མདོ་སྨད་ཀན་ལྷོ་རྨ་ཆུའི་གྱོད་བཤད་ལམ་ལུགས་ལ་རགས་ཙམ་དཔྱད་པ།

ནང་དོན་གནད་བསྡུས།

རྨ་ཆུ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཕྱོགས་དང་སི་ཁྲོན།ཀན་ལྷོ།མཚོ་སྔོན་གསུམ་གྱི་འདྲེས་མཚམས་ན་ཡོད་པའི་འབྲོག་སྡེ་ཆེན་པོ་ཞིག་ཡིན།དུས་ཚིགས་ཀྱི་སྤོ་འགྱུར་རམ་རྩྭ་ཆུའི་འཕེལ་འགྲུབ་དང་བསྟུན་ནས་འཚོ་སྡོད་བྱེད་ཅིང་འབྲོག་ལས་ཁོ་ན་གཉེར་བཞིན་ཡོད་ལ།ཁྱིམ་ཚང་རེ་རེ་ཐར་ཐོར་བྱས་ནས་ཡོད་པས་རང་བྱུང་དཔལ་འབྱོར་གྱི་ཁྱད་ཆོས་མངོན་པར་ཐོན་ཡོད།ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་ཆུ་སྣ་ཕུན་སུམ་ཚོགས་པས་འབྲོག་ལས་ཐོན་སྐྱེད་ལ་རྨང་གཞི་ལེགས་པོ་བཏིངས་ཡོད།དེ་ནི་ཉིན་མ་གྲོང་བརྡལ་དང་།དངུལ་ར་གོང་མ་ཞང་དང་ཞོལ་མ་ཞང་།།དབལ་ཝན་ཞང་།མུར་བྱེག་ཞང་།ཆུ་ཁ་མ་ཞང་།ཚེ་རུ་མ་ཞང་།སྨད་མ་ཞང་བཅས་ཞང་ཁག་བདུན་གྱིས་གྲུབ་ལ།མི་དམངས་མང་ཚོགས་ཀྱིས་འབྲོག་ལས་གཙོ་བྱས་སེམས་ཅན་ལ་བརྟེན་ནས་ཁ་གསོ་ཐབས་བྱེད་ཀྱིན་ཡོད་པས་རྩྭ་ས་ནི་འབྲོག་པས་ཕྱུགས་རིགས་བདག་སྐྱོང་བྱེད་པ་ལ་མེད་དུ་མི་རུང་བའི་འཚོ་བའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ལ་གྱུར་ཡོད། དཔྱད་རྩོམ་འདིར་མདོ་སྨད་རྨ་ཆུའི་གྱོད་བཤད་ལམ་ལུགས་ཀྱི་གྲུབ་ཚུལ་དང་བྱུང་འཕེལ་བརྗོད་པ་གཞིར་བྱས།རྩྭ་ས་རྩོད་གླེང་དང་གཉེན་འཐོར།བརྐུ་འཕྲོག་བཅོམ་གསུམ་དང་འབྲེལ་ཏེ་རྨས་ལ་རྨས་བཤགས།བསད་ལ་བསད་སྟོང་སྐོར་གྱི་གྱོད་དཔེ་དཔེ་མཚོན་ཅན་འགའ་བརྗོད་ནས་འབྲོག་ཁུལ་གྱོད་བཤད་ལམ་ལུགས་ལ་རྒྱུས་ལོན་རགས་ཙམ་བྱས་ཏེ་གྱོད་བཤད་ཀྱི་ལེགས་ཉེས་དང་རྒྱལ་ཁྲིམས་དབར་གྱི་འབྲེལ་བ་བརྗོད་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དང་སྤྱི་ཚོགས་ཕན་བདེ་འཛུགས་བསྐྲུན་ཡོང་བར་སྐུལ་འདེད་གཏོང་དགོས་ཚུལ་བརྗོད་ཡོད།

 ཐ་སྙད་གཙོ་བོ།

གྱོད་བཤད་ལམ་ལུགས།  དམངས་ཁྲོད་ཀྱི་ཁྲིམས། རྒྱལ་ཁབ་ཀྱི་ཁྲིམས།

དང་པོ། སྤྱི་བཤད་པ།

རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ལ།གྲངས་ཉུང་མི་རིགས་ས་ཁུལ་ནི་ལོ་རྒྱུས་རྒྱུ་རྐྱེན་དང་ས་ཁམས་ཆ་རྐྱེན་གྱིས་ཚད་དགག་ཐེབས་པས།སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ཐད་ཧ་ཅང་དོ་མི་མཉམ།བོད་མི་རིགས་ཡང་དེ་ལས་མ་འདས་བར་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་རིག་གནས་ཀྱི་རྫོང་སྟུག་པའི་གྲངས་ཉུང་མི་རིགས་ཀྱི་གྲས་ཤིག་ཡིན་ལ།ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ།ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས།ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སོགས་གྲུབ་ཡོད།ད་དུང་སྤྱི་ཚོགས་བདེ་འཇགས་དང་མི་དམངས་འཆམ་མཐུན་འབྱུང་སླད།བོད་རང་གི་ཁྱད་ཆོས་ལྡན་པའི་ཁྲིམས་ལུགས་མ་ལག་ཅིག་ཡོད།དེ་ནི་བོད་བཙན་པོའི་དུས་སྐབས་སུ་བྱུང་བའི་གོམས་གཤིས་ཀྱི་ཁྲིམས་ཡིན།བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བྱུང་བའི་ཁོད་སོ་དྲུག་དང་དགེ་བ་བཅུ།ཕག་གྲུ་བའི་སྐབས་ཀྱི་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ།དུས་རབས་བཅུ་བདུན་པར་ཏྰ་ལིའི་བླ་མ་སྐུ་ཕྲེང་ལྔ་བས་གཏན་འབེབས་བྱས་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་པ་བཅས་དེང་སྐབས་ཀྱང་མི་རྣམས་ཀྱི་སེམས་གཏིང་ལ་ཟུག་ཡོད་ལ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་བ་འདོན་དང་འདོན་མུས་སུ་ཡོད།དེ་བས་ད་ལྟ་རོང་འབྲོག་ས་ཁུལ་དུ་དར་ཁྱབ་ཆེ་བའི་དམངས་དོན་ཐག་གཅོད་བྱེད་པའི་ལམ་ལུགས་ཤིག་ནི་གྱོད་བཤད་ལམ་ལུགས་ཡིན། འབྲོག་ཁུལ་གྱི་གྱོད་བཤད་ལམ་ལུགས་ནི་བོད་སྤྱི་ཚོགས་ཀྱི་གྲུ་ག་རེ་རེར་སིམ་འཛུལ་བྱས་ཡོད་ལ།འབྲོག་ཁུལ་གྱི་འཚོ་བའི་བདེ་འཇགས་དང་འཆམ་མཐུན་ལ་ནུས་པ་འདོན་དང་འདོན་མུས་སུ་ཡོད།ཡིན་ནའང་དེ་ལ་རང་སྟེང་ན་མི་འདང་ས་དང་སྐྱོན་གྱི་ཆ་ཡང་ཡོད།དུས་རབས་བདུན་པའི་སྔ་གཞུག་ནི་མཚོ་བོད་མཐོ་སྒང་ཏུ་ས་གནས་བཅད་བཟུང་དང་ཚོ་བ་སོ་སོའི་བར་དམག་འཁྲུག་རྒྱུན་མི་ཆད་པའི་དུས་སྐབས་ཡིན་ལ། ཡར་ཀླུང་ཚོ་བའི་སྲོང་བཙན་སྒམ་པོས་མདོ་དབུས་མཐོ་སྒང་གཅིག་གྱུར་བྱས་པ་ནས་བཟུང་དམག་དོན་དང་སྲིད་འཛིན།གོ་གནས་བསྐོ་བཞག་སོགས་ཕྱོགས་གང་ཐད་ནས་ཁྲིམས་ལུགས་གཏན་འབེབས་བྱས་པས།རྒྱལ་ཁབ་ཀྱི་རྣམ་པ་ཐོག་མར་བྱུང་།དེ་ནས་བཙན་པོ་རྒྱལ་རབས་མཇུག་སྒྲིལ་ནས་དབུས་གཙང་ས་ཁུལ་དུ་ས་གནས་བཅད་བཟུང་གི་རྣམ་པ་མངོན་པ་དང་།ཀན་སུའུ། མཚོ་སྔོན། སི་ཁྲིན་བཅས་ཀྱིས་ཚོ་བའི་རྣམ་པ་བཟུང་།ས་སྐྱ་བའི་དུས་སྐབས་སུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བཙུགས་པ་ནས་བཟུང་།ཆོས་ལུགས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད།ཚོ་བའི་གོམས་གཤིས་ཁྲིམས་ནི་རིག་གནས་ཀྱི་ཁོར་ཡུག་འདི་འདྲ་ཞིག་ནས་མི་རྣམས་ཀྱི་སེམས་གཏིང་ལ་འཇགས་པ་ཡིན།ད་ལྟ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་ལ་སླེབས་ཡོད་ནའང་།ད་དུང་གཟུགས་ཅན་དང་གཟུགས་མེད་ཀྱི་རྣམ་པས་མི་རྣམས་ཀྱི་འགྲོ་འདུག་ཉལ་འཆག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།འབྲོག་ལས་ནི་འབྲོག་ཁུལ་གྱི་ཐོན་སྐྱེད་བྱེད་སྟངས་གཙོ་བོ་ཡིན་ལ་ཚོ་བའི་གོམས་གཤིས་ཁྲིམས་འབྱུང་བའི་སྤྱི་ཚོགས་རྨང་གཞི་ཡང་ཡིན།

