བོད་ཀྱི་གླུ་གར་གྱི་འབྱུང་ཁུངས་དང་འཕེལ་རིམ་ལོ་རྒྱུས།

བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་མཚོ་དང་མཚེའུ་མང་ལ་རང་བྱུང་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་མཛེས་སྡུག་ལྡན་པའི་གནས་མཆོག་ཞིག་ཡིན། ལོ་ངོ་སྟོང་ཕྲག་མང་པོའི་རིང་གནས་འདིར་སྐྱེ་འཕེལ་བྱེད་པའི་མི་རིགས་ཁག་གི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཀྱི་གལ་ཆེའི་ཁོངས་མི་ཞིག་ཡིན་པ་དང་། ཁོང་ཚོས་བོད་ལྗོངས་ས་མཐོའི་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་དང་རླབས་ཆེན་མེས་རྒྱལ་གསར་གཏོད་ཀྱི་བརྒྱུད་རིམ་ནང་ཐུན་མོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།  

བོད་ཡ་མཚན་ཅན་གྱི་ས་ཁམས་ཆགས་ཚུལ་དང་ངོ་མཚར་ཆེ་བའི་རང་བྱུང་གི་མཛེས་ལྗོངས་ཀྱི་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ། བརྗིད་ཆགས་ལྟ་ན་སྡུག་པའི་འཁྱམས་རོམ་དང་སྔོ་བསངས་ནམ་མཁའི་དབྱིངས་ཀྱི་སྤྲིན་དཀར། ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་གི་གཡང་དཀར་ལུ་ཁྱུ་དང་ནོར་གནག དུས་བཞིའི་འཁོར་མོ་སྔོ་ལྗང་ལོ་མས་བརྒྱན་པའི་བོད་ཤར་ཁུལ་གྱི་ནགས་ཚལ་བཅས་ལ་ཡུལ་ལུང་གང་གིས་ཀྱང་འགྲན་ཐབས་བྲལ་བའི་ངོ་མཚར་ཁྱད་ཆོས་ལྡན། དེ་བཞིན་ཁྱད་འཕགས་ཀྱི་འཚོ་བའི་གོམས་གཤིས་དང་ཡུལ་སྲོལ་གོམས་འདྲིས། སྣ་མང་ཕུན་སུམ་ཚོགས་པའི་གནའ་ཤུལ་རིག་གནས་དང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱིས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཡིད་ཀྱི་བརྟན་པ་མི་འཕྲོག་ཅི་ལ་སྲིད། 

ལོ་རྒྱུས་ཡུན་རིང་ལྡན་ཞིང་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་གླུ་གར་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། སྣ་མང་གི་རིག་དངོས་ཤུལ་བཞག་དང་གསུང་རབ་གླེགས་བམ་ནང་གླུ་གར་སྒྱུ་རྩལ་གྱི་འཕེལ་རིམ་ལོ་རྒྱུས་འཁོད་ཡོད་ལ། གནའ་ཤུལ་དང་ཡིག་ཚགས་འདི་དག་ལས་བོད་ཀྱི་གླུ་གར་གྱི་ལོ་རྒྱུས་ཇི་ལྟར་ཡོད་མིན་གསལ་པོར་རྟོགས་ཐུབ། 

བོད་ས་མཐོའི་རྡོ་བརྐོས་རི་མོ་ནི་བོད་ཀྱི་གནའ་བོའི་གླུ་གར་ལ་ཞིབ་འཇུག་བྱེད་པའི་རིན་བྲལ་གྱི་ལོ་རྒྱུས་དཔྱད་གཞི་ཞིག་རེད། ཉེ་བའི་ལོ་ཤས་ནང་བོད་ཀྱི་མངའ་ཁོངས་ནས་སྔ་རྗེས་སུ་གནའ་བོའི་རྡོ་བརྐོས་རི་མོ་ཁག་ཅིག་རྙེད་སོན་བྱུང་ཡོད། རྡོ་བརྐོས་རི་མོ་འདི་དག་ལས་བོད་ས་མཐོའི་གནའ་བོའི་ཚོ་ཁག་གི་རི་དྭགས་རྔོན་ཚུལ་དང་ནོར་ལུག་འཚོ་སྐྱོང་བྱེད་ཚུལ། གནས་སྤོ་དང་གླུ་གར། རང་བྱུང་གི་དད་མོས། ཆོས་ལུགས་ཀྱི་བྱེད་སྒོ་སོགས་ཐོན་སྐྱེད་དང་འཚོ་བའི་སྣང་ཚུལ་མཚོན་ཡོད། རྡོ་བརྐོས་རི་མོའི་ནང་དོན་ནི་གདོད་མའི་འཚོ་བའི་སྣང་ཚུལ་དངོས་མཚོན་པ་ཞིག་ཡིན། ཡི་གེ་མེད་པའི་བླུན་རྨོངས་ཀྱི་དུས་སྐབས་ནང་རྡོ་བརྐོས་རི་མོ་ནི་མཛེས་ཆོས་ཀྱི་མྱོང་ཚོར་མངོན་ཆེད་དུ་བཟོས་པ་ཙམ་མིན་པར་དེ་ནི་བོད་གདོད་མའི་བོན་ཆོས་ཀྱིས་ལྷར་དད་མོས་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ཐུབ། 

