མིའི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་ཅུང་ཙམ་གླེང་བ།

མི་རིགས་ཀྱི་ལོ་རྒྱུས་ནི་ཡུལ་དངོས་རྟོག་དཔྱོད་རྒྱབ་རྟེན་དུ་བྱེད་པ་དང་། དེར་ཞུགས་པའི་རྣམ་པའི་ཐོག་ནས་ལྟ་ཞིབ་དང་བཅར་འདྲི་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཀྱི་དོན་དངོས་ཤེས་རྟོགས་ཐུབ་པའི་ཡུལ་དངོས་ཀྱི་བརྟག་དཔྱད་བྱེད་ཐབས་ཤིག་རེད། མིའི་རིགས་རིག་པ་བས་རྒྱུན་ཆད་མེད་པར་ལག་ལེན་བྱས་པ་བརྒྱུད་དེ་རང་ཉིད་འཕེལ་རྒྱས་བྱུང་ནས་སྤྱི་ཚོགས་ཚན་རིག་གི་ངོ་བོ་རང་བཞིན་གྱི་ཞིབ་འཇུག་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

མི་རིགས་ལོ་རྒྱུས་ནི་རིག་གནས་མིའི་རིགས་རིག་པ་དང་ལྷག་པར་ཏུ་དེང་དུས་རིག་གནས་མིའི་རིག་རིགས་པ་གཞི་རྐང་ཚུགས་བྱེད་ཀྱི་རྩ་བ་ཡིན་ཞིང་།  དེའི་འཕེལ་རྒྱས་ནི་རིག་གནས་མིའི་རིགས་རིག་པའི་འཕེལ་རྒྱས་དང་ཤིན་ཏུ་འབྲེལ་ཆེ་བས། མིའི་རིགས་རིག་པའི་ཆེད་མཁས་བ་ཧྭ་ཏིན哈登་ལགས་ཀྱི་《མིའི་རིགས་རིག་པའི་ལོ་རྒྱུས》《人类学史》ནའང་མིའི་རིགས་རིག་པའི་འཕེལ་རྒྱས་ཀྱི་ལམ་བུ་ལ་གོ་རིམ་ཆེན་པོ་གསུམ་དུ་དབྱེ་ཡོད་པ་དང་ཆབས་ཅིག་མི་རིགས་ལོ་རྒྱུས་ལའང་འཕེལ་རིམ་གསུམ་དུ་ཕྱེ་ཡོད།   དབྱིན་ཇིའི་གནའ་རབས་མིའི་རིགས་རིག་པའི་རྒྱུ་ཆ་འཚོལ་བསྡུ་དང་ཞིབ་འཇུག་གི་ལས་ཀ་ནི་ཆོས་སྤེལ་མཁན་དང་མི་སེར་སྤེལ་མཁན། མྱུལ་ཞིབ་མཁན། ལྗོངས་རྒྱུ་བ་དང་ཚོང་གཉེར་མཁན་སོགས་ཆེད་ལས་མ་ཡིན་པ་རྣམས་ཀྱིས་ལྗོངས་ཕྱིའི་ཡུལ་སྲོལ་མཚར་པོ་དང་ཤུལ་བཞག་དངོས་རིག་ཀུན་གྱི་ཞུ་ཡིག་འབྲི་བ་དང་ཟིན་བྲིས་བཀོད་པ། མི་ཚུལ་རིག་པའི་གཞུང་ལུགས་ཤེས་བྱ་མངའ་བའི་ཆེད་མཁས་བ་དག་གིས་ཀྱང་རྒྱུ་ཆ་འདི་དག་བེད་སྤྱད་ནས་གཞུང་ལུགས་སྙིང་བསྡུས་བྱེད་པ་ཡིན།     