གྱོད་བཤད་ལམ་ལུགས་ནི་མི་སྒེར་རམ་ཚོ་བ་སོགས་ཀྱི་དབར་འགལ་བ་བྱུང་དུས་ཐག་གཅོད་དང་འདུམ་འགྲིག་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན།དེ་ནི་གཙོ་བོ་“འགལ་བ་འབྱུང་སའི་ཕྱོགས་གཉིས་དབར་དོན་དག་གི་མཇུག་འབྲས་ཇེ་སྡུག་དང་གཞན་པའི་འབྲེལ་ཡོད་དོན་རྐྱེན་མི་འབྱུང་སླད། ཕན་ཚུན་གྱི་དོན་དག་ཡིད་རྟོན་རུང་བ་དང་ཉམས་མྱོང་ལྡན་པའི་གཟུ་བ་ལ་སྤྲད་དེ་གྱོད་བཤད་དུ་བཅུག་ནས་ཕྱོགས་གཉིས་ཀྱི་འགལ་བ་ཇེ་ཆུང་དང་མེད་པར་བཏང་སྟེ།སུའི་སྐྱོན་ནམ་སུས་སྔོན་ལ་དོན་དག་བཙལ་བ་ཡིན་ན།དེས་དངོས་ཟོག་གིས་འཇལ་རྒྱག་དགོས་པ་ཤིག་ལ་ཟེར།གཟུ་བ་ནི་གཙོ་བོ་ཟིལ་ཤུགས་ཆེ་བའི་ཚོ་བའི་མགོ་དཔོན།ཉམས་མྱོང་ཕུན་སུམ་ཚོགས་པའི་ལོ་ལོན་རྒན་པ།གོང་བཀུར་ཐོབ་པའི་བླ་མའམ་དགོན་པ།སྨྲ་ལྕེ་བདེ་བའི་གྲོགས་གཉེན་ཉེ་སོགས་ཀྱིས་བྱེད་པ་ཞིག་ཡིན།གྱོད་བྱུང་ན་ཐོག་མར་དགོན་པ།བླ་མ།རུ་སྡེ་རྩིས་ནས་ཉིན༡༥ནས༣༠རིང་ལ་ཆང་རྒྱག་དགོས།ས་ཆ་སོ་སོའི་ཆང་རྟེན་མི་འདྲ་ལ་རྨ་ཆུའི་ས་ཆ་ཁ་ཤས་སུ་ཆང་རྟེན་སྒོར་སྟོང་དང་དཔེ་ཆ་རེ་ཡིན།དེ་ནས་གྱོད་ཀྱི་མགོ་བཀུག་པ་སྟེ་གྱོད་བཤད་རྒྱུ་ཐག་བཅད་ནས་ཉི་མ་སྐར་མ་གཏན་ཁེལ་བྱེད་པ་ལ་ཟེར། དེ་ནས་སྡུག་རྟ་སྡུག་བོའུ་སྤྲོད་པ་དང་ལག་དམར་ངོ་གཏུག སྦྲ་ནག་མགོ་ཁུར་སོགས་བྱ་དགོས།གལ་ཏེ་མི་གཅིག་གིས་མི་ཞིག་བསད་པ་ཡིན་ན།གསོད་པ་པོས་གསོད་བྱེད་ཀྱི་ལག་ཆ་རལ་གྲི་སོ་དམར་ཞེས་པའི་རལ་གྲིའམ་སྡུག་བོའུ་ཞེས་པའི་མེ་མདའ་གང་ཡིན་པ་དེ་བསད་བྱའི་ནང་མིའི་ལག་ཏུ་འཇོག་དགོས་པ”[1]་དང་།དེ་ནས་བསད་མཁན་གྱི་གཉེན་ཚན་དང་མནའ་ཡའི་ཕྱོགས་ཀྱི་ཕ་རིགས་སྤྱི་ནས་སྙག་གི་རྟ་ཕོ་ཞེས་རྟ་སྐད་གྲགས་ཅན་ཞིག་དང་མོ་རིགས་སྤྱི་ནས་རྒྱན་ཆའི་གཅོ་བོ་ཞིག་བསད་བྱའི་ནང་མི་ལ་འབུལ་བའི་ཐོག་སྙག་གང་དགོས་པ་འབུལ་རྒྱུའི་ཁས་ལེན་དགོས་པ་རེད།དེ་ལྟར་སྙག་གི་སྐོར་ཕན་ཚུན་བློ་མཐུན་པའི་རྗེས་སུ་གདན་འདིང་ཞེས་བྱ་བའི་གཡག་ཆེན་གཅིག་དང་རྟ་ཕོ་གཅིག་བཅས་རང་ཉིད་ཀྱིས་བསད་བྱའི་ཕྱོགས་ཀྱི་གྱོད་པ་ལ་སྟེར་དགོས་པ་རེད།གྱོད་དངོས་སུ་བཤད་དུས་གཟུ་བ་ཚོས་ཉེས་པ་ཆེ་ཆུང་ལ་བསྟུན་གཟུ་གཏོང་སྲོལ་ཡོད་པ་རེད།ཡིན་ནའང་།ད་ལྟའི་སྤྱི་ཚོགས་ཁྲོད་གྱོད་བཤད་ལམ་ལུགས་ཀྱི་གོ་རིམ་མང་པོ་ཞིག་མེད་པའམ་ཉམས་རྒུད་དུ་འགྲོ་བཞིན་ཡོད།བོད་ཀྱི་གྱོད་བཤད་ལམ་ལུགས་ནི་ཚོང་ཟོག་བརྗེ་རེས་དང་ཁྱིམ་ཚང་འབྲེལ་བ་སོགས་ལ་སྤྱོད་པ་མ་ཟད།གཞན་ད་དུང་གང་འདོད་དུ་མི་གསོད་པ་དང་རྐུན་འཁྱེར་བྱེད་པ།འཕྲོག་བཅོམ་བྱེད་པ།རྩྭ་ས་རྩོད་གླེང་བྱེད་པ་སོགས་ཚང་མར་སྤྱོད་པས།བོད་སྤྱི་ཚོགས་ཀྱི་དམངས་དོན་དོན་རྐྱེན་སོ་སོར་སྤྱད་ཆོག།