རིམ་གྲོ་ནི་བོན་ཆོས་ཀྱི་བྱེད་སྒོ་གལ་ཆེ་ཤོས་ཤིག་ཡིན་པ་དང་། གླུ་ལེན་གར་འཁྲབ་བྱེད་པ་ནི་རིམ་གྲོའི་བྱེད་སྒོའི་བྱ་ཐབས་གཙོ་བོ་ཞིག་ཡིན་པར་བརྟེན་བོན་ཆོས་ཀྱིས་ཐོག་མ་ཉིད་ནས་གདོད་མའི་གར་དང་གདོད་མའི་མཚོན་ཆོས་ཞབས་བྲོ་མང་དག་ཅིག་བསྡུ་ལེན་བྱས་པས་གདོད་མའི་རྫུ་འཕྲུལ་སྟོན་ཚུལ་ཞབས་བྲོ་དེ་བྱུང་བ་ཞིག་ཡིན། དེ་ཡང་བོན་གྱི་བསྟན་བཅོས་གཟི་མིག་ནང་འཁོད་པར་གཞིགས་ན། “སྟོན་པ་གཤེན་རབ་མི་བོ་ཆེའི་རྗེས་འབྲངས་པ་ལ་ལ་ནི་མར་མེ་འབུལ་ལོ། ལ་ལ་ནི་རྔ་བརྡུང་ངོ་། ལ་ལ་ནི་གཤང་དཀྲོལ་ལོ། ལ་ལ་ནི་དུང་འབུད་དོ། ལ་ལ་ནི་དར་འཕྱར་རོ། ལ་ལ་ནི་མེ་ཏོག་འཐོར་རོ། ལ་ལ་ནི་མཆོད་པ་འབུལ་ལོ། ལ་ལ་ནི་གར་བྱེད་དོ། ལ་ལ་ནི་པི་ཝང་དཀྲོལ་ལོ། ལ་ལ་ནི་གླིང་བུ་འབུད་དོ། ལ་ལ་ནི་འབག་ཤོན་འཆམ་མོ་འཁྲབ་ཅིང་གཤེན་རབ་མི་བོ་ཆེའི་མཐའ་ནས་བསྐོར་ཏེ་མ་གླུ་དང་གཡུ་གླུ། ཡེ་ཤེས་དགའ་ཆུང་། རྡོ་པོ་སྤུན་བཟང་རྣམས་ཀྱིས་གར་འཁྲབ། གཤེན་རབ་མི་བོ་ཆེས་གར་འཆམ་འཁྲབ་གནང་སྐབས་ནམ་མཁའ་སྟོང་པའི་དབྱིངས་ནས་བཀྲ་ཤིས་ཀྱི་འོད་ཟེར་འཕྲོས་པ་དང་ས་གཞི་ཡོངས་ནས་མེ་ཏོག་བཞད་ཅིང་། ཕྱོགས་བཞི་ནས་སྐད་སྒྲ་སྙན་པོ་གྲགས། གར་འཆམ་མཇུག་སྒྲིལ་བའི་སྐབས་རིགས་དྲུག་སྣང་བ་དག་ནས་གཤེན་རབ་མི་བོ་ཆེ་སངས་རྒྱས་དངོས་སུ་མཇལ།”གོང་འཁོད་དཔྱད་གཞི་ལས་སྐབས་དེ་དུས་གར་ཡོད་པ་ཙམ་མ་ཟད། ད་ལྟའི་རས་པའི་རྔ་དང་གཤང་སོགས་རོལ་ཆ་དང་། ལྷ་བའི་ཞབས་བྲོ་དང་གདོད་མའི་མཚོན་ཆོས་ཞབས་བྲོ་ཕུད། ད་དུང་དམངས་ཁྲོད་གླུ་གར་གྱི་རིགས་ཡོད་པ་ཡང་མཚོན་ཐུབ།  

