཐོས་ཀྱིན་མི་འདུག་པ”ལ་སོགས་པའི་སྤྲོས་བརྗོད་དག་ལས་སྒྲུང་ཁྲོད་ཀྱི་མི་

་སྣ་དང་ཁོར་ཡུག དོན་རྐྱེན་དང་བྱུང་རིམ་མཐའ་དག་ནི་དངོས་ཡོད་འཚོ་བའི་ཁོངས་སུ་མི་མཐུན་པར་རྟོག་བཟོའི་འཇིག་རྟེན་འདིའི་ངོ་བོ་དང་ཆོས་ཉིད་སོགས་ལ་ཀུན་ནས་འཕྲོད་འདུག་པ་ལྟ་བུ་རེད།   དེ་ལྟའི་དངོས་ཡོད་འཚོ་བ་དང་བར་དོའི་ཞིང་ཁམས་ཀྱི་བར་ཐག་དང་ཚད་བཀག་གི་འོག་ཏུ།  རྩོམ་པ་པོས་དངོས་ཡོད་འཚོ་བའི་འགྲོས་དང་མི་མཐུན་པ་དང་།གཞི་གྲུབ་ཀྱི་སྙིང་བོ་མེད་པའི“ཁྱད་མཚར”ཅན་གྱི་མི་སྣ་དང་བྱུང་རིམ་གྱི་འགྲོས་གནད་དུ་བཟུང་ནས་མི་ཡུལ་གྱི་འཚོ་སྡོད་དང་བར་དོའི་འཚོ་སྟངས་གཉིས་ཀྱི་རྣམ་པར་འདྲེས་སྦྱོར་དང་ཡང་ན་འདོར་ལེན་མཛད་དེ། ཕྱོགས་གཅིག་ནས་པ་ལོ་ངོ་དམར་ལ་སོགས་པའི་མི་སྣའི་གདུག་རྩུབ་དང་བརྣབ་སེམས་མཚོན་པར་བྱས་པ་དང་། ཕྱོགས་གཞན་ཞིག་ནས“ཁྱོད”ཀྱི་གཉོམ་ཆུང་ནུས་མེད་ཀྱི་གཤིས་འཇམ་དང་དགེ་སེམས་འབུར་ཐོན་གྱི་སྒོ་ནས་མཚོན་པར་བྱས་སྟབས།   རྩ་བ་ནས་འགལ་ཟླར་ལངས་པའི་ཕྱོགས་ངོས་དེ་གཉིས་ཀྱིས་མི་སྣ་ཕན་ཚུན་བར་གྱི་རྐྱོང་ཤུགས་དེ་འགྲུབ་ཐབས་བྱུང་ཡོད་ལ།   རྐྱོང་ཤུགས་དེ་རིགས་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། མི་སྣའི་རྟོག་བཟོའི་རང་བཞིན་ཡང་ཇེ་ཕྱུག་ཏུ་གྱུར་ཅིང་། སྒྲུང་གཏམ་གྱི་རྩོམ་རིག་གི་རང་བཞིན་དང་རྣམ་པ་ཕུན་སུམ་ཚོགས་པར་གྲུབ་ཡོད་པ་རེད།                                  

     འདིར་བཀོད་པའི“ཁྱད་མཚར”ཞེས་པ་ནི་དཔྱོད་ཤེས་ལས་འདས་པ་དང་གཏན་ཚིགས་སམ་ཆོས་ཉིད་དང་འགལ་བའི་མཛེས་པ་ཞིག་ལ་གོ་དགོས་ཤིང་།   འདི་འདྲའི་མཛེས་པ་དག་སྒྱུ་རྩལ་གྱིས་མཚོན་པ་ནི་དེང་རབས་རིང་ལུགས་པའི་རྩོམ་རིག་གི་ཁྱད་ཆོས་རིགས་ཤིག་ཡིན།  སྒྲུང་གཏམ་འདིའི“ཁྱད་མཚར”གྱི་མཛེས་ཉམས་སྐྲུན་བྱེད་ཀྱི་རྒྱུ་གཙོ་བོ་ནི་སྔར་བཞིན“ཁྱད་མཚར”ཅན་གྱི་མི་སྣ་དང་བྱུང་རིམ་སོགས་ཀྱི་སྟེང་དུ་ཁྱབ་ཡོད།  ཝོ་ཨར་ཧྥུ་ཀང·ཁའེ་ཊིས“ཁྱད་མཚར”གྱི་གོ་དོན་ལ་འགྲེལ་རྒྱག་སྐབས“ང་ཚོར་ཆ་རྒྱུས་ཡོད་པའི་འཇིག་རྟེན་ལ་མིག་ཤེས་གཞན་ཞིག་གིས་ཞིབ་ལྟ་བྱས་ཏེ། མི་རྣམས་ལ་དེ་མ་ཉིད་དུ་འཇིག་རྟེན་འདི་ལ་རྒྱུས་མེད་ཀྱི་ཚོར་བ་ཞིག་བསྐྱེད་པ་དེ་ཡིན”(4)ཞེས་བསྟན་པ་ལྟར། འཇིག་རྟེན་པའི་མིག་དབང་གིས་བལྟས་ན། པ་ལོ་ངོ་དམར་དང་གདོང་ཕྱེད་ཀ་ཅན་ལ་སོགས་པས་བར་དོ་འགྲིམ་སྐབས་སུ་མི་ཡུལ་དུ“ཁ་ལག་བསྲིངས”ཏེ་གཞན་གྱི་འཕྲུལ་རྟ་བསྒགས་པ་དང་འཕྲུལ་རྟའི་འཕོངས་ལ་བཞོན་པ། ལྕགས་རྡང་ཐོག་ཏུ་བཀལ་བའི་ཤ་ལེབ་བསྒུལ་ནས་ཐང་ལ་གཏོར་བ། མི་གཞན་ལ་བརྙས་བཅོས་གཏོང་བ་དང་། “ཁྱོད”ཤི་རྗེས་ཀྱང་ཕྱིར་གྲོ་ཞིང་ཁར་ལོག་སྟེ་རྩྭ་ཁང་དུ་འཛུལ་ནས་གོམ་སྒྲ་གྲགས་པའི་མིར་ལྐོག་ལྟ་བྱས་པ་ལ་སོགས་པའི་རྒྱུན་ལྡན་ལས་འདས་པའི་བྱུང་རིམ་དེ་དག་ལ་ཡུལ་དང་ཡུལ་ཅན་གྱི་འཛིན་པ་མེད་པ་དང་ཀློག་པ་པོས་ཀྱང་ཡིད་རྟོན་འཆའ་ཐབས་བྲལ་བས་དོན་གྱི་སྙིང་བོ་ཅི་ཡང་འཚོལ་ཐབས་མེད།   འོན་ཀྱང་།   རྩོམ་པ་པོས་དེ་དག“ཁྱད་མཚར”ཅན་གྱི་རྣམ་པར་བསྒྱུར་ཏེ་བརྩམས་ཆོས་ཀྱི་སྒྱུ་རྩལ་ལ་འགུགས་ཤུགས་བསྣན་པ་དེས་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་གབ་མཚོན་རང་བཞིན་མི་ཉུང་བ་ཞིག་བསྐྱེད་པར་བྱས། ལྷག་པར་དུ། པ་ལོ་ངོ་དམར་དང་གདོང་ཕྱེད་ཀ་ཅན་སོགས་དང་མི་འདྲ་བར“ཁྱོད”ལ་འཁོར་བགེགས་བྱུང་ནས་ཕྱི་མའི་ཡུལ་དུ་གཤེགས་པ་དང་། དེ་ནས་སླར་ཡང་མི་ཡུལ་དུ་ལྡོག་པའི་ཡིད་བརྙན་དེ་དག་གིས་ཕན་ཚུན་ལ་གབ་མཚོན་གྱི་འབྲེལ་བ་ཞིག་གྲུབ་ཡོད་པ་རེད། དེ་ཡང་འཁོར་བགེགས་བྱུང་ནས་ཕྱི་མའི་ཡུལ་དུ་བརྫངས་པ་དེས“ཁྱོད”ལ་འཆི་བ་སླེབས་པ་མཚོན་ཞིང་། “ཁྱོད”ལ་འཆི་བ་སླེབས་ཏེ་ཕྱིར་མི་ཡུལ་དུ་ལྡོག་པ་དེས་འཆི་བའི་འཇིགས་སྣང་གི་ཚད་ལ་ཤུགས་སྣོན་བཏང་ནས་འདུག དུས་མཚུངས་སུ། ཕྱི་མར་གཤེགས་པ་དང་སླར་ཡང་མི་ཡུལ་དུ་ལྡོག་པའི་གབ་མཚོན་ཆ་གཉིས་ཀྱིས་གྲུབ་པའི་གཏམ་རྒྱུད་ཧྲིལ་བོའི་རྒྱབ་ལྗོངས་ཁྲོད་དུ།འཆི་བ་ནི་སྐྱེ་བའི་དོན་སྙིང་གཞན་ཞིག་དང་སྐྱེ་བ་ནི་འཆི་བའི་དོན་སྙིང་གཞན་ཞིག་ཡིན་པའི་འཚོ་བའི་ནང་གནས་ཀྱི་གཏན་ཚིགས་ཀྱི་འབྲེལ་བ་ཡང་བསྟན་ཡོད། དེ་ལྟར།འཚོ་བའི་སྤྱི་འགྲོས་ལས་བརྒལ་ཞིང་དོན་གྱི་སྙིང་བོ་བྲལ་བ། དགོད་བྲོ་ཞིང་བྲེད་ཤ་ལངས་པ། ཚད་ལས་འདས་ཤིང་འུད་ཐལ་ཆེ་བ། རྒྱུན་ལྡན་ལས་འདས་པའི་སྣང་བརྙན་དེ་དག་རེ་རེས་ཀློག་པ་པོའི་སྒྱུ་རྩལ་གྱི་བསམ་གཞིག་ལ་གཞན་དང་མི་འདྲ་བའི་ཚོར་བ་རྣོན་པོ་ཞིག་འཁྲུང་དུ་བཅུག་ཡོད་ཅིང་།  རྩོམ་པ་པོས་ཀྱང་ཐབས་དེ་འདྲ་ཞིག་ལ་དོན་གཉེར་མཛད་པས་རང་གི་སྤྲོས་བརྗོད་ཀྱི་དམིགས་ཡུལ་ཡོངས་སུ་འགྲུབ་ཐུབ་པ་བྱུང་ཡོད་པ་རེད།  