གཉིས་པ།བྱེ་བྲག་ཏུ་བཤད་པ།

༡ རྩྭ་ས་རྩོད་གླེང་སྐོར།

“འབྲོག་པའི་རྩྭ་ས་ལ་སྡེ་བ་དང་སྡེ་བའི་བར་ས་མཚམས་དང་ཁྱིམ་ཚང་ཕན་ཚུན་བར་ཕྱུགས་རིགས་འཚོ་སྐྱོང་གི་ཚད་དགག་ཡོད།སྡེ་བ་སྤྱིའམ་མི་ཚང་སོ་སོ་ལ་དབང་བའི་རྩྭ་ས་ལས་གཞན་གྱི་རྩྭ་སའི་སྟེང་སེམས་ཅན་གཏོང་མི་ཆོག སྤྱིར་བཏང་གྲོང་ཚོ་གཅིག་གི་ཕྱུགས་ཟོག་རྣམས་རང་གི་ས་མཚམས་ལས་བརྒལ་ཏེ།ཚོ་བ་གཞན་ཞིག་གི་ས་ཐོག་ཏུ་ཕྱིན་ཏེ་རྩྭ་ཟོས་པ་ཡིན་ན།རྩྭ་སའི་བདག་པོ་ཡོང་ནས་སེམས་ཅན་རྣམས་འདེད་ལ།ཕྱུགས་བདག་རྣམས་ལ་རྗེས་སུ་དེ་བཞིན་དུ་བྱུང་ན་རྩྭ་རིན་ཆུ་རིན་སྤྲོད་དགོས་པའི་སྐད་ཆ་བཤད་ཆོག།དེ་འདྲ་ཐེངས་ཁ་ཤས་བྱས་པའི་རྗེས་སུའང་ཕྱུགས་བདག་གིས་དོ་སྣང་མ་བྱས་ན།རྩྭ་སའི་བདག་པོས་རང་ཉིད་ལ་ཐུབ་ཚོད་དང་མཚང་འབྲུ་བའི་བརྡ་བསྟན་པ་རེད་བསམ་ནས་ཕན་ཚུན་འཁྲུག་པ་ཤོར་ཏེ་དམེ་ཤི་གྲི་འགྱེལ་མང་པོ་ཡོང་གི་ཡོད།ཡང་ལ་ལར་ས་མཚམས་གསར་རྙིང་གི་དབྱེ་མཚམས་ལ་སྡེ་བ་གཉིས་ཀྱི་བར་ཁས་ལེན་མི་ལེན་གྱི་རྩོད་པ་དང་ས་མཚམས་ཀྱི་དབྱེ་བ་འགའ་ཞིག་གསལ་པོ་མེད་པ་བཅས་ཀྱིས་སྡེ་ཤོག་གཉིས་ཀྱི་བར་འཁྲུག་རྩོད་ཚབས་ཆེན་ཡོང་གི་ཡོད། སྡེ་པ་དང་སྡེ་པའི་བར་དང་མི་ཚང་དང་མི་ཚང་བར་ལ་འཁྲུག་པ་ཤོར་ནས་མི་ལ་ཤི་རྨས་ཡོང་གི་ཡོད་པ་རེད།ཁྱིམ་ཚང་གཅིག་གི་མི་ཞིག་བསད་སོང་བ་ཡིན་ན་གསོད་མཁན་དེ་ལ་ལག་དམར་ཟེར་ཞིང་།འདས་པོ་དེའི་ནང་གི་སྤུན་མཆེད་རྣམས་ཀྱིས་ལག་དམར་རམ་དེའི་ཕ་དང་སྤུན་མཆེད་གང་རུང་ཞིག་བསད་ཐུབ་པར་བྱ་རྒྱུ་དེ་ལ་ཤ་ལན་ལེན་ཟེར་བཞིན་ཡོད་པ་རེད། གནའ་དུས་ཀྱི་བོད་མི་རྣམས་ཀྱི་མི་ཤའི་ཁ་མཆུ་དེ་ཡག་པོ་ཞིག་འགྲིག་ཐབས་མ་བྱུང་ན།མི་རབས་ནས་མི་རབས་བར་ཕན་ཚུན་ཤ་ལན་སློག་རེས་བྱེད་པ་རེད།”[2]

“༡༩༥༨ལོར་བོད་བཅིངས་འགྲོལ་གཏོང་སྐབས་ངོ་རྒོལ་བྱེད་མཁན་གྱི་གཏེ་བོ་རྣམས་ལ་མགོ་གནོན་དང་རྨ་ཆུ་གཙོ་བྱས་པའི་ཀན་ལྷོའི་ས་ཆ་མང་པོ་ཞིག་ནས་དུས་འགྱུར་བྱུང་ཏེ།རྨ་ཆུའི་ཕྱོགས་གང་ཅིའི་ཐད་ནས་ཆེས་ཆེར་ཉམས་རྒུད་བྱུང་།མཚོ་སྔོན་ཨ་རིག་རི་སྡེའི་གླགས་དང་བསྟུན་ནས་དངུལ་རྭ་ལྷ་སྡེའི་ས་ཐོག་དུ་གཞིས་སྡོད་བྱས་ཏེ་ས་ཆ་མུའུ་ཁྲི་༣༠ལྷག་བདག་བཟུང་བྱས།བོད་ཞི་བའི་བཅིངས་འགྲོལ་བཏངས་རྗེས་དངུལ་རྭ་ལྷ་སྡེ་ཡང་ཅུང་དར་ནས་ཨ་རིག་གི་བྱ་ཐབས་ལ་མ་འཐད་པས་ཕན་ཚུན་བར་མི་བསད་རྟ་འདེད་ཀྱི་དམག་འཁྲུག་ཐེངས་མང་བསླངས།ལྷ་སྡེའི་མི་གཉིས་དང་ཨ་རིག་གི་མི་ལྔ་ལྷག་བསད་པས་བླ་བྲང་དུ་འཇམ་དབྱངས་བཞད་པ་དང་རིན་པོ་ཆེ་གཉིས་གཙོ་བྱས་བླ་བྲང་དགོན་པ་སོགས་གཟུ་བ་བྱས་ནས་གྱོད་དོན་བཤད།མཇུག་མཐར་དངུལ་རྭ་ལྷ་སྡེ་ལ་ས་མུའུ་ཁྲི་༡༨དང་ཨ་རིག་ལ་ས་མུའུ་ཁྲི༡༥བགོས་ནས་གྱོད་འགྲིག རྗེས་ནས་ད་དུང་ས་རྩོད་ཆུ་རྩོད་བྱས་ནས་གྱོད་ལོག་བྱས་པས། ལོ་དགུ་ནང་ལྷ་སྡེའི་མི་༡༥དང་ཨ་རིག་གི་མི་༡༨བསད་པས་ཕྱོགས་གཉིས་ཀྱི་མང་ཚོགས་དང་རྒྱུ་ནོར་ལ་གནོད་པ་ཚབས་ཆེན་ཐེབས། ༢༠༠༥ལོར་རྒྱལ་ཁབ་ཁྲིམས་ལ་གཏུག་ནས་ཨ་རིག་ལ་ས་མུའུ་ཁྲི་༣༠དང་ལྷ་སྡེ་ལ་ས་མུའུ་ཁྲི་་༣བགོས།《རྨ་ཆུ་རྫོང་དང་མཚོ་ལྷོ་རྫོང་གཉིས་ཀྱི་རྩོད་གླེང་ཆེ་བའི་ས་འཚམས་བགོ་བའི་ཡིག་ཆ》སོགས་གཏན་འབེབས་བྱས་ནས་འཁྲུག་རྩོད་ཞུ་བར་བཏང་། འོན་ཀྱང་ལྷ་སྡེ་ལ་མཚོན་ན་རྒྱུ་འབྲས་མིན་པས་ད་རུང་ཀྱང་རྩོད་གླེང་མང་པོ་འབྱུང་དང་འབྱུང་བཞིན་ཡོད།”[3]

