སློབ་དཔོན་རྟ་དབྱངས་དང་བོད་ཀྱི་རྩོམ་རིག

རྒྱ་གར་གྱི་ནང་པ་སངས་རྒྱས་ཀྱི་རིག་གནས་ནི་བོད་ཀྱི་རྩོམ་རིག་དང་རྒྱ་ཆེ་ཞིང་གཏིང་ཟབ་པར་འབྲེལ་འདུག་པས་དཔྱད་གཞི་གནད་ཆེ་ཞིང་བརྗོད་པར་བྱ་བ་ཤིན་ཏུ་མང་མོད། དེའི་ཚུལ་ལ་དཔྱད་ཞིབ་ཀྱིས་འཇུག་པའི་སྐྱེ་བོ་རེ་གཉིས་ཡོད་པ་དང་། ལྷག་པར་ད་རེ་ཁོ་བོ་དུས་ཚོད་ཀྱིས་གཏུགས་ཏེ་མང་དུ་སྤྲོ་མི་ཁོམ་ན། རེ་ཞིག་འོས་ཤིང་རིགས་པའི་ལས་ནི་ས་བཅད་ཙམ་འཛིན་པ་ལ་འཇུག་པ་ཡིན་སྙམ་པས་ལེའུ་འདི་བྲི་བར་འདོད་དོ། །

སྤྱིར་ན་ནང་པ་སངས་རྒྱས་པའི་རིག་གནས་བོད་དུ་ཇི་ལྟར་སྤྱན་དྲངས་པའི་ཚུལ་ནི་རྒྱལ་རབས་ཆོས་འབྱུང་རྣམས་ལས་གསལ་བོར་འབྱུང་ཞིང་། ཁོ་བོས་ཀྱང་སྔར་རྒྱ་བོད་གཉིས་ཀྱི་བར་དུ་ལོ་པཎ་གྱི་འབྱོན་བཞུད་ཇི་ལྟར་བྱས་པ་སོགས་རགས་ཙམ་བསྟན་ཟིན། སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་རྒྱ་གར་ནས་ནང་པ་སངས་རྒྱས་ཀྱི་རིག་གནས་སྤྱན་དྲངས་པ་རྣམས་གཅིག་ཏུ་བསྡུས་ཤིང་བསྡོམས་པ་ནི་བཀའ་བསྟན་གྱི་གླེགས་བམ་རྣམས་ཡིན་ཞིང་། སྡེ་དགེའི་བཀའ་བསྟན་དཔེར་བྱས་ན། བཀའ་འགྱུར་པོད103དང་། བསྟན་འགྱུར་པོད213སྟེ། བསྡོམས་པས་པོད316དང་། ཆོས་ཚན4569བཞུགས། དེ་དག་ཏུ་སྟོན་པ་ཤཱཀྱ་ཐུབ་པ་དང་། ཉན་ཐོས་ཆེན་པོ་རྣམས་དང་། རྒྱན་དྲུག་མཆོག་གཉིས་དང་། གྲུབ་ཆེན་བརྒྱད་ཅུ་དང་། པཎྚི་ཏ་དང་། སློབ་དཔོན་མང་པོའི་གསུང་མཆིས་ཀྱང་། འདིར་སློབ་དཔོན་རྟ་དབྱངས་དང་ཁོང་གི་གསུང་གི་འཕྲིན་ལས་བོད་དུ་ཇི་ལྟར་རྒྱས་པའི་ཚུལ་ལས་བརྩམས་ཏེ། ནང་པ་སངས་རྒྱས་ཀྱི་རིག་གནས་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཆ་ལ་ཅུང་ཟད་བརྟག་པར་བྱའོ། །

སློབ་དཔོན་རྟ་དབྱངས་ནི་གནའ་བོའི་རྒྱ་གར་གྱི་ནང་པའི་སློབ་དཔོན་ཆེན་མོ་ཞིག་ཡིན་ཞིང་། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་གི་མཛོད་འཛིན་པའི་མཁས་པ་ཆེན་པོ་འཛམ་གླིང་དུ་གྲགས་པ་ཞིག་སྟེ། སྔོན་གྱི་ཆོས་འབྱུང་འགའ་ཞིག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི་དང་ཉེ་བའི་སྲས་གསུམ་གྱི་ནང་ཚན་གཅིག་ཡིན་པར་བཤད་དོ། །ཁོང་ནི་ཕྱི་ནང་གི་གྲུབ་མཐའ་དང་སྙན་ངག་སོགས་རིག་གནས་ཀུན་ལ་ཤིན་ཏུ་མཁས་པས། གནའ་བོའི་རྒྱ་གར་ཙམ་དུ་མ་ཟད། ད་ལྟའི་བར་འཛམ་གླིང་ན་སྙན་གྲགས་ཆེ་ཞིང་། ཕྱི་རབས་ཀྱི་སྐྱེ་བོ་ཀུན་ལ་ཤན་ཤུགས་ཆེན་པོ་བཞག་འདུག

འོན་ཀྱང་སློབ་དཔོན་འདིའི་ལོ་རྒྱུས་ནི་སྤྲིན་རུམ་གྱི་ཟླ་བ་མོག་མོག་པོ་ལྟར་དོགས་པའི་གནས་དུ་མ་དང་བཅས་པ་ཞིག་སྟེ། དེ་ལྟ་བུའི་གནས་ཚུལ་དེ་ནི་སློབ་དཔོན་འདི་ལ་དོན་མཐུན་གྱི་ཞིབ་འཇུག་དང་། གདེང་འཇོག་བྱེད་པའི་གེགས་སུ་སོང་འདུག་པས། འདིར་ཐོག་མར་ཁོ་བོས་སློབ་དཔོན་འདི་དང་འབྲེལ་བའི་ཡིག་ཆ་རྣམས་གུང་བསྒྲིགས་ཏེ། སློབ་དཔོན་འདིའི་ལོ་རྒྱུས་ཀྱི་སྐོར་ལ་དཔྱད་ཞིབ་གྱི་ས་བོན་ཙམ་སྤྲོ་བར་འདོད་དོ། །

དེ་ཡང་བོད་དང་རྒྱ་ནག་གི་སྔོན་གྱི་ཡིག་ཆ་དག་གཞིར་བཟུང་ནས་དཔྱད་ན། སྔར་རྒྱ་གར་འཕགས་པའི་ཡུལ་དུ་མཚན་ལ་རྟ་དབྱངས་ཟེར་བའི་སློབ་དཔོན་བྱོན་པ་ནི་གཅིག་ཙམ་དུ་མ་ཟད་པར་སྣང་། ཇོ་ནང་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་དུ་རྟ་དབྱངས་གསུམ་བྱོན་པར་བཤད་དེ། རྟ་དབྱངས་དང་པོ་ནི་རྒྱལ་པོ་སྙིང་པོ་ཐིག་ལེའི་དུས་སུ་བྱུང་བ་དང་། རྟ་དབྱངས་གཉིས་པའམ་རྟ་དབྱངས་ཆུང་བ་ཞེས་པ་ནི་རྒྱལ་པོ་ཀརྨ་ཙནྡྲའི་དུས་དང་། རྟ་དབྱངས་གསུམ་པ་ནི་རྒྱལ་པོ་མ་ཧི་པཱ་ལའི་དུས་སུ་བྱུང་བར་བཤད།

རྒྱ་ནག་ལའང་སློབ་དཔོན་རྟ་དབྱངས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་རྙིང་བ་ཅི་རིགས་ཤིག་ཡོད་ཅིང་། དེ་དག་ལས་རྒྱའི་བཙུན་པ་ཧྥ་མེན(法敏)གྱིས་སྡུད་སྒྲིག་བྱས་པར་ཁ་གཡར་ཞིང་། དོན་དུ་ཀོ་རི་ཡ་པ་ཞིག་གིས་བརྩམས་ཟེར་བའི《ཐེག་པ་ཆེན་པོའི་རྣམ་པར་བཤད་པ》ཞེས་པར་རྟ་དབྱངས་དྲུག་བྱོན་པར་བཤད་མོད་ཡིད་རྟོན་བྱེད་མཁན་ཉུང་ལ། དགེ་འདུན་སྲུངས(僧佑)ཀྱིས《ཐམས་ཅད་ཡོད་སྨྲའི་བརྒྱུད་པའི་དཀར་ཆག》ཅེས་པར་བརྒྱུད་པ་མི་འདྲ་བ་འགའ་བཀོད་པ་ལས་བརྒྱུད་པ་གཅིག་གི་བཅུ་གཅིག་པ་དང་བཅུ་དྲུག་པ་གཉིས་ཀྱི་མཚན་ལ་རྟ་དབྱངས་ཟེར་བས་རྟ་དབྱངས་སྔ་ཕྱི་གཉིས་བྱོན་པར་བཤད། དེ་ལྟར་ན་སྔར་རྟ་དབྱངས་དུ་མ་ཞིག་བྱོན་ཡོད་ངེས་ལ། སློབ་དཔོན་རྟ་དབྱངས་ཀྱི་ལོ་རྒྱུས་སྐོར་གྱི་འཁྲུལ་གཞི་ཆེན་པོ་ཞིག་ནི་འདི་ན་སྣང་བས། འདིར་བདག་ཅག་གིས་ཤེས་པར་བྱར་འོས་པ་ནི། རྟ་དབྱངས་ཀྱི་མིང་ཐོགས་ཚད་གང་ཟག་གཅིག་ཏུ་འཛིན་པའི་འཁྲུལ་བ་སྤོང་བ་དང་། རྟ་དབྱངས་དུ་མ་ལས་སྐབས་སུ་བབས་པ་དེ་ཉིད་མ་འཁྲུལ་བར་ངོས་འཛིན་པའོ། །རྒྱ་གར་ཆོས་འབྱུང་དུ་རྟ་དབྱངས་གཉིས་པའམ་རྟ་དབྱངས་ཆུང་བ་ཞེས་པའི་མཛད་འཕྲིན་སྐོར་ལ་སློབ་དཔོན་འདི་པ་དང་། སློབ་དཔོན་དགའ་བྱེད་སྙན་པ་དང་། སློབ་དཔོན་ཀླུའི་བཤེས་གཉེན་དང་བཅས་པས་ཐེག་པ་ཆེན་པོ་དར་བར་མཛད་དོ་ཞེས་པ་ཙམ་ལས་གཞན་མ་བྱུང་ལ། རྟ་དབྱངས་གསུམ་པའི་སྐོར་ལའང་གོང་སྨོས་རྒྱལ་པོ་གང་གི་རིང་ལ་བྱུང་བ་ལས་གཞན། དབུ་མ་ཐལ་འགྱུར་པ་ཞིག་ཡིན་པ་དང་། ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་སྒོམ་རིམ་བྱ་བའི་བསྟན་བཅོས་མཛད་ཡོད་པར་བཤད་པ་ཙམ་མོ། །རྒྱལ་དབང་ལྔ་པས་གསན་ཡིག་གངྒའི་ཆུ་རྒྱུན་དུ“སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ཀུན་རྫོབ་བྱང་ཆུབ་སེམས་སྒོམ་གྱི་གཞུང་དུ། སེམས་ནི་རས་ཡུག་དཀར་པོ་འདྲ། །སོགས་ཚིགས་བཅད་གཅིག་འདུག་པ་བསྟན་བཅོས་རྩོམ་པ་པོ་དང་ལོ་པཎ་གང་གི་གསུང་ཡིན་ཐེ་ཚོམ་དུ་སྣང”ཞེས་གསུངས་པའི་སློབ་དཔོན་རྟ་དབྱངས་དེའང་ཇོ་ནང་ཏཱ་ར་ནཱ་ཐ་ལྟར་ན་རྟ་དབྱངས་གསུམ་པ་འདི་ཡིན་པ་གསལ་ལོ། །