 ཡིན་ན་ཡང་།   སྒྲུང་གཏམ་འདིའི“ཁྱད་མཚར”གྱི་མཛེས་ཉམས་མཐའ་དག་ནི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་རྣལ་མ་དག་ལྟར་སྤྱིའི་ཆ་ནས་འཚོ་བའི་དོན་དངོས་གཙིགས་སུ་བཟུང་ནས་བསྐྲུན་པ་མིན་པར་བྱུང་རིམ་གྱི་བདེན་པའི་ཐད་དུ་རྩོལ་བ་ཆེན་པོ་བསྐྱེད་ནས་ཐོན་པ་ཞིག་རེད། འདིའི་ཐད་དུ་ད་དུང་སྒྲུང་གཏམ་ལས་རྣམ་གསལ་གྱི་དཔེ་བརྗོད་ཅིག་དགོད་པར་བྱ་སྟེ།  

   སྐབས་དེར་འཁོར་བགེགས་བྱུང་བའི་གཏམ་སོ་མ་གོ་སྟབས། ཁྱིམ་མཚེས་སྡེ་བའི་རྒད་པོ་ཞིག་ལྟད་མོར་འོང་བཞིན་པར་ཕྲད། ཁྱོད་ཀྱིས་རྒད་པོ་དེར་རང་ཉིད་སྐྱོབ་པའི་འབོད་སྐད་བསྒྲག་བསམས་ཀྱང་། མངལ་རྟགས་ཅན་དེས་ཁྱོད་ཀྱི་ཁ་བསུམས་ནས་དབུགས་ཀྱང་འབྱིན་དཀའ། རྒད་པོ་དེས་ཀྱང་ཅི་ཞིག་གོ་སོང་བ་ལྟར་ཕྱིར་བལྟས་ཤིག་བྱས་པ་ན། སྒྱིད་པ་གོར་མོ་གཞུ་འདྲ་ཅན་དེས“ཁྱི་སྐྱག་འདིའི་ཚུགས་ཀར་ལྟོས་དང”ཟེར་བཞིན་ཕུ་རྒྱག་ཅིག་བྱས་པས། རྒད་པོ་དེ་ལམ་འགྲམ་གྱི་ཚེར་ཕུང་གསེང་དུ་བརྫངས་སོང་། དེ་ནས་ཁོ་གསུམ་པོས་ཁྱོད་ཁྲིད་དེ་མདུན་དུ་མགྱོགས་པོར་ཕྱིན་པས། ཁྱོད་ཀྱི་རྣ་ལམ་དུ་རྒད་པོ་དེས་སྡུག་སྐད་འདོན་པ་ལས་ཅི་ཡང་གོ་རྒྱུ་མི་འདུག 

  དཔེ་བརྗོད་འདིའི་ནང་དུ་ཁོར་ཡུག་ཆུང་ཆུང་ཞིག་ཏུ་འཛོམས་པའི་མི་སྣ་ལྔ་ཙམ་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་གསལ་བའི་བྱུང་རིམ་ཕྲ་རབ་དག་བརྒྱུད་མར་སྤེལ་འདུག་སྟེ།   ཁོར་ཡུག་དེ་ནི་དངོས་ཡོད་དང་བར་དོའི་འཇིག་རྟེན་གཉིས་ཀྱིས་གྲུབ་པ་ཞིག་ཡིན་ལ།   མི་སྣ་ཡང་འདི་ཕྱི་འཇིག་རྟེན་གཉིས་ཀྱི་གང་ཟག་གིས་ཐུན་མོང་དུ་གྲུབ་པ་ཞིག་རེད།  འཇིག་རྟེན་གཉིས་ཀྱི་སྣང་བརྙན་གཞི་གཅིག་ཏུ་སྦྲགས་པ་འདི་ལ་མ་གཞི་ནས“ཁྱད་མཚར”གྱི་ནང་དོན་འདུས་པས་ཀློག་པ་པོས་དང་ལེན་བྱེད་དཀའ་མོད།   འོན་ཀྱང་།   རྩོམ་པ་པོས་བརྩམས་ཆོས་ཀྱི་རྩོམ་རིག་རང་བཞིན་ཡོངས་སུ་འགྲུབ་པའི་ཆེད་དུ།ཁཱ་ཧྥུ་ཁཱ་ཡི་སྒྲུང་གཏམ་གྱི་ཐུན་མོང་མ་ཡིན་པའི་“ཁྱད་མཚར་ཅན”གྱི་ཚིག་རྒྱན་སྤེལ་ཚུལ་གྱི་རྩོམ་སྟངས་ལ་བློ་སྦྱོང་མི་དམན་པ་མཛད་དེ།   གཅིག་ནས་གཏམ་རྒྱུད་ཀྱི་སྙིང་བོ་མེད་པའི་བརྗོད་དོན་གྱི་ཆ་དེ“སྣང་མེད”དུ་བསྐྱུར་ནས་བདེན་པའི་རང་བཞིན་ལ་བརྟེན་ཏེ་སྒྲུང་གཏམ་གྱི་དངོས་ཡོད་རང་བཞིན་སྲུང་འཛིན་དང་། ཕྱོགས་གཞན་ཞིག་ནས་ཕུན་སུམ་ཚོགས་པའི་ཀུན་རྟོག་དང་རྟོག་བཟོ་སྤྱད་དེ“བར་དོའི་རང་བཞིན”གྱི་ཡུལ་ཁམས་བསླངས་ཏེ་སྒྲུང་གཏམ་ལ་དགོད་བྲོ་བ་དང་འཇིགས་རྔམ་ལྡན་པ། འུད་ཐལ་ཆེ་བའི་མཁའ་དབུགས་བསྐྲུན་པས་རྩོམ་རིག་གི་དོན་སྙིང་ཆེན་པོ་རང་བཞིན་གྱིས་ཐོན་དུ་བཅུག་ཡོད་པ་རེད། 

    དེར་བརྟེན། སྒྲུང་གཏམ་འདིའི་ནང་དུ་རྩོམ་པ་པོས་མི་རང་ཉིད་དམ་མི་གཞན་གང་ཞིག་གི་འཚོ་བའི་དོན་དངོས་ཚུར་སྣང་བྱས་མེད་པར། རྩོམ་པ་པོའི་འཇིག་རྟེན་ལྟ་ཚུལ་ཉིད་ལས་བྱུང་བའི་མཛེས་པ་གང་ཞིག་ཚུར་སྣང་བྱེད་པའི་ཕྱོགས་ལ་རྩོལ་བ་བསྐྱེད་དེ་བརྩམས་ཆོས་ཀྱི་རྩོམ་རིག་རང་བཞིན་བླ་ནས་བླ་རུ་བཏེགས་འདུག་པ་ནི་ཧ་ཅང་ཡི་རང་བའི་གནས་སོ།།

        གཉིས། སྤྲོས་བརྗོད་ཀྱི་མཐོང་སྣེ།

   གོང་དུ་ཟུར་ཙམ་གླེང་བ་ལྟར།   སྒོ་མེ་ཚེ་རིང་བཀྲ་ཤིས་ནི་རྩོམ་རིག་གི་བློ་སྦྱོང་ཟབ་ཅིང་འཚོལ་རྟོག་ལ་མོས་པའི་རྩོམ་པ་པོ་ཕུལ་དུ་བྱུང་བ་ཞིག་རེད།ང་ཚོས་ཁོང་གི་ཉེ་དུས་ཀྱི་སྒྲུང་གཏམ་དག་ལ་གཞིགས་ན། བརྩམས་ཆོས་མང་པོར་རྒྱལ་ཁབ་ཕྱི་ནང་གི་རྩོམ་མཁན་གྲགས་ཅན་དག་གི་ཤུགས་རྐྱེན་ཐེབས་འདུག་པ་ཚོར་ཐུབ་ལ། ལྷག་པར་དུ《ལོ་ལོ་མ་ངུ་གཉིད་ལ་སྡོད》དང《གདགས་སྲིབ》ལ་སོགས་པས“ཚུར་ལེན་རིང་ལུགས”ཀྱི་བརྟུལ་ཞུགས་སྤྱད་དེ་ཅ་ཞི་ཡ·མ་ཨར་ཁོ་སི་དང་ཧྥུ་ཁོ་ན། ཡུས་ཧྭ་དང་པེ་ཧྥེ་ཡུས་ལ་སོགས་པའི་བརྩམས་ཆོས་ལས་དེང་རབས་སྒྲུང་གཏམ་གྱི་སྤྲོས་བརྗོད་བྱེད་སྟངས་ཐུན་མོང་མ་ཡིན་པ་དག“ནང་འདྲེན”བྱས་འདུག་པ་གསལ་བོར་རྟོགས་ནུས། 

 སྒྲུང་གཏམ་གྱི་སྤྲོས་བརྗོད་བྱེད་སྟངས་ལ་སྤྱིར་བཏང་དུ་སྐྱེས་བུ་བདག་བརྗོད་ཀྱི་སྒྲ་དང་སྐྱེས་བུ་བར་བརྗོད་ཀྱི་སྒྲ། སྐྱེས་བུ་གཞན་བརྗོད་ཀྱི་སྒྲ་སོགས་མཐོང་སྣེ་གསུམ་དུ་ཕྱེ་ཡོད་ཅིང་། ནུས་པའི་ཆ་ནས་སོ་སོར་རང་རང་གི་དགེ་མཚན་ཡོད་ལ་ཞན་ཆ་ཡང་ཡོད་པས། རྩོམ་གྱི་བརྗོད་བྱའི་སྙིང་བོ་མཚོན་པའི་དགོས་མཁོ་ལྟར་སྤྲོས་བརྗོད་ཀྱི་མཐོང་སྣེ་འདེམ་སྤྱོད་ལེགས་པོ་གཏོང་བ་ནི། རྩོམ་པ་པོ་གང་དེའི་ཡོད་ཚད་བརྩམས་ཆོས་ལ་འཇུག་པ་དང་། ཡོད་ཚད་རྩོམ་རིག་གི་འཇིག་རྟེན་ལ་འཇུག་པའི་སྒོ་འཕར་ལྟ་བུ་ཡིན་ལ། དེས་རྩོམ་པ་པོའི་རྩོམ་རིག་གི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་མཚོན་ཐུབ་པར་མ་ཟད། དུས་རབས་ཀྱི་སྙིང་སྟོབས་དང་ཕུགས་བསམ་གང་ཞིག་ཀྱང་མཚོན་གྱི་ཡོད་པ་རེད། 《གདགས་སྲིབ》ཀྱི་ཁྱད་ཆོས་གཙོ་བོ་ཞིག་ནི་སྐྱེས་བུ་བར་བརྗོད་ཀྱི་སྒྲའི(第二人称)རྣམ་པའི་སྒོ་ནས་སྤྲོས་བརྗོད་མཛད་པ་སྟེ། རྩོམ་སྟངས་འདི་མིག་སྔར་ནུབ་ཕྱོགས་དང་རྒྱ་ནག་གི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་ཐབས་རྩལ་གསར་བ་ཞིག་ཏུ་མི་གཏོགས་ཀྱང་།  巜སྦྲང་ཆར》སོགས་བོད་ཡིག་དུས་དེབ་ཀྱིས་ཀློག་མཁན་ཀུན་གྱི་མིག་གི་གསོས་སུ་བསྟར་བ་ནི་ཐེངས་དང་པོར་མཐོང་བ(ཡེ་ཤེས་ཚེ་རིང་སོགས་ཀྱི《ལྷིང་འཇགས་ཀྱི་སྤང་ཐང་དེ་ན》ལྟ་བུ་ཕུད)ཡིན་ན། སྒོ་མེ་ཚེ་རིང་བཀྲ་ཤིས་ནི་དེང་རབས་ཀྱི་སྤྲོས་བརྗོད་བྱེད་སྟངས་འདིའི་རིགས་སྤྱོད་མཁན་གྱི་བོད་ཀྱི་སྒྲུང་གཏམ་པ་ཆེས་ཐོག་མའི་གྲས་སུ་གཏོགས། 

  སྐྱེས་བུ་བར་བརྗོད་ཀྱི་སྒྲའི་སྤྲོས་བརྗོད་ཀྱི་གོ་དོན་ལ་ངོས་འཛིན་སྟབས་བདེ་མ་བྱས་གོང་དུ། ཐོག་མར་སྤྲོས་བརྗོད་རྩོམ་ཡིག་དང་འབྲེལ་བའི་རྨང་གཞིའི་གྲུབ་ཆ་གསུམ་ལ་ངེས་ཤེས་གསལ་བོར་འདྲོང་རྒྱུ་ནི《གདགས་སྲིབ》ལ་དབྱེ་ཞིབ་བྱེད་པའི་འཇུག་རིམ་གལ་ཆེན་ཞིག་རེད། ཨ་རིའི་རྩོམ་རིག་དཔྱད་བརྗོད་པ་པུའུ་སིའི་སྤྲོས་བརྗོད་རིག་པའི་གཞུང་ལུགས་ལྟར་ན། སྤྲོས་བརྗོད་ཀྱི་རྨང་གཞིའི་གྲུབ་ཆ་གསུམ་ནི། སྤྲོས་བརྗོད་པ་དང་སྤྲོས་བརྗོད་དང་ལེན་པ། མི་སྣ་གཙོ་བོ་བཅས་སུ་ངོས་འཛིན་པ་དང་། དེ་ཡང་། སྤྲོས་བརྗོད་པ་ནི་སྐད་ཆའི་གོ་བརྡ་སྤྲོད་མཁན་ཏེ། རྩོམ་པ་པོ་དངོས་མའམ་ཡང་ན་གབ་སྦས་ཀྱི་རྩོམ་པ་པོ(隐含作者)ལ་གོ་བ་དང་། སྐྱེས་བུ་བར་བརྗོད་ཀྱི་སྒྲའི་སྤྲོས་བརྗོད་ཀྱི་ཁྲོད་དུ། སྤྲོས་བརྗོད་དང་ལེན་པ་ནི་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོའི་བདག་ཉིད་ཅན་དུ་གྲུབ་ཡོད་ཅིང་། མི་སྣ་གཙོ་བོ་དེ་ཡང་གཏམ་རྒྱུད་ཁྲོད་ཀྱི་སྤྲོས་བརྗོད་བྱ་ཡུལ་ཏེ་འཁྲབ་མཁན་གཙོ་བོ་ཡིན་པར་མ་ཟད། ད་དུང་གཏམ་རྒྱུད་འཕེལ་རྒྱས་ཀྱི་རྒྱུ་གཙོ་བོར་ཡང་གྱུར་ཡོད།

  འདིར་ཡང་བསྐྱར་ཅུང་ནན་ཏན་དུ་གླེང་དགོས་པ་ཞིག་ནི་སྤྲོས་བརྗོད་ཀྱི“གབ་སྦས་རྩོམ་པ་པོ”ཞེས་པ་དེ་རེད། སྒྲུང་གཏམ་ཞིག་གི་ངོས་ནས་གླེང་ན། ཉམས་མྱོང་ཅན་གྱི་རྩོམ་པ་པོ་དག་གིས་སྤྲོས་བརྗོད་ཀྱི་ཐད་དུ་ཐབས་རྩལ་སྣ་ཚོགས་བཏོན་ནས་རང་ཉིད་སྐུང་ཐབས་བྱས་ཏེ།   ཀློག་མཁན་དག་ལ་བརྩམས་ཆོས་ཀྱི་ཡོད་ཚད་ནི་རྩོམ་པ་པོ་དང་མི་འདྲ་བའི་ལྐོག་གྱུར་གྱི་སྤྲོས་བརྗོད་བྱེད་མཁན་ཞིག་གིས་སྤྲོས་བརྗོད་བྱེད་པའི་འཁྲུལ་སྣང་སྟེར་བར་བྱེད། འོན་ཀྱང་། རྩོམ་པ་པོ་ཇི་འདྲའི་འཇོན་རྩལ་ལྡན་པ་ཞིག་ཡིན་ཀྱང་བརྩམས་ཆོས་སུ་འདུས་པའི་ཆབ་སྲིད་དང་བརྩེ་དུངས། ཀུན་སྤྱོད་སོགས་ཀྱི་གནད་དོན་གྱི་ལྟ་ཚུལ་དག་གི་སྟེང་ནས་ང་ཚོས་རྩོམ་པ་པོའི་གྲིབ་མའམ་སྣང་བརྙན་ཅི་རིགས་ཤིག་ངེས་པར་མཐོང་སྲིད་པ་སྟེ། དེ་ནི་རྩོམ་པ་པོ་དངོས་ཀྱིས་སྤྲུལ་བའི“གབ་སྦས་རྩོམ་པ་པོ”ཞེས་པ་དེ་རེད།      巜གདགས་སྲིབ》ཀྱི་སྤྲོས་བརྗོད་ཀྱི་གོ་རིམ་ཆ་ནས་བལྟས་ན། “གབ་སྦས་རྩོམ་པ་པོ”ནི་རྩོམ་པ་པོ་དངོས་མས་གསར་བསྐྲུན་མཛད་ཅིང་གཏམ་རྒྱུད་འཆད་པར་མཁས་པའི་ཐོགས་རེག་གི་ཡུལ་དུ་མ་གྱུར་པའི་སྤྲོས་བརྗོད་པ་ཞིག་སྟེ། དེ་ནི་རྩོམ་པ་པོ“གང་ཟག་གཉིས་པའི”ཚུལ་གྱིས་ཕྱི་རོལ་ཏུ་མངོན་པའི་འཇིག་རྟེན་བྱེད་པོ་གཞན་ཞིག་ཡིན་ཅིང་། དེས་བརྩམས་ཆོས་ལ་བརྟེན་ཏེ་ཀློག་པ་པོར་རྩོམ་པ་པོ་དངོས་མ་གང་དེའི་བསམ་བློ་དང་རིན་ཐང་ལྟ་ཚུལ་དག་བརྒྱུད་སྤྲོད་བྱེད་ཀྱིན་ཡོད། 

  གཤམ་དུ་སྒྲུང་གཏམ་འདིའི་སྤྲོས་བརྗོད་ཀྱི་ཆ་ནས“གབ་སྦས་རྩོམ་པ་པོའི”ཐབས་རྩལ་དང་དགེ་མཚན་ཕྱོགས་འགའ་གླེང་བར་བྱ་སྟེ།

  གཅིག《གདགས་སྲིབ》ཀྱི་མི་སྣ་གཙོ་བོ་ནི“ཁྱོད”དེ། འཇིག་རྟེན་འདིར་འཁོར་བགེགས་བྱུང་ནས་ཕྱི་མའི་ཡུལ་དུ་གཤེགས་མ་ཐག་པའི་འདྲེ་ཚོགས་ཤིག་གི་མ་འོངས་པའི“ལན་ཐོ”འཁོར་ལོའི་ཁ་ལོ་པ་ཞིག་རེད། སྒྲུང་གཏམ་དུ་ཁ་ལོ་པ་ཐེ་བའི“རྣམ་ཤེས་ཀྱི་ཚོགས་པ”ཞིག་གི་ལྐོག་གྱུར་གྱི་སྟོབས་ཤུགས་ཀྱི་སྣང་བརྙན་གསར་བཞེང་བྱས་ཡོད་ཅིང་། “ཚོགས་པ”དེ་ནི་པ་ལོ་ངོ་དམར་དང་གདོང་ཕྱེད་ཀ་ཅན་གྱིས་མཚོན་པའི“ནག་ཕྱོགས་པ”དང་། “ཁྱོད”ཀྱིས་མཚོན་པའི“དཀར་ཕྱོགས་པ”སྟེ་འཇིག་རྟེན་གཉིས་ཀྱིས་གྲུབ་པ་ཞིག་རེད། སྤྲོས་བརྗོད་ཀྱི་ཆ་ནས་རྩོམ་པ་པོས་ཐབས་བརྒྱ་ཇུས་སྟོང་གིས“ཁྱོད”གཙོ་བོར་གྱུར་པའི“རྣམ་ཤེས་ཀྱི་ཚོགས་པ”དེའི་ཐུན་མོང་དང་ཡང་ན་སྒེར་ངོས་ཀྱི་འཇིགས་སུ་རུང་བའི་བྱ་བྱེད་དག་གཟབ་འབྲི་བྱས་པར་མ་ཟད། རྩོམ་མཇུག་ཏུ་ད་དུང《བར་དོ་ཐོས་གྲོལ་ཆེན་མོ》སོགས་ཀྱི་བཤད་ཚུལ་དང་མཐུན་པར“མཚན་རླུང་ཤུར་ཤུར་དུ་ལྡང་ཡོང་སྟེ་ཁྱོད་ཀྱི་དབུགས་རྒྱུན་གཅོད་སྙམ་བྱེད་ལ། ཁྱོད་ནི་བྱ་སྒྲོ་རླུང་གིས་དེད་པ་ལྟར་དབུགས་ཀྱི་རྟ་ལ་ཞོན་ནས་ཕྱད་ཕྱོད་ལང་ལིང་དུ་མུན་ནག་གི་ཟབ་ས་གང་ཞིག་ཏུ་མི་སྣང་བར་ཡལ་ཞིང་འགྲོ། ཁྱོད་ཀྱི་རྣ་ལམ་དུ་རི་ཉིལ་བའི་སྒྲ་དང་མཚོ་ལུད་པའི་སྒྲ། མེ་མཆེད་པའི་འུར་ཆོམ་སོགས་འཇིགས་ཡེར་ཡེར་དུ་རྒྱུ་འོངས”ཞེས་མི་ལ་བ་སྤུ་གཟེངས་པར་བྱེད་པའི་སྐྱི་གཡའ་བའི་ལྐོག་གྱུར་གྱི་ཚོར་སྣང་དྲག་པོ་ཞིག་བསླངས་ཡོད་ཅིང་། བརྗོད་དོན་ལ་སྙིང་བོས་དབེན་པའམ་ཡང་ན“ཁྱད་མཚར”གྱི་ཆ་འདུག་ན་ཡང་བྱུང་རིམ་གྱི་སྤྲོས་བརྗོད་ལ་བདེན་ཚུགས་རང་བཞིན་མངའ་ཞིང་ཡིད་འགུགས་ནུས་པ་རང་སྟོབས་ཀྱིས་འཛོམས་པས། ཀློག་པ་པོར་གཏམ་རྒྱུད་ཀྱི་དངོས་དོན་རང་བཞིན་ལ་དོགས་པ་བསྐྱེད་མི་སྲིད་པར་དེ་དག་ཐམས་ཅད་རྩོམ་པ་པོ་དངོས་སུ་བརྒྱུད་མྱོང་བའི་དོན་དངོས་ཤིག་ཡིན་པའི་ཉམས་སྣང་ཟབ་མོ་སྟེར། འདི་ནི་གབ་སྦས་རྩོམ་པ་པོའི་ཐབས་རྩལ་ལས་འཁྲུངས་པའི་ཇུས་འགོད་ཉག་ཅིག་རེད། 