སྤྱི་ལོའི་དུས་རབས་བདུན་པའི་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཙན་པོའི་བོད་གཅིག་གྱུར་གྱི་རྒྱལ་རབས་བཙུགས་རྗེས། བཙན་པོའི་མཁྱེན་དཔྱོད་དང་གཟིགས་རྒྱ་ཡངས་ཤིང་བོད་ཡུལ་གྱི་སྲིད་འབྱོར་རིག་གསུམ་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་སྟེ་མངའ་ཐང་ཡོངས་སུ་རྒྱས་པ་དང་། ལྷག་པར་དུ་བོད་ཀྱི་རིག་གནས་སྒྱུ་རྩལ་ཐད་རང་ཡུལ་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་འཕེལ་གཏོང་གནང་མཛད་པ་མ་ཟད། ཕྱི་ཕྱོགས་ཀྱི་སྔོན་ཐོན་རིག་གནས་བསྡུ་ལེན་རྒྱུན་ཆད་མེད་པར་གནང་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་དགེ་བཅུའི་ཁྲིམས་གཏན་འབེབས་གནང་སྐབས་བོད་ཡུལ་ཡོངས་ནས་དགའ་སྟོན་རྒྱ་ཆེར་སྤེལ་ཞིང་རྒྱལ་འབངས་ཚང་མས་རྟེན་འབྲེལ་གཟབ་རྒྱས་མཛད། རྟེན་འབྲེལ་གྱི་མཛད་སྒོའི་ཐོག་སྐྱེ་འགྲོ་ཀུན་གྱིས་གླུ་གར་གྱི་འཁྲབ་སྟོན་འདྲ་མིན་སྣ་ཚོགས་སྤེལ། དེ་ཡང་ས་ཆེན་བསོད་ནམས་རྒྱལ་མཚན་གྱི་རྒྱལ་རབས་གསལ་བའི་མེ་ལོང་ནང“འབག་དང་སེང་གེ་གཡག་སེང་སྟག་སེང་དང་།། རྔ་བྲོ་མཁན་དང་གར་མཁན་ལ་སོགས་ཀྱིས།། རེ་རེ་བཞིན་དུ་གར་དང་རྩེད་མོ་འབུལ།། ལྷ་ཡི་རྔ་བོ་ཆེ་དང་པི་ཝང་དང་།། རོལ་མོ་སིལ་སྙན་རྣམས་ཀྱིས་མཆོད་པ་དང་།། སྨན་མཆོག་ཨ་ག་རུ་དང་ཙན་དན་དང་།། དྲི་ཞིམ་བདུག་སྤོས་རྣམས་ནི་རླུང་ལྟར་གཡོ།། གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་དང་།། སྣ་ཚོགས་དར་གྱིས་ནམ་མཁའ་གང་བར་མཆོད།། ཡིད་འོང་མཛེས་པའི་བུ་མོ་བཅུ་དྲུག་གིས།། མཛེས་པའི་རྒྱན་བཅས་མེ་ཏོག་ཐོགས་ནས་ནི།། གླུ་དང་གར་གྱིས་རྣ་བའི་དགའ་སྟོན་འགྱེད།། དགའ་བདེ་སྐྱིད་པའི་བཀའ་ཁྲིམས་མཛད་པའི་ཚེ།། བོད་འབངས་མི་རེས་རྟ་རེ་ཞོན་ནས་རྒྱུག། ཤིང་རེའི་རྩེ་ལ་དར་རེ་ཕྱར་གིན་བཞག། དམ་པ་ཆོས་ཀྱི་རྔ་ཆེན་དམ་པ་བརྡུང་།། དགེ་བ་བཅུ་ལ་བསྟུན་པའི་རྒྱལ་ཁྲིམས་བཅས།། འདོད་ཡོན་ལྔ་དང་བསྟུན་པའི་ལོངས་སྤྱོད་སྤེལ།། ཁ་བ་ཅན་པའི་རྒྱལ་ཁམས་འདི་ཉིད་དུ།། དགེ་བཅུའི་རྒྱལ་ཁྲིམས་མཁའ་ལ་ཉི་ཟླ་བཞིན།། བོད་ཡུལ་གངས་ཅན་ཁྲོད་འདིར་ཁྱབ་པར་མཛད།།”ཅེས་འཁོད། འདི་ནི་མི་རིགས་ཀྱི་དམངས་ཁྲོད་གླུ་གར་གྱི་འཁྲབ་སྟོན་ཆེན་མོ་ཞིག་ཡིན། དཔྱད་གཞི་འདི་དག་ལས་བཙན་པོའི་རྒྱལ་རབས་སྐབས་གནའ་བོའི་ཞབས་བྲོ་དང་ཕྱུགས་རྩེད། རྔ་འཆམ། ཆོས་ལུགས་རང་བཞིན་གྱི་གར་འཆམ་སོགས་ཧ་ཅང་དར་རྒྱས་ཆེན་པོ་ཡོད་པ་མཚོན་ཐུབ། 

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བསམ་ཡས་མི་འགྱུར་གཙུག་ལག་ཁང་བཞེངས་པ་དང་། གཙུག་ལག་ཁང་གི་ཨར་སྐྲུན་མཇུག་སྒྲིལ་མཛད་སྒོའི་ཐོག་འབྲོང་རྩེད་དང་སེང་རྩེད། བཀྲ་ཤིས་ཞོལ་པ། བྲོ་དང་གཞས་ཆེན། རྩལ་རྩེད་དང་ལུས་རྩལ་སོགས་འཁྲབ་སྟོན་བྱས་ཡོད། དེ་ཡང་རྒྱལ་རབས་གསལ་བའི་མེ་ལོང་ནང་བསམ་ཡས་མི་འགྱུར་གཙུག་ལག་ཁང་གསར་བཞེངས་མཛད་སྒོའི་རྣམ་པ་འདི་ལྟར་བཀོད་ཡོད་དེ། “ཁྱེའུ་བུ་མོ་ཐམས་ཅད་ཀྱིས།། ཆས་བརྒྱན་ལག་ན་རྔ་མ་ཐོགས།། རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར།། གཡག་སེང་དར་སེང་སྟག་སེང་དང་།། འབག་དང་སེང་ཕྲུག་གར་མཁན་དང་།། སྤ་མཛེས་རྔ་ཐོགས་འཆམ་པ་སོགས།། རྒྱལ་པོའི་སྐུ་ལ་མཆོད་པ་འབུལ།། དེ་ལྟར་རྗེ་འབངས་ཐམས་ཅད་ཀྱིས།། དགའ་བའི་ལུས་ལ་རང་དབང་མེད།། བྲོ་བརྡུང་ནམ་མཁའི་ཆར་པ་འདྲ།། སྐྱིད་པའི་སེམས་ལ་དྲན་འཛིན་མེད།། རང་རང་མོས་པའི་གླུ་རེ་ལེན།།”ཞེས་འཁོད། རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་ཀྱི་གསོ་རིག་དེབ་ཐེར་གཡའ་བཟང་ནང་དུ་བསམ་ཡས་མི་འགྱུར་གཙུག་ལག་ཁང་གསར་བཞེངས་མཛད་སྒོའི་ཐོག་ཆབ་འབངས་རྣམས་ཀྱིས་བྲོ་དང་གླུ། གཞས་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས། བསམ་ཡས་དབུ་རྩེའི་ཚོམས་ཆེན་ཤར་གྱི་གཡོན་ངོས་འཁྱམས་རིང་གི་ངོས་གཉིས་སུ་སྐབས་དེའི་བསམ་ཡས་གཙུག་ལག་ཁང་གསར་བཞེངས་མཛད་སྒོའི་སྐབས་ཀྱི་སྣང་ཚུལ་རྣམས་ལྡེབས་རིས་ཀྱི་ངོས་བྲིས་ཡོད། གསོན་ཉམས་ལྡན་པའི་ལྡེབས་རིས་ལས་སྐབས་དེ་དུས་ནས་བོད་ལ་བྲོ་དང་གཞས་སོགས་གླུ་གར་གྱི་རིགས་མང་པོ་ཡོད་པ་མཚོན་ཐུབ། 