ཡང་། རྒྱ་གར་ཆོས་འབྱུང་དུ་སློབ་དཔོན་རྟ་དབྱངས་ཀྱི་ལོ་རྒྱུས་ཡོངས་གྲགས་ཏེ། དང་པོ་རྟོག་གེ་ལ་བྱང་བའི་ཕྱི་རོལ་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་ཞིང་ནང་པ་རྣམས་རྩོད་པས་ཕམ་པར་བྱས་པ་དང་། བར་དུ་ན་ལེནྡྲར་སོང་ནས་སློབ་དཔོན་ཨརྱ་དེ་ཝ་དང་བརྩད་དེ་ཕམ་པས་ནང་པར་ཞུགས་པ་དང་། ཐ་མར་སྒོ་གསུམ་གྱི་སྡིག་བཤགས་སུ་བསྟན་བཅོས་མང་དུ་བརྩམས་པ་སོགས་བཤད་རྒྱུན་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་རྟ་དབྱངས་དང་པོའི་སྟེང་དུ་སྦྱར་འདུག རྟ་དབྱངས་ཀུན་གྱི་གཙོ་བོའམ་ངེད་ཀྱི་སྐབས་འདིའི་བརྗོད་གཞི་སློབ་དཔོན་རྟ་དབྱངས་ཞེས་པའང་རྟ་དབྱངས་དང་པོ་འདི་པ་ཡིན་ནོ། །སློབ་དཔོན་འདི་དུས་ནམ་ཚོད་ཅིག་ལ་འཁྲུངས་པའི་སྐོར་ལ། རྒྱ་གར་ཆོས་འབྱུང་གཞིར་བཞག་ན་རྒྱ་གར་གྱི་རྒྱལ་པོ་ཟླ་བ་སྦས་པའམ་ཙནྟྲ་གུཔྟའི་བུ་བིན་དུ་སཱ་ར་ཞེས་བྱ་བའི་དུས་སུ་བྱུང་བར་བཤད། རྒྱལ་པོ་ཟླ་བ་སྦས་པ་སྤྱི་ལོའི་སྔོན་གྱི་ལོ་སུམ་བརྒྱ་ཐམ་པ་ལ་གཤེགས་པས། རྒྱལ་པོ་བིན་དུ་སཱ་རའམ་སྙིང་པོ་ཐིག་ལེ་ནི་ལོ་དེ་ལ་ཁྲིར་བཞུགས་པར་ངེས་ལ། སློབ་དཔོན་འདི་པའང་དུས་དེ་ཤེད་ཅིག་ཏུ་འཁྲུངས་པ་ཡིན་ཏེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་རྒྱལ་པོ་ཟླ་བ་སྦས་པའི་བུ་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་འདི་པས་མེ་ཏོག་གིས་བརྒྱན་པའི་གཙུག་ལག་ཁང་དང་། རང་བྱུང་གི་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཞེངས་གསུངས། ནུབ་གླིང་དང་། ཉི་ཧོང་དང་། རྒྱ་ནག་གི་ཞིབ་འཇུག་པ་མང་པོ་ཞིག་གིས་སློབ་དཔོན་འདི་པ་སྤྱི་ལོའི་དུས་རབས་དང་པོ་ཙམ་ལ་བྱོན་པར་འདོད་ཅིང་། དེའི་ཁུངས་བཅོལ་ས་ནི་ལོ་ཙཱ་བ་ཀུ་མ་ར་ཤྲཱིས་རྒྱ་ཡིག་ཏུ་བསྒྱུར་པའི་བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར་ཞེས་པ་སོགས་ཡིན། རྣམ་ཐར་དེ་རུ་སློབ་དཔོན་རྟ་དབྱངས་དུས་ནམ་ཚོད་ཅིག་ལ་འཁྲུངས་པ་གསལ་ཁ་མེད་མོད། རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་པོ་ཞིག་གིས་ཡུལ་དབུས་ལ་དམག་དྲངས་ཏེ་སློབ་དཔོན་འདི་ཡུལ་དབུས་ནས་བྱང་ཕྱོགས་ལ་གདན་དྲངས་པར་བཤད་ཡོད་ཅིང་། རྒྱ་ཡིག་ཏུ་འགྱུར་བའི་ཡིག་ཆ་གཞན་མ་འགར(དཔེར་ན། 《付法藏因缘传》)བྱང་ཕྱོགས་ཀྱི་རྒྱལ་པོ་དེ་ནི་རྒྱལ་པོ་ཀ་ནིཥྐ་ཡིན་པར་བཤད་ཡོད་པས། དེ་དག་གུང་བསྒྲིགས་ཏེ་དུས་རབས་དང་པོར་ཐག་བཅད་པར་ངེས། རྒྱ་ནག་གི་ཡིག་ཆ་དེ་དག་ཁུངས་སུ་འཛིན་པའི་དབང་དུ་བཏང་ནའང་རྒྱ་གར་ཆོས་འབྱུང་དུ་སློབ་དཔོན་རྟ་དབྱངས་ཀྱི་སྐུ་ཚེའི་སྨད་ཙམ་ལ་ནུབ་ཕྱོགས་ཊི་ལི་དང་མ་ལ་ཝའི་ཡུལ་དུ་རྒྱལ་པོ་ཀ་ནི་ཀ་བྱ་བ་ཞིག་བྱུང་བ་དང་། དེས་སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་བརྫངས་པ་ལ་སློབ་དཔོན་སྐུ་ཤིན་ཏུ་བགྲེས་པས་འབྱོན་མ་ཐུབ་སྟེ། སློབ་མ་པཎྚི་ཏ་ཡེ་ཤེས་སྙན་པ་ཞེས་པ་བཏང་ཞིང་། ཀ་ནི་ཀའི་སྤྲིང་ཡིག་ཅེས་པ་སྤྲིངས་ནས་རྒྱལ་པོ་དེ་ཆོས་ལ་བཀོད་པར་བཤད་པ་དང་། རྒྱལ་པོ་དེ་ནི་ཀ་ནིཥྐ་དང་མི་གཅིག་པར་གོ་དགོས་ཞེས་གསལ་བོར་གསུངས་འདུག་པས། བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར་ལས་བྱུང་བའི་བྱང་ཕྱོགས་ཀྱི་རྒྱལ་པོ་དེ་ནི་རྒྱལ་པོ་ཀ་ནིཥྐ་ཡིན་ནམ་རྒྱལ་པོ་ཀ་ནི་ཀ་ཡིན་པའང་དོགས་གཞི་ཅན་དུ་སྣང་ན་ད་དུང་དཔྱད་པར་བྱ་དགོས་སོ། །

སློབ་དཔོན་འདི་ཡུལ་གང་དུ་འཁྲུངས་པ་ནི། ཞང་སྟོན་ཞིག་པོས་ནུབ་ཕྱོགས་ཁ་ཆེའི་གྲོང་ཁྱེར་དུ་འཁྲུངས་པར་བཤད། བུ་སྟོན་རིན་པོ་ཆེ་དང་ཀུན་མཁྱེན་ཇོ་ནང་པ་ཆེན་པོས་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་པར་བཞེད་པ་ལ། འབྲུག་པ་པད་དཀར་གྱིས་ལྷོ་ཕྱོགས་སུ་བཞེད། རྒྱ་ནག་གི་འབྲེལ་ཡོད་ཡིག་ཆ་དག་ཏུའང་རྒྱ་གར་ཡུལ་དབུས་ཡིན་པར་བཤད་པ་དང་། རྒྱ་གར་ཤར་ཕྱོགས་ཡིན་པར་བཤད་པ་སོགས་འདོད་ལུགས་གཅིག་ཏུ་མ་ངེས་མོད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་སློབ་དཔོན་འདིའི་དབོན་སྲས་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་འགྲེལ་བ་ཟླ་ཟེར་ལས“སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུན་ཤེས་དོན་ན་མིང་བཏགས་པ། །དོན་དམ་ཞེས་བྱ་སྨན་པའི་མཆོག ། ཁ་ཆེའི་ཡུལ་དུ་སྐྱེས་པ་ཡིན། །”ཞེས་འབྱུང་བ་གཞིར་བྱས་ནས་སློབ་དཔོན་འདིའི་འཁྲུངས་ཡུལ་ཁ་ཆེ་ཡིན་པར་བསྟན་པ་ཁུངས་བཙུན་པ་འདྲ། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོའི་མཇུག་བྱང་དུ་ཡུལ་ཤཱ་ཀེ་ཏ་ཀའི་གསེར་མིག་མའི་བུ་ཞེས་འབྱུང་ཞིང་། ཡུལ་ཤཱ་ཀེ་ཏ་ཀ་ནི་མཉན་ཡོད་དུ་ཡོད་པས་འདི་པའི་འཁྲུངས་ཡུལ་རྒྱ་གར་ཡུལ་དབུས་ཡིན་པར་བཤད་པ་ཁུངས་འདི་ལ་བལ་བ་ཡིན་ཡང་། དེ་ནི་འདི་པའི་ཡུམ་གྱི་འཁྲུངས་ཡུལ་ཨེ་ཡིན་སྙམ། གཅུང་མཛེས་དགའ་བོའི་རྟོགས་བརྗོད་ཀྱི་མཇུག་བྱང་དུའང་དེ་བཞིན་བྱུང་ལ། རྒྱལ་པོ་རཱ་མ་ཎའི་འཁྲུངས་ཡུལ་ཡང་ཡུལ་དེ་ག་ཡིན་ཟེར།

སློབ་དཔོན་འདིའི་ཕ་མ་དང་རིགས་རུས་སོགས་ནི། ཞང་སྟོན་ཞིག་པོས་བྲམ་ཟེ་ཚེའི་རིག་བྱེད་ཡན་ལག་བརྒྱད་ལ་བྱང་ཆུབ་པ་སྨན་པ་ཆེན་པོ་སིངྒྷཱ་གུཧྱེ་ཞེས་པ་འདི་པའི་ཡབ་ཡིན་གསུངས་ལ། ཇོ་ནང་ཏཱ་ར་ནཱ་ཐས་འདི་པའི་ཡབ་ནི་བྲམ་ཟེ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་སིངྒྷཱ་གུཧྱེ་ཞེས་པ་ཡིན་གསུངས། གང་ལྟར་དེ་གཉིས་ཀྱང་འདི་པའི་ཡབ་ཀྱི་མཚན་ནི་སིངྒྷཱ་གུཧྱེ་རུ་མཐུན་ལ། དེའི་རིགས་བྲམ་ཟེ་ཡིན་པར་ཡང་གཅིག་ཏུ་མཐུན། ཚེའི་རིག་བྱེད་ལ་མཁས་པ་དང་ལོངས་སྤྱོད་ན་པའང་མི་འགལ་ཏེ། འབྱོར་བ་ཆེན་པོ་དང་ན་པའི་སྨན་པ་ཆེན་པོ་ཞིག་ཡིན་པར་ངེས། སིངྒྷཱ་གུཧྱེ་ཞེས་པ་བོད་སྐད་དུ་སེང་གེ་གསང་བར་འགྱུར་ལ། སེང་གེ་སྦས་པ་དང་། དགེ་འདུན་གསང་བར་བསྒྱུར་པའང་སྣང་། ཡུམ་གྱི་མཚན་ལ་རཏྣ་སིདྔྷཱི་སྟེ་རིན་ཆེན་དངོས་གྲུབ་ཞུ་ཞིང་། བདེ་ལྡན་མར་ཡང་བསྒྱུར་སྣང་། འདི་པའི་ཡུམ་རིན་ཆེན་དངོས་གྲུབ་ཞུ་བ་འདི་ནི་གྲོང་ཁྱེར་ཁོར་ཏ་ན་ཚོང་དཔོན་ཞིག་ལ་བུ་མོ་བཅུ་ཡོད་པའི་ཐ་ཆུང་ཡིན་པར་བཤད་པས་རྗེའུ་རིགས་ཡིན་ནམ་སྙམ། གང་ལྟར་ཡང་ཕ་ཁྱིམ་ན་གནས་པའི་དུས་ནས་སྐྱབས་སུ་འགྲོ་བ། བསླབ་པའི་གནས་ལྔ་ལ་གནས་པ། དཀོན་མཆོག་ལ་མཆོད་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་གུས་པ་ཞིག་ཡིན་ནོ། །ཕྱིས་ཡུམ་གྱིས་སློབ་དཔོན་རྟ་དབྱངས་ཀྱིས་ནང་པ་རྣམས་དམའ་དབབ་པར་བྱས་པ་མ་བཟོད་པ་དང་། སློབ་དཔོན་འདི་ཉིད་ནང་པ་ལ་གཞུག་པའི་སླད་དུ་ཡུལ་གཞན་གྱི་སངས་རྒྱས་པ་རྣམས་ནི་རྟའི་རྣ་བའི་སྤུ་ཙམ་དང་། མ་ག་དྷའི་སངས་རྒྱས་པ་རྣམས་ནི་རྟའི་ལུས་ཀྱི་སྤུ་དང་མཚུངས་སོགས་སྨྲས་ཏེ་སློབ་དཔོན་འདི་དཔལ་ན་ལེནྡྲར་རྩོད་པ་བྱེད་དུ་འགྲོ་བར་བསྐུལ་བ་ལས་ཀྱང་ཡུམ་ཆོས་ལུགས་གང་ལ་དད་པ་རྟོགས་ནུས། དེས་ན་སློབ་དཔོན་རྟ་དབྱངས་ནི་རིགས་ཀྱི་ཆོས་སམ་ཡབ་གྱི་ཤན་ལས་དང་ཐོག་ཕྱི་རོལ་པའི་སློབ་དཔོན་ཆེན་པོར་གྱུར་པ་དང་། ཕྱིས་སུ་ཡུམ་གྱི་ཤན་གྱིས་ཀྱང་རྐྱེན་བཅས་ཏེ་ནང་པ་ལ་ཞུགས་པར་བསམས། དེ་ལྟར་སློབ་དཔོན་འདི་ནི་ཡབ་ཡུམ་གཉིས་ལས་གཅིག་བྲམ་ཟེ་དང་གཅིག་རྗེའུ་རིགས་ཡིན་པས་རིགས་མི་མཐུན་ལ། གཅིག་ཕྱི་རོལ་པ་དང་གཅིག་ནང་པ་ཡིན་པས་ཆོས་ཀྱང་མི་གཅིག་པའི་ཁྱིམ་ཞིག་ཏུ་འཁྲུངས་པར་མངོན། གཞན་ཡང་ཚིག་དོན་སྒྲ་སྦྱོར་ངེས་པ་ལྟར་ན། སློབ་དཔོན་རྟ་དབྱངས་ལ་སྲས་ཆགས་ལ་མངོན་དགའ་ཞེས་པ་ཞིག་མངའ་ཞིང་། དེའི་སྲས་ནི་ཟླ་བ་མངོན་དགའ་སྟེ། ཁ་ཆེ་ཟླ་བ་མངོན་དགའ་ཞེས་གསོ་རིག་ལ་མཁས་པའི་མཁས་པ་ཆེན་པོ་དེ་ཡིན་ཞིང་། སློབ་དཔོན་འདི་ཉིད་ཀྱི་ཚ་བོའོ། །