མིའི་རིགས་རིག་པ་བ་ཐེ་ལིག་泰勒དང་ཧྥི་ལེའེ་ཙིག་弗雷泽གཙོས་བའི་མིའི་རིགས་རིག་པ་བ་མང་ཆེ་བས་སྔར་ཡོད་ཡིག་ཆ་དང་ཡུལ་དངོས་རྟོག་དཔྱོད་མེད་པའི་རྒྱུ་ཆ་དག་བཀོལ་སྤྱོད་བྱས་ཡོད་ལ། རྒྱུ་ཆ་འཚོལ་བསྡུའི་གཙོ་གནས་དང་གཞུང་ལུགས་ཞིབ་འཇུག་གི་གཙོ་གནས་གཉིས་ཁ་བྲལ་དུ་སོང་ཡོད་པའམ་ལས་ཞོར་གྱི་རྒྱུ་ཆ་འཚོལ་ཞིབ་མཁན་དང་ཆེད་ལས་ཀྱི་གཞུང་ལུགས་པ་གཉིས་སོ་སོར་ལས་བགོས་བྱས་པའི་གནས་བབ་ཆགས་ཡོད།  སྔོན་མའི་མིའི་རིགས་རིག་པ་བ་རྣམས་ཀྱིས་རང་ཉིད་ལ་ཕན་པའི་ངག་རྒྱུན་དང་རིག་གནས་གཙོ་རྒྱུ་དག་སྤྱི་ཚོགས་རྒྱབ་ལྗོངས་ནས་ཁ་གྱེས་ཏེ་དཔེ་གཞིར་བཟུང་ཡོད་པས་འདི་ལ་རྐུབ་སྟེགས་སྟེང་གི་མིའི་རིགས་རིག་པ་བ་ཞེས་སུ་གྲགས།    གནའ་རབས་འཕེལ་འགྱུར་སྨྲ་བའི་མཁས་ཅན་མོ་ཨེར་ཀེན་摩尔根ལགས་མེ་གླིང་དུ་གཞིས་སྡོད་མི་རིགས་དབྱི་ལུའོ་ཁུའེ易洛魁民族ལ་དངོས་སུ་རྟོག་ཞིབ་ཏུ་ཕྱིན་པ་དང་《དབྱི་ལུའོ་ཁུའེ་མཉམ་འབྲེལ》《易洛魁联盟》བརྩམས་གྲུབ་མཛད་ནས་གསར་གཏོད་རང་བཞིན་གྱི་ཕྱག་རྗེས་བསྐྲུན་ཡོད་དེ།  དེ་ལས་རང་ཉིད་ཀྱིས་དབྱི་ལུའོ་ཁུའེ་རུས་རྒྱུད་ཚོ་བ་དང་ཚོ་བ། ཚོ་བ་མཉམ་འབྲེལ་སོགས་ཀྱི་གྲུབ་ཚུལ་དང་དཔལ་འབྱོར། སྤྱི་ཚོགས་འཚོ་བ་བཅས་ལ་རྟོག་གཞིགས་བྱས་པའི་གནས་ཚུལ་ཕྲ་ཞིང་ཞིབ་པ་བཀོད་འདུག་པ་སོགས་འཕེལ་རིམ་གསུམ་དུ་ཕྱེ་ཡོད།  ཚན་རིག་དང་མཐུན་པའི་མི་རིགས་ཀྱི་ལོ་རྒྱུས་གྲུབ་པ་ནི་1914ལོ་ནས་1920ལོའི་བར་ཀི་ནེ་ཡ་གསར་པའི新几内亚་ཐེ་ལུའོ་པུའུ་ལི་ཨེན་གླིང་ཚོམ་特罗布里恩群岛གྱི་སྡོད་དམངས་ལ་ཡུལ་དངོས་རྟོག་དཔྱོད་བྱས་པ་ལས་བྱུང་བ་ཡིན། 1914ལོའི་ཟླ་7པར། མཱ་ལེན་ནོ་ཧྥུ་སི་ཅུ马林诺夫斯基ནི་པུའུ་ལེ་ཏེན་不列颠ཚན་རིག་སྐུལ་འདེད་ཚོགས་པའི་མིའི་རིགས་རིག་པའི་ཡན་ལག་ཚོགས་པའི་དྲུང་ཡིག་ཡིན་པའི་ངོས་ནས་ཨོ་སི་ཁྲུ་ལི་ཡར་澳大利亚འཚོགས་པའི་ལོ་ཚོགས་སྐབས་84པར་ཞུགས་རྗེས་སུ་ཁོང་ཐེངས་གསུམ་ལ་ཞིན་ཅི་ནེ་ཡ་རུ་新几内亚སླེབས་པ་དང་། གླིང་ཚོམ་དེར་ལོ་གཉིས་ཙམ་རིང་ས་གནས་དེ་གའི་གྲོང་མིའི་སྤྱི་ཚོགས་ཀྱི་འཚོ་བ་དང་རིག་གནས་ཀྱི་སྣང་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ས་གནས་དེ་གའི་སྐད་ཡིག་རྦད་དེ་ཁོང་དུ་ཆུད་པ་དང་། དུས་ཚོད་ཕལ་ཆེ་བ་གྲོང་ཚོའི་ནང་སྡོད་ཀྱི་ཡོད། 1922ལོར་ཁོང་གིས་རང་ཉིད་ཀྱི་ལྟ་ཞིབ་དང་ཡུལ་སྐྱེས་གསལ་བཤད་བྱས་པའི་ཐོག་མའི་དཔྱད་གཞི་གཞིར་བཟུང་ནས་སྐད་གྲགས་ཆེ་བའི་《ཞི་བདེ་རྒྱ་མཚོ་ཆེན་པོའི་མཚོ་སྐྱོད་པ་》《西太平洋的航海者》ཞེས་པ་བརྩམས་གནང་མཛད་པ་དང་མི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་མ་དཔེ་ཞིག་ཏུ་གྱུར་ཡོད།

ཕྱིས་སུ་ཡུལ་དངོས་རྟོག་དཔྱོད་ཀྱི་བྱ་བ་གཏིང་ཇེ་ཟབ་ཏུ་སྤེལ་བ་དང་བསྟུན་ནས་མིའི་རིགས་རིག་པའང་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་ལ། འབྲེལ་ཡོད་ཀྱི་རྟོག་དཔྱོད་སྙན་ཞུའི་དཔེ་དེབ་ཀྱང་མང་དུ་བྱུང་ཞིང་ཚན་རིག་ཆུ་ཚད་ཀྱང་སྔར་ལས་ལྷག་པའི་སྒོ་ནས་ཇེ་མཐོར་ཕྱིན།  ཡང་མཱ་ལིན་ནུའི་ཧྥི་སི་ཅི་དང་ལ་ཏེ་ཁོ་ལི་ཧྥི་པུའུ་ལང་拉德克利夫布朗གཉིས་ཀྱིས་མཚོན་པའི་དབྱིན་ཇིའི་བྱེད་ནུས་རིང་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གྱིས་མིའི་རིགས་རིག་པའི་ཡུལ་དངོས་རྟོག་དཔྱོད་བྱ་བར་ཤུགས་རྐྱེན་ཟབ་མོར་ཐེབས་ཤིང་། མི་རིགས་ལོ་རྒྱུས་ལའང་ཤུགས་རྐྱེན་མི་དམན་པ་བཞག་ཡོད།   ལྷག་པར་དུ་མཱ་ལིན་ནུའོ་ཧྥི་སི་ཅིའི་马林诺夫斯基མི་རིགས་ལོ་རྒྱུས་民族志ཀྱི་ཐབས་ལམ་ནི་སྤྱིར་བཏང་གི་རྟོག་ཞིབ་དང་མི་འདྲ་བར་བྱེད་ནུས་རིང་ལུགས་མིའི་རིགས་རིག་པའི་ཡུལ་དངོས་བྱ་བ་དང་གཞུང་ལུགས། མི་རིགས་ལོ་རྒྱུས་གསུམ་ཀྱི་སྤྱི་འདུས་ཤིག་ཡིན་པ་དང་ཚད་ལྡན་གྱི་མ་ལག་ཆ་ཚང་ཞིག་ཀྱང་ཡོད་དེ། དང་པོ། ཆེད་དམིགས་ཀྱི་སྡེ་ཁུལ་བདམས་པ། གཉིས་པ། ལོ་ངོ་གཅིག་རིང་གི་ཡུལ་དངོས་རྟོག་ཞིབ་བྱེད་པ། གསུམ་པ། ས་གནས་དེ་གའི་སྐད་བརྡ་བེད་སྤྱོད་ཐུབ་པ  