 གཉིས། སྤྲོས་བརྗོད་ཀྱི་མཐོང་སྣེ་གསུམ་ག་ལས“ཁྱོད”ཀྱི་སྤྲོས་བརྗོད་ཀྱི་མཐོང་སྣེ་ནི“ཀུན་ཤེས་ཀུན་ཐུབ”(全知全能)ཅན་གྱི་རྣམ་པར་གྱུར་ཡོད་པས་ཚད་མཐའ་ཅུང་ཟད་ཡངས་པ་ཞིག་ཡིན། 《སྒྲུང་གཏམ་གྱི་སྤྲོས་བརྗོད་རིག་པ》ཞེས་པའི་ནང་དུ། “སྐྱེས་བུ་བར་བརྗོད་ཀྱི་སྒྲའི་སྤྲོས་བརྗོད་ཀྱི་ཁྱད་ཆོས་ནི་ཐོག་མར་སྒྲུང་གཏམ་པས་གོམ་གང་མདུན་སྤོས་ཀྱིས་བརྩམས་ཆོས་ཀྱི་མི་སྣ་གཙོ་བོའི་འདུ་ཤེས་ཀྱི་སྒོ་མོ་འབྱེད་པར་ཕན་གདགས་པའི་སྟེང་ན་ཡོད”(5)ཅེས་བསྟན་པ་ལྟར།    巜གདགས་སྲིབ》ལ་མཚོན་ན། རྩོམ་པ་པོས་སྐྱེས་བུ་བར་བརྗོད་ཀྱི་སྒྲ“ཁྱོད”ཅེས་པ་སྤྱད་པའི་སྤྲོས་བརྗོད་ཀྱི་མཐོང་སྣེའི་སྟེང་གི་ནུས་པ་དེས་ཀློག་པ་པོ་དང་སྤྲོས་བརྗོད་པ། མི་སྣ་བཅས་རང་སོར་གནས་པའི་བར་ཐག་བསྟུངས་པར་བཏང་སྟེ་མཉམ་འདྲེས་ཡོང་བ་བྱས་པ་དང་། དེར་བསྟུན་ནས་ཀློག་པ་པོ་དང་མི་སྣ“ཁྱོད”གཉིས་ཀྱི་བར་དུ“ཁ་བརྡའི”འབྲེལ་བ་འབྱུང་དུ་བཅུག་ཅིང་། “ཁྱོད”ཀྱི་བསམ་པའི་འཇིག་རྟེན་གྱི་སེམས་བྱུང་སྣ་ཚོགས་ཏེ། “ཁྱོད”ཀྱི་རང་ཉིད་པ་ལོ་ངོ་དམར་གྱི་ལག་ཏུ་ལྷུང་བའི་སེམས་སྡུག་དང་། གདོང་ཕྱེད་ཀ་ཅན་དེ“ཁྱོད”ཀྱི་རྗེས་སུ་འབྲང་ཅི་ཐུབ་བྱས་པའི“ཁྱོད”ཀྱི་སུན་སྣང་། བཟའ་ཟླ་དང་བྱིས་པའི་ཁ་ལ་ཤ་སོང་ཡོད་མེད་ཏུ་ལྟ་བའི“ཁྱོད”ཀྱི་དྲན་རྟོག བསོད་ནམས་འབག་བཙོག་གིས“ཁྱོད”ལ་ཁ་ཡ་མ་བྱས་པར་ཡིད་སེམས་སྐྱོ་ཚུལ་སོགས་ནི་སྤྲོས་བརྗོད་པ་ལས་བྱུང་བའམ་ཡང་ན་མི་སྣ“ཁྱོད”ཀྱི་སྟེང་ནས་བྱུང་བ་གང་ཡིན་ཆ་མི་འཚལ་བའི་ཚོར་བ་ཞིག་བསྐྲུན་པ་རེད།      དེ་ཡང་ཀློག་པ་པོ་རང་ངོས་ནས་བལྟས་ན། 巜གདགས་སྲིབ》ཀྱི་སྤྲོས་བརྗོད་པས་མི་སྣ“ཁྱོད”ལ་ཅི་ཞིག་རྗོད་ཀྱིན་ཡོད་པའི་སྣང་བ་སྟེར་བར་མ་ཟད། ཀློག་པ་པོ་ལ་ཡང་དེ་བཞིན་གྱི་སྙིང་ཉེ་བའི་བསམ་ཚུལ་གང་ཞིག་འདོན་བཞིན་པའི་ཉམས་སྣང་སྦྱིན་པར་བྱེད། དེ་ལྟར་ན། ཀློག་པ་པོ་ནི་གཏམ་རྒྱུད་ལ་གཟིགས་མཁན་ཞིག་ནས་གཏམ་རྒྱུད་ཀྱི་ནང་རོལ་དུ་འཇུག་མཁན་ཞིག་ཏུ་སྣུར་བགྲོད་བྱས་ཡོད་ཅིང་། དེའི་སྟེང་ནས་རྩོམ་པ་པོས་སྐྱེས་བུ་བར་བརྗོད་ཀྱི་སྒྲའི་སྤྲོས་བརྗོད་ཀྱི་མཐོང་སྣེའི་དགེ་མཚན་ལ་བརྟེན་ཏེ། གདགས་དང་སྲིབ་ཀྱི་འཇིག་རྟེན་གཉིས་ལ་རིག་པས་འགྲིམས་ཤིང་རྩོམ་རིག་གི་དཀྱེལ་རྒྱ་ཡངས་པར་བཏང་བ་དང་། སྤྲོས་བརྗོད་ཀྱི་སྣེ་མོ་མ་བཏང་བར་མཛེས་དཔྱོད་དང་རིན་ཐང་དབྱེ་གཅོད། གཞན་ཡང་ཕུན་སུམ་ཚོགས་པའི་བརྩེ་དུངས་སྤེལ་སྟངས་སོགས་ལ་མཚོན་ཤུགས་དྲག་པོ་ཞིག་ཐོན་དུ་བཅུག་ཡོད་ཅིང་། དེ་ཡང་གབ་སྦས་ཀྱི་རྩོམ་པ་པོའི་ཇུས་འགོད་ཉིད་ལས་བྱུང་བར་སེམས་སོ།།

 གསུམ། 《གདགས་སྲིབ》ཀྱི་སྤྲོས་བརྗོད་ལ་ད་དུང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་མཐོང་སྣེ་ཐབས་མཁས་ཀྱིས་བརྗེ་སྤོར་བྱེད་པ་དེ་རེད། གོང་དུ་བརྗོད་པ་ལྟར། སྐྱེས་བུ་བར་བརྗོད་ཀྱི་སྒྲའི་སྤྲོས་བརྗོད་ཀྱི་མཐོང་སྣེ་ལ་ཚད་བཀག་དང་ངེས་གཏན་མེད་ཅིང་། རྩོམ་པ་པོས་སྒྲུང་གཏམ་གྱི་བརྗོད་དོན་གཙོ་བོ་མཚོན་པའི་དགོས་མཁོ་ལྟར། “ཀུན་ཤེས་ཀྱི་མཐོང་སྣེ”(全知视角)དེ་ཕྱི་མ་འགྲིམ་པའི་མི་སྣ་སྟེ“བར་དོའི་རྣམ་ཤེས”ཀྱི་ཚད་བཀག་ལྡན་པའི་མཐོང་སྣེའི་སྟེང་དུ་ཐབས་མཁས་ཀྱིས་བརྗེ་འགྱུར་བཏང་བས། གཏམ་རྒྱུད་ཀྱི་སྤྲོས་བརྗོད་ལ་རང་དབང་དང་གནས་བབ་ཡག་པོ་ཐོབ་པར་མ་ཟད། དུས་ཚོད་དང་བར་སྟོང་གི་བརྗེ་སྤོར་ལའང་ལྷོད་ཁ་དང་རང་དབང་ཆེན་པོ་ཐོན་ནས་འཚོ་བའི་ཆོས་ཉིད་དང་བདེན་པ་ལ་གཙིགས་འཛིན་ནན་མོ་བྱེད་མི་དགོས་པར། གཏམ་རྒྱུད་ཧྲིལ་བོར་འགྲེང་ཚུགས་བསླངས་པའི་དུས་མཚུངས་སུ། ཀློག་པ་པོའི་ལྟ་ཀློག་གི་འདུན་པ་བསྐྱེད་དེ་ཉམས་རྟོག་གི་ཐད་དུ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཕན་འབྲས་བསྐྲུན་ཐུབ་པ་བྱུང་བ་རེད།  དེ་ཡང་གབ་སྦས་རྩོམ་པ་པོའི་ཐབས་མཁས་ཀྱི་ཇུས་འགོད་ལས་བྱུང་བའི་འབྲས་བུའོ།།