སློབ་དཔོན་འདིའི་མཚན་གྱི་སྐོར་རྒྱ་གར་ཆོས་འབྱུང་དུ། དེ་ལ་སློབ་དཔོན་མ་ཁོལ་ནི་གོང་དུ་ཅུང་ཟད་བརྗོད་པའི་བྲམ་ཟེ་ཐུབ་དཀའ་ནག་པོ་དེ་ཉིད་ཡིན་ཏེ། དཔའ་བོ་དང་། རྟ་དབྱངས་དང་། མ་ཁོལ་དང་། ཐུབ་དཀའ་དང་། ཆོས་ལྡན་རབ་འབྱོར་དང་། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ་ཞེས་མཚན་མི་འདྲ་བ་བརྒྱད་འདྲེན་པར་མཛད་ཅིང་། ཞང་སྟོན་ཞིག་པོའི་རྒྱལ་མཚན་རྩེར་འབད་ཅེས་པར་སློབ་དཔོན་འདི་ནང་པར་མ་ཞུགས་གོང་དུ་མཚན་ལ་བདུད་རྩི་བུམ་པ། ཕ་ཁོལ་མ་ཁོལ། དཔལ་ཆེན་དགེ་བ། རྟ་དབྱངས། དགའ་བྱེད། མ་ཏི་ཙི་ཏྲ། ཨ་ཤྭ་ཀ ཐུབ་རྒྱལ་ནག་པོ་ཞེས་པར་གྲགས་ཤིང་། ནང་པར་ཞུགས་ནས་དཀོན་ཅོག་འབངས། རབ་འབྱོར་བསྐྱངས། བྷ་ཝི་ལྷ། མར་མེ་མཛད། ངོ་བོ་གཉིས་མེད་པ། བཀོང་མ་འཛིན། བཙུན་པ་དཔའ་བོ། དགྲ་ལས་རྣམ་རྒྱལ། རྡོ་རྗེའི་མཚོན་ཆ། ལྷ་གསུམ་པ། བྷ་པ་ངྷ། གཞན་ལ་ཕན་པའི་དབྱངས། ཨཱརྱ་ཤུ་ར་སོགས་དུ་མ་ཞིག་མཆིས་ཤིང་། གྲགས་ཆེ་བ་ནི་ཉི་ཤུ་རྩ་གཅིག་པོ་འདི་ཉིད་ཡིན་པར་བཤད། དེས་ན་མཚན་གྱི་རྣམ་གྲངས་དེ་དག་གིས་བརྡ་ཅི་སྦྲོན་པ་ལས་བརྩམས་ཏེ་སློབ་དཔོན་འདིའི་ལོ་རྒྱུས་ཀྱི་མཐའ་ལ་ཅུང་ཟད་བརྟགས་ན། དཔལ་ཆེན་དགེ་བའམ་དཔལ་ཆེན་དགའ་བ་ནི་དང་པོ་འཁྲུངས་མ་ཐག་པའི་སྐབས་སུ་བྲམ་ཟེ་མཚན་མཁན་གྱིས་བཏགས། ཕ་ཁོལ་མ་ཁོལ་ཞེས་པ་ལས་ཕ་མ་གཉིས་ལ་བཀུར་བསྟི་ཆེ་བ་དང་། བདུད་རྩི་བུམ་པ་ཞེས་པ་ལས་གསོ་རིག་ལ་མཁས་པ། ཐུབ་དཀའ་ནག་པོ་ཞེས་པ་ལས་རྩོད་པ་ལ་འགྲན་ཟླ་དང་བྲལ་ཞིང་ནང་པ་རྣམས་ཕམ་པར་བྱས་པ། དཀོན་མཆོག་འབངས་ཞེས་པ་ལས་ནང་པར་ཞུགས་པ། བཙུན་པ་དཔལ་པོའམ་དཔའ་བོ་ཞེས་པ་ལས་རབ་ཏུ་བྱུང་བ་སོགས་བསམས་པར་ནུས་ལ། དེ་དག་ཏུ་སློབ་དཔོན་འདིའི་ལོ་རྒྱུས་ཀྱི་འགངས་ཀྱང་ཕལ་ཆེ་བ་འདུ་བར་བསམས། འོན་ཀྱང་འདིར་བརྗོད་པར་འོས་པ་འགའ་ཞིག་སྣང་བ་ནི། བོད་ཀྱི་མཁས་པ་རྣམས་གོང་དུ་སོང་བ་བཞིན་དཔའ་བོ་ཞེས་པའང་སློབ་དཔོན་འདིའི་མཚན་གྱི་རྣམ་གྲངས་ཤིག་ཏུ་འདོད་པས་སྐྱེས་རབས་སོ་བཞི་པའི་མཛད་པ་པོའང་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་མཛད་པ་པོ་སྟེ་སློབ་དཔོན་རྟ་དབྱངས་འདི་པ་ཡིན་པར་འདོད་མོད། ཕྱི་གླིང་དང་རྒྱ་ནག་གི་ཞིབ་འཇུག་པ(དཔེར་ན་མཁས་པ་ཅིན་ཁི་མུ་སོགས)དུ་མ་ཞིག་གིས་རྟ་དབྱངས་དང་དཔའ་བོ་གཉིས་གང་ཟག་སོ་སོ་བ་ཡིན་པར་འདོད། ཡང་རྒྱའི་བཀའ་བསྟན་ཆེན་མོའི་ཁྲོད་བཞུགས་ཤིང་ལོ་ཙཱ་བ་ཀུ་མ་ར་ཤྲཱིས་རྒྱ་ཡིག་ཏུ་བསྒྱུར་པའི《བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར》ཞེས་པར། སློབ་དཔོན་འདིས་ཆོས་གསུང་སྐབས་ཤིག་ལ། ཉིན་དྲུག་གི་བར་གཟན་བཀག་པའི་རྟ་བདུན་གྱིས་མདུན་དུ་བོར་བའི་རྩྭ་བཟང་པོའང་ཟ་རྒྱུ་མི་དྲན་པར་མཆི་མ་ཁྲུལ་ལེ་སློབ་དཔོན་གྱི་གསུང་ལ་ཉན་པར་བཤད་ཅིང་། རྟས་ཀྱང་སློབ་དཔོན་གྱི་གསུང་དབྱངས་གོ་བས་མཚན་ལ་རྟ་དབྱངས་ཐོགས་ཟེར། དེ་ལྟར་ན་རྟ་དབྱངས་ཞེས་པ་སློབ་དཔོན་འདི་ནང་པར་ཞུགས་པའི་རྗེས་སུ་བཏགས་པ་ལྟར་སྣང་མོད། དོན་དུ་བོད་ཀྱི་ཡིག་ཆར་གསལ་བ་ལྟར་རྟ་དབྱངས་ཞེས་པ་ནི་སློབ་དཔོན་འདི་ནང་པར་མ་ཞུགས་གོང་གི་མཚན་ཡིན་ངེས་ལ། “སློབ་དཔོན་འདི་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་སྐབས་སུ་མུ་སྟེགས་ཀྱི་སྟོན་པ་མཁས་པ་ཆེན་པོ་རྟ་དབྱངས་ཞེས་ཕྱོགས་ཀུན་ཏུ་གྲགས་པས། [1]ཞེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་གསུངས་པ་ལྟར་དང་། བཤད་རྒྱུན་ལའང་མུ་སྟེགས་རྟ་དབྱངས་ཞེས་མུ་སྟེགས་དང་རྟ་དབྱངས་གཉིས་ལྷན་དུ་སྦྱོར་བའི་སྐབས་ཤིན་ཏུ་མང་བ་ལས་ཀྱང་དེ་ལྟར་ཡིན་པ་དཔོག་ནུས་སྙམ། བཙུན་པ་དཔའ་བོ་ཞེས་པ་ལས་སློབ་དཔོན་འདི་ཕྱིས་སུ་ནང་པར་ཞུགས་པ་ཙམ་དུ་མ་ཟད་ཁྱིམ་སྤངས་ནས་རབ་ཏུ་བྱུང་བའང་རྟོགས་ནུས། དེས་ན་བོད་ཀྱི་ཡིག་ཆར་སློབ་དཔོན་འདི་ལ་ཆགས་ལ་མངོན་དགའ་ཞེས་པའི་སྲས་ཤིག་ཡོད་པར་བཤད་པ་ནི་སྔོན་སློབ་དཔོན་འདི་ཉིད་ནང་པར་མ་ཞུགས་གོང་ཁྱིམ་ན་གནས་པའི་ཚེ་བསྐྲུན་པ་ཡིན་པར་གོ་དགོས། མ་ཏི་ཙི་ཏྲ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དེ་བོད་སྐད་དུ་བསྒྱུར་ན་བོད་ཀྱི་ཡིག་ཆར་གསལ་བ་ལྟར་བློ་གྲོས་བཀྲ་བའི་དོན་དུ་འགྱུར་མོད། ལུའི་ཁྲིན(吕)སོགས་རྒྱ་ནག་གི་མཁས་པ་ཁ་ཅིག་གིས་དེ་མ་ཁོལ་གྱི་དོན་ཡིན་པར་བཤད་པ་དང་། ཉི་ཧོང་གི་མཁས་པ་ཚུ་རྗིས་ན་ཨོ་ཞིས་ལཱོ་ཞེས་པའི《སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས》སུ་དེ་དུརྒའི་ཁོལ་བོ་ཞེས་པའི་དོན་ཡིན་པར་བཤད་པ་སོགས་ལ་རྒྱུ་མཚན་ཅི་ཡོད་ཧ་མ་གོ་སྟེ། དུརྒ་ནི་དབང་ཕྱུག་གི་ཆུང་མ་ཨུ་མའི་རྣམ་པ་གཞན་ཞིག་གི་མིང་ངོ་། །ཉི་ཧོང་གི་མཁས་པ་འདི་དང་། རྒྱ་གར་ཆོས་འབྱུང་རྩོམ་མཁན་དབྱིན་ཇིའི་མཁས་པ་བོ་ཏིར་སོགས་ཀྱིས་རྟ་དབྱངས་དང་མ་ཏི་ཙི་ཏྲ་གང་ཟག་སོ་སོ་བར་བྱས་ཡོད་ཀྱང་རྒྱུ་མཚན་འཐད་ན་ཞིག་མ་མཐོང་། ཇོ་ནང་ཏཱ་ར་ནཱ་ཐས་ངྷརྨ་ཙནྡྲའི་ཞང་པོའི་བུ་ཝཱ་རཱ་ཎ་སཱའི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་སུ་མ་ཏི་ཙི་ཏྲ་ཕྱི་མ་ཞིག་ཀྱང་བྱོན་ཟེར། མ་ཁོལ་ཞེས་པའང་ཉུང་མཐར་གཉིས་ཡོད་དེ། རྒྱལ་པོ་གོ་བི་ཙནྡྲའི་དུས་སུ་ཁ་ཆེའི་ཡུལ་དུ་འདུལ་འཛིན་མ་ཁོལ་ཞེས་པ་ཞིག་བྱུང་ཞེས་ཇོ་ནང་པ་ཆེན་པོའི་རྒྱ་གར་ཆོས་འབྱུང་དུ་བཤད། སློབ་དཔོན་རྟ་དབྱངས་ཀྱི་སློབ་དཔོན་དང་གྲུབ་མཐའ་ནི། སྐུ་ཚེ་སྟོད་ཙམ་ལ་ཕྱི་རོལ་པའི་སློབ་དཔོན་ཆེན་པོ་ཡིན་གཤིས་ཕྱི་རོལ་པའི་སློབ་དཔོན་མང་པོ་བསྟེན་ཡོད་པ་ཐག་གིས་ཆོད་ལ། ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན་ཟེར་བས་ཡབ་སེང་གེ་གསང་བ་ཞེས་ཚེའི་རིག་བྱེད་ལ་བྱང་ཆུབ་པ་དེའང་འདི་པའི་སློབ་དཔོན་གྱི་གཙོ་བོ་ཞིག་ཡིན་པ་རྟོགས་ནུས། ཞང་སྟོན་ཞིག་པོ་དང་། ཇོ་ནང་ཏཱ་ར་ནཱ་ཐ། པཎ་ཆེན་བསྟན་པའི་ཉི་མ། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་ཀྱིས་སློབ་དཔོན་ཨཱརྱ་དེ་ཝའམ་འཕགས་པ་ལྷས་སློབ་དཔོན་རྟ་དབྱངས་འདི་ཉིད་རྩོད་པས་ཚར་བཅད་དེ་ནང་པར་བཅུག་གསུངས་པས། བོད་ཀྱི་བཤད་ལུགས་ལ་འདི་པ་ནང་པར་ཞུགས་རྗེས་སློབ་དཔོན་གྱི་གཙོ་བོ་ནི་སློབ་དཔོན་ཨཱརྱ་དེ་ཝའམ་འཕགས་པ་ལྷ་ཡིན་པར་ཡོངས་སུ་གྲགས། འོན་ཀྱང་རྒྱ་ཡིག་ཏུ་འགྱུར་བའི《བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར》ཞེས་པར་སློབ་དཔོན་རྟ་དབྱངས་རྩོད་པས་ཚར་གཅོད་མཁན་ནམ་ནང་པར་འཛུད་མཁན་ནི་འཕགས་པ་རྩིབས་ལོགས་ཡིན་པར་བཤད་ལ། ཡང་རྒྱའི་ཡིག་ཆ་གཞན་ཞིག་ཏུ་འདི་པ་ནང་པར་འཛུད་མཁན་ནི་འཕགས་པ་རྩིབས་ལོགས་ཀྱི་སློབ་མ་ཞིག་ཡིན་པར་ཡང་བཤད། རྒྱའི་བཀའ་བསྟན་ཆེན་མོའི་ཁྲོད་ན་ལོ་ཙཱ་བ་ཆེན་པོ་ཀུ་མཱ་ར་ཤྲཱིས་བསྒྱུར་པའི《བྱང་ཆུབ་སེམས་དཔའ་འཕགས་པ་ལྷའི་རྣམ་ཐར》ཞེས་པ་ཞིག་ཡོད་པ་དེ་དང་། 《ཐང་སན་ཙང་གི་ལམ་ཡིག》ཏུ་སློབ་དཔོན་ཨཱརྱ་དེ་ཝས་མུ་སྟེགས་མང་པོ་རྩོད་པས་ཚར་བཅད་པའི་ལོ་རྒྱུས་ཡོད་མོད། རང་གར་མུ་སྟེགས་པ་ཞེས་སྤྱི་བམ་པ་ཙམ་ཞིག་ལས་རྟ་དབྱངས་ཀྱི་མིང་ནི་མ་བྱུང་ངོ་། །