བཞི་བ། རང་ཡུལ་གྱི་ལྟ་བས་ཉམས་ཞིབ་བྱས་ནས་རིག་གནས་ཀྱི་དངོས་ཡོད་རྣམ་པར་ཤེས་རྟོག་ཐུབ་པ། དེ་ཡང་ཚོགས་པ་ཞིག་དང་དེའི་རིག་གནས་ལ་ཞིབ་འཇུག་བྱ་ཆེད་མིའི་རིགས་རིག་པ་བ་ཚོ་ལོ་གཅིག་གམ་ལོ་གཅིག་ཡན་གྱི་དུས་ཚོད་རིང་ལ་ས་གནས་དེའི་མི་རིགས་འཚོ་བའི་ཁྲོད་དངོས་སུ་ཞུགས་ཤིང་། ཁོ་ཚོའི་སྐད་ཆ་སྦྱངས་ཤིང་བེད་སྤྱད་དེ་ཁོ་ཚོ་དང་འབྲེལ་འདྲིས་བྱ་བ། ཐབས་སྣ་ཚོགས་ཀྱི་སྒོ་ནས་རང་ཉིད་ས་གནས་དེའི་རྒྱུན་ལྡན་འཚོ་བའི་ཁྲོད་ཐིམ་ཞིང་འདྲེས་པར་བྱས་ཏེ། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བ། ཡུལ་སྲོལ་བཅས་ཕྱོགས་ཡོངས་ལ་ངོས་འཛིན་དང་ཞིབ་འཇུག་མཛད་པ་བརྒྱུད། སྤྱི་ཚོགས་དེའི་ཚོགས་མི་རྣམས་ཀྱི་བྱ་སྤྱོད་དང་རིག་གནས་སྤྱི་ཡོངས་ལ་ཤེས་རྟོག་བྱ་བ་དེ་ཡིན།  དེ་བས་མཱ་ལེན་ནའོ་ཧྥི་སུ་ཅིས་马林诺夫斯基ལུགས་མཐུན་གྱི་སྒྲིག་སྲོལ་གཞིར་བཟུང་ནས་ཡིག་ཚགས་པ་དང་ཞིབ་འཇུག་པའི་མིང་ཐོབ་གཅིག་སྒྲིལ་བྱས་ཏེ་མི་རིགས་ལོ་རྒྱུས་ལ་མིག་མཐོང་ལག་ཟིན་རང་བཞིན་དང་ནང་གནས་རང་བཞིན་གྱི་ཁྱད་ཆོས་ལྡན་པར་བྱས།     དེ་བཞིན་དུ་མི་རིགས་ལོ་རྒྱུས་ནི་ཐོག་མའི་དམིགས་བསལ་ཀྱི་ཡིག་དེབ་རྣམ་པ་ནས་མཱ་ལེན་ནའོ་ཧྥི་སུ་ཅིའི马林诺夫斯基ཞིབ་འཇུག་ཐབས་ལམ་དང་ཐབས་ལམ་འདི་བཀོལ་སྤྱོད་བྱས་བའི་ཡིག་དེབ་ཏུ་བསྒྱུར་ནས་མིའི་རིགས་རིག་པར་མཆོངས་བསྐྱོད་ཆེན་མོའི་ནུས་བ་ཐོན་སོང་།