 སྒྲུང་གཏམ་ཀྱི“ཀུན་ཤེས་ཀྱི་མཐོང་སྣེ”དང་མི་སྣའི་ཚད་བཀག་ལྡན་པའི་མཐོང་སྣེའི་བར་དུ་བརྗེ་སྤོར་གྱི་འབྲེལ་བ་འཛུགས་པ་ནི། གཅིག་ནས་རྩོམ་གྱི་འཕྲེད་གཞུང་གཉིས་ཀྱི་ཁྱབ་ཁོངས་ལ་རོལ་མྱོང་གི་ཞིང་ས་ཡངས་པོ་ཞིག་བསྐྲུན་ཏེ། ཀློག་པ་པོ་དག་ཁོར་ཡུག་དེ་འདྲ་ཞིག་གི་ཀློང་དུ་ཁ་ལོ་བསྒྱུར་ནས་གཏམ་རྒྱུད་ཀྱི་མི་སྣའི་བདེན་སྣང་གི་ཚོར་བ་ལ་བླ་ལྷག་གིས་ཉམས་རྟོག་བྱེད་དུ་འཇུག་པ་དང་། གཉིས་ནས་གཏམ་རྒྱུད་ཧྲིལ་བོའི་ཆ་འཕྲིན་དག་གི་ནང་ཁོངས་ཀྱི་སྤྲོ་སྣང་རང་བཞིན་མཐོར་འདེགས་སུ་གཏོང་བའི་སླད་དུ་ཡིན། དེ་ཡང་། སྒྲུང་གཏམ་འདིར་མི་སྣ་གཙོ་བོ“ཁྱོད”གཞུང་སྐུད་དུ་བསྒྲིལ་ཏེ། གདགས་སྲིབ་ཀྱི་འཇིག་རྟེན་གཉིས་ལས་གདགས་ཀྱི་གཏམ་རྒྱུད་ཧྲིལ་བོའི་ཆ་ནི“ཀུན་ཤེས་ཀྱི་མཐོང་སྣེའི”སྟེང་ནས་སྤྲོས་བརྗོད་བྱས་ཡོད་པ་དང་། སྲིབ་ཀྱི་གཏམ་རྒྱུད་ཕལ་ཆེ་བའི་ཆ་ནི“རྣམ་ཤེས་ཀྱི་མཐོང་སྣེའི”སྟེང་དུ་བརྗེ་སྤོ་མཛད་དེ་སྤྲོས་བརྗོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བས།   ཀློག་པ་པོར་འཇིག་རྟེན་གདགས་སྲིབ་གཉིས་ཀྱི་མི་སྣ་སྣ་ཚོགས་དང་དེ་དག་གི་འཚོ་བའི་རྒྱབ་ལྗོངས། ཁོར་ཡུག་དང་གནས་སྟངས་སོགས་ངོ་སྤྲོད་མཛད་དེ་རྒྱུས་ལོན་གསལ་བོ་ཡོང་བར་བྱས་ཡོད། དཔེར་ན། 

 ཡུལ་ཚོའི་སྲིད་གཞུང་གི་སྲང་ཤུར་དེ་བལྟས་བལྟས་ལ་ཟང་ཟིང་ལང་ལོང་དུ་བསྒྱུར་སོང་། མི་མང་བོ་སྨྱོན་པ་བཞིན་ཤ་ཉོག་རུས་ཉོག་ཏུ་གྱུར་པའི་བེམ་པོ་དེ་དག་གི་མཐའ་ལ་རུབ་སྟེ་ངུ་འབོད་བྱེད་བཞིན་མཆི་ལ། བེམ་པོ་དེ་དག་སོ་སོར་ཕྲལ་ཏེ་རྐང་ལག་གི་མགོ་མཇུག་ཀྱང་བསྣོལ་འདུག འདྲུད་འཁོར་རྐང་གསུམ་དེ་ལམ་གྱི་ཕར་སྣེའི་ཚོང་ཁང་ཞིག་ལ་ཐོགས་ཏེ་ཉིས་ལྟེབས་སུམ་ལྟེབས་བྱས་ཟིན།……

 ཁྱོད་འཁོར་བགེགས་བྱུང་སའི་ཚོང་ཁང་དེའི་སྒོ་འགྲམ་དུ་འབྱོར་དུས། ཁྱོད་ཀྱི་ལུག་ཤ་མི་འདུག ཁྱོད་ཀྱི་ལུག་ཤ་རྐང་ཡས་དེ་ཚོང་ཁང་གི་སྒེའུ་ཁུང་ཁར་མི་འདུག བསམ་གཞིག་ཕྲན་ཙམ་བཏང་རྗེས་ཁྱོད་ཀྱི་སེམས་ལ་ཉིན་མོ་དཀར་དཀར་ལ་ལུག་ཤ་རྐང་ཡས་ཤིག་དེ་ལྟར་སྒེའུ་ཁུང་ཁར་འཇོག་ག་ལ་རུང་སྙམ། ཁྱོད་ཀྱིས་དེ་ལྟར་བསམ་བཞིན་ཚོང་ཁང་དེའི་ནང་དུ་སྐེ་སོ་ཞིག་བྱས་པ་ན། ཨ་ཁ་ཁ། ཁྱོད་ཀྱི་ལུག་ཤ་རྐང་ཡས་དེ་ཚོང་ཁང་གི་ཕུགས་སུ་ཤུར་མོ་མང་བོ་བྱས་ཏེ་རྡང་ལ་བསྐམས་འདུག ཚོང་བ་ཁྱི་སྐྱག་འདྲ་བོ་དེ་སེར་སྣའི་རྒྱལ་བོ་ཞིག་ཡིན་པས། ཁོས་ལུག་ཤ་རྐང་ཡས་ཤིག་ཉོ་མི་བྲ་བ་ཁྱོད་ཀྱི་སེམས་སུ་ཁྲིགས་ཁྲིགས་ཡིན།……

 འདི་ལས་རྩོམ་པ་པོས་ཚན་པ་གོང་འོག་གཉིས་ལ་མཐོང་སྣེ་མི་འདྲ་བ་གཉིས་སྤྱད་དེ་སྤྲོས་བརྗོད་བྱས་ཡོད་པ་མཐོང་ཐུབ་སྟེ།   སྔ་མའི་ནང་གི“བལྟས་བལྟས་ལ”ཞེས་པ་ནི་སྐྱེས་བུ་གཞན་བརྗོད་ཀྱི་སྒྲའི(第三人称)མཐོང་སྣེའི་སྟེང་གི་སྤྲོས་བརྗོད་ཡིན་ལ།   ཕྱི་མའི“ཤ་ཤུར་མོ་བྱས་ཏེ་བསྐམས་འདུག་པ”སོགས་ནི“རྣམ་ཤེས” ཀྱིས“སྐེ་སོ་བྱས”ཏེ་མཐོང་བའི་འབྲས་བུ་ཡིན་པས“་རྣམ་ཤེས”ཀྱི་མཐོང་སྣེའི་སྟེང་གི་སྤྲོས་བརྗོད་རེད།དེ་ལྟར་ན་སྔ་མ་ནི“ཀུན་ཤེས་གྱི་མཐོང་སྣེ”ལ་གཏོགས་པ་དང་ཕྱི་མ་ནི“རྣམ་ཤེས་ཀྱི་མཐོང་སྣེ”ལ་གཏོགས་ཤིང་།མཐོང་སྣེ་གཅིག་ནས་གཅིག་ལ་བརྗེ་སྤོར་མཛད་པའི་སྤྲོས་བརྗོད་ཀྱི་སྟེང་ནས་ང་ཚོས་འཇིག་རྟེན་རྣམ་པ་གཉིས་མཐོང་ཐུབ་ཅིང་། གཅིག་ནི་རྫོང་མཁར་དང་ཡུལ་ཚོའི་སྲིད་གཞུང་། སོ་ཕག་བཟོ་གྲྭ། ཤ་ཚོང་ཁང་སོགས་དེང་རབས་ཀྱི་དཔལ་འབྱོར་སྒྲིག་གཞི་དར་བའི་འཇིག་རྟེན་ཞིག་རེད། འདི་ནི་དོན་དངོས་ཀྱི་མིའི་རིགས་ཀྱི་འཇིག་རྟེན་ཏེ། འཚོ་བའི་དྲི་བསུང་འཐུལ་བའི་རང་བྱུང་ཁམས་ཤིག་ཡིན་ལ། གཞན་ཞིག་ནི་ཡུལ་དང་དུས་ལ་མཐའ་ཟིན་པར་དཀའ་བའི་ཕྱི་མའི་ཞིང་ཁམས་ཤིག་རེད། འཇིག་རྟེན་འདི་གཉིས་ལ་སོ་སོར་ཁེར་ཚུགས་ཀྱི་གནས་སྟངས་ཤིག་ཆགས་ཡོད་པར་མ་ཟད།   ཐ་ན།   ཕྱོགས་གཉིས་འགལ་ཟླ་དང་ཁ་གཏད་དུ་འགྲེང་འདུག་ཀྱང་རྩོམ་པ་པོས་མཐོང་སྣེ་དུ་མ་སྤྱད་དེ་ཞིབ་འབྲི་དང་སྤྲོས་བརྗོད་མཛད་པས་འཇིག་རྟེན་ཕུང་གསུམ་པ་གཞན་ཞིག་གི་ངོ་བོར་བསྒྱུར་ཏེ་སྒྱུ་རྩལ་གྱི་ཕན་འབྲས་ཆེན་པོ་ཞིག་བསྐྲུན་ཡོད་དོ།།

 སྤྱིར་ན།   “རྣམ་ཤེས་ཀྱི་མཐོང་སྣེ”ནི་ལྟ་ཞིབ་ཀྱི་ཡུལ་གྱི་ཆ་ནས་གཞིགས་ན།   མ་གཞི་ནས་ཀུན་ཤེས་དང་ཀུན་མཐོང་གི་གནས་སུ་འགྲེང་ཞིང་ཚད་བཀག་གི་རྣམ་པས་མ་བཅད་པ་ཞིག་ཡིན་པས།   དེ་ཉིད་སླར་ཡང“ཀུན་ཤེས་ཀྱི་མཐོང་སྣེ”གཞན་ཞིག་ཏུ་བརྗེ་སྤོར་བཏང་སྟེ་མཐོང་སྣེ་རིགས་གཅིག་བརྩེགས་མར་སྤྱོད་པའི་དགོས་པ་མེད་པར་སྣང་མོད།   འོན་ཀྱང་སྐབས་འདིའི“རྣམ་ཤེས”ནི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ“ཁྱོད”དམ་ཡང་ན་བར་དོ་འགྲིམ་པའི“མི”དེ་ལས་ཡོངས་སུ་འདས་ཏེ།  བར་དོའི“རྣམ་ཤེས”འཁྱམ་པོ་གང་དེའི་སྟེང་དུ་འཕོས་ཡོད་པས་སྒྲུང་གཏམ་གྱི་མི་སྣ་དེ་སྒྲུང་གཏམ་གྱི་སྤྲོས་བརྗོད་པར་བརྗེ་འགྱུར་གཏོང་བའི་དགོས་དབང་ཁྱད་པར་བ་ཞིག་བྱུང་བ་རེད།     དེ་ཡང་གསལ་བར་བཤད་ན།   “གབ་སྦས་རྩོམ་པ་པོའི”དགེ་མཚན་གྱི་སྟེང་ནས་མི་སྣ་གཙོ་བོ“ཁྱོད”རང་སྒྲུང་གཏམ་གྱི་འཁྲབ་སྟོན་པ་ནས་སྤྲོས་བརྗོད་པར་བསྒྱུར་ཚེ།  འདི་སྣང་གི་འཇིག་རྟེན་ལས་འདས་པའི“རྣམ་ཤེས” དེའི་རང་བྱུང་དུ་ལྡན་པའི“ཀུན་མཐོང”གི་ནུས་པ་དང་མིག་དབང་ལ་བརྟེན་ཏེ་གཏམ་རྒྱུད་ཀྱི་བྱུང་རིམ་ཞིབ་ཕྲའི་ངང་ནས་འཛིན་ཐུབ་པར་མ་ཟད།   དེས་ད་དུང་མི་སྣའི་ནང་སེམས་འཇིག་རྟེན་གྱི་བྱིངས་རིམ་མྱུལ་ཏེ།   མིའི་རིགས་ཀྱི་བདེ་སྡུག་ལ་རྒྱུས་ལོན་དང་དཔྱད་འཇོག་གནང་སྟེ་རྩོམ་པ་པོས་བརྗོད་སྟབས་མི་བདེ་བའི་སྐད་ཆ་མང་པོ་ཞིག་རང་ངོས་ནས་མགྲིན་ཚབ་གནང་ཐུབ་པ་རེད།  