སྤྱི་ལོའི་དུས་རབས་བཅུ་བའི་སྐབས་མངའ་རིས་ཁུལ་དུ་གུ་གེའི་རྒྱལ་རབས་བྱུང་། ཤར་དབུས་གཙང་དང་ནུབ་རྒྱ་གར་དུ་འགྲོ་བའི་འགྲིམ་འགྲུལ་གྱི་ལྟེ་བར་གྱུར། ཕྱོགས་གཅིག་ནས་གུ་གེའི་རྒྱལ་རབས་ཀྱི་ཚོང་ལས་དཔལ་འབྱོར་དར་ཞིང་རྒྱས་ལ། དཔལ་འབྱོར་བརྗེ་རེས་དང་རིག་གནས་འཕེལ་རྒྱས་ཤུགས་ཆེར་གྱུར།གར་དང་ཤོན། འབྲོང་རྩེད། སེང་རྩེད། སྒོར་གཞས། རྨ་བྱའི་ཞབས་བྲོ་སོགས་གླུ་གར་གྱི་རིགས་ཕུན་སུམ་ཚོགས་ཤིང་བྱང་ཆ་ལྡན་ལ་རིག་གནས་སྒྱུ་རྩལ་སྔར་བས་འཕེལ་རྒྱས་ཕྱིན་པ་མ་ཟད། དེ་བཞིན་སྒོར་གཞས་འཁྲབ་སྐབས་སྒྲ་སྙན་གྱི་རམ་འདེགས་དང་། ཤོན་ཡང་བུད་མེད་ཀྱིས་འཁྲབ་པ་ཕུད། ཕོ་མོ་མཉམ་འཁྲབ་བྱེད་པའི་སྲོལ་ཡང་དར། དེ་ཡང་མངའ་རིས་མཐོ་ལྡིང་དགོན་གྱི་ལྡེབས་རིས་ནང་འཁོད་པར་གཞིགས་ན།“སྤྱི་ལོ་༡༠༤༢ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས། དེ་དུས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སེར་བསྒྲེངས་རྒྱ་ཆེར་བཤམས། གོས་དཀར་གྱོན་པའི་རྟ་བ་སུམ་རྒྱས་གདུགས་དང་མདའ་དར་མཐོན་པར་འཆར་ཞིང་ཇོ་བོ་རྗེར་བསུ་བ་ཞུས། ལམ་གཡས་གཡོན་གཉིས་ཀྱི་སྐྱེས་ཕོ་མོས་གཟབ་མཆོར་ལེགས་པར་སྤྲས་ནས་ཤོན་འཁྲབ་པ་དང་སེར་མོ་བས་དུང་དང་རྒྱ་གླིང་གིས་སྤྱན་འདྲེན་རྒྱ་ཆེར་ཞུས་ཞེས་འཁོད།”བྱེད་སྒོ་འདིའི་རྣམ་པ་གུ་གེའི་མཁར་ཤུལ་གྱི་ཕོ་བྲང་དམར་པོའི་འདུ་ཁང་གི་གཡས་ངོས་ཀྱི་ལྡེབས་རིས་ཐོག་གསལ་པོར་འཁོད། 