སློབ་དཔོན་འདི་གྲུབ་མཐའ་གང་ལ་གཏོགས་པ་ནི་སྔར་ཡང་བཤད་པ་ལྟར་སྐུ་ཚེའི་སྟོད་ལ་ཕྱི་རོལ་མུ་སྟེགས་རྟག་སྨྲ་བའི་སློབ་དཔོན་ཆེན་པོ་ཞིག་ཡིན་པར་མ་ཟད། དབང་ཕྱུག་ཆེན་པོའི་རྟེན་ལིངྒི་ཤྭ་ར་རབ་ཏུ་གྲུབ་པ་ཞེས་པའི་དྲུང་དུ་དམ་བཅའ་བརྟན་པོ་བཅས་ཏེ་ལྷ་ཆེན་དབང་ཕྱུག་བསྒྲུབས་པས་མཐར་གྲུབ་སྟེ་ཞལ་དངོས་སུ་བསྟན་ལ། སྲིང་མོ་པཎྚི་ཏ་དང་། ནེ་ཙོ་པཎྚི་ཏ་དང་། ཐོད་ལེ་ཀོར་པཎྚི་ཏ་སོགས་མངལ་སྐྱེས་གང་གིས་ཀྱང་མི་ཐུབ་པའི་དངོས་གྲུབ་ཀྱང་བསྩལ་པར་གྲགས། འོན་ཀྱང་། སློབ་དཔོན་འདི་ཕྱིས་སུ་ནང་པར་ཞུགས་ཤིང་། སྡེ་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིན། ཉེ་དུས་ཀྱི་ཞིབ་འཇུག་པ་ཁ་ཅིག་གིས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་ཡིན་པས་འདི་པ་ཐེག་པ་ཆུང་ངུའི་སློབ་དཔོན་ཞིག་ཡིན་སོགས་ཟེར་བ་ནི་ཐེག་ཆེན་སེམས་བསྐྱེད་ཀྱིས་འཇོག་པའི་གནད་མ་ཤེས་པ་ཡིན་ལ། དེ་ནི་ཕྱི་ཡི་སྤྱོད་ཚུལ་དང་ནང་གི་རྣལ་འབྱོར་གཉིས་འགལ་བར་འཛིན་པའི་འཁྲུལ་བ་སྟེ། དེ་ལྟར་ན་ཆོས་འདུལ་བ་ལས་རབ་ཏུ་བྱུང་བའི་ཐེག་ཆེན་པ་མེད་པར་ཁས་ལེན་དགོས། འདི་པ་ཐེག་པ་ཆེན་པོའི་སློབ་དཔོན་ཞིག་ཡིན་པ་ནི་བོད་དང་རྒྱའི་ཡིག་ཚང་སྔ་མ་དག་ཏུ་གསལ་བར་མ་ཟད། འདི་པས་མཛད་པའི་ཐེག་ཆེན་གྱི་གཞུང་ཇི་སྙེད་ཅིག་ཡོད་པ་ལས་ཀྱང་ཤེས་ནུས་ལ། སྨོན་ལམ་བདུན་ཅུ་པ་གཅིག་པུ་ལ་བལྟས་པས་ཀྱང་ཁོ་ཐག་ཆོད་པར་འགྱུར། འོན་ཀྱང་སློབ་དཔོན་རྟ་དབྱངས་འདི་པས་ཐེག་པ་ཆེ་ཆུང་གི་དགེ་སློང་ཀུན་ལ་ཤིན་ཏུ་སྙོམས་པར་ཕན་འདོགས་ཤིང་ཐེག་ཆེན་ཁོ་ནའི་ཁ་འཛིན་ཡང་མི་མཛད་པས་ཉན་ཐོས་རྣམས་ཀྱང་ལྷག་པར་དད་ཅིང་། ནང་པའི་སྤྱི་མི་ལྟ་བུར་གྱུར་ཏེ་ཤིན་ཏུ་གྲགས་ཆེ་བར་བཤད་པ་ནི་ངེས་པར་བདེན་སྙམ།

དེ་ལྟར་གོང་དུ་བརྗོད་པ་འདི་དག་ནི་སློབ་དཔོན་རྟ་དབྱངས་ཀྱི་ལོ་རྒྱུས་ཀྱི་གནད་འགའ་ཞིག་ལས་བརྩམས་ཏེ། ཡིག་ཆ་དུ་མ་གུང་བསྒྲིགས་ནས་ཅུང་ཟད་སྤྲོས་པ་ཡིན་ལ། ད་ནི་སློབ་དཔོན་འདི་པའི་མཛད་པ་ལས་གསུང་གི་མཛད་པའི་སྐོར་དང་། དེ་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལས་བརྩམས་ཏེ་ཅུང་ཟད་བརྗོད་པར་བྱའོ། །

དོན་ཚན་གཉིས་པ། སློབ་དཔོན་རྟ་དབྱངས་ཀྱི་གསུང་གི་མཛད་པ་དང་བོད་ཀྱི་རྩོམ་རིག

སློབ་དཔོན་རྟ་དབྱངས་ནི་གནའ་བོའི་རྒྱ་གར་གྱི་བསྟན་བཅོས་རྩོམ་པ་ལ་མཆོག་ཏུ་མཁས་པའི་སློབ་དཔོན་ཆེན་མོ་ཞིག་ཡིན་པས། ཁོང་གིས་གསོ་བ་རིག་པ་དང་། ནང་དོན་རིག་པ་དང་། སྙན་ངག་ལ་སོགས་པའི་བསྟན་བཅོས་རྨད་དུ་བྱུང་བ་མང་པོ་མཛད་ཡོད་ཅིང་། ལྷག་པར་ཁོང་གི་སྙན་ངག་གི་བསྟན་བཅོས་ངོ་མཚར་བ་རྣམས་ལ་སྤྱིར་འཛམ་གླིང་ཧྲིལ་བོ་དང་། སྒོས་སུ་རྒྱ་གར་དང་། བོད་དང་། རྒྱ་ནག་སོགས་སུ་འགྲོ་དོན་དང་གདུལ་བྱ་ཤིན་ཏུ་ཆེ་བས། ཁོང་གིས་རྒྱ་གར་དང་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་བཟུང་ཡོད།

དེ་ཡང་སློབ་དཔོན་རྟ་དབྱངས་ཞེས་སྙན་གྲགས་ཤིན་ཏུ་ཆེ་བའི་མཁས་པ་ཆེན་པོ་འདིས་མཁས་པའི་བྱ་བ་རྣམ་གསུམ་གྱི་སྒོ་ནས་མཛད་འཕྲིན་ཅི་རིགས་ཤིག་བསྐྱངས་པ་ལས་འཆད་པའི་སྒོ་ནས་མཛད་འཕྲིན་ཅི་བསྐྱངས་ནི་ལོ་རྒྱུས་ཀྱི་ཡི་གེ་དག་ཏུ་བཀོད་པ་མ་མཐོང་ཡང་། སྔར་ཕྱི་རོལ་པ་ཡིན་དུས་དང་ཕྱིས་ནང་པ་ལ་ཞུགས་པའི་སྐབས་གང་ཡིན་ཡང་གཞུང་ཁྲིད་སོགས་གནང་ནས་སློབ་མ་མང་པོ་བསྐྱངས་ཡོད་པ་རྗེས་སུ་དཔོག་ནུས་ཏེ། སྐུའི་ཚ་བོ་ཁ་ཆེ་ཟླ་བ་མངོན་དགའ་ལྟ་བུའང་སློབ་དཔོན་འདི་ཉིད་ཀྱིས་འཆད་པའི་སྒོ་ནས་བསྐྱངས་པའི་སློབ་མའི་གཙོ་བོ་ཞིག་ཡིན་པ་ལ་ཐེ་ཚོམ་ཅི་ཡང་མི་དགོས་སྙམ། རྩོད་པ་ལ་འགྲན་ཟླ་མེད་པ་ནི་རྟོག་གེ་ལ་ཤིན་ཏུ་བྱང་བར་གྱུར་ཏེ། ལྷ་དབང་ཕྱུག་ཆེན་པོས་དངོས་སུ་ལུང་སྟོན་པར་བྱེད་པ་དང་། རྩོད་པའི་སྙེམས་པ་དང་བཅས་ཏེ་ཨོ་ཊི་བི་ཤ་དང་། གོོ་ར་དང་། ཏི་ར་ཧུ་ཏི་དང་། ཀྭ་མ་རཱུ་པ་ལ་སོགས་པའི་ཡུལ་རྣམས་སུ་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ། འགའ་ཞིག་ནི་མུ་སྟེགས་ལ་བཀོད། འགའ་ཞིག་གི་མངའ་ཐང་ཕྲོགས་ཤིང་། ཁ་ཅིག་ནི་མུ་སྟེགས་ལ་ཕྱག་འཚལ་དུ་གཞུག་པ་སོགས་དམའ་དབབ་པར་བྱས་ཟེར་བ་ལྟར་ལ། ལྷ་ཆེན་དབང་ཕྱུག་གིས་འདི་པར་མངལ་སྐྱེས་གང་གིས་ཀྱང་མི་ཐུབ་པའི་དངོས་གྲུབ་བསྩལ་ཅེས་པའང་དོན་དུ་སློབ་དཔོན་ཨཱརྱ་དེ་ཝ་མ་གཏོགས་སའི་སྟེང་ན་འདི་ལ་རྩོད་པའི་དོ་ཕེར་བ་མེད་པའི་བརྡ་ཡིན། ནང་པར་ཞུགས་རྗེས་རྩོད་པའི་སྒོ་ནས་ཕས་རྒོལ་ཚར་གཅོད་པ་དང་རང་སྡེ་རིགས་པས་སྐྱོང་བ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་སྨན་པའི་བྱ་བ་མཛད་ཡོད་ངེས་མོད། དེའི་སྐོར་ཡང་ལོ་རྒྱུས་ཀྱི་ཡི་གེར་མ་མཐོང་། སློབ་དཔོན་རྟ་དབྱངས་ཀྱི་གསུང་གི་མཛད་པ་ལས་འཆད་རྩོད་གཉིས་ནི་དེ་ལྟར་ཡིན་ལ། འདིར་གཙོ་བོ་བསྟན་བཅོས་མཛད་པའི་སྐོར་རམ་རྩོམ་པའི་མཛད་འཕྲིན་གྱི་སྐོར་དང་དེ་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ཅུང་ཟད་བཤད་ན། བོད་ཀྱི་ཡིག་ཆ་ལས་སློབ་དཔོན་རྟ་དབྱངས་ཀྱིས་སློབ་དཔོན་ཨཱརྱ་དེ་ཝ་དང་བརྩད་ནས་ཕམ་སྟེ། ནང་པའི་མདོ་རྒྱུད་བསྟན་བཅོས་ཁྱད་པར་ཅན་རྣམས་ལ་བལྟས་པས། རང་གིས་ལྟ་བ་ལོག་པར་སྤྱད་པ་ནོར་བ་དང་། རྒྱུ་འབྲས་ཁྱད་བསད་ཀྱིས་དམྱལ་བར་སྐྱེ་བར་གོ་ནས་རང་གི་བྱ་བ་མ་ཡིན་པ་ལ་འགྱོད་པའི་སྐབས་ཤིག་རྨ་ལམ་དུ་རྗེ་བཙུན་སྒྲོལ་མས་ལུང་བསྟན་ཏེ། སྔར་བྱས་ལ་འགྱོད་ཀྱང་སྡིག་པ་མི་འབྱང་། ད་ནང་པར་ཞུགས་ནས་ལས་རྒྱུ་འབྲས་སྟོན་པའི་བསྟན་བཅོས་བརྩམས་ན་སྡིག་པ་འདག་གོ་གསུངས་པ་བཞིན་སློབ་དཔོན་རྟ་དབྱངས་ཀྱིས་སྒོ་གསུམ་གྱི་སྡིག་བཤགས་སུ་བསྟན་བཅོས་མང་དུ་མཛད་པར་བཤད་པ་ལྟར། སློབ་དཔོན་འདིས་བསྟན་བཅོས་མང་དུ་བརྩམས་ཏེ་ཕྱི་རབས་ཀྱི་སྐྱེ་བོ་དག་ལ་ཡིད་ཀྱི་གསོས་སྨན་དུ་བསྩལ་པས། གསུང་གི་འཕྲིན་ལས་ཀྱི་འཇུག་པ་ནི་ད་ལྟའི་བར་ཡང་རྒྱུན་མ་ཆད་པར་སྣང་།