༢  གཉེན་འདུམ་དང་ཁྱིམ་ཚང་གི་སྐོར།

ཁྱིམ་ཚང་ནི་ཕོ་མོ་རྒན་གཞོན་སུ་ལ་མཚོན་ན་ཡང་ཆེས་གལ་འགངས་ཆེ་བའི་འཚོ་གནས་ཀྱི་གྲུབ་ཆ་གནད་ཆེ་ཤོས་ཤིག་ཡིན་པས།དུས་རབས་ག་འདྲ་ཞིག་འགོར་ཀྱང་ང་ཚོས་དེ་ལ་དོ་སྣང་ཆེན་པོ་བྱ་དགོས། “འབྲོག་པའི་བྱི་སྟོང་དང་མོ་ཤའི་སྟོང་གཙོ་བྱས་ཁྱིམ་ཚང་འབྲེལ་བ་ལ་ཡང་རྒྱ་ཁྱབ་དུ་བཀོལ་ཆོག འབྲོག་པའི་བྱི་སྟོང་ནི་འབྲོག་ཡུལ་གྱི་བུ་མོ་ཞིག་གཉེན་སྒྲིག་མ་བྱས་པའི་གོང་ལ་བུ་ཕྲུག་ཅིག་སྐྱེས་པ་ཡིན་ན།ཕ་མ་དང་མིང་སྲིང་དག་གིས་ཕ་སུ་ཡིན་འདྲི་རྕད་བྱེད་ཅིང་།ཕྱོགས་ཕན་ཚུན་གྱི་ཕ་མ་གཉིས་ཀྱིས་གཉེན་འདུམ་བྱ་བར་བློ་མཐུན་ན་འཕྲལ་དུ་གཉེན་སྒྲིག་པ་དང་བློ་མ་མཐུན་ན་བྱི་ཕོ་དེས་བུ་མོ་དེའི་བྱིས་པ་ལ་ཕའི་ཚབ་ཏུ་བཞོན་རྟ་བཟང་ཤོས་ཤིག་སྟེར་དགོས། མོ་ཤའི་སྟོང་ནི་འཇིག་རྟེན་སྣང་བ་མཐུན་ནས་ཁྱིམ་ཚང་གཅིག་ལ་འཛོམས་རྗེས་ཕྱོགས་གཅིག་གིས་དགའ་རོགས་གཞན་པ་བཙལ་བ་སོགས་བྱས་ནས་ཁྱིམ་ཚང་འགྲིག་ཐབས་མ་བྱུང་ན་སུའི་སྐྱོན་ཡིན་ན་དེས་མོ་ཤའི་སྟོང་འཇལ་དགོས།”[4]

གྱོད་དཔེ་དང་པོ།

དངུལ་རྭ་སྡེ་བའི་བཟའ་ཚང་སངས་ xxདང་བདེ་xxགཉིས་གཉེན་སྒྲིག་ནས་ལོ་བཅུ་གཉིས་ལྷག་ལོན་ཡོད་ལ།ཁོ་གཉིས་ལ་བུ་མོ་གཉིས་དང་བུ་གཅིག་ཡོད།༢༠༡༧ལོའི་ཟླ་བདུན་པའི་ཚེས་༡༠ཉིན།བདེxx་ཁྱིམ་བཟའ་ཚང་དང་སྒོའི་རྒྱུ་ནོར་སོགས་ལ་འདང་མ་རྒྱབ་པར་དངུལ་རྭ་སྟོད་མའི་ཕོ་གསར་བཀྲ་xxརྗེས་དེད་ནས་བུད་སོང་བས།བྱིས་པ་གསུམ་དང་སངསxx་ཕ་བུ་བཞི་ཤུལ་དུ་ལུས།སྔར་བཟའ་འཛོམས་ཀྱི་གཞིས་ཁྱིམ་དྲོན་མོ་ཞིག་སྡུག་བསྔལ་དང་མིག་ཆུའི་ཀློང་ལ་དེད།ལོ་དེའི་ཟླ་བདུན་པའི་ཚེས་༢༠ཉིན་དངུལ་རྭ་དགོན་གྲོང་གིས་གཟུ་ཡིག་བཞག་པ་གཤམ་གསལ་ལྟར།

 གཟུ་ཡིག།

གཅིག    

བདེ་xxའི་བྱ་སྤྱོད་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ལ་འགལ་བས།གཞིས་འཁོར་བ་དང་།སྒོ་ཁའི་ཕྱུགས་ཟོག་སྒོར་མོ་བཅས་ཀྱི་ནང་ནས་སྐལ་གཅིག་ཀྱང་མེད།

གཉིས།     བུ་ཕ་སྐལ་དང་བུ་མོ་གཉིས་མ་སྐལ་ཡིན།བུ་ཆུང་གནས་སྐབས་གང་ནས་བསྡད་ནའང་ཆོག།

གསུམ།    ཞང་ཐོག་གི་ཁང་བ་བུ་མོ་གཉིས་ཀྱི་ཡིན།

བཞི།     སྦྲ་དང་མཆོད་ཁྲི་མདའ་དར་སྒ་སྲབ།རླངས་འཁོར།ད་དུང་གཞན་ལ་བསྐྱིས་ཡོད་པའི་སྒོར་ཁྲི་གཉིས་སོགས་སངསxxདང་བུ་ཆུང་གཉིས་ཀྱི་ཡིན།

ལྔ།     ཟོག་༡༦༤སངས་xxདང་བྱིས་པ་གསུམ་གྱིས་བགོ་དགོས།  

  ཞེས་དངུལ་རྭ་དགོན་གྲོང་ནས།

གྱོད་དཔེ་གཉིས་པ།

ཁྱོ་ཁོ་སྨད་མའི་བློ་xxདང་བདེ་xxཁྱོ་ཤུག་གཉིས་གཉེན་སྒྲིག་བྱས་ནས་ལོ་གཅིག་དང་ཕྱེད་ཀ་འགོར་ཡོད། ཁོ་གཉིས་སྟོན་མོ་བྱེད་དུས་བློxxཕྱོགས་ལ་ཟོག༨༨དང་ལུག་༢༤རྟ༣བཅས་ཡོད་པ་དང་།བདེxxཕྱོགས་ལ་ཟོག༦༢དང་ལུག༣༥རྟ༢ཡོད།སྡོམ་པས་ཟོག༡༥༠ལུག་༥༩རྟ༥བཅས་ཡོད།སྔར་ཕ་མ་གཉིས་དང་གཉེན་ཉེ་ཚང་མའི་བཀག་འགོག་དང་ཁ་བརྡ་ལ་མ་ཉན་པར་ལྷན་དུ་བསྡད།དུས་ཚོད་ཀྱི་འགྲོས་དང་བསྟུན་ཁོ་གཉིས་དབར་གྱི་འགལ་བའང་ཇེ་མང་ནས་ཇེ་མང་དུ་སོང་། བློxxཁྱིམ་བཟའ་ཚང་ལ་མི་འཁོར་བར་ཕོ་གསར་སྣང་བ་མཐོན་པོ་དག་དང་མཉམ་དུ་སོང་ནས་རྒྱལ་སྐུགས་ནོར་འཇོག་བྱས་པས།དངོས་ཟོག་མང་པོ་ཕྱི་ལ་ཤོར།དེར་མ་ཟད་རྒྱལ་ཤོར་སོང་ན་ཕྱིར་ཁྱིམ་ལ་ལོག་ནས་བཟའ་ཟླ་ལ་གཅར་རྡུངདྲག་པོ་བྱེད་པས༢༠༡༤ལོའི་ཟླ་ལྔ་བའི་ཚེས་༢ཉིན།བདེ་སྐྱིད་ཀྱིས་བཟོད་ཐབས་མེད་པར་འཐོར་རྒྱུ་སེམས་ཐག་བཅད་ནས་ཕྱིར་ཕ་ཁྱིམ་ལ་ལོག།དེ་དུས་བློxxཀྱིས་རྒྱལ་སྐུགས་པའི་རྐྱེན་གྱིས་ཟོག༦༢དང་རྟ༥ལས་ལྷག་མེད། ལོ་དེའི་ཟླ་༦པའི་ཚེས་༣ཉིན།སྨད་མའི་བྲག་ཐོ་རུ་ལག་གིས་གྱོད་དོན་འདུམ་བྱས་པར་གཟུ་ཡིག་བཞག་པ་གཤམ་གསལ་ལྟར།