བཀའ་བརྒྱུད་པའི་གྲུབ་ཆེན་རྗེ་བཙུན་མི་ལ་རས་པའི་སྐུ་དུས་སུ་བོད་ཀྱི་དམངས་ཁྲོད་གླུ་གར་དེ་ཕྱོགས་བསྡུས་རང་བཞིན་ལྡན་པའི་ངང་ནས་འཕེལ་རྒྱས་བྱུང་ཡོད། རྗེ་བཙུན་མི་ལ་རས་པས་བོད་ཀྱི་དམངས་ཁྲོད་གླུ་གར་གྱི་ལོ་རྒྱུས་སྟེང་མངོན་གསལ་དོད་པའི་གྲུབ་འབྲས་བཞག་གནང་ཡོད་ལ། ཁོང་གིས་བོན་ཆོས་ཀྱི་རྔ་དང་སིལ་སྙན། རྔ་མ་སོགས་ཆོས་ལུགས་ཀྱི་རོལ་ཆ་བེད་སྤྱོད་གནང་བ་མ་ཟད། གནའ་བོའི་གདོད་མའི་བརྒྱུང་འི་མཚོན་ཞབས་བྲོ་དང་བོན་ཆོས་ཀྱི་ལྷ་བའི་ཞབས་བྲོ། དེ་བཞིན་བོན་གྱི་གར་འཆམ་ནང་གི་རྒྱུ་ཆ་མང་དག་གཅིག་བསྡུ་ལེན་གནང་སྟེ་མགུར་གླུའི་རྣམ་པའི་ཐོག་ནས་རས་པའི་ཞབས་བྲོ་གསར་གཏོད་གནང་ཡོད། རས་པའི་ཞབས་བྲོ་ནི་རྔ་བྲོ་དང་རྩལ་རྩེད། གཞས་གསུམ་གྲུབ་ཆ་གཙོ་བོར་བཟུང་བའི་ཕྱོགས་བསྡུས་རང་བཞིན་གྱི་གླུ་གར་སྒྱུ་རྩལ་ཞིག་ཡིན། 

སྤྱི་ལོའི་དུས་རབས་བཅུ་གཉིས་ཀྱི་མཇུག་དང་དུས་རབས་བཅུ་གསུམ་པའི་དུས་འགོའི་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་སྐུ་དུས་སུ་བོད་ཀྱི་རིག་གནས་སྒྱུ་རྩལ་འདི་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་པ་དང་། ཁོང་གིས་མཛད་པའི་མཁས་འཇུག་ནང་བོད་ཀྱི་གླུ་གར་ལ་ཆེད་མངགས་རྒྱས་བཤད་གནང་བ་མ་ཟད། ད་དུང་ཟློས་གར་གྱི་ཉམས་དགུ་ཞིབ་བརྗོད་གནང་ཡོད། གསོན་ཉམས་ལྡན་པའི་ནང་དོན་འདི་དག་སྙན་ངག་གི་རྩོམ་རྩལ་སྣ་དགུ་ཡིན་ཞེས་བརྗོད་ཆོག་པ་དང་། སྙན་ངག་དང་ཟློས་གར་གྱི་གཅིག་མཚུངས་སུ་བཟུང་ནས་ཟློས་གར་ཡང་སྙན་ངག་དང་འདྲ་བར་གསོན་ཉམས་པའི་སྙན་ངག་གི་ཉམས་འགྱུར་ལྡན་པ། སྙན་ངག་ཡང་ཟློས་གར་འདྲ་བར་སྙན་འཇེབས་ཡིད་དབང་འཕྲོག་དགོས་རྒྱུའི་བླང་བྱ་གནང་ཡོད། དེ་བཞིན་ཟློས་གར་གྱི་སྟངས་སྟབས་དང་རོལ་མོའི་སྦྱོར་བ་སོགས་ཀྱི་ཐད་ལ་ཞིབ་ཕྲའི་དཔྱད་བརྗོད་གནང་ཡོད། 

དུས་རབས་བཅུ་བཞི་ནང་བཀའ་བརྒྱུད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་དུས་སུ་བོད་ཀྱི་དམངས་ཁྲོད་ཀྱི་གླུ་གར་སྒྱུ་རྩལ་སྔར་བས་དར་ཞིང་རྒྱས་པ་ཞིག་བྱུང་། ངོ་མཚར་ཆེ་བའི་གྲུབ་ཆེན་ཁོང་ནི་བོད་ཀྱི་ལྷ་མོའི་ཟློས་གར་སྒྱུར་བཅོས་དང་གསར་གཏོད་གནང་མཁན་ཞིག་ཡིན། ཁོང་གིས་གངས་ལྗོངས་ས་མཐོའི་ཆུ་བོ་མང་པོའི་ཐོག་ཏུ་ལྕགས་ཟམ་བསྐྲུན་ནས་མི་དམངས་ལ་ཕན་བདེ་བསྒྲུབས། དགེ་སྐུལ་སློང་མོ་བྱ་ཆེད་ལྕགས་ཟམ་ལས་མིའི་ཁྲོད་ནས་གླུ་གར་ལ་མཁས་པའི་བུ་མོ་སྤུན་བདུན་བདམས་ཏེ་གླུ་གར་འཁྲབ་སྟོན་བྱེད་མཁན་གྱི་ཚོགས་པ་བཙུགས། ཁོང་གིས་དམངས་ཁྲོད་གླུ་གར་སྒྱུ་རྩལ་གྱི་རྣམ་པ་ཉམས་ལེན་གནང་བ་དང་། ལྷག་པར་དུ་རས་པའི་སྒྱུ་རྩལ་གྱི་གླུ་གར་དང་རྦད་དམ་མདོ་འཛིན་པ། གཏམ་བརྗོད་ཐུང་ངུ་། ཞལ་འབག འཕག་མཆོངས་སོགས་ཉམས་ལེན་གྱིས་བོད་རིགས་མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་ནང་ཆོས་ཀྱི་གཏམ་རྒྱུད་དང་མཉམ་བསྲེས་གནང་སྟེ། དམངས་ཁྲོད་ཀྱི་ཤོད་རྒྱུན་དང་ཆོས་ལུགས་ཀྱི་མཛད་སྒོ་སོགས་བསྡུ་ལེན་གང་གཟབ་གནང་ནས་རང་ཉིད་ངོ་མས་འཁྲབ་སྟོན་འཁྲབ་ཁྲིད་དང་། རྣམ་ཐར་གྱི་མགྲིན་བཀུག་དང་གཞས་ཚིག་གསར་རྩོམ་མཛད་དེ་གཏམ་རྒྱུད་ཀྱི་བྱུང་རིམ་སྟབས་བདེ་བའི་ཟློས་གར་འཁྲབ་གཞུང་རྩོམ་སྦྱོང་གནང་བས་ད་ལྟའི་བོད་ཀྱི་ཨ་ཅེ་ལྷ་མོའི་ཟློས་གར་འདི་བྱུང་བ་ཞིག་ཡིན། 

སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་བ་ཆེན་པོས་གོང་མ་ཧྲུན་ཀྲི་མཇལ་བར་ཕེབས་ནས་པེ་ཅིང་དུ་ཟླ་བ་གཉིས་ཙམ་བཞུགས་པ་དང་། དེ་རྗེས་སོག་ཡུལ་དུ་ཕེབས་ནས་ཟླ་བ་གསུམ་ཙམ་བཞུགས། ཁོང་གིས་ཕེབས་ལམ་གྱི་གཟིགས་ཚུལ་དང་ཐུགས་ཀྱི་མྱོང་བ་ལ་བརྟེན་ནས་མངའ་རིས་ས་ཁུལ་གྱི་སྒྱུ་རྩལ་མི་སྣ་དབུས་ཁུལ་དུ་འཁྲབ་སྟོན་བྱེད་པར་སྐད་གཏོང་གནང་མཛད་ཐོག སྣ་མང་ཕུན་སུམ་ཚོགས་པའི་གླུ་གར་གྱི་ཉམས་འགྱུར་ལ་རོལ་མོའི་སྒྲ་དབྱངས་སྦྱར་བའི་སྒྱུ་རྩལ་འདི་དག་ལྷ་སའི་མི་དམངས་ལ་ཁྱབ་སྤེལ་གནང་བར་བརྟེན་སྟོད་གཞས་ལྷ་སའི་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་བ་དང་། གར་ཡང་ལྷ་སའི་མཐོ་རིམ་མི་སྣའི་ཁྲོད་འཁྲབ་སྟོན་བྱེད་འགོ་ཚུགས། དེས་མ་ཚད་བོད་ས་གནས་སྲིད་གཞུང་གིས་གར་འདི་ཆིང་གོང་མའི་སྐུ་མདུན་དུ་འཁྲབ་སྟོན་མཛད་པས་ཆིང་རྒྱལ་རབས་ཀྱི་ཕོ་བྲང་ནང་འཁྲབ་སྟོན་བྱེད་པའི་གླུ་གར་ཞིག་ཏུ་གྱུར། 

སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་སྐབས་བོད་ས་གནས་སྲིད་གཞུང་གི་བཀའ་བློན་རྡོ་རིང་པཎྜི་ཏས་ནང་མ་སྟོད་གཞས་ལ་ནང་དོན་གསར་བ་ཁ་སྣོན་གནང་བས་ནང་མ་སྟོད་གཞས་འདི་བོད་ཀྱི་ཚད་མཐོའི་སྒྱུ་རྩལ་གྱི་རིགས་ཤིག་ཏུ་གྱུར། རྡོ་རིང་བསྟན་འཛིན་དཔལ་འབྱོར་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་མཁྱེན་དཔྱོད་ལྡན་པ་ཞིག་ཡིན་པས་པཎྜི་ཏ་ཞེས་བརྗོད། སྤྱི་ལོ༡༧༨༨ལོ་ནས༡༧༩༠ལོར་གོར་ཁས་བོད་ལ་བཙན་འཛུལ་བྱེད་སྐབས་རྡོ་རིང་བསྟན་འཛིན་དཔལ་འབྱོར་གོང་མས་བཀའ་མངགས་གནང་བའི་དཔོན་དམག་གི་འབྲེལ་གཏུག་མི་སྣ་གནང་བ་དང་གོར་བོད་ཆིངས་ཡིག་འཇོག་སྐབས་རང་ཕྱོགས་ཀྱི་གྲོས་མཐུན་མི་སྣའི་སྐུ་ཚབ་ཀྱི་གྲས་ཤིག་ཀྱང་ཡིན། ཆིང་གོང་མས་མངགས་གཏོང་མཛད་པའི་བོད་སྡོད་ཨན་པན་པཱ་ཀྲུང་གིས་ནང་ཁུལ་དུ་ངན་ཇུས་འདྲ་མིན་བཤམས་ཏེ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལ་སྙོན་འཛུགས་བྱས་ནས་ཆིང་གོང་མར་ཞུ་སྦྱོར་བྱས་པས་ཆིང་གོང་མས་རྡོ་རིང་བསྟན་འཛིན་དཔལ་འབྱོར་ནང་སར་བཀའ་སྒུག་གིས་ཞིབ་དཔྱོད་མཛད། རྗེས་སུ་གནམ་བསྐོས་གོང་མ་ཆན་ལུང་སྐུ་ངོ་མས་ཞིབ་གཅོད་མཛད་དེ་མ་ཉེས་ཁ་གཡོགས་ཡིན་པ་གསལ་མཁྱེན་ཐུབ་ནས་གློད་སྒྲོལ་བྱུང་། དེ་རྗེས་ཁོང་ནང་སར་སྐུ་ངལ་གསོས་ནས་ཟླ་ཤས་བཞུགས་པ་དང་། དེའི་རིང་རྒྱ་ནག་གི་ཁུན་ཆུའེ་རོལ་དབྱངས་དང་ཅིང་ཅུའེ་ཟློས་གར་སོགས་ལ་སློབ་སྦྱོང་གཏིང་གཟབ་མཛད་དེ་ཡང་ཆིང་དང་ཧྲེན་ཧུའུ་ཆིང་སློབ་སྦྱོང་མཛད་ཐོག་རོལ་ཆ་དེ་དག་བོད་དུ་ཁྱེར་ནས་ནང་མ་སྟོད་གཞས་ཀྱི་ཐོག་ཏུ་སྤྱད། དེ་ནས་བཟུང་བོད་ཀྱི་ནང་མ་སྟོད་གཞས་ལ་སྒྲ་སྙན་གྱི་རོལ་ཆ་གཅིག་པུ་མིན་པར་ཡང་ཆིང་དང་འཕྲེད་གླིང་། པི་ཝང་སོགས་རོལ་ཆ་མང་པོ་མཉམ་དཀྲོལ་བྱེད་པའི་སྲོལ་དར། དེ་ཡང་བོད་རིག་པ་མཁས་ཅན་ཞོལ་ཁང་བསོད་ནམས་དར་རྒྱས་ལགས་ནས་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། “ནང་མའི་གཞས་གདངས་གསར་རྩོམ་གནང་བ་ཕུད་ནང་མའི་གཞས་གདངས་ནང་ཅིང་ཅུའེ་ཟློས་གར་གྱི་གདངས་དབྱངས་ཁག་ཅིག་ཁ་སྣོན་མཛད་ལ། དེ་བཞིན་བོད་རང་གི་ནང་མའི་སྟངས་སྟབས་ཀྱི་རྨང་གཞིའི་ཐོག་གནའ་བོའི་རྒྱ་ནག་གི་གུས་མཚོན་ལག་སྟབས་ཡང་ཁ་སྣོན་མཛད་ཡོད”ཅེས་ངོ་སྤྲོད་གནང་བྱུང་། རྡོ་རིང་པཎྜི་ཏས་ནང་མ་སྟོད་གཞས་ཀྱི་གླུ་གར་དང་རོལ་མོ་སོགས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་སུས་ཀྱང་འགྲན་ཐབས་མེད་པའི་མཛད་རྗེས་བཞག་ཡོད། 

སྤྱི་ལོའི་དུས་རབས་བཅུ་དགུ་བའི་ནང་བོད་ཀྱི་གླུ་གར་ལ་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་པ་མ་ཟད། སྒྱུ་རྩལ་གྱི་རིག་པའི་གཞུང་ལུགས་ཐད་ལའང་རང་ཉིད་ཀྱི་མ་ལག་ཞིག་གྲུབ་ཡོད། དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་འབུམ་ཤེས་བྱ་ཀུན་ཁྱབ་ནང“གར་འཆམ་སྟངས་སྟབས་ལ་སོགས་པ་རྣམས་ཀྱང་ལུས་ཀྱི་བཟོ་ཁྱད་པར་ཅན་གྱི་ཕྱོགས་སུ་གཏོགས།” གསུངས་པ་དེ་ལས་ཞབས་བྲོ་ནི་གང་འདྲ་ཞིག་ཡིན་པ་རྒྱས་བཤད་གནང་ཡོད་ལ། ཞབས་བྲོ་ནི་མིའི་ལུས་པོའི་ཉམས་འགྱུར་གྱི་སྒྱུ་རྩལ་ཞིག་ཡིན་པ་གསལ་བཤད་གནང་ཡོད། དེ་བཞིན“བྱེ་བྲག་རང་རང་གི་ལུགས་སྲོལ་འཁྲུལ་མེད་རྩ་བའི་ཁུངས་གང་ཡིན་པ་ལ་མཁས་པར་བསླབ་དགོས། རང་ལུགས་ཕྲ་མོ་ཙམ་ཡང་མི་འཆུག་པར་བྱ་དགོས།”ཞེས་གསུངས་ཡོད། གོང་བརྗོད་གནས་ཚུལ་འདི་ལས་མཚན་ཉིད་གཉིས་གསལ་ཁ་སྟོན་ཡོད་དེ། གཅིག་ནི་གོམས་སྲོལ་དང་གཅིག་ཤོས་ནི་ཆོས་ཉིད་ཡིན། གོམས་སྲོལ་དེ་ལ་ཡང་མི་རིགས་དང་ཡུལ་ལུང་གི་གོམས་སྲོལ་གཉིས་ཡོད། ཞབས་བྲོ་ལའང་རང་ཉིད་ཀྱི་ཆོས་ཉིད་ཡོད་པས་ཞབས་བྲོའི་ཆོས་ཉིད་དང་གཞི་རྩའི་ཉམས་འགྱུར་ཁོང་དུ་ཆུད་པ་བྱེད་དགོས། གལ་སྲིད་ཞབས་བྲོ་རང་ངོས་ཀྱི་ཆོས་ཉིད་དང་ཉམས་འགྱུར་ལས་འགལ་ཚེ་ཞབས་བྲོ་མི་ཤེས་པ་ཞིག་ཏུ་བརྩི་ཞེས་གསུངས། འདི་ལྟར་གཞུང་ལུགས་ཐད་ནས་རང་ཚུགས་འཕེར་བའི་སྒྱུ་རྩལ་གྱི་རྣམ་པ་དང་ཞབས་བྲོའི་གཞི་རྩའི་ཁྱད་ཆོས་སོགས་གསལ་སྟོན་གནང་ཡོད། ཤེས་བྱ་ཀུན་ཁྱབ་ནི་བོད་ཀྱི་ཞབས་བྲོའི་གཞུང་ལུགས་གལ་ཆེ་ཞིག་ཡིན་ལ། རང་རྒྱལ་གྱི་མི་རིགས་ཀྱི་རིག་གནས་ཤུལ་བཞག་ཁྲོད་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གཞུང་གི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་།བེད་སྤྱོད་ཀྱི་རིན་ཐང་ལྡན་པའི་རིག་པའི་གཞུང་ལུགས་ཀྱི་བརྩམས་ཆོས་རྩ་ཆེན་ཞིག་ཡིན་ཞེས་བཤད་ཆོག འདིས་བོད་ཀྱི་དམངས་ཁྲོད་གླུ་གར་གྱི་མཛེས་ཚོར་རྣམས་གཞུང་ལུགས་ཀྱི་ཐོག་ནས་ཆུ་ཚད་གསར་བ་ཞིག་ཏུ་བཏེགས་ཡོད། 