    གསུམ། མི་ཚེའི་སྐྱོ་གར་དང་འཆི་བའི“སྡུག་བསྔལ།”

 《གདགས་སྲིབ》ཀྱིས་བརྗོད་དོན་རིགས་མང་པོ་ཚད་མཐོན་པོའི་སྒོ་ནས་ཕྱོགས་བསྡུས་དང་འཕྲོ་འགྱེད་བྱས་པའི་ཁྲོད་དུ། ཆེས་འབུར་དུ་ཐོན་པ་ནི་མི་ལ་གཞན་འགྱུར(异化)གྱི་རྣམ་པ་ཐོན་པར་བྱས་པའི་གོ་རིམ་སྟེང་གི་གནད་དོན་དེ་རེད། དེ་ཡང་། རྩོམ་པ་པོས་འཚོ་བའི་མདུན་དུ་ཕམ་ཁ་རབ་དང་རིམ་པ་མྱངས་ཀྱང་དཔའ་མི་ཞུམ་ཞིང་གཉའ་མི་སྒུར་བའི་མི་སྣ“ཁྱོད”ཀྱི་ལས་དབང་ཞིབ་བརྗོད་བྱས་པ་དང་། དེར་བསྟུན་ནས་ཁྱིམ་ཚང་གི་དངོས་ཡོད་ཁྲོད་ཀྱི་ཆག་འཇིག་དང་རྐྱེན་ངན་བརྗོད་དེ། མིས་འཚོ་བར་འགྲན་ཟླ་བཙུགས་པའི་ཉམ་ངའི་འབྲས་བུའི་སྟེང་ནས་མི་ཚེ་དང་ཚེ་སྲོག་ལ་འཚོལ་རྟོག་གཏོང་བའི་རྨང་གཞི་བཏིངས་པ་རེད།

 《གདགས་སྲིབ》ནི་མི་ལ་འཇིགས་སྣང་སྩོལ་བའི་རྟོག་བཏགས་ཀྱི་ཞིང་ཁམས་ཤིག་ཏུ་གྲུབ་ཡོད་པས། ཕྱི་ངོས་ནས་བལྟས་ན་དེའི་འཚོལ་རྟོག་གི་དམིགས་ཡུལ་ནི་སྒྱུ་འཕྲུལ་གྱི་འཇིག་རྟེན་ཞིག་ལ་གཟས་འདུག་པ་འདྲ་མོད། དོན་དམ་དུ་དེ་ལྟར་མ་ཡིན་པར་རྩོམ་པ་པོའི་ཁ་གཏོད་ས་ནི་དོན་དངོས་འབའ་ཞིག་ཡིན་པའི་གནད་ཀ་དེ་མཐོང་དགོས། དེ་ཡང་།སྐབས་འདིའི“དོན་དངོས”ཟེར་བ་ནི་རྒྱའི་རྩོམ་པ་པོ་ཡུས་ཧྭའི་སྒྲུང་གཏམ་ཕལ་ཆེ་བའི་འཚོལ་སྙེག་གི་ཡུལ་ཁམས་དང་ཆོས་མཚུངས་པ་སྟེ། ཡུལ་ཅན་རང་གི་ཁ་གཏད་དུ་གནས་པའི་ཕྱི་རོལ་ཡུལ་གྱི་འཚོ་བའི་དོན་དངོས་གང་དེ་མ་ཡིན་པར“མི་སྒེར་ངོས”ཀྱི་བསམ་པའི་འཇིག་རྟེན་སྟེང་གི་དོན་དངོས་ཁྱད་པར་བ་དེའི་རིགས་ལ་བྱ། རྒྱུ་མཚན་ནི།རྩོམ་པ་པོས་ལོ་རྒྱུས་ཀྱི་བདེན་པ་དང་རིག་གནས་ཀྱི་བདེན་པར་དེ་འདྲའི་བརྩོན་པ་སྐྱེད་ཀྱིན་མེད་པར་མིའི་རིགས་ཀྱི་དཔལ་ཡོན་དང་རིག་གནས་རྒྱབ་ལྗོངས་སུ་གྱུར་པའི་ཚེ་སྲོག་གི་བདེན་པ་ཞིག་ལ་འཚོལ་སྙེག་བྱེད་ཀྱིན་ཡོད་པའི་ཕྱིར་དང་། དེར་མ་ཟད། ཀློག་པ་པོའི་མདུན་དུ“ཁྱོད”ཀྱི་མི་ཡུལ་གྱི་སྐྱོ་གར་དང་བར་དོའི་སྐྱོ་གར་གཉིས་གཅིག་ཏུ་བསྒྲིལ་ཅིང་སྐྱོ་གར་ཉིས་བརྩེགས་ཀྱི་གཟུགས་སུ་བསླངས་ཏེ་ཚེ་སྲོག་རིགས་འདིའི་བདེན་པ་ཚད་མཐོན་པོ་ཞིག་ཏུ་བསྒྲུབ་ཅི་ཐུབ་མཛད་འདུག་པའི་སྟབས་ཀྱིས་སོ།། 

 མིའི་ཚེ་སྲོག་ནི་ག་འདྲ་ཞིག་ཡིན་ནམ། མིའི་རིགས་ཀྱིས་རང་གི་ཚེ་སྲོག་ལ་ལྟ་ལྟངས་ཇི་འདྲ་བཟུང་ན་འགྲིག་པ་རེད་དམ། གནའ་ནས་ད་བར་གྱི་མཁས་པ་དང་བསམ་བློ་པས་གཞན་དྲིང་མི་འཇོག་པའི་དགོངས་པ་ཟབ་མོས་དེ་ལ་འགྲེལ་བཤད་སྣ་ཚོགས་མཛད་པར་གནས་ལུགས་ཕུན་སུམ་ཚོགས་པ་མཆིས་ཀྱང་། འདིར《གདགས་སྲིབ》ཀྱིས་གཙོ་བོར་གཞི་གྲུབ་སྨྲ་བ་དང་ཚུར་སྣང་སྨྲ་བའི་ལྟ་བ་གཉེར་ཏེ་མཚན་ཉིད་རིག་པའི་སྟེང་ནས་སྤྲོས་བརྗོད་གནང་བར་ཡང་རྩོམ་རིག་གི་རིན་ཐང་ཆེན་པོ་ཞིག་ཐོན་འདུག་སྙམ། 

 《གདགས་སྲིབ》ཏུ། “ཁྱོད”ཀྱིས་ཁྱིམ་ཚང་གི་དོམ་དངུལ་འཇལ་བ་དང་བྱིས་པའི་འཚོ་བ་ལེགས་བཅོས་ཡོང་ཆེད། ཨུ་ཚུགས་ཀྱིས་དཀའ་སྡུག་དང་ལེན་བྱས་ཏེ་འཚོ་བར་རྒོལ་ལན་སྤྲད་མོད། འོན་ཀྱང་དེའི་མཇུག་འབྲས་སུ་རང་ཉིད་ཀྱི་ཚེ་སྲོག་བོར་ནས་བར་དོར་འཁྱམ་དགོས་བྱུང་བའི་སྐྱོ་གར་ཞིག་བསྟན་འདུག སྐྱོ་གར་གྱི་གཏམ་རྒྱུད་དེ་ལས་ང་ཚོས་མི་ཚེ་ནི་སྡུག་བསྔལ་ཡིན་པའི་ནང་ཆོས་ཀྱི་བསམ་བློ་ཞིག་རྙེད་ཐུབ་པར་མ་ཟད། ཧྲུའུ་པིན་ཧྭ་ཡི“ཚེ་སྲོག་གི་ལོ་རྒྱུས་རེ་རེ་ནི་སྡུག་བསྔལ་གྱི་ལོ་རྒྱུས་རེ་རེ་ཡིན”(6)ཞེས་པའི་མཚན་ཉིད་རིག་པའི་ལྟ་བ་ཞིག་མྱོང་ཐུབ་ལ། དེ་བཞིན་དུ་མིའི་རིགས་ཀྱི་རྩོལ་བ་ཡང་ཆོས་ཐམས་ཅད་བདག་མེད་པའི་དགོངས་པ་ལྟར་ངལ་བ་འབྲས་མེད་ཀྱི་ལམ་དུ་སོང་འདུག་ཅིང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་བ་ཡིན་ན་སྐྱོ་གར་གྱི་མཇུག་འབྲས་ལ་ཡང་སུ་དང་གང་གིས་ཀྱང་ཟློག་ཐབས་ཡོད་པ་མ་རེད། དེར་བརྟེན། མིའི་རིགས་ཀྱི་ལོ་རྒྱུས་ནི་ཕྱོགས་གཅིག་ནས་རྫོགས་ལྡན་གྱི་ཕྱོགས་སུ་འཁོར་ཏེ་མདུན་དུ་སྐྱོད་ཀྱིན་ཡོད་ནའང་ཕྱོགས་གཞན་ཞིག་ནས་ས་སྐྱ་པཎ་ཆེན་མཆོག་གིས“གནའ་དུས་བཟང་པོ་ནུབ། ད་དུས་ངན་པ་ཤར། ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། ཡ་རབས་ཀྱི་སྲོལ་མི་བསྲུང་།མ་རབས་ཀྱི་སྤྱོད་པ་བསྐྱང་། རྨོངས་པའི་རྗེས་སུ་འཇུག”ཅེས་སོགས་གསུངས་པ་ལྟར་མི་རྣམས་ཀྱི་བསམ་བློའི་རྩ་བ་ཉམས་ཤིང་རྩིང་སྤྱོད་ཀུན་ཏུ་དར་བས། ཡ་མ་བརླ་ཡི་མདུན་སྐྱོད་དེར་ཡང་དོན་སྙིང་གིས་སྟོངས་པའི་ཆ་བྱུང་བ་རེད།