གཟུ་ཡིག།

གཅིག  འཁོར་བ་ཡ་སྒྱེད་མ་སྒྱེད་བྱས་ནས་བགོ་བ།

གཉིས།    བདེ་xxཀྱི་འདོགས་ཆ་རང་གི་ཡིན།

གསུམ།     རྫོང་ཐོག་གི་ཁང་ཆུང་གཉིས་ཀ་བདེ་xxལ་དབང་།

བཞི།     བདེ་xxལ་སྒོ་ཟོག་༤༧དང་རྟ༢བགོས།བློ་xxལ་ཟོག༡༥དང་རྟ༣བྱས་ཏེ་ཞི་བའི་སྒོ་ནས་འཐོར།

གྱོད་དཔེ་གསུམ་པ།

ཆུ་ཁ་མའི་སྡེ་བའི་ཨ་ཁུ་བློ་xxཚང་གི་བུ་མོ་བཀྲ་xxདང་དོནxxཚང་གི་བུ་ཚེ་xxགཉིས་ཡུལ་ཕ་མ་སོགས་འཐད་ནས་༢༠༡༥ལོའི་ཟླ༣པའི་ཚེས་༤ཉིན།ཁོ་གཉིས་གཉེན་སྒྲིག་བྱེད་རྒྱུ་གཏན་ཁེལ་བྱས།འོན་ཀྱང་ལོ་དེའི་ཟླ་༣པའི་ཚེས་༡ཉིན།བློ་xxཚང་གི་བུ་མོ་བཀྲ་xxསྔར་གྱི་ཁས་ལེན་དམ་བཅའ་མ་རྩིས་པར་དཔྱི་ཁོག་གི་ཕོ་གསར་རྡོར་xxའི་རྗེས་དེད་ནས་བུད་སོང་བས།ལོ་དེའི་ཟླ་༣པའི་ཚེས་༡༦ཉིན།ཁྱིམ་ཚང་ཕྱོགས་གཉིས་ཀ་གཙོ་བྱས་པའི་ཆུ་ཁ་མ་དང་དཔྱི་ཁོག་གི་གཟུ་བ་འགས་གྱོད་འདི་འདུམ་པར་གཤམ་གྱི་གཟུ་ཡིག་འདི་བཞག།

 གཟུ་ཡིག།

 གཅིག  ཨ་ཁུ་བློ་xxཚང་གིས་དོན་xxཚང་ལ་མོ་ཤ་སྒོར་ཁྲི་གཅིག་སྟེར་དགོས།

གཉིས།དཔྱི་ཁོག་རྡོརxxདོན་xxཚང་གི་ཁྱིམ་ལ་འགྲོ་དགོས་པ་མ་ཟད།སྒོར་སྟོང་ལྔ་སྟེར་དགོས།

གསུམ།སྟོན་མོའི་ཅ་ལག་ཚང་མ་ཁྱིམ་ཚང་ཕྱོགས་གཉིས་ཀྱི་ཡིན།

གྱོད་དཔེ་བཞི་བ།

དབལ་བན་ཚང་གི་ཨ་ཁུ་བཀྲ་xxཚང་ནི་ལོ་རྒྱུས་ཡུན་རིང་ཡོད་པའི་ཁྱིམ་ཚང་རྙིང་བ་ཞིག་ཡིན།ཁོ་ཚང་ལ་བྱ་བ་གང་ལ་ཡང་མི་བརྩོན་པའི་བུ་མགོ་སྟོང་གཉིས་ཡོད།གཅིག་ནི་ཁ་པར་རོལ་རྩེད་ལ་ཆགས་ནས་དུས་ཚོད་འཕྲོ་བརླག་བྱེད་མཁན་ཞིག་དང་།ཅིག་ཤོས་ནི་ཀླད་པར་སྐྱོན་ཡོད་མཁན་ཞིག་ཡིན་པ་མ་ཟད།ཁོ་ཚོའི་ཨ་མ་ཡང་བཤད་རྒྱུར་དགའ་བ་དང་སྐྱོན་བཙལ་མཁན་ཞིག་ཡིན་པས།དེ་ཚང་ལ་མནའ་མར་ཡོང་མཁན་མེད།ཨ་ཁུ་བཀྲ་ཁོས་རང་གི་ནུས་བ་ལ་བརྟེན་ནས་ཧུ་ར་སྡེ་བའི་ཨ་ཁུ་བཀྲ་xxཚང་གི་ཕྱག་xxཁོ་ཚང་གི་བུ་ཆེ་བར་མནའ་མ་ལ་བསླངས།ཨ་ཁུ་བཀྲ་ཤིས་xxཀྱིས་ཨ་ཁུ་བཀྲ་ཁོའི་ངོ་མ་ཆོད་པར་རང་གི་གཅེས་པའི་བུ་མོ་༢༠༡༧ལོའི་ཟླ༦པའི་ཚེས༧ཉིན་ཁོ་ཚང་ལ་མནའ་མར་བྱིན།ལོ་གཅིག་གི་རྗེས་ནས་ཁོ་གཉིས་ལ་བུ་ཆུང་སྙིང་རྗེ་ཞིག་སྐྱེས།ཕྱག་xxམནའ་མར་སོང་རྗེས་ཧུར་ཐག་འབད་ཐག་གིས་ཁྱིམ་ཚང་གི་བྱ་བ་ཐམས་ཅད་བསྒྲུབ་ཀྱང་སྒྱུག་མོ་ནི་ནོར་འཁྲུལ་ཕྲན་ཙམ་འང་ལག་པས་རེག་མཁན་དང་མིག་གིས་འཚོ་མཁན་ཞིག་ཡིན་པས།མོརང་མནའ་མར་སོང་བའི་ལོ་ངོ་གཉིས་ཀྱི་རིང་ལ།རང་གི་བཟའ་ཟླའི་རྒྱུས་ལོན་དང་སེམས་ཁུར་མེད་ལ།སྒྱུག་མོའི་ཁ་མཆུ་རྩོད་གླེང་བཅས་མ་བཟོད་པར།༢༠༡༩ལོའི་ཟླ༥ཚེས༢༢ཉིན་ཕྱིར་ཕ་ཁྱིམ་ལ་ལོག།༢༠༡༩ལོའི་ཟླ༧པའི་ཚེས༣ཉིན་གྱོད་བཤད་པའི་གྲོས་དོན་གཤམ་གསལ་ལྟར།

ཕྱག་xxམག་པའི་ཁས་ལེན་དང་སྒྱུག་མོའི་དགོངས་དག་ཞུས་ལ།མོས་ཀྱང་རང་གི་ཤ་ལས་ཆད་པའི་བུ་ཆུང་དྭ་ཕྲུག་ལ་མི་འགྱུར་སླད་ཕྱིར་ལོག་རྒྱུ་ཐག་བཅད།