༡༩༥༡ལོར་བོད་ལ་ཞི་བས་བཅིངས་འགྲོལ་ཐོབ་རྗེས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ལ་རྒྱལ་ཡོངས་མི་དམངས་ཀྱི་མཐོང་ཆེན་དང་གོང་བཀུར་བྱས་པས་མི་རིགས་ཀྱི་གླུ་གར་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་བྱུང་ཞིང་། གཞི་རྒྱ་ཆེ་བའི་གླུ་གར་རྣམས་གནས་བབ་གསར་བ་ཞིག་ཏུ་གོམས་སྟབས་སྤོས་འགོ་ཚུགས་པ་དང་། ཚད་མཐོ་ཞིང་ཕུལ་དུ་བྱུང་བའི་གླུ་གར་གྱི་འཁྲབ་ཚན་མང་དག་ཅིག་ཐོན་ཞིང་རྒྱལ་ཡོངས་ཀྱི་སྒྱུ་རྩལ་གར་སྟེགས་ཐོག་འཁྲབ་སྟོན་བྱས་པས་རྒྱ་ཆེའི་སྒྱུ་རྩལ་ལས་དོན་པ་དང་མང་ཚོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། འཛམ་གླིང་གི་སྒྱུ་རྩལ་གར་སྟེགས་ཐོག་ཏུ་ཡང་འཁྲབ་སྟོན་བྱས་པས་རིན་བྲལ་གྱི་གཟེངས་བསྟོད་དང་། རྒྱལ་སྤྱིའི་ཐོག་རླབས་ཆེན་མེས་རྒྱལ་གྱི་སྙན་གྲགས་ཇེ་མཐོ་ནས་ཇེ་མཐོར་སོང་ཡོད། 

༡༩༥༨ལོར་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དངོས་སུ་བཙུགས་པ་དང་། དེ་རྗེས་ལྷ་ས་སོགས་ས་གནས་དྲུག་དང་གྲོང་ཁྱེར་གཅིག་ལ་སྔ་རྗེས་སུ་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་བཙུགས། ༡༩༨༠ལོར་བོད་རང་སྐྱོང་ལྗོངས་སྒྱུ་རྩལ་སློབ་གྲྭ་བཙུགས་པ་དང་༡༩༨༦ལོར་བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་བཙུགས། ལས་ཁུངས་འདི་དག་དབུ་འཛུགས་གནང་ནས་བོད་ཀྱི་གླུ་གར་གསར་རྩོམ་གྱི་ལག་ལེན་དང་མི་སྣ་གསོ་སྐྱོང་། རིག་གཞུང་ཞིབ་འཇུག་བཅས་ལ་ནུས་ལྡན་གྱི་འགན་སྲུང་ཐུབ་པས་བོད་ཀྱི་གླུ་གར་ལ་འོད་སྟོང་ལྡན་པའི་མ་འོངས་པ་ཡོད་ངེས་པའི་མངོན་རྟགས་བསྟན།། 

         (《བོད་ཀྱི་དམངས་ཁྲོད་ཞབས་བྲོ་ངོ་སྤྲོད་མདོར་བསྡུས》ལས་བཏུས།)

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།