བསྟན་འགྱུར་གྱི་ཁྲོད་དུ་སྦྱར་བྱང་ལ་འདི་པའི་མཚན་གྱི་རྣམ་གྲངས་མི་འདྲ་བ་དག་བཀོད་པའི་བརྩམས་ཆོས་མང་པོ་ཞིག་བཞུགས་པ་དེ་དག་གཙོར་བྱས་པའི་འདི་པའི་བརྩམས་ཆོས་རྣམས་ནི། བརྗོད་བྱའི་ཆ་ནས་བལྟས་ན་གཙོ་བོ་ཁག་གསུམ་དུ་འདུ་སྟེ། ལུས་ཀྱི་སྡིག་བཤགས་སུ་བརྩམས་པར་གྲགས་པའི་གསོ་རིག་གི་བསྟན་བཅོས་རྣམས་དང་། ཡིད་ཀྱི་སྡིག་བཤགས་སུ་བརྩམས་པར་གྲགས་པའི་ནང་རིག་པའི་བསྟན་བཅོས་རྣམས་དང་། ངག་གི་སྡིག་བཤགས་སུ་བརྩམས་པར་གྲགས་པའི་སྐྱེས་རབས་དང་རྣམ་ཐར་དང་བསྟོད་པ་རྣམས་སོ། །འདིར་དེ་དག་ལས་གཙོ་ཆེ་བ་འགའ་ཞིག་ཅུང་ཟད་བཤད་ན། དང་པོ་སློབ་དཔོན་འདི་པས་མཛད་པའི་གསོ་རིག་གི་བསྟན་བཅོས་རྣམས་ལས་གྲགས་ཆེ་བ་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་པ་སྟེ། གནས་དྲུག་དང་ལེའུ་བརྒྱ་ཉི་ཤུའི་བདག་ཉིད་ཅན་ཞིག་གོ ། གནས་དྲུག་གི་དང་པོ་མདོ་གནས་ལ་ལེའུ་སུམ་ཅུ་དང་། གཉིས་པ་ལུས་གནས་ལ་ལེའུ་དྲུག གསུམ་པ་ནད་ཀྱི་གནས་ལ་ལེའུ་བཅུ་དྲུག བཞི་པ་གསོ་བའི་གནས་ལ་ལེའུ་ཉེར་གཉིས། ལྔ་པ་ཆོ་ག་གྲུབ་པའི་གནས་ལ་ལེའུ་དྲུག དྲུག་པ་ཕྱི་མའི་གནས་ལ་ལེའུ་བཞི་བཅུ་བཅས་ཡོད། གཞུང་འདིར་གསོ་རིག་གི་བརྗོད་བྱ་གཙོ་བོ་གསོ་བྱ་ཡན་ལག་བརྒྱད་ཀྱི་དོན་རྣམས་དང་། ཟས་སྤྱོད་སྨན་དཔྱད་བཞི་སྟེ་གསོ་བར་བྱེད་པའི་ཐབས་རྣམས་ཀྱང་རྫོགས་པར་བསྟན་ཡོད་པར་མ་ཟད། ནད་ཀྱི་ངོ་བོ་དང་། སྨན་པ། ནད་པ། ནད་གཡོག་སོགས་གཞུང་དོན་དང་ཉེ་བར་འབྲེལ་བའི་སྐོར་རྣམས་ཀྱང་ཞིབ་ཏུ་བསྟན་ཡོད་པས། འདི་ནི་བརྗོད་བྱ་ཕུན་སུམ་ཚོགས་ཤིང་དོན་གྱི་ལྷུ་ལག་ཆ་ཚང་བའི་གནའ་བོའི་གསོ་རིག་གི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡིན་ལ། འཛམ་གླིང་གསོ་རིག་ལོ་རྒྱུས་ཀྱི་སྟེང་དུ་གོ་གནས་གལ་ཆེན་བཟུང་ཡོད།

སློབ་དཔོན་རྟ་དབྱངས་ཀྱིས་གཞུང་འདི་རྩོམ་སྐབས། “ས་གསུམ་དགེ་ལེགས་འགྱུར་བ་ཡི། །དགེ་བའི་ལྟས་ནི་སྣ་ཚོགས་བྱུང་། །”ཞེས་ས་འོག་ཀླུའི་ཡུལ་དང་། ས་བླ་ལྷའི་ཡུལ། ས་སྟེང་མིའི་ཡུལ་གསུམ་དུ་ཨུཏྤལའི་ཆར་འབབ་པ། དུག་གི་མེ་ཏོག་རྙིངས་པ། ལུས་འཕགས་ཀྱི་རྒྱལ་པོ་ནོར་འཛིན་དམུས་ལོང་ལ་མིག་བྱུང་བ་སོགས་རྩོམ་པའི་རྣམ་འཕྲུལ་བ་བརྒྱད་བྱུང་བར་བཤད་པ་དང་། སྔོན་གྱི་གསོ་བ་རིག་པའི་མཁས་པ་ཆེན་པོ་དག་གིས་འདི་ནི་སྨན་དཔྱད་ཀྱི་སྲོག་ལྟ་བུའི་བསྟན་བཅོས་སུ་བསྔགས་པ་ནི་དོན་ལ་གནས་སོ། །དེ་ལྟ་བུའི་གསོ་རིག་གི་བསྟན་བཅོས་ཆེན་པོ་དེ་ནི་དུས་རབས་བཅུ་གཅིག་པར་རྒྱ་གར་གྱི་མཁན་པོ་ཛ་རནྡྷ་ར་དང་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་ཅིང་། སྡེ་དགེའི་བསྟན་འགྱུར་པོད་ཧེ་པའི་གསོ་བ་རིག་པའི་བསྟན་བཅོས་རྣམ་བདུན་གྱི་གྲས་སུ་བཞུགས། བསྟན་བཅོས་དེའི་རང་འགྲེལ་དུ་གྲགས་པའི་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་པ་དང་། སྐུའི་ཚ་བོ་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་བ་ཚིག་དོན་ཟླ་ཟེར་ཞེས་པ། ཡང་དེས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་བསྟན་པའི་སྨན་གྱི་མིང་གི་རྣམ་གྲངས་ཚིག་དོན་སྒྲ་སྦྱོར་ངེས་པ་བཅས་ཀྱང་བོད་སྐད་དུ་འགྱུར་ཡོད་ཅིང་། བསྟན་འགྱུར་དུ་བསྡུས་ཡོད། སློབ་དཔོན་རྟ་དབྱངས་ཀྱིས་གོང་དུ་བསྟན་པའི་གསོ་རིག་གི་བསྟན་བཅོས་དེ་གཉིས་ལས་གཞན་ད་དུང་ཡན་ལག་བརྒྱད་པ་ཆེན་པོ་ཞེས་པ་དང་། ཡན་ལག་བརྒྱད་པ་ལ་འཇུག་པ་ཞེས་པ་གཉིས་ཀྱང་མཛད་པར་བཤད་མོད། བོད་སྐད་དུ་མ་འགྱུར་བ་འདྲ་སྟེ། བསྟན་འགྱུར་གྱི་གསོ་བ་རིག་པའི་བསྟན་བཅོས་རྣམ་བདུན་གྱི་གྲས་སུ་མི་བཞུགས་ལ། གསར་བཅུག་མདོ་དང་རིག་གནས་ལ་སོགས་པའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར་ནའང་མེད་དོ། །བསྟན་འགྱུར་དུ་བསྡུས་པའི་གསོ་བ་རིག་པའི་བསྟན་བཅོས་རྣམ་བདུན་ལས་ལྔ་ནི་སློབ་དཔོན་རྟ་དབྱངས་ཀྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་འགྲེལ་བ་དང་བཅས་པའི་སྐོར་ཡིན་ལ། གཞན་གཉིས་ནི་སློབ་དཔོན་ཀླུ་སྒྲུབ་གྱིས་མཛད་པའི་སྦྱོར་བ་བརྒྱ་པ་དང་། སྨན་དཔྱད་འཚོ་བའི་མདོ་ཞེས་པའོ། །རང་རེའི་གསོ་རིག་རྒྱུད་བཞིའང་ཁུངས་གཏུགས་ས་ནི་ཀླུ་སྒྲུབ་རྟ་དབྱངས་རྗེས་འབྲང་དང་བཅས་པ་སྟེ། རྒྱ་གར་གྱི་སློབ་དཔོན་ཆེན་མོ་དེ་དག་གི་གཞུང་ཡིན་པ་ནི་བན་དུ་མེད་དོ། །དེས་ན་འབུམ་བཞི་ཟེར་བའི་ཁུངས་རྒྱུད་བཞི་ལ་ཐུག་འདུག་པ་དང་། རྒྱུད་བཞིའི་ཁུངས་རྒྱ་གར་གྱི་གཞུང་དེ་དག་ལ་ཐུག་འདུག་པས། མེས་ཡིན་མདོག་གི་བརྩམས་ཆོས་དེ་དོན་དུ་ཚ་བོའམ་ཡང་ཚའི་བརྩམས་ཆོས་ཤིག་ཏུ་གྱུར་ཡོད་པ་ནི་དངོས་པོའི་གནས་ཚུལ་ངོ་མའོ། །

གནའ་བོའི་རྒྱ་གར་དུ་ཙ་ར་ཀའི་གསོ་དཔྱད་བསྡུས་པ་དང་། ལེགས་ཐོས་ཀྱི་གསོ་དཔྱད་བསྡུས་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་གསུམ་ག་ནི་ཨ་ཡུརྦེ་དའམ་ཚེའི་རིག་བྱེད་ཀྱི་གཞུང་མཆོག་ཏུ་གྱུར་པ་གསུམ་དང་། དེ་དག་གི་མཛད་པ་པོ་ཙ་ར་ཀ་དང་། ལེགས་ཐོས་དང་། རྟ་དབྱངས་གསུམ་ནི་གནའ་བོའི་ཚེའི་རིག་བྱེད་ཀྱི་འཕགས་པའི་ལྷ་རྗེ་གསུམ་དུ་བརྩི། འོན་ཀྱང་ཉི་ཧོང་གི་མཁས་པ་ཡ་ནོ་མིས་ཆིས་ཨོ(矢野道雄)ཟེར་བས་བརྩམས་པའི་རྒྱ་གར་གྱི་གསོ་རིག་སྤྱི་བཤད་ཅེས་པར་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་མཛད་པ་པོ་ནི་སློབ་དཔོན་རྟ་དབྱངས་མིན་པར་བཤད་ཡོད།

སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ནང་རིག་པའི་བསྟན་བཅོས་ཀྱི་སྐོར་ནི་སྡེ་དགེའི་བསྟན་འགྱུར་གཞིར་བྱས་ན། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས་པོད་ཟི་པར་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བསྡུས་པ་དང་། ལྟུང་བ་སྦོམ་པོ་བསྡུས་པ་ཞེས་བྱ་བ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྤྱིའི་དགོངས་འགྲེལ་དུ་གཏོགས་པའི་བསྟན་བཅོས་དང་། པོད་ཚུ་པར་བླ་མ་ལྔ་བཅུ་པ་ཞེས་རྒྱུད་སྡེ་བཞིའི་རྣམ་གཞག་དང་དམ་ཚིག་སོགས་སྟོན་པར་གཏོགས་པའི་བསྟན་བཅོས། རྒྱུ་མཚན་ཉིད་ཐེག་པའི་ཆོས་སྐོར་ལས། པོད་ཕ་པར་འཕགས་པ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པའི་བསྟན་བཅོས་དང་། པོད་ཀི་པར་ཀུན་རྫོབ་བྱང་ཆུབ་གྱི་སེམས་བསྒོམ་པའི་མན་ངག་པདྨ་སྤུངས་པ་ཞེས་བྱ་བ་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་དང་། པོད་ཁི་པར་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ཞེས་བྱ་བ་སྟེ། ཤེར་ཕྱིན་གྱི་དགོངས་འགྲེལ་དབུ་མའི་སྐོར་དུ་གཏོགས་པའི་བསྟན་བཅོས། པོད་བི་པར་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་རྒྱ་ཆེར་བཤད་པ་ཞེས་བྱ་བ་སེམས་ཙམ་པའི་ལྟ་བ་གཏན་ལ་འབེབས་པའི་བསྟན་བཅོས། པོད་དུ་པ་དང་ནུ་པར་སོ་སོར་ཐར་པའི་མདོའི་གཞུང་འགྲེལ་སྟོད་སྨད་གཉིས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པ་འདུལ་བའི་སྡེ་སྣོད་ཀྱི་དགོངས་འགྲེལ་དུ་གཏོགས་པའི་བསྟན་བཅོས་བཅས་དང་། གཞན་ཡང་སྨོན་ལམ་བདུན་ཅུ་པ་ཞེས་བསྔོ་སྨོན་དང་བཀྲ་ཤིས་སུ་གཏོགས་པའི་བསྟན་བཅོས་སོགས་བཞུགས།

སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ནང་རིག་པའི་བསྟན་བཅོས་དེ་དག་ལས། བོད་དུ་ཀུན་ལ་རྒྱུས་དང་འཕྲིན་ལས་ཆེ་བ་ནི། བླ་མ་ལྔ་བཅུ་པ་དང་སྨོན་ལམ་བདུན་ཅུ་པ་གཉིས་ཡིན་པར་འདོད་དེ། བླ་མ་ལྔ་བཅུ་པ་ནི་སློབ་དཔོན་རྟ་དབྱངས་ཀྱིས་སློབ་དཔོན་འཕགས་པ་ལྷ་ལ་ཆོས་ཐོག་མར་ཉན་པའི་སྐབས་ལག་པ་གཉིས་ཀྱིས་རྐང་པ་ཡ་གཅིག་གི་པུས་མོ་བསྡམས་ནས་ཆོས་ཉན་པ་ན། འཕགས་པ་ལྷས་ཁྱོད་ནད་པ་ཡིན་ནམ་ཞེས་བཀའ་བཀྱོན་གནང་བ་ལ་བརྟེན་ནས། སློབ་དཔོན་རྟ་དབྱངས་ཀྱིས་བླ་མ་ལྔ་བཅུ་པ་གསུངས་པར་གྲགས་ཤིང་། བླ་མ་ལྔ་བཅུ་པ་ལས་རང་ལ་གསང་སྔགས་ཀྱི་དབང་སྐུར་མཁན་རྡོ་རྗེ་སློབ་དཔོན་ཇི་ལྟར་བསྟེན་ཚུལ་ཞིབ་ཏུ་བཤད་ཡོད་པས། འདི་ནི་བོད་ཀྱི་བླ་མ་བསྟེན་ཚུལ་གྱི་གཞུང་ལུགས་གལ་ཆེན་ཞིག་དང་། བོད་ཀྱི་བླ་མ་བསྟེན་ཚུལ་གྱི་བསམ་བློའི་ཁུངས་བཅོལ་ས་གཙོ་བོ་ཞིག་ཡིན་ཏེ། རྗེ་ཙོང་ཁ་པས་ཀྱང་བྱང་ཆུབ་ལམ་རིམ་ཆེན་མོའི་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་སུ་བསྟན་བཅོས་འདི་ལས་ལུང་འདྲེན་ཐེངས་དུ་མར་མཛད་འདུག་ལ། ཁོང་གིས་འདི་ལ་བླ་མ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང་ཞེས་པའི་འགྲེལ་བ་ཞིག་ཀྱང་མཛད་ཡོད་པ་གསུང་འབུམ་པོད་ཀ་པར་བཞུགས། འདི་རྒྱ་ཡིག་ཏུའང་བསྒྱུར་ཡོད་ཅིང་། རྒྱའི་བཀའ་བསྟན་ཆེན་མོར་བཞུགས། སྨོན་ལམ་བདུན་ཅུ་པ་ནི། ལོ་རྒྱུས་ཁ་ཅིག་ལས་སློབ་དཔོན་རྟ་དབྱངས་ཀྱིས་བྱང་ཆུབ་སེམས་དཔས་སྟག་མོ་ལ་ལུས་བྱིན་པ་སོགས་ནི་རྐྱེན་ཉེ་བར་དམིགས་ན་བདག་གིས་ཀྱང་ནུས་པས། དེ་ཙམ་བྱ་དཀའ་བའི་མཛད་པ་མ་ཡིན་སྙམ་དུ་དགོངས་པ་ན། ནམ་ཞིག་བྱང་ཆུབ་སེམས་དཔའི་སྐྱེས་རབས་སུ་བྱུང་བ་དེ་ཁོ་ན་དང་འདྲ་བའི་སྟག་མོ་ཕྲུ་གུ་འབྲངས་པ་བཀྲེས་པས་ཉེན་པ་གཟིགས་ནས་ལུས་སྦྱིན་པར་བརྩམས་པ་ན་ཅུང་ཟད་མི་ནུས་པ་ལྟར་འདུག་པས་སངས་རྒྱས་ལ་ལྷག་པར་ཡང་དད་པ་སྐྱེས་ཏེ། སྨོན་ལམ་བདུན་ཅུ་པ་རང་གི་ཁྲག་གིས་བྲིས་ཤིང་། སྟག་རྣམས་ལ་དང་པོ་ཁྲག་བླུད་དེ་ཅུང་ཟད་ལུས་ཉམས་སྟོབས་རྒྱས་པ་ན་རང་གི་སྐུ་ལུས་བྱིན་ནོ་ཞེས་ཟེར་རོ། །རྒྱ་གར་དུ་མཛད་པ་པོས་ཁྲག་གིས་བྲིས་ཟེར་བའི་བསྟན་བཅོས་ཇི་སྙེད་ཅིག་མཆིས་པ་ནི། རྒྱ་གར་ལ་སྔོན་དེ་འདྲའི་ཡུལ་སྲོལ་ཡོད་ངེས་པས་ལ་ལ་ཞིག་ལོ་རྒྱུས་དངོས་ཡིན་པར་གོར་མ་ཆག་ལ། ཡང་ཁ་ཤས་ནི་དེ་ལྟར་ཡིན་པའི་ངེས་པ་མ་མཆིས་མོད། ཤིན་ཏུ་རྩ་འགངས་ཆེ་བའི་བསྟན་བཅོས་ཡིན་པའི་བརྡ་ཞིག་ནི་ངེས་པར་སྦྲོན་གྱིན་ཡོད་དོ། །བསྟན་བཅོས་འདི་ནི་ཇི་སྐད་དུ་འདི་ཉིད་ལས། “བདག་གི་ཤ་ཞིག་སློང་བ་མཆིས་ན་ཡང་། །བྲོད་ལ་འཛུམ་པའི་མིག་གིས་བསྩལ་བར་བགྱི། །བདག་གི་རྐང་ལ་སོགས་པ་རྟག་ཏུ་ཡང་། །ལུས་ཅན་རྣམས་ཀྱི་དོན་དུ་གཏོང་བར་ཤོག ། ”ཅེས་གསུངས་པ་ལྟར་སློབ་དཔོན་རྟ་དབྱངས་ཀྱིས་སྙིང་རྗེས་གདུངས་པའི་ཡིད་ཀྱིས་འགྲོ་བའི་དོན་སྒྲུབ་པའི་སྨོན་ལམ་དུ་མཛད་པའོ། །སྨོན་ལམ་འདི་ནི་ཐེག་པ་མཆོག་གི་ལམ་གྱི་ལུས་ཚང་ཞིང་། ལྷག་པར་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བ་ལ་ཤིན་ཏུ་བསྔགས་པ་བྱིན་རླབས་ཀྱི་བཀའ་བབ་ཆེ་བ་ཞིག་སྟེ། དཔལ་ལྷ་གཅིག་དི་པཾ་ཀ་ར་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་གཉིས་ཀྱང་སྨོན་ལམ་བདུན་ཅུ་པ་འདི་རྒྱུན་དུ་ཞལ་འདོན་མཛད་ཅིང་། བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་རྣམས་ཀྱིས་སྨོན་ལམ་འདི་ཁ་ཏོན་དུ་བྱ་དགོས་སོ་ཞེས་འདོམས་པར་མཛད་དོ། །

རྒྱའི་བཀའ་བསྟན་ཆེན་མོར་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པར་བཤད་པའི་ནང་རིག་པའི་བསྟན་བཅོས་བཅུ་ག་ཡོད་ཅིང་། དེ་དག་ལས་གྲགས་ཆེ་བ་ནི་ཐེག་པ་ཆེན་པོར་དད་པ་སྐྱེད་བའི་རིམ་པ་བསྟན་པ(《大乘起信论》)ཞེས་པ་དེ་ཡིན། འོན་ཀྱང་འདིའི་མཛད་པ་པོ་སློབ་དཔོན་རྟ་དབྱངས་ཡིན་མིན་ལ་སྔར་ནས་འདོད་ལུགས་མི་མཐུན་པ་དུ་མ་ཡོད་ཅིང་། ལོ་ཙཱ་བ་ཀུ་མཱ་ར་ཤྲཱིས་རྒྱ་ཡིག་ཏུ་བསྒྱུར་པའི་བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར་དུ་སློབ་དཔོན་འདིས་བསྟན་བཅོས་ཅི་མཛད་ནི་ཅུང་ཟད་ཀྱང་གླེང་མེད་དོ། །

གསུམ་པ་སློབ་དཔོན་རྟ་དབྱངས་ཀྱིས་སྙན་ངག་གི་ལམ་ནས་མཛད་པའི་སྐྱེས་རབས་དང་། རྣམ་ཐར་དང་། བསྟོད་པའི་སྐོར་དང་བོད་ཀྱི་རྩོམ་རིག་བཤད་པ་ལ། སྡེ་དགེའི་བསྟན་འགྱུར་གཞིར་བྱས་ན། སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་གླེགས་བམ་ལྔ་དང་ཆོས་ཚན་བརྒྱད་བཞུགས་པ་ལས་འདི་པས་མཛད་པ་སྐྱེས་རབས་སོ་བཞི་པ་དང་། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་པ་བཅས་བསྟན་བཅོས་གསུམ་དང་། བསྟོད་ཚོགས་ཀྱི་ཆོས་སྐོར་གླེགས་བམ་གཅིག་དང་ཆོས་ཚན་བདུན་ཅུ་རྩ་བཞི་བཞུགས་པ་ལས་འདི་པས་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་ཞེས་བྱ་བ་དང་། སངས་རྒྱས་བཅོམ་ལྡན་འདས་ལ་བསྔགས་པར་འོས་པ་བསྔགས་པ་ལེའུ་བཅུ་གསུམ་པ། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ། གཅིག་ལས་འཕྲོས་པའི་བསྟོད་པ། བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ། དཀོན་མཆོག་གསུམ་གྱི་བསྟོད་པ། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ། གཎྜིའི་བསྟོད་པ་ཚིགས་སུ་བཅད་པ། སྤེལ་མར་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པ་བཅས་སོ། །

སྙན་ངག་གི་ལམ་ནས་མཛད་པའི་བསྟན་བཅོས་དེ་དག་ལས་སྐྱེས་པའི་རབས་ཀྱི་རྒྱུད་དམ་སྐྱེས་རབས་སོ་བཞི་པ་ནི་སློབ་དཔོན་རྟ་དབྱངས་ཀྱིས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཚེ་སྔ་མའི་མཛད་པ་གདུལ་བྱའི་ཉམས་ལེན་དུ་སྦྱར་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་སྟོན་པའི་སྐྱེས་རབས་བརྒྱ་དང་བརྒྱད་འབྲི་བར་དགོངས་ཏེ། མདོ་ལ་སོགས་པའི་གླེགས་བམ་ན་བཞུགས་པ་ཁོ་ན་ལ་མ་ལྟོས་པར་མཁན་པོ་དང་སློབ་དཔོན་དག་གི་སྙན་ནས་སྙན་དུ་བརྒྱུད་པའི་སྐྱེས་རབས་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱར་ཏེ་བརྩམས་པ་ལས། སྟག་མོའི་སྐྱེས་པའི་རབས་ནས་བྱ་ཤིང་རྟ་མོའི་སྐྱེས་པའི་རབས་ཀྱི་བར་ཏེ། སུམ་ཅུ་རྩ་བཞི་མཛད་ཟིན་པ་ན་སྐུ་འདས་ཏེ་རྩོམ་འཕྲོར་ལུས་པར་གྲགས། དེ་ལ་སྦྱིན་པའི་སྐྱེས་རབས་བཅུ་ཚན་གཅིག་དང་། ཚུལ་ཁྲིམས་ཀྱི་བཅུ་ཚན་གཅིག བཟོད་པའི་བཅུ་ཚན་གཅིགབརྩོན་འགྲུས་ཀྱི་བཞི་ཚན་གཅིག་སྟེ། ཁྱོན་བཅུ་ཚན་གསུམ་དང་བཞི་ཚན་གཅིག་གོ ། ཐེག་པ་ཆེན་པོའི་བསྟན་བཅོས་འདི་ནི་བོད་དུ་གདུལ་བྱ་དང་འཕྲིན་ལས་ཤིན་ཏུ་ཆེ་བ་ཞིག་སྟེ། བཀའ་གདམས་པའི་གྲུབ་མཐའི་བཀའ་གདམས་གཞུང་དྲུག་ཅེས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་གི་ཁུངས་སུ་མཛད་པའི་གཞུང་དྲུག་ལས་སྐྱེས་ཚོམས་གཉིས་ཞེས་པའི་སྐྱེས་རབས་ནི་སྐྱེས་རབས་སོ་བཞི་པ་འདི་ཡིན་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་གདུལ་བྱའི་ཉམས་ལེན་གྱི་རིམ་པར་བསྒྲིགས་ཏེ་ལམ་གྱི་གྲངས་དང་། གོ་རིམ། ལམ་སོ་སོའི་ངོ་བོ་རྣམས་དྲི་མ་མེད་པའི་རིགས་ལམ་ནས་དྲངས་ཏེ་གཏན་ལ་འབེབས་པའི་གཞུང་གི་མཆོག་ཏུ་བརྩིས་ཏེ་འཆད་ཉན་གྱི་མཐིལ་དུ་འཛིན། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་གསུམ་གའི་སྐབས་སུ་མན་ངག་གི་གནད་རྣམས་སྟོན་པ་ལ་གཞུང་འདི་ཉིད་གལ་ཆེ་བར་འཛིན་ཅིང་། ལམ་རིམ་ཆེན་མོའི་གདམས་པ་སྟོན་པའི་སྔོན་འགྲོ་ལས་ཆོས་ཐོས་པའི་ཕན་ཡོན་བསམ་པའི་སྐབས་སོགས་སུ་སྐྱེས་རབས་འདིའི་ཟླ་བར་སྐྱེས་པའི་རབས་སོགས་ལས་ལུང་འདྲེན་མང་དུ་གནང་འདུག དུས་ཁྱད་པར་ཅན་ལ་སྨོན་ལམ་གང་བཏབ་བརྒྱ་སྟོང་འབུམ་འགྱུར་འགྲོ་བས་སྔོན་གྱི་དམ་པ་དག་ལ་སྤྱིར་དུས་ཆེན་རྣམས་ལ་སྐྱེས་རབས་འཆད་པའི་སྲོལ་ཡོད་ཅིང་། ཁྱད་པར་རྗེ་ཙོང་ཁ་པ་ཆེན་པོས་ཆོ་འཕྲུལ་གྱི་དུས་སྐྱེས་རབས་འཆད་པའི་སྲོལ་བཙུགས་པ་ནས་བཟུང་ད་ལྟའི་བར་དམ་པ་གོང་མ་རྣམས་ཀྱི་མཛད་རྒྱུན་དེ་མ་ཉམས་པར་གནས། [2]སྤྱིར་རྒྱལ་སྲས་སེངྒེ་ཞབས་འབྲང་བའི་སྐྱེས་རབས་སོ་ལྔ་པ་དང་། ཆོས་རྒྱལ་དགེ་བའི་དབང་པོའི་དཔག་བསམ་འཁྲི་ཤིང་ནི་མཐའ་གཅིག་ཏུ་སྐྱེས་རབས་ཁོ་ན་མིན་ཡང་ཡལ་འདབ་ཕལ་ཆེར་གྱིས་སྐྱེས་རབས་སྟོན་པ་ལྟ་བུ་ཡོད་ཀྱང་དམ་པ་གོང་མ་རྣམས་ཀྱིས་དཔལ་ལྡན་དཔའ་བོའི་སྐྱེས་རབས་སོ་བཞི་པ་འདི་འཆད་པར་མཛད། [3]ཅེས་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་གསུངས། གཞན་ཡང་བོད་དུ་གྲུབ་མཐའ་སོ་སོའི་མཁས་པ་སྔ་མ་རྣམས་ཀྱིས་སྙན་ངག་ལ་ཐོས་པ་བྱེད་པའི་སྐབས་སུ་གཞུང་མེ་ལོང་མའི་ཁྲིད་ཀྱི་ཞར་ལ། སྐྱེས་རབས་སོ་བཞི་པ་འདི་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སོགས་ལའང་ངེས་པར་གཟིགས་རྟོག་མཛད་པའི་ཕྱག་སྲོལ་ཆགས་ཡོད།