 འོ་ན། ང་ཚོས་ཇི་ལྟར་སྡུག་བསྔལ་དང་འཐབ་རྩོད་བྱེད་དགོས་ཟེར་ན། དྲིས་ལན་ནི་སྔར་བཞིན“ཁྱོད”ཀྱི་དཔའ་བོའི་སྣང་བརྙན་སྟེང་ནས་འཚོལ་ཐབས་བྱེད་དགོས། “ཁྱོད”ཀྱིས“ལོ་སྟོད་དུ་ཁྱིམ་མཚེས་སྡེ་བ་ནས་འདྲུད་འཁོར་རྐང་གསུམ་རྙིང་བ་ཞིག་ཉོས”ཏེ། སྡེ་བའི་ནང་གི་མི་མང་བོའི་ཕྲག་དོག་འོག་ཏུ། སོ་ཕག་དྲུད་དེ“འཁོར་བགེགས་རབ་དང་རིམ་པ་དེ་དག་གི་སྐབས་སུ་གཞན་ལ་བསྐྱིས་པའི”དོམ་དངུལ་བཅལ་ཏེ་འཚོ་བའི་གདོང་ཤེད་ལ་རྒོལ་ལན་སྤྲད་པ་རེད། “རྒོལ་ལན”དེ་ནི་ཕམ་ཁ་མཐའ་དག་རེ་ལྟོས་སུ་སྒྱུར་བྱེད་ཀྱི་མཐུན་རྐྱེན་ཡིན་ལ། མཐུན་རྐྱེན་དེས“ཁྱོད”ལ་གཞན་ཀུན་ལས་བརྒལ་བའི་སྙིང་སྟོབས་ཤིག་རང་བཞིན་གྱིས་བསྐྲུན་ཡོད། དེ་ཡང་ཡིན་ཏེ། རྩོམ་པ་པོས“ཁྱོད”ཀྱིས་སོ་ཕག་འདྲུད་ཐེངས་ཤིག་ལ་སྒོར་བརྒྱ་རེ་རག་པ་དང་། ཉིན་རེར་ཐེངས་གསུམ་ལ་དྲུད་དེ་ཟླ་ཕྱེད་རིང་སྒོར་སྟོང་ལྷག་བཙལ་ཐུབ་པའི་སྐོར་གཟབ་འབྲི་བྱེད་པའི་དམིགས་ཡུལ་ནི“ཁྱོད”ཀྱིས་དགྲ་དང་སྡུག་བསྔལ་ལ་གཏན་ནས་མགོ་མི་སྒུར་བའི་སྙིང་སྟོབས་གང་ཞིག་མཚོན་པའི་ཆེད་རེད། དེ་ལས་ང་ཚོས་རྟོགས་ཐུབ་པ་ནི། མི་ཚེ་ནི་སྡུག་བསྔལ་བ་ཡིན་པ་དང་མིའི་རིགས་ཀྱི་དཔལ་ཡོན་གྱི་འཕེལ་རྒྱས་ལའང་དོན་སྙིང་གིས་སྟོངས་པའི་ཆ་ཡོད་ཀྱང་། ང་ཚོས་ངེས་པར་དུ“ཁྱོད”ཀྱི་རྣམ་ཐར་ཇི་བཞིན་བསྐྱངས་ཏེ་སྤོབས་སེམས་ཆེན་པོས་ཚེ་སྲོག་ལ་ལྟ་སྟངས་གཟབ་ནན་འཛིན་དགོས་པ་དང་། འཚོ་བ་དང་ལོ་རྒྱུས་ཀྱི་མདུན་དུ་གཉའ་སྒུར་མི་རིགས་ལ་དཔའ་ཡང་ཞུམ་པར་མི་འོས་སོ།།

 ཡིན་ན་ཡང་། ཚེ་སྲོག་གི་འདུ་ཤེས་འཛིན་སྟངས་ཡང་དག་པ་ཞིག་འཁྱོངས་དགོས་ན། ང་ཚོས་ད་དུང“འཆི་བ”ལ་བསམ་གཞིག་གནད་དུ་ཐིངས་པ་ཞིག་མཛད་རྒྱུ་ཡང་ཤིན་ཏུ་གལ་ཆེ་བ་ཞིག་ཏུ་འཁུམས། 《གདགས་སྲིབ》ཏུ། མི་ནི་ཤིན་ཏུ་ཉམ་ཆུང་བ་ཞིག་སྟེ། མི་ཡི་སྟོབས་ཤུགས་ནི་ཧ་ཅང་ཉག་ཕྲ་བ་ཞིག་ཡིན་པ་བསྟན་ཡོད་པར་མ་ཟད། གལ་ཏེ་ཕྱི་རྐྱེན་གྱི་གནོད་བྱེད་ཅིག་ཡོད་ཚེ། མིས་རང་ཉིད་ཀྱི་ལས་དབང་ལ་ཚོད་འཛིན་ཡེ་ནས་གཏོང་མི་ཐུབ་པའི་ཆོས་ཉིད་ཅིག་ཀྱང་རྗེན་པར་བསྟན་འདུག དེ་ཡང་། མི་སུ་དང་གང་ཡིན་ཀྱང་བགེགས་དང་བར་ཆད་ལ་གདོང་གཏད་དེ་སྙིང་སྟོབས་ཆེན་པོས་རྒོལ་ལན་སྤྲད་ཀྱང་མཐའ་མཇུག་གི་འབྲས་བུ་ནི་སྒོ་ང་བྲག་ལ་བསྣུན་པ་ལྟར་འཆི་བ་ཉག་ཅིག་ལས་འདའ་མི་སྲིད་ལ། དོན་སྙིང་དེའི་ཆ་ནས་བལྟས་ན། ལྟ་བ་དེ་ནི་སྒྲུང་གཏམ་འདིའི་བརྗོད་དོན་གྱི་གནད་གཙོ་བོའི་ཆ་ཞིག་ཏུ་གྲུབ་འདུག་པའང་སྨོས་སུ་མེད་དོ།།

 འཆི་བ་ནི་སེམས་ཅན་ཇི་སྙེད་པའི་སྣང་ངོར་སྡུག་བསྔལ་དང་འཇིགས་སྐྲག་གི་མཚོན་བྱེད་ཅིག་ཏུ་གྲུབ་ཡོད་པས། ཚེ་སྲོག་གི་སྐྱོ་གར་རིགས་ཤིག་ཀྱང་ཡིན་སྲིད་པ་རེད། ཚེ་སྲོག་ཉི་ཚེ་བ་གང་ཡིན་ཀྱང་སྐྱེས་མ་ཐག་ནས་འཆི་བའི་ལམ་དུ་བསྙེག་པ་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་།དུས་རབས་དང་ལོ་རྒྱུས། མི་རིགས་དང་རིག་གནས་མི་མཚུངས་པའི་རྒྱབ་ལྗོངས་འོག་ཏུ། རྩོམ་པ་པོ་དག་གི་བརྩམས་ཆོས་ཁྲོད་ཀྱི་འཆི་བའི་སྤྲོས་བརྗོད་བྱེད་སྟངས་ཐ་དད་དུ་སོང་འདུག་པ་ལགས་ན། དེའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་འཚོལ་སྙེག་དང་མཛེས་དཔྱོད་ཀྱི་ལྟ་བའི་མངོན་སྟངས་ལ་ཡང་ཁྱད་པར་ཆེན་པོ་བདོག་པ་སྨོས་མ་དགོས། དོན་སྙིང་དེའི་ཆ་ནས་བཤད་ན།རྩོམ་པ་པོས《གདགས་སྲིབ》ཏུ་འཆི་བར་ལྟ་སྟངས་ནན་མོ་བཟུང་ཡོད་ན་ཡང་། དམིགས་ཡུལ་ནི་མི་རྣམས་ལ《བར་དོ་ཐོས་གྲོལ་ཆེན་མོ》སོགས་ལྟར་བསམ་གཟས་ཏེ་འཆི་བའི་འཇིགས་སྣང་ངོ་སྤྲོད་དང་དེའི་ཐར་ལམ་གང་ཞིག་ཁོལ་དུ་ཕྱུང་སྟེ་སྟོན་པ་མ་ཡིན་པར། སྐྱོ་གར་སྣ་ཚོགས་ཀྱི་ལམ་ནས“གསོན་པོ”དང“གཤིན་པོ”དག་གི་མི་ཚེའི་དོན་སྙིང་ལ་བཙོ་སྦྱང་བྱེད་པ་དང་། “རྣམ་ཤེས”ཀྱི་རྒྱང་ཤེལ་ལ་བརྟེན་ནས་གདགས་སྲིབ་འཇིག་རྟེན་གཉིས་ཀྱི་སྒྱུ་མའི་ལྟད་མོ་དག་གི་དཀར་ནག་དང་དགེ་སྡིག ལེགས་ཉེས་སོགས་ལ་དབྱེ་འབྱེད་གཏོང་བ་ཡིན་པས། འཆི་བ་ནི་མཐར་གཏུགས་ན་འཇིག་རྟེན་རིགས་གཅིག་ལ་གཏོགས་པ་མ་ཡིན་པར་ཚེ་སྲོག་ཁྲོད་ཀྱི་རྣམ་པ་གཞན་ཞིག་དང་ཚེ་སྲོག་གི་བདེན་པའི་སྣང་ཚུལ་གཞན་ཞིག་ཏུ་སྣང་བས། མིའི་རིགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཆུ་ལ་ཆུ་བཞག་པ་ལྟར་གཞི་གཅིག་ཏུ་འདྲེས་ཤིང་ཆགས་ནས་ཡོད་པ་མཐོང་ཐུབ། 