༣  རྐུ་འཕྲོག་བཅོམ་གསུམ་སྐོར།

སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ཅི་འདྲ་བཟང་ཡང་མི་ལ་ལ་ད་དུང་རང་གི་ངལ་རྩོལ་ལ་བརྟེན་ནས་འཚོ་བར་གོམས་མེད་པས་གཞན་གྱི་ངལ་རྩོལ་གྱི་འབྲས་བུ་བརྐུ་བ་དང་ཉམ་ཆུང་གི་ལག་ནས་རྒྱུ་ནོར་བཙན་གྱིས་འཕྲོག་པ་སོགས་དོན་རྐྱེན་བྱུང་ན་གྱོད་བཤད་བཞིན་ཡོད།

ཨ་ཁུ་སྐྱབས་xxཚང་གི་རྟ་གསུམ་རྐུན་མ་ཚེ་རིང་གིས་དེད་སོང་བ་ཤེས་པའི་གཟུ་ཡིག་གཤམ་གསལ་ལྟར།

 གཟུ་ཡིག

༡ རྟ་གསུམ་པོ་ཕྱིར་སྤྲོད་པ།

༢ ཨ་ཁུ་སྐྱབས་xxལ་བཤགས་པ་སྒོར༥༠༠༠སྤྲོད་རྒྱུ་བྱས།

གསུམ་པ། གྱོད་བཤད་ལམ་ལུགས་ཀྱི་ཁྱད་ཆོས།

༡ ཆོས་སྲིད་རང་བཞིན།

ཆོས་ལུགས་དང་ཁྲིམས་ལ་གཞི་མཐུན་གྱི་ཆ་ཡང་ཡོད་ལ།འཛམ་གླིང་རིག་གནས་ལ་ཕྱིར་བལྟས་བྱས་ན་ཁྲིམས་ལུགས་མ་ལག་འཛུགས་བསྐྲུན་གྱི་ཐོག་མའི་དུས་རིམ་ནང་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད།དེ་བས་བོད་སྤྱི་ཚོགས་ཀྱི་རིག་གནས་དང་འཚོ་བའི་ཁྱབ་ཁོངས་སོ་སོར་ཆོས་ལུགས་ཀྱི་ཁ་དོག་མངོན་པར་བརྒྱན་ཡོད།ཆོས་ལུགས་དང་དད་མོས་ཀྱི་རྒྱ་ཁྱབ་རང་བཞིན་དང་གཏན་འཇགས་རང་བཞིན་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་རྨང་གཞི་ཡིན།《རྦ་བཞེད》ཀྱི་ཁྲོད་དུ་ཡང་ཁྲི་རལ་པ་ཅན་གྱི་དུས་སྐབས་སུ།སངས་རྒྱས་ཆོས་ལུགས་དར་ཁྱབ་བཏང་པ་དང་།ཁྱིམ་ཚང་བདུན་གྱིས་གྲྭ་བ་གཅིག་གསོ་སྐྱོང་གནང་དགོས་པ་དང་དགོན་པ་ལ་མཆོད་འབུལ་གནང་དགོས་པ།དགོན་པའི་དངོས་པོ་བརྐུ་བའམ་གཏོར་བཤིག་བཏང་ན་ཆད་པ་གཅོད་པ་སོགས་ཚོས་ལུགས་དད་མོས་དེ་བོད་མི་རིགས་ཀྱི་ཀུན་སྤྱོད་ཚད་གཞི་དང་བསམ་བློའི་བྱང་ཚད་ཐེ་གཏོགས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ལ་གྱུར་ཡོད།དེ་བས་འབྲོག་ཁུལ་གྱི་གྱོད་བཤད་ལམ་ལུགས་ཀྱི་ལོ་རྒྱུས་རྒྱུན་རིང་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པས་རྨོངས་དད་རང་བཞིན་དང་རྗེས་ལུས་རང་བཞིན་ཡོད།དཔེར་ན།གཟུ་བ་དང་གྱོད་པ་སོགས་ཀྱིས་ཐག་གཅོད་མི་ཐུབ་པའི་དོན་རྐྱེན་ག་གེ་མོ་འབྱུང་དུས་དགོན་པ་དང་བླ་མར་གཏུག་ནས་བླ་མས་ཅི་གསུང་ཆོས་དང་མཛུབ་མོས་གར་བསྟན་ཤར་ཞེས་པ་ལྟར།རང་ཉིད་ལ་སྐྱོན་ཡོད་མེད་གང་ཡིན་རུང་ཚང་མ་དགོན་པའི་ཁ་ཐོག་ལ་འཇོག་ངེས།  གལ་སྲིད་མ་བཞག་ན་རྗེས་ཕྱོགས་རྐྱེན་ངན་ག་འདྲ་བྱུང་རུང་རང་གི་དགོན་པ་དང་བླ་མས་དོ་སྣང་མི་བྱེད་པས།མང་ཚོགས་ཀྱིས་བླ་མ་དང་དགོན་པའི་རྗེས་ལ་འདེད་ངེས།༼མི་མང་གང་ལ་དགའ་དེ་བདེན་པ་དང་།ཁ་མང་གང་ལ་མཐུན་དེ་གྲུབ་མཐར་སྣང་།༽ཞེས་པ་ལྟར།སྲོལ་རྒྱུན་གྱི་འཆིང་སྒྲོག་ལས་མ་ཐར་བར་དེང་རབས་ཁྲིམས་ལུགས་མ་ལག་ལ་དོ་སྣང་མི་བྱེད་པ་དང་།སློབ་སྦྱོང་མི་བྱེད་པ་སོགས་བྱས་ནས་རང་ལྟ་མཁྲེགས་འཛིན་དང་རང་ཡུལ་ལུང་བ་ནས་རྒྱལ་ཁམས་ལྟད་མོ་མཐོང་བར་རེ་ནས་“རྨོངས་དད་དང་རྗེས་ལུས་ཀྱི་ཆའང་ཡོད་ལ།དེར་མ་ཟད་ཉེ་རིང་གི་ཐུང་ཤ་དང་ཕུ་ནུའི་ཟུར་ཤ་བྱས་ནས་དྲང་བདེན་མ་ཡིན་པར་གྱོད་ཀྱི་རྩ་བ་བརྟན་པའི་ཆེད་དུ་ཕ་གསད་ཀྱི་ལག་དམར་ལ་མནའ་འཇོག་དགོས་པའི་དཔེ་ཡང་ཡོད་པར་མ་ཟད།མྱིའི་མི་ཟ་རྒྱུ་མནའ་དང་ཁྱིའི་མི་ཟ་རྒྱུ་ལྕགས་ཅེས་པའི་གཏམ་དཔེ་འདི་མགོ་ནག་བོད་པ་ཚང་མའི་སེམས་གཏིང་ལ་ཟུག་ཡོད་ཀྱང་གྱོད་ཀྱི་བདེན་ཁ་ལེན་པའི་ཆེད་དུ་མི་ཤེས་ཤེས་མདོག་དང་མ་རིག་རིག་མདོག་གིས་དཀོན་མཆོག་གསུམ་ལ་མནའ་སྐྱེལ་མཁན་ཡོད་པས།གྱོད་བཤད་ལམ་ལུགས་ལ་ཚད་ངེས་ཅན་ཞིག་གི་ཐོག་རང་སྟེང་ན་མི་འདང་ས་ཡོད།”[5]ད་དུང་བོད་ཀྱི་སྲོལ་རྒྱུན་ཁྲིམས་ལུགས་ཁྲོད་རིམ་གྲལ་ལམ་ལུགས་འབུར་དུ་ཐོན་ཡོད་ལ།གོ་གནས་མཐོ་དམའ་གཞིར་བྱས་ཁྲིམས་ལུགས་སྟེང་གནས་བབ་ཀྱང་མི་འདྲ་བར་མ་ཟད།ཁྲིམས་འགལ་གྱི་བྱ་བ་བྱས་ན་ཐག་གཅོད་བྱེད་ཐབས་ཀྱང་མི་འདྲ།དེ་བས་ད་ལྟ་བོད་འབྲོག་ཁུལ་དུ་དར་ཁྱབ་ཆེ་བའི་གྱོད་བཤད་ལམ་ལུགས་ལ་ཡང་རང་སྟེང་ན་མི་འདང་ས་ཡོད།