མི་རིགས་ལོ་རྒྱུས་བྱེད་ཐབས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཡུལ་དངོས་རྟོག་དཔྱོད་ཁྲོད་ཞུགས་ནས་ལྟ་ཞིབ་དང་བཅར་འདྲི་གཏིང་ཟབ་བྱས་པ་བརྒྱུད་དོན་དངོས་ཐོབ་པ་བྱ་རྒྱུ་དེ་རེད། ཞུགས་པའི་ལྟ་ཞིབ་ནི་ཞིབ་འཇུག་པས་ཞིབ་འཇུག་བྱ་ཡུལ་གྱི་མི་ཚོགས་ཁྲོད་འཚོ་བ་རོལ་བཞིན་པ་དང་། ཁོ་ཚོའི་ཉིན་རྒྱུན་གྱི་སྤྱི་ཚོགས་བྱ་འགུལ་ལ་ཞུགས་ནས་ད་ལྟ་འབྱུང་བཞིན་པའི་བྱ་བར་ལྟ་ཞིབ་བྱེད་པ་དེ་ཡིན་། མཱ་ལེན་ནོ་ཧྥུ་སུ་ཅི་ཡིས་ “གལ་འགངས་ཤིན་ཏུ་ཆེ་བའི་སྣང་ཚུལ་རབ་དང་རིམ་པར་དྲི་བ་འདོན་པའམ་ཡང་ན་ཚད་ལྡན་ཡིག་ཆར་རིགས་འདེད་ཀྱི་བྱ་ཐབས་སྤྱད་དེ་ཟིན་ཐོ་འགོད་ཐབས་བྲལ་བའི་ཆ་ཚང་བའི་དོན་དངོས་ཁྲོད་ནས་ལྟ་ཞིབ་དང་།  དེར་བརྟེན་ཡུལ་དངོས་རྟོག་དཔྱོད་བྱེད་སྐབས་ཞིབ་འཇུག་བྱ་ཡུལ་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། ཁོ་ཚོའི་འཚོ་བ་དངོས་དང་དཔེ་མཚོན་བྱ་སྤྱོད་ཁྲོད་ཀྱི་ཚད་འཇལ་བྱེད་ཐབས་བྲལ་བའི་ཕྱོགས་ལ་ལྟ་ཞིབ་དང་ཟིན་ཐོ་འགོད་པ།  ཞིབ་འཇུག་མི་སྣས་ཁོར་ཡུག་ལ་ལྟ་ཞིབ་བྱས་པའི་ཚད་ལྟར་ན། ལྟ་ཞིབ་དེ་གྲུབ་ཚུལ་ཅན་结构式དང་གྲུབ་ཚུལ་མིན་པ་非结构式གཉིས་སུ་དབྱེ་ཆོག གྲུབ་ཚུལ་ཅན་གྱི་ལྟ་ཞིབ་ནི་བྱ་སྤྱོད་ཁ་ཤས་བྱུང་བའི་ཐེངས་གྲངས་བརྩི་བའམ་ཡང་ན་དོན་དག་ཁ་ཤས་ངག་རྒྱུན་གྱི་ཐེངས་གྲངས་བརྩི་བ། སྒྲིག་གཞི་མིན་པའི་ལྟ་ཞིབ་ནི་ཞིབ་འཇུག་མི་སྣས་དེའི་ནང་དུ་དམིགས་བསལ་གྱི་བྱ་སྤྱོད་གང་རུང་ལ་རེ་སྒུག་མི་བྱེད་པར་ལས་དོན་སྐབས་ལྟ་ཞིབ་དང་ཟིན་ཐོར་བཀོད་པ་དེ་ཡིན།        

མི་རིགས་ལོ་རྒྱུས་བྱེད་ཐབས་ཀྱི་ཁྱད་ཆོས་གཞན་ཞིག་ནི་གཙོ་གནས་དབྱེ་ཞིབ་主位དང་མགྲོན་གནས་དབྱེ་ཞིབ་客位ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་དོན་དངོས་ནང་ཟབ་འཇུག་བྱས་ནས་སྣང་ཚུལ་གྱི་རྒྱབ་ཀྱི་དོན་སྙིང་འཚོལ་ཞིབ་བྱེད་པ་དེ་རེད།  