《གདགས་སྲིབ》ཀྱི་སྤྲོས་བརྗོད་ཧྲིལ་བོའི་ཆར་བལྟས་ན། “འཆི་བ”ནི་རྩོམ་ཡོངས་ཀྱི་མངོན་སྐུད་དུ་བྲེས་ཡོད་པ་དང་། དེས་བྱུང་རིམ་ལ་ཐེབས་པའི་སྐུལ་འདེད་ཀྱི་ནུས་པ་ནི་ཧ་ཅང་གནད་ཐོག་ཏུ་སོང་ཡོད་ཅིང་། “ཁྱོད”ཀྱི་ཕྱེད་ཀ་འཁོར་བའི“བཙོན་རར”བཅུག་པ་དང་། ཕྱེད་ཀ་སྟོང་བ་ཉིད་ཀྱི་ཀུན་རྟོག་གི་འཇིག་རྟེན་དུ་ལྡིང་སྐོར་རྒྱག་ཏུ་བཅུག་པས། མི་སྣའི་སྣང་བརྙན་བཞེང་སྐྲུན་གྱི་ཐད་དུ་དགེ་མཚན་ཧ་ལས་པ་ཞིག་ཐོན་ཏེ་སྐྱེ་བ་དང་འཆི་བའི་མཐའ་མཚམས་ཀྱང་མག་མོག་ཏུ་བསྒྱུར་བ་དང་། དེ་ལ་བརྟེན་ནས་སྒྲུང་གཏམ་གྱི་རླབས་ཆེ་བའི་མི་རིགས་ཀྱི་རིག་གནས་དང་སྙིང་སྟོབས་ཤིག་ཀྱང་མངོན་སུམ་གྱིས་བླ་ནས་བླ་རུ་བཏེགས་འདུག མི་རིགས་ཤིག་གི་རླབས་ཆེ་བའི་ཆ་ནི་གཙོ་བོ་མི་རིགས་ཀྱི་རིག་གནས་དང་སྙིང་སྟོབས་ཀྱི་སྟེང་ན་ཡོད་ཅིང་། མི་རིགས་དེའི་བླ་སྲོག་ཀྱང་རྒྱུ་རྐྱེན་དེའི་ངོས་ནས་གོ་བ་བླངས་ན་འགྲིག་གི་རེད། རྒྱུ་མཚན་ནི། མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་ཡིན་ན། དེས་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་བརྒྱུད་སྒྲོག་བྱེད་ཐུབ་པའི་ཁར། མི་རིགས་ཀྱི་རྩོམ་རིག་ལ་རྐང་དང་རུས་པ་གནང་ཐུབ་པ་དང་། དེ་བཞིན་དུ་སྤྱི་ཚོགས་ལ་དྲོད་འཇམ་དང་མི་ཚེ་ལ་འཚོ་བཅུད་སྩོལ་ཞིང་། འཇིག་རྟེན་ལ་བླང་དོར་དང་མི་སེམས་ལ་བདེ་སྐྱིད་གནང་ངེས་པ་ཡིན་ནོ།།

 མདོར་ན། རྩོམ་པ་པོས་སྒྲུང་གཏམ་གྱི་དབུ་བརྩམས་པ་ནས་ཐབས་མཁས་ཀྱི་ངང་ཀློག་པ་པོ་རྣམས་གཏམ་རྒྱུད་ཀྱི་འཆི་བའི་འཇིག་རྟེན་དུ་བཀྲིས་ཏེ། འཆི་བ་རང་ངོས་ནས་རང་བྱུང་དུ་འཕྲོ་བའི་འཇིགས་སྐྲག་གི་ཚོར་བ་དང་འགུགས་ཤུགས་ལ་བརྟེན་ནས་གཏམ་རྒྱུད་ཀྱི་ཁྱད་མཚར་གྱི་བྲོ་བ་ཇེ་ཕྱུག་ཏུ་བཏང་བ་དང་། བོད་སྤྱི་ཚོགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་རིག་གནས་ཀྱི་རྣམ་པ་ཟུར་གྱིས་བཀྲམས་པའི་དུས་མཚུངས་སུ། སྐྱེ་འཆིའི་བར་གྱི་ཚེ་སྲོག་གི་མཚན་ཉིད་རིག་པའི་ལངས་ཕྱོགས་ཤིག་བསྟན་འདུག

          བཞི། སྒྲུང་གཏམ་གྱི་ཞན་ཆ་ཕྲན་བུ།

 ཕྲན་གྱི་བསམ་པར། སྒྲུང་གཏམ་ལེགས་པོ་ཞིག་གི་ཞན་ཆ་གླེང་བ་ནི་དོན་ལ་སྒྲུང་གཏམ་དེའི་ལེགས་ཆ་བསྔོགས་པ་ཉིད་ལས་མ་འདས་སྙམ།དེ་བས། འདིར巜གདགས་སྲིབ》ཀྱི་ཞན་ཆའི་སྐོར་ལའང་རང་གི་འདོད་ཚུལ་ཞིག་གསོང་བོར་སྨྲ་བར་འདོད་དོ།།

  གཅིག   སྒྲུང་གཏམ་གྱི་སྤྲོས་བརྗོད་ཀྱི་མཐོང་སྣེ་བརྗེ་སྤོར་གྱི་སྐབས་སུ། སྐྱེས་བུ་བར་བརྗོད་ཀྱི་སྒྲ་སྟེ“ཁྱོད”ཀྱི་མཐོང་སྣེ་ནི“ཀུན་ཤེས་ཀུན་ཐུབ”ཀྱི་རྣམ་པར་ཞུགས་ཡོད་པས། སྤྲོས་བརྗོད་ཀྱི་ཚད་མཐའ་ཡངས་ཤིང་རང་དབང་ཅུང་ཆེ་བ་དང་། བརྗོད་དོན་གྱི་དགོས་མཁོ་ལྟར་བརྗེ་སྤོར་ལ་བཀག་རྒྱ་མེད་པར་ཕྱི་ཡི་མཐོང་སྣེའི་སྟེང་གི་མངོན་པའི་ཆ་དང་ནང་གི་མཐོང་སྣེའི་སྟེང་གི་གབ་པའི་ཆ་དག་ཟུང་འབྲེལ་བགྱིས་ཏེ། ཀློག་པ་པོས་ཁྱོན་ཡོངས་ནས་ཕ་རོལ་བོར་ལྟ་ཞིབ་དང་རྒྱུས་ལོན་ལེགས་པོ་བྱེད་ཐུབ་མོད། འོན་ཀྱང་། རྩོམ་གྱི་སྐྱེས་བུ་བར་བརྗོད་ཀྱི་སྒྲ“ཁྱོད”ཅེས་པས་སྐབས་འགར་བར་དོའི་འཇིག་རྟེན་འགྲིམ་པའི“མི་སྣ”གང་དེ་སྟོན་ཐུབ་པ་ལས། “མི་སྣ”དེའི“རྣམ་ཤེས”ཀྱི་ཚབ་བག་ཡངས་སུ་མཚོན་ཐུབ་ཀྱི་མེད་པས། “ཁྱོད”ཀྱི་མཐོང་སྣེ་ལ་རང་བཞིན་གྱིས་ཚད་བཀག་ཐེབས་པ་དང་། སྤྲོས་བརྗོད་ཀྱི་རྣམ་པ་དེ་གཤོག་འགྱུར་གང་དགར་རྩེན་པའི་ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟ་བུ་ཞིག་མ་ཐོན་པར་རྟ་རྒོད་སྒྲོག་ཏུ་བཅིངས་པ་ལྟར་ཧ་ཅང་གུ་དོག་ངང་རྐང་འཁུམས་ལག་འཁུམས་སུ་གནས་པའི་ཚོར་སྣང་སྟེར། གལ་ཏེ། “ཁྱོད”ཀྱི་མཐོང་སྣེ་དེ་སྐྱེས་བུ་བར་བརྗོད་ཀྱི་སྒྲའི་མཐོང་སྣེ་ལས་བརྒལ་ཏེ“རྣམ་ཤེས”དངོས་ཀྱི་མཐོང་སྣེའི་སྟེང་དུ་སྤོ་ཐུབ་པ་བྱུང་ན། མཐོང་སྣེ་ཟུང་འབྲེལ་གྱི་ནུས་པ་བླ་ལྷག་ཏུ་ཐོན་ཏེ། མི་དང་འཚོ་བའི་སྣང་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་ལེགས་པོ་འཐོབ་ཐུབ་ཅིང་། དེར་བསྟུན་ནས་གཏམ་རྒྱུད་ཀྱི་བྱུང་རིམ་རྒྱ་བསྐྱེད་དེ་གཏིང་ཟབ་པའི་སྒོ་ནས་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་ལ་བསྙབས་ཐུབ་པ་བྱུང་སྟེ། སྒྲུང་གཏམ་ཧྲིལ་བོའི་དངོས་ཡོད་འཇིག་རྟེན་དང་རྟོག་པའི་འཇིག་རྟེན་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གསབ་རེས་དང་བརྗེ་རེས་ཐོན་ཏེ་ངོ་མཚར་བསམ་ཡུལ་ལས་འདས་པའི་འཇིག་རྟེན་ཕུང་གསུམ་པ་ཞིག་གི་ཕྱི་ནང་གསང་གསུམ་མཐའ་དག་ཀློག་པ་པོའི་གཟིགས་མོར་བསྟར་ཐུབ་པ་གདོན་མི་ཟའོ།།

 གཉིས།  རྩོམ་འདིར་མི་སྣ“ཁྱོད”ཀྱི་ལས་དབང་མཚོན་པར་ཚེ་འདི་ཕྱི་གཉིས་ཀྱི་གཏམ་རྒྱུད་ཀྱི་སྐྱོ་གར་བརྒྱུད་མར་སྤེལ་ཡོད་མོད།  འོན་ཀྱང་།  ཐབས་ཤེས་ཀྱི་ཆ་ནས་ཞིབ་འབྲིའི་ཚབ་ཏུ་སྤྲོས་བརྗོད་སྤྱད་པ་ཤས་ཆེ་བ་དང་།  ཟབ་ཚད་ཀྱི་དོད་དུ་ངོས་སྙོམས་གནད་དུ་བཟུང་བས།   མི་སྣའི་ནང་སེམས་ཀྱི་འཇིག་རྟེན་ལ་སྔོག་འདོན་བྱེད་མ་ཐུབ་པར་སྒྱུ་རྩལ་གྱི་ནུས་པ་ཅུང་ཟད་བྲི་བར་གྱུར་པའི་སྣང་ཚུལ་བྱུང་བ་དང་།   གཞན་ཡང་།  གཏམ་རྒྱུད་ཀྱི་མངོན་པའི་ཆ་དང་སྦས་པའི་ཆ་གཉིས་ལས་ཕྱི་མ་ཅུང་ཐལ་ཆེས་ཏེ་གནད་འགག་གི་བྱུང་རིམ་ལ་དང་དོད་ཆེན་པོ་བྱེད་མ་ཐུབ་པ་དེས་ཀློག་པ་པོར་སྒྱུ་རྩལ་གྱི་སྟོང་ཆར་བསམ་གཞིག་དང་མྱོང་རོལ་བྱེད་སྟབས་མི་བདེ་བའི་སྐྱོན་ཞིག་ཀྱང་ཞར་དུ་དྲུད་འདུག་པའི་སྣང་བ་སྟེར་རོ།།

      ཟུར་ལྟའི་དཔྱད་གཞི།

(1)(2)诺思罗普·弗莱:巜批评的剖析》,百花文艺出版社,1998年版,第60页,第65页。

    (3)雷内·韦勒克、奥·沃伦:巜文学理论》,三联书店,1984年版,第209页。

  (4)冯庆华:巜刘震云小说思想论稿》,中国社会科学出版社,2018年版,第176页。

  (5)徐岱:巜小说叙事学》,商务印书馆,2014年版,第323页。

  (6)《名作欣赏》,2007年第3期,第107页。

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།