༢ མང་ཚོགས་ཀྱི་རང་བཞིན།

མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་འཛུགས་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས། “གྱོད་བཤད་ལམ་ལུགས་ལ་མཚོན་ན།སྲོལ་རྒྱུན་རིན་ཐང་ལྟ་བ་དང་ཁྲིམས་ལུགས་ལྟ་བས་དངོས་ཡོད་འཚོ་བའི་ཁྲོད་དུ་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ་ཁྲིམས་ལུགས་མ་ལག་འཐུས་ཚང་དང་རྒྱ་ཁྱབ་ལ་འགྲོ་བཞིན་པའི་དེང་གི་དུས་རབས་འདིར།བྱ་དངོས་གང་ཞིག་གནས་པ་ནས་དེ་རང་ཉིད་ལ་གནས་ཐུབ་པའི་རིན་ཐང་ཡོད་པ་བཞིན།བོད་འབྲོག་ཁུལ་གྱི་གྱོད་བཤད་ལམ་ལུགས་ཀྱང་རྒྱུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་བསྲེགས་བཅད་བརྡར་གསུམ་བྱས་ནས་ད་བར་དུ་གནས་པ་ཡིན་པས།གྱོད་བཤད་ལམ་ལུགས་ཁྲོད་ཀྱི་ལུགས་མཐུན་རང་བཞིན་དང་ལེན་བྱས་ནས་མི་རིགས་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་དགོས།གྱོད་བཤད་ལམ་ལུགས་ངེས་བར་དུ་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་དང་མཐུན་སྦྱོར་ཡོང་ཐབས་བྱ་དགོས་ལ།ལོ་རྒྱུས་རྩོད་སྒྲུབ་རིག་པས་གྱོད་བཤད་ལམ་ལུགས་ལ་ངོས་འཛིན་ཡང་དག་བྱེད་དགོས།མི་རིགས་རིག་པའི་སྙིང་བོའི་སྟེང་བརྗོད་ན།གོམས་གཤིས་ཀྱི་ཁྲིམས་ཀྱང་རིག་གནས་གྱི་ཁྱབ་ཁོངས་ལ་འདུ།”[6]བོད་བཙན་པོའི་རྒྱལ་རབས་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དོན་རྐྱེན་ཐག་གཅོད་སོགས་ལ་ནུས་པ་ཆེན་པོ་ཐོན་མྱོང་བ་མ་ཟད།ཆོས་ལུགས་ལྟ་ཚུལ།ཁྱིམ་རྒྱུད་ལྟ་བ།ཚོ་བའི་འདུ་ཤེས་སོགས་མཉམ་དུ་མི་དམངས་ཀྱི་སྤྱི་ཚོགས་འདུ་ཤེས་ཁྲོད་དུ་ཟུག་ཡོད།

བཞི་བ།གྱོད་བཤད་ལམ་ལུགས་དང་རྒྱལ་ཁྲིམས་བར་གྱི་འབྲེལ་བ།

གྱོད་བཤད་ལམ་ལུགས་ནི་མི་རིགས་ཁྲིམས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཡིན།རྒྱལ་ཁབ་ཀྱི་ཁྲིམས་ལུགས་རྗེས་ལུས་ཀྱི་འབྲོག་ཁུལ་དུ་ཁྱབ་སྤེལ་བྱེད་མི་ཐུབ་དོན་ནི་གྱོད་བཤད་ལམ་ལུགས་ལ་རང་སྟེང་ན་མི་འདང་ས་གནས་བ་མ་ཟད་ཁོ་རང་ཡུན་རིང་གནས་ཐུབ་པའི་རྒྱུ་རྐྱེན་ཡང་ཡོད་པ་རེད།མི་རིགས་ས་ཁུལ་ནི་འཚོ་བའི་ཆ་རྐྱེན་མི་བཟང་བ་དང་རིག་གནས་ཆུ་ཚད་ཞན་པས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་དོན་རྐྱེན་མང་པོ་འབྱུང་གི་ཡོད་ལ།འབྲོག་པ་རྣམས་ཀྱིས་གྱོད་བཤད་ལམ་ལུགས་ཀྱི་བྱ་ཐབས་སྤྱད་ནས་འགལ་བ་ཞི་འཇགས་ལ་གཏོང་དོན་ནི་གྱོད་བཤད་ལམ་ལུགས་དུས་ཐོག་ཏུ་ལག་བསྟར་བྱ་ཐུབ་ལ།སྤྱི་ཚོགས་འཚོ་བའི་དོན་རྐྱེན་ཆེ་མ་ཆུང་གསུམ་ལ་ཁག་ཐེག་བྱ་ཐུབ།རྒན་མོ་སླེ་འཁུར་ཞིག་ཡིན་རུང་མོ་ལ་དོན་རྐྱེན་བྱུང་ཡོད་ན་ཚང་མས་དོ་ཁུར་བྱེད་དགོས།འོན་ཀྱང་།རྒྱལ་ཁབ་ཀྱི་ཁྲིམས་ལུགས་མ་ལག་ནི་ཧ་ཅང་ཚད་ལྡན་དང་སྒྲིག་གཞི་ཡོད་པ་ཞིག་ཡིན་པས།རྗེས་ལུས་ཀྱི་འབྲོག་ཁུལ་ལ་ཁྱབ་སྤེལ་གཏོང་དུས་རྗེས་འགྱངས་རང་བཞིན་དང་རྙོག་འཛིང་རང་བཞིན་ཡོང་གི་ཡོད།རྗེས་འགྱངས་རང་བཞིན་ནི་གཙོ་བོ་འཚོ་བའི་ཁྲོད་ཀྱི་དོན་རྐྱེན་དུས་ལྟར་ཁྲིམས་ལུགས་ཀྱིས་ཤེས་རྟོགས་དང་ཐག་གཅོད་བྱ་མི་ཐུབ་ལ།སྤྱི་ཚོགས་ཀྱི་གྲུ་ག་སོ་སོའམ་ཡང་ན་འབྱུང་སྲིད་པའི་དམིགས་བསལ་དོན་རྐྱེན་ལ་བསམ་གཞིགས་གཏོང་མི་ཐུབ་པས་རྗེས་ལུས་དང་མཐའ་མཚམས་ས་ཁུལ་དུ་ནུས་པ་ཐོན་པ་ཞན།རྙོག་འཛིང་རང་བཞིན་ནི་གཙོ་བོ་ཁྲིམས་ལུགས་གཏུགས་བཤེར་བརྒྱུད་རིམ་རྙོག་འཛིང་ལྡན།དཔེར་ན།དོན་རྐྱེན་གཏུགས་བཤེར་བྱ་སྐབས་ངེས་པར་དུ་ཁྲིམས་ལུགས་སྐོར་ལ་བྱང་ཆ་ཡོད་པའི་མི་བླུ་བ་དང་འགྲོ་སོང་ངམ་དུས་ཚོད་མང་པོ་བཏང་ནས་ཐག་གཅོད་བྱེད་དགོས་པས་དཀའ་ངལ་ཆེ།ད་དུང་དོན་རྐྱེན་ཁྲོད་སྤྱིར་རང་ཉིད་ལ་ནོར་འཁྲུལ་མེད་རུང་འགལ་བ་བྱུང་ཡོད་པས་ཕྱོགས་གཉིས་ཀར་ཆད་པ་གཅོད་པ་སོགས་བྱེད་པས་དྲང་བདེན་མིན་པར་སྙམ་ནས་འདུམ་འགྲིག་གི་ལམ་བུ་གཞན་པ་ཞིག་འདེམས་ངེས་ཡིན།དཔལ་འབྱོར་ཆུ་ཚད་ཞན་ལ་ཁྲིམས་ལུགས་སྐོར་ཕར་ཞོག་ཐ་ན་སློབ་གསོ་བཟང་བོ་ཞིག་ཀྱང་ཐོབ་མ་མྱོང་བས་གཏུགས་བཤེར་བྱ་བར་དོ་སྣང་མི་བྱེད་ལ།འབྲོག་ཁུལ་དུ་ཆ་འཕྲིན་དང་དཔལ་འབྱོར་གྱིས་ཚད་དགག་ཐེབས་པས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་མ་ལག་ལག་བསྟར་བྱེད་དཀའ།