དེ་ལྟ་བུའི་སྐྱེས་རབས་དེ་ནི་སྡེ་དགེ་བསྟན་འགྱུར་གྱི་སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་གྱི་པོད་ཧུ་པ་ལ་བཞུགས་ཤིང་། འདི་ལ་འགྱུར་སྔ་ཕྱི་གཉིས་བྱུང་བའི་སྔ་མ་ནི་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་མ་མཉྫུ་ཤྲཱི་ཝརྨ་སྟེ་འཇམ་དཔལ་གོ་ཆ་གཉིས་ཀྱིས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར། དེ་ནི་བོད་ཀྱི་བཙན་པོ་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་བྱུང་བ་ཡིན་ཏེ། ལོ་ཙཱ་བ་འཇམ་དཔལ་གོ་ཆ་ནི་སྒྲ་སྦྱོར་བམ་གཉིས་སུ་བཀས་བཅད་གཉིས་པའི་དུས་ཀྱི་ལོ་ཙཱ་བའི་གྲས་སུ་བགྲངས་འདུག འགྱུར་ཕྱི་མ་ནི་དུས་ཕྱིས་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དང་། བློ་གྲོས་དཔལ་བཟང་གཉིས་ཀྱི་ལོ་ཙཱ་བ་ས་མཁས་པ་བློ་གྲོས་བརྟན་པའི་མན་ངག་ལ་བརྟེན་ནས་ས་སྐྱར་འགྱུར་སྔ་མ་ལ་འགྱུར་བཅོས་བྱས་པ་སྟེ། བསྟན་བཅོས་ཀྱི་མཚན་འགྱུར་རྙིང་སྐྱེས་པའི་རབས་ཀྱི་རྒྱུད་དང་འགྱུར་གསར་སྐྱེས་པའི་རབས་ཀྱི་ཕྲེང་བར་བསྒྱུར་འདུག དེ་ལྟར་འགྱུར་གསར་རྙིང་གཉིས་ལས་འགྱུར་རྙིང་ནི་འབྲོམ་སྟོན་པ་དང་པོ་ཏོ་བ་སོགས་བཀའ་གདམས་གོང་མ་རྣམས་དང་། རྗེ་ཙོང་ཁ་པ་ཆེན་པོ་སོགས་ཀྱིས་དེ་ཁོ་ནའི་སྟེང་ནས་འཆད་ཉན་རྒྱ་ཆེན་པོ་མཛད་པས་བྱིན་རླབས་ཆེ་བར་གསུངས་ཤིང་། དུས་ཕྱིས་བཤད་རྒྱུན་སྐྱོང་བ་རྣམས་ཀྱིས་ཀྱང་དེ་ལ་གཞི་བྱེད། འོན་ཀྱང་འཆད་པའི་སྐབས་སུ་འགྱུར་གསར་གྱིས་སྐྱེད་ཐོན་པ་རྣམས་ཐད་ཀ་ཐད་ཀར་དྲངས་ནས་འཆད་དོ། །

འདིའི་འགྲེལ་བ་རྒྱ་གར་གྱི་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ་ཞེས་པའང་གོང་གསལ་སྡེ་དགེའི་བསྟན་འགྱུར་གྱི་པོད་ཧུ་པར་བཞུགས་ལ། དུས་རབས་བཅུ་གཅིག་པའི་སྟོད་ལ་རྒྱ་གར་གྱི་པཎྚི་ཏ་ཛ་ན་ར་དྷ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་གཉིས་ཀྱིས་བོད་སྐད་དུ་བསྒྱུར། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་རྒྱ་འགྲེལ“དེ་སློབ་དཔོན་ཆོས་གྲགས་ཀྱི་མ་ཡིན་པར་རིགས་བྱིན་པ་ཆོས་གྲགས་ཀྱི་ཡིན། ” [4]གསུངས་པས། དྷརྨ་ཀཱརྟི་འདི་ནི་ཆོས་གྲགས་གཞན་ཞིག་ཡིན་པར་སྣང་། སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྐྱེས་རབས་ཆོས་ཀྱི་གཎྜིའི་སྒྲ་སྒྲགས་པ་ཞེས་པ་ནི་སྐྱེས་རབས་སོ་བཞི་པའི་རྩ་བའམ་བསྡུས་དོན་ལྟ་བུ་སྟེ། སྡེ་དགེའི་བསྟན་འགྱུར་པོད་ཀ་པ་བསྟོད་ཚོགས་ཀྱི་གྲས་སུ་བཞུགས་ཤིང་། མཁས་པ་ཆེན་པོ་རྒྱལ་བའི་སྡེའི་ཞལ་སྔ་ནས་དང་། ལོ་ཙཱ་བ་བཙུན་པ་དྷརྨ་ཡོན་ཏན་གྱིས་བོད་སྐད་དུ་བསྒྱུར། སྐྱེས་རབས་སོ་བཞི་པ་འདི་བོད་ཀྱི་སྐད་དུ་བཞུགས་པར་མ་ཟད། འདིའི་ལེགས་སྦྱར་གྱི་མ་རྩོམ་ཡང་ད་ལྟའི་བར་བཞུགས་ལ། སྔོན་དུས་རབས་བཅུ་དགུ་པར་པར་དུ་འདེབས་མྱོང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས། “འཁྲུངས་རབས་སོ་བཞི་པ་འདི་ལ་རྒྱ་དཔེ་ལའང་མི་འདྲ་བ་ཡོད་པར་མངོན་ཏེ། འགྱུར་རྙིང་ཉིད་ལའང་ཚིག་མི་འདྲ་བ་མང་དུ་སྣང་ཞིང་། འགྱུར་རྙིང་དང་འགྱུར་གསར་གཉིས་ལ་ཚིག་ལྷག་པོ་དང་། བཅད་ལྷུག་གཉིས་ཀ་ལ་མི་འདྲ་བ་ཆེས་མང་དུ་སྣང་བ་དང་། ” [5]ཞེས་གསུངས། རྒྱའི་བཙུན་པ་ཨི་ཅང་གི་ལམ་ཡིག་ལྷོ་ཡི་རྒྱ་མཚོའི་སྤྲིང་ཡིག་ཅེས་པར་ཁོང་རྒྱ་གར་ལ་ཕེབས་པའི་སྐབས་ཏེ་དུས་རབས་བདུན་པར་སྐྱེས་རབས་འདི་རྒྱ་གར་དུ་ཤིན་ཏུ་གྲགས་ཆེ་བར་བཤད། ཕྱིས་སུ་སུང་རྒྱལ་རབས་ཀྱི་སྐབས་སུ་སྐྱེས་རབས་འདི་རྒྱ་ནག་གི་སྐད་དུའང་འགྱུར་མོད། བརྗོད་བྱ་རྣམས་ལེགས་སྦྱར་གྱི་མ་རྩོམ་དང་ཆེར་མི་འདྲ། སྐྱེས་རབས་སོ་བཞི་པ་ལས་བྱུང་བའི་སྟོན་པའི་སྐྱེས་རབས་བཅུ་གཉིས་ནི་ད་ལྟ་པྲཀྲྀཏའམ་པཱ་ལིའི་སྐད་དུ་བཞུགས་པའི《སངས་རྒྱས་ཀྱི་སྐྱེས་རབས》ཞེས་པར་ཚིག་སྦྱོར་མི་གཅིག་པ་ཙམ་ལས་གཏམ་རྒྱུད་ཀྱི་རྩ་རྐང་ཇི་བཞིན་དུ་ཡོད་ལ། ཡང་འདི་ལས་བྱུང་བའི་སྐྱེས་རབས་འགའ་ཞིག་ནི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དང་། སེང་གེ་ཞབས་འབྲིང་པའི་སྐྱེས་རབས་སུའང་མཚན་གཅིག་པར་བྱུང་ལ། གཏམ་རྒྱུད་ཀྱང་ཕྱོགས་ཙམ་ཞིག་མཚུངས་སོ། །