གཙོ་གནས་དང་མགྲོན་གནས་ཞེས་པའི་ཐ་སྙད་འདི་གཉིས་ནི་དང་ཐོག་ཨ་རིའི་སྐད་བརྡ་རིག་པ་དང་མིའི་རིགས་རིག་པའི་མཁས་བ་ཁེན་ཉི་སི་ཕའེ་ཁོ肯尼斯派克ལགས་དང་ཕྱིས་ཀྱི་མིའི་རིགས་རིག་པ་བ་དག་གིས་མིའི་རིགས་རིག་པའི་ཁྱབ་ཁོངས་སུ་དྲངས་ནས་གསར་བཟོ་བྱས་པ་ཞིག་ཡིན། དེ་ལ་གཙོ་གནས་ཞིབ་འཇུག་ཅེས་པ་ནི། བརྟག་དཔྱད་བྱ་ཡུལ་གྱི་མི་དེས་རང་གི་བྱ་དངོས་ལ་འཛིན་པའི་ལྟ་སྟངས་དང་འགྲེལ་ལུགས། ཁོ་ཚོ་རང་ཉིད་ཀྱི་ལྟ་བ་སྤྱད་ནས་ཁོ་ཚོའི་རང་གི་རིག་གནས་ལ་འགྲེལ་བ་བྱེད་པ་ཡིན། དེའི་དམིགས་ཡུལ་ནི་ས་གནས་དེའི་མི་རྣམས་ཀྱི་ལྟ་བ་དང་འདུ་ཤེས། དད་མོས། ངོས་འཛིན་ལ་སོགས་ཤེས་རྟོགས་བྱེད་པ་དེ་ཡིན།  མགྲོན་གནས་ཞིབ་འཇུག་ཅེས་པ་ནི། རྟོག་ཞིབ་མཁན་སོགས་ཕྱི་འོང་གི་མི་རྣམས་ཀྱིས་བྱ་དངོས་དེར་འཛིན་པའི་ལྟ་སྟངས་དང་འགྲེལ་ལུགས་ཏེ། ཕྱི་འོང་གི་ཞིབ་འཇུག་པའི་ཟུར་ཚད་ནས་འགྲེང་སྟེ་ཁོ་ཚོའི་རིག་གནས་ལ་འགྲེལ་བ་བྱེད་པ་ཡིན། ཞིབ་འཇུག་ཐབས་ཇུས་འདི་གཉིས་ནི་ཕན་ཚུན་ལ་ཁ་སྐོང་བ་དང་རམ་འདེགས་ཀྱི་འབྲེལ་བར་གནས་པ་ལས་འབྲེལ་མེད་དོན་གཞན་དང་ཡང་ན་འགལ་ཟླར་གནས་པ་ཞིག་མིན། བྱེ་བྲག་གི་ཡུལ་དངོས་རྟོག་དཔྱོད་ཁྲོད་ཞིབ་འཇུག་ཐནས་ཇུས་འདི་གཉིས་ཟུང་འབྲེལ་སྒོས་བེད་སྤྱད་ན། ད་གཟོད་བརྟག་གཞི་གང་དེར་གཏིང་ཟབ་པའི་ཤེས་རྟོགས་བྱ་ནུས་ཤིང་། ཕྱི་ཡུལ་གྱི་རྣམ་པ་བརྟོལ་ནས་གཏིང་རིམ་པའི་གྲུབ་ཚུལ་དང་མཚོན་དིན་སོགས་ལ་དོན་དངོས་དང་མཐུན་པའི་ཆོས་ཉིད་རང་བཞིན་གྱི་སྡོམ་ཚིག་འགོད་ནུས།

མདོར་ན། གཙོ་གནས་དང་མགྲོན་གནས་ཀྱི་ཞིབ་འཇུག་ཐབས་ཇུས་འདི་གཉིས་ནི། མི་རིགས་སོ་སོའི་རིག་གནས་མ་ལག་མི་འདྲ་བ་ལས་གྲུབ་པའི་ཁྱད་པར་མཐའ་དག་ལ་ཕྱོགས་ཡོངས་ནས་འགྲེལ་བ་ཡང་དག་ཅིག་བྱེད་པའི་ཆེད་དུ་སྤྱོད་པའི་ཞིབ་འཇུག་ཐབས་ལམ་གཉིས་ཡིན་ལ། གནད་དོན་གང་ཞིག་ལ་དོན་དངོས་དང་མཐུན་པའི་བསྡོམས་ཚིག་འགོད་པ་ལ་ངེས་པར་དུ་གཙོ་གནས་དང་མགྲོན་གནས་ཕྱོགས་གཉིས་ནས་འཇུག་དགོས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།