བོད་འབྲོག་ཁུལ་གྱི་དངོས་ཡོད་སྤྱི་ཚོགས་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས། ཚན་རིག་དང་མཐུན་པའི་ངང་ནས་དེར་བླང་དོར་དང་བརྟག་བཤེར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་མི་རིགས་འཕེལ་རྒྱས་དང་མི་དམངས་བདག་པོ་འོང་བར་འགན་ལེན་བྱེད་པའི་ཆ་རྣམས་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་ཁྲོད་བསྡུ་ལེན་བྱས་ནས།རྒྱལ་ཁབ་ཀྱི་ཁྲིམས་ལུགས་མ་ལག་དང་གྱོད་བཤད་ལམ་ལུགས་འཐུས་ཚང་ལ་གཏོང་དགོས།དེར་མ་ཟད་བོད་སྤྱི་ཚོགས་ཁྲོད་བྱེད་ནུས་འདོན་སྐབས་ཚད་ངེས་ཅན་ཞིག་གི་སྟེང་ནས་དེ་གཉིས་ཀྱི་དམིགས་ཡུལ་དང་བརྩོན་ལེན་བྱེད་པའི་སྤྱི་ཚོགས་རིན་ཐང་གཅིག་འདྲ་ཡིན།སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཟུག་པའི་དམངས་ཁྲོད་ཁྲིམས་ལ་ས་ཁོངས་རང་བཞིན་དང་རང་སྤེལ་རང་བཞིན་ལྡན་པས།དམངས་ཁྲོད་ཁྲིམས་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་རྒྱལ་ཁྲིམས་ཁྲོད་སིམ་འཛུལ་བྱེད་པ་དང་རྒྱལ་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་བརྗོད་ན།དམངས་ཁྲོད་ཁྲིམས་ནི་རྒྱལ་ཁྲིམས་ཀྱི་འབྱུང་ཁུངས་དང་རྨང་གཞི་ཡིན།འཇར་མན་གྱི་ཁྲིམས་ལུགས་རིག་པ་བ་སཱ་ཝེ་ནེ་ཡི་གསུངས་དོན་ལྟར༼མང་ཚོགས་ཁྲོད་དུ་འཚོ་བཞིན་པའི་ཁྲིམས་ལུགས་ནི་ཆེས་ལུགས་མཐུན་གྱི་ཁྲིམས་ལུགས་ཡིན༽[7]ཞེས་པ་ལྟར།ཁྲིམས་ལུགས་གནས་པ་ནི་མང་ཚོགས་ཀྱི་བེད་སྤྱོད་བྱ་ཆེད་ཡིན་པས།དམངས་ཁྲོད་ཁྲིམས་ལ་མཐའ་གཅིག་ཏུ་དགག་པ་དང་མཐའ་གཅིག་ཏུ་དང་ལེན་མི་བྱེད་པར་རྩོད་སྒྲུབ་ཀྱི་རིག་པས་སྙིང་བཅུད་ཚུར་ལེན་དང་སྙིགས་རོ་ཕྱིར་འབུད་གཏོང་དགོས།རྒྱལ་ཁྲིམས་དང་གོམས་གཤིས་ཁྲིམས་གཉིས་ཀྱིས་ཕན་ཚུན་ལ་ལྟ་སྐུལ་དང་།ཕན་ཚུན་ལ་སྐུལ་འདེད་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་མ་ལག་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཚོགས་པ་ཡོང་བར་མུ་མཐུད་དུ་འབད་པ་བྱ་དགོས།

དཔྱད་གཞིའི་ཡིག་ཆ།

༡《བོད་རིག་པ་སྤྱི་བཤད།》ཐུབ་བསྟན་ཕུན་ཚོགས།མི་རིགས་དཔེ་བསྐྲུན་ཁང་།༢༠༠༧ལོ།

༢ 《བོད་ཀྱི་སྔ་རབས་ཁྲིམས་སྲོལ་བདམས་བསྒྲིགས། 》སྤེན་པ་ལྷ་མོ། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་།

༣ 《སྔ་རབས་བོད་ཀྱི་སྲིད་ཁྲིམས་གསལ་བའི་མེ་ལོང་། 》བསོད་ནམས་ཚེ་རིང་། མི་རིགས་དཔེ་བསྐྲུན་ཁང་།

༤《མདོ་སྨད་ཁྲོ་ཁོའི་ལོ་རྒྱུས།》ཁྱོ་ཁོ་བ་ཚེ་རིང་རྡོ་རྗེ།མི་རིགས་དཔེ་བསྐྲུན་ཁང་།

༥《དུང་དཀར་ཚིག་མཛོད་ཆེན་མོ།》དུང་དཀར་བློ་བཟང་འཕྲིན་ལས།ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་།༢༠༠༢ལོའི་པར་ཐེངས་དང་པོ།

༦《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བ།མི་རིགས་དཔེ་བསྐྲུན་ཁང་། ༢༠༡༣ལོའི་དཔར་ཐེངས་༣པ།

༧《诸说求真 藏族部落习惯法专论》  主编:张济民  副主编:戈明 马天山  青海人民出版社2002年 

༨《青海藏区部落习惯法资料集》主编:张济民 青海人民出版社

༩ 恰白·次旦平措著。陈庆英等译:西藏通史【M】西藏社会科学院、中国藏学出版社、西藏古籍出版社。2004.3(2)

[1] ཕ་ཡུལ་རྨ་ཆུའི་ཉིན་མ།  ཚེ་བྷེ།  ༢༠༡༩ལོའི་ཟླ་༧པའི་ཚེས༩ཉིན་རྨ་ཆུ་ནས།

[2]  བོད་རིག་པ་སྤྱི་བཤད།  ཐུབ་བསྟན་ཕུན་ཚོགས།   མི་རིགས་དཔེ་བསྐྲུན་ཁང་།༢༠༠༧ལོ། ཤོག་ངོས་༤༩ན་གསལ།

[3] ཕ་ཡུལ་རྨ་ཆུའི་ཉིན་མ།  ཚེ་བྷེ།  ༢༠༡༩ལོའི་ཟླ་༧པའི་ཚེས༩ཉིན་རྨ་ཆུ་ནས།

[4] བོད་རིག་པ་སྤྱི་བཤད།  ཐུབ་བསྟན་ཕུན་ཚོགས།   མི་རིགས་དཔེ་བསྐྲུན་ཁང་།༢༠༠༧ལོ། ཤོག་ངོས༥༧ནས༦༤ན་གསལ།

[5] དབུ་བསུ་རྡོ་རྫེ་སྐྱབས། ཕ་ཡུལ་ཁྲོ་ཁོ་སྨད་མ།  ༢༠༡༩ལོའི་ཟླ་༧པའི་ཚེས་༨ཉིན་རྨ་ཆུ་ནས།

[6] 诸说求真 藏族部落习惯法专论  主编:张济民  副主编:戈明 马天山       青海人民出版社2002年  66页至77页

[7]【德国】法学家萨维尼“只有在人民中活着的法才是唯一合理的法”

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།