སྐྱེས་རབས་སོ་བཞི་པ་འདི་རྩོམ་འཕྲོར་ལུས་འདུག་པས། ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེས་སྐྱེས་རབས་བརྒྱ་པ་ཞེས་སྐྱེས་རབས་སོ་བཞི་པ་ལ་མདོ་སྡེ་ལས་བྱུང་པའི་སྐྱེས་རབས་གཞན་པ་དྲུག་ཅུ་རེ་བདུན་གྱིས་ཁ་བསྐངས་ཏེ། བསྟན་བཅོས་དོན་གྱི་ལུས་ཡོངས་སུ་རྫོགས་པར་མཛད་དེ། “དེ་ཚེ་རྒྱལ་བས་ལུང་བསྟན་པཎྚི་ཏ། །སྙན་ངག་བྱེད་པོ་ཀུན་གྱི་རལ་བའི་རྩེར། །ཞབས་སེན་འོད་རིས་འགོད་པ་དཔའ་བོ་ཡིས། །རྟོགས་པ་བརྗོད་པ་སུམ་ཅུ་བཞི་པ་མཛད། །དེ་ནི་འཕགས་པའི་ཡུལ་གྱི་གྲོང་བས་ཀྱང་། །ས་སྟེང་རིན་ཆེན་གསུམ་ཞེས་གླུར་ལེན་ན། །གངས་ཅན་སྐྱེ་བོས་རྙེད་དཀའི་རིན་ཆེན་ལྟར། །སྤྱི་བོར་ལེན་ལ་རིངས་པ་སྨོས་ཅི་འཚལ། །དེ་ལྟ་ནའང་བརྒྱ་ཕྲག་ཡོངས་སུ་མ་རྫོགས་པ། །འཕགས་དང་བོད་ཀྱི་མཁས་རློམ་མ་ལུས་པས། །མཁས་པའི་ལེགས་བཤད་དོ་ཟླར་འཇིགས་པ་ཡིས། །ཀུན་གྱིས་རྩོམ་པའི་ཁུར་ལས་བྱོལ་བར་གྱུར། །སྐབས་དེར་རྒྱལ་བའི་མཐུ་ཡིས་ཀརྨ་པ། །རང་བྱུང་རྡོ་རྗེ་ཞེས་བྱ་གསུང་རབ་ཀུན། །ཅིག་ཅར་གཟིགས་པའི་སྤྱན་རས་ཆེན་པོ་བ། །ས་གསུམ་འགྲན་ཟླ་བྲལ་བའི་སྨྲ་མཁས་བྱུང་། །དེ་ཡིས་བགྲང་ཡས་མདོ་སྡེ་ལས་བྱུང་བའི། །རྒྱལ་བའི་མཛད་པ་བཅུ་ཕྲག་དྲུག་དང་བདུན། །རང་གི་སྐལ་བའི་ཆ་ཤས་གྱུར་ཏོ་ཞེས། །རྟོགས་པ་བརྗོད་པ་ལྷག་མ་སྐོང་བྱེད་གྱུར། །དེ་ནས་མཛད་པ་ཡོངས་སུ་རྫོགས་པའི་གཏམ། །དཔྱོད་ལྡན་སྙིང་ལ་སྔོན་མེད་དགའ་སྟོན་གྱི། །ལེགས་བཤད་རིན་ཆེན་གསར་བ་འདི་བསྩལ་བས། །སྙན་ངག་གཞན་ལ་གུས་པ་ལྷོད་པར་བྱས། །” [6]ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཐུགས་བཞེད་བཞིན་གང་གི་འཕྲིན་ལས་པ་ཁུ་བོ་ཆེན་པོ་རྗེ་དྲུང་བློ་བཟང་ཕུན་ཚོགས་ཀྱིས་སྐྱེས་རབས་སོ་བཞི་པའི་ཚིག་དོན་ཞིབ་ཏུ་ཕྱེ་བ་ཞིག་མཛད་དགོས་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་སྐྱེས་རབས་སོ་བཞི་པའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ་ཞེས་སྐྱེས་རབས་ཀྱི་མགོ་ནས་མཇུག་གི་བར་ཐམས་ཅད་ལམ་རིམ་གྱི་ཉམས་ལེན་དང་སྦྱར་ཏེ་མྱོང་ཐོག་ནས་གསུངས་པའི་རྣམ་བཤད་གླེགས་བམ་གསུམ་ཅན་མཛད། ཡོངས་འཛིན་ཁོང་པའི་ཞལ་ནས། “སྔོན་བྱོན་མཁས་པ་དེ་དང་དེ་དག་གིས། །དགོངས་འགྲེལ་བསྟན་བཅོས་ཇི་ད་མཛད་མོད་ཀྱང་། །འདི་དོན་ཞིབ་ཏུ་ཕྱེ་བ་མ་མཐོང་བས། །ཚུལ་འདི་སྦྱར་བ་གྲུབ་ཟིན་བསྒྲུབས་པ་མིན། །” [7]ཞེས་འབྱུང་བ་བཞིན་བོད་ལ་སྐྱེས་རབས་སོ་བཞི་པའི་རྣམ་བཤད་ཞིབ་རྒྱས་ལེགས་བཤད་ཀྱི་གཏེར་ཆེན་པོ་འདི་འདྲ་སྔར་མ་བྱུང་ངོ་། །འདི་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ད་དུང《སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་རབས་སོ་བཞི་པའི་སྙིང་པོ་བསྡུས་པའི་ཚིགས་སུ་བཅད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས》བྱ་བ་དང་། 《བདག་ཉིད་ཆེན་པོ་མཁས་མཆོག་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པའི་དོན་རྣམ་པར་བཤད་པ་ཐེག་ཆེན་གསལ་བའི་སྒྲོན་མེའི་བསྡུས་དོན》བྱ་བ་མཛད་འདུག གཞན་ཡང་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི《འཇམ་མགོན་སྡེ་ཁྲི་རིན་པོ་ཆེའི་དྲུང་དུ་གསན་པའི་སྐྱེས་རབས་སོ་བཞི་པའི་བཤད་པའི་ཟིན་བྲིས》དང་། ཡང་ཁོང་པའི《སྐྱེས་རབས་སོ་བཞི་པའི་ཆོས་ཐུན་དང་པོའི་གསུང་བཤད་ཟིན་བྲིས》ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་རྗེ་དཀོན་མཆོག་འཇིགས་མེད་དབང་པོའི《སྐྱེས་རབས་སོ་བཞི་པའི་འགྲེལ་བ་མཁས་པའི་མགྲིན་རྒྱན》བྱ་བ་རྩོམ་འཕྲོ་ཅན། སྐྱབས་དབྱིངས་སྨན་རི་བ་བློ་བཟང་རྣམ་རྒྱལ་གྱི《སྐྱེས་རབས་སོ་བཞི་པའི་བསྡུས་དོན་བཅུད་བྲན་རོ་བརྒྱའི་སྙེ་མ》སོགས་བོད་ཀྱི་མཁས་པ་གཞན་དག་གིས་ཀྱང་འགྲེལ་བ་དང་། ས་བཅད་དང་། བསྡུས་དོན་སོགས་བརྩམས་པ་མང་ངོ་། །དེ་ལྟར་བོད་ཀྱི་མཁས་པ་སྔ་ཕྱི་མང་པོས་སྐད་བསྒྱུར་པ་དང་། འཆད་ཉན་བཙུགས་པ་དང་། ཁ་བསྐངས་པ་དང་། འགྲེལ་བ་དང་ས་བཅད་དང་བསྡུས་དོན་བརྩམས་པ་སོགས་ཀྱི་སྒོ་ནས་སྐྱེས་རབས་སོ་བཞི་པ་འདིའི་འཕྲིན་ལས་བོད་དུ་ཆེས་ཆེར་རྒྱས་པར་མཛད་དོ། །

སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ་ནི་ལེའུ་ཉི་ཤུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་དང་། ཚིགས་བཅད་རྐྱང་བས་བརྩམས་པའི་བསྟན་བཅོས་ཤིག་གོ ། བརྗོད་བྱ་ནི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་ནས་སྐུ་མྱ་ངན་ལས་འདས་ཤིང་སྐུ་གདུང་བགོས་པའི་བར་གྱི་རྣམ་ཐར་བརྗོད་པ་ཞིག་སྟེ། སྟོན་པའི་སྐུ་ཚེ་དེའི་སྤྱོད་པ་བརྒྱ་དང་བརྒྱད་བརྗོད་ཡོད་པར་བཤད། སྟོན་པའི་རྣམ་ཐར་ནི་འདུལ་བ་ལུང་སྡེ་བཞི་དང་། མདོ་རྒྱ་ཆེར་རོལ་པ་སོགས་སྡེ་སྣོད་གསུམ་གར་མང་དུ་མཆིས་མོད། ཐམས་ཅད་ཀྱང་ཐོར་བུའི་ཚུལ་དུ་ཡོད་པས། རྣམ་ཐར་མགོ་མཇུག་ཆ་ཚང་བར་གཅིག་ཏུ་བསྡེབས་པ་ནི་བཀའ་བསྟན་གཉི་གའི་ཁྲོད་ན་འདི་ཁོ་ན་ལས་གཞན་མ་མཆིས་ན། དེ་ཁོ་ནའི་ཆ་ནས་ཀྱང་བསྟན་བཅོས་འདི་ལ་རིན་ཐང་གཞལ་དུ་མེད་དོ། །སྟོན་པའི་རྣམ་ཐར་ཕལ་ཆེ་བ་ནི་མཛད་པ་བཅུ་གཉིས་རྩ་བར་བྱས་ཏེ་དེ་ཡི་གོ་རིམ་ལྟར་བརྗོད་ཡོད་མོད། སངས་རྒྱས་ཀྱི་སྤྱོད་པར་སྟོན་པའི་རྣམ་ཐར་ལེའུ་ཉི་ཤུ་རྩ་བརྒྱད་ཀྱིས་བརྗོད་ཡོད་ཅིང་། བཙུན་མོའི་འཁོར་གྱིས་སྨྲེ་སྔགས་བཏོན་པ་ཁོ་ན་ལེའུ་གཅིག་ཏུ་བྱས་པ་སོགས་གཏམ་རྒྱུད་ཀྱི་སྦྱོར་བ་ཅི་ཐོན་བྱས་འདུག རྣམ་ཐར་འདི་ནི་ཚིག་སྦྱོར་རྨད་དུ་བྱུང་བའི་སྙན་ངག་ཚིགས་བཅད་མའི་ལུས་སུ་མཛད་འདུག་པར་མ་ཟད། སརྒས་བཅིངས་པ་སྙན་ངག་ཆེ་ཞེས་གསུངས་པའི་ལེའུ་དུ་མར་བཅད་པའི་སྙན་ངག་ཆེན་པོའི་ལུགས་སུ་མཛད་འདུག རྒྱ་གར་དུ་སྙན་ངག་ཆེན་པོའི་དཔེ་ལ་འདྲེན་རྒྱུ་རཱ་མ་ཡ་ནཱ་དང་འདི་གཉིས་ལས་ལྷག་པ་མེད།

རྒྱའི་བཙུན་པ་ཨི་ཅང་གིས་སངས་རྒྱས་ཀྱི་སྤྱོད་པ་ནི་ཚིག་ཉུང་ཁ་གསལ་དོན་འདུ་ལ། ཡིད་ལ་དགའ་བའི་དཔལ་སྟེར་བ་དང་། འདི་ཡིས་བསྟན་པ་འཛིན་ཞིང་ཕན་བདེ་འཕེལ་བར་བྱེད[8]ཅེས་དོན་དང་མཐུན་པའི་བསྔགས་བརྗོད་མཛད་ཡོད། ཡང་ཁོང་གིས་ཧིན་ངྷུ་ནེ་ཤི་ཡ་རུ་གང་ལ་ཕྱིན་ཀྱང་འདི་མི་གྱེར་བ་མེད[9]ཅེས་གསུངས་འདུག་པས། རྒྱ་གར་ལས་གཞན་པའི་ནང་པའི་ཆོས་ལུགས་པ་དག་གི་ཁྲོད་ནའང་སངས་རྒྱས་ཀྱི་སྤྱོད་པ་འཕྲིན་ལས་ཧ་ཅང་ཆེ་བ་མཐོང་ཐུབ་ལ། རྒྱ་གར་དུ་བྲམ་ཟེ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་སྤྱོད་པའི་ཚིག་ཁོང་དག་གི་བསྟན་བཅོས་སུ་དྲངས་ཡོད་ཟེར། སློབ་དཔོན་འདིའི་འཛམ་གླིང་ཤར་ནུབ་ཀྱི་ཁྱོན་ཀུན་ཁེངས་པའི་གྲགས་པ་དེའང་གཙོ་བོ་སྟོན་པའི་རྣམ་ཐར་འདི་ལ་བརྟེན་ནས་བྱུང་བ་ཡིན།

འོན་ཀྱང་བོད་དུ་ནི་བསྟན་བཅོས་འདི་ལ་འཆད་ཉན་བྱེད་པའི་སྲོལ་ཆེར་མ་བྱུང་ལ། འགྲེལ་བཤད་ཀྱི་བརྩམས་ཆོས་སོགས་ཀྱང་མ་མཐོང་བས། སྐྱེས་རབས་སོ་བཞི་པ་ལྟ་བུའི་འཕྲིན་ལས་ཤིག་མ་རྒྱས་པར་སྣང་། དེའི་རྒྱུ་མཚན་གཅིག་ནི་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་གསུངས་པ་ལྟར་བསྟན་བཅོས་རྒྱ་ཆེ་དྲགས་པ་དང་ཚིག་དོན་གོ་དཀའ་དྲགས་པས་ཨེ་ཡིན་ནམ་སྙམ་སྟེ། འདི་ལ་རྒྱ་འགྲེལ་སོགས་ཀྱང་མེད་པས། ཚིག་དོན་བདེ་བླག་ཏུ་གོ་རྒྱུ་ནི་ཅུང་ཁག་པོ་འདུག འདི་ལས་བློ་སྐྱེད་ཅིག་རྙེད་པ་ནི། བསྟན་བཅོས་བཟང་པོ་ཇི་འདྲ་བ་ཞིག་ཡིན་ནའང་། དེ་སྐད་རིགས་གཞན་ཞིག་སྨྲ་བའི་མི་རྣམས་ཀྱི་དོན་དུ་འགྱུར་དགོས་ན། དེ་དེ་དག་གི་སྐད་དུ་བསྒྱུར་པ་ཙམ་གྱིས་མི་ཆོག་གོ །

སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ་འདི་སྡེ་དགེའི་བསྟན་འགྱུར་པོད་གེ་པ་ལ་བཞུགས་ཤིང་། པཎྚི་ཏ་ས་དབང་བཟང་པོ་དང་། ལོ་ཙཱ་བ་བློ་གྲོས་རྒྱལ་པོས་བོད་སྐད་དུ་བསྒྱུར། བསྟན་བཅོས་འདིའི་ལེགས་སྦྱར་གྱི་མ་རྩོམ་ཡང་ད་ལྟའི་བར་བཞུགས་ལ། དུས་རབས་ལྔ་པའི་མགོ་ཙམ་ལ་རྒྱ་ནག་གི་སྐད་དུ་བསྒྱུར་ཏེ་རྒྱའི་བཀའ་བསྟན་དུ་བསྡུས་ཡོད། གཞན་ཡང་བསྟན་བཅོས་འདི་ཉི་ཧོང་གི་སྐད་དང་། དབྱིན་ཇིའི་སྐད་སོགས་སུའང་བསྒྱུར་ཡོད་ལ། དཔྱད་ཞིབ་ཀྱི་ཡི་གེའང་ཤིན་ཏུ་མང་བས། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྟན་བཅོས་ལས་འཛམ་གླིང་སྤྱི་ལ་འཕྲིན་ལས་ཆེས་ཤིན་ཏུ་ཆེ་བ་ནི་འདི་ལས་ལྷག་པ་མ་བྱུང་།

སྐྱེས་རབས་སོ་བཞི་པ་ནི་སྟོན་པའི་སྐྱེས་རབས་དང་། སངས་རྒྱས་ཀྱི་སྤྱོད་པ་ནི་སྟོན་པའི་རྣམ་ཐར་ཏེ། གཅིག་ནི་སྐུ་ཚེ་སྔ་མ་རྣམས་ཀྱི་ལོ་རྒྱུས་དང་གཅིག་ནི་སྐུ་ཚེ་འདིའི་ལོ་རྒྱུས་ཡིན་ལ། དེ་གཉིས་བསྡོམས་ན་སྟོན་པའི་རྣམ་ཐར་གྱི་ཆ་ཡོངས་སུ་རྫོགས་པ་སྟེ། སོ་སྐྱེ་རང་ག་བ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་བར་དུ་ཇི་ལྟར་བགྲོད་པའི་ལམ་གྱི་རིམ་པ་གསལ་བར་བྱེད་པ་ཡིན། སངས་རྒྱས་ཤཱཀྱ་ཐུབ་པ་ནི་ལམ་སྟོན་གྱི་དེད་དཔོན་དང་། འཇིགས་པ་ལས་སྐྱོབ་པའི་སྐྱབས་དང་། མཐར་མངོན་དུ་བྱ་བའི་གོ་འཕང་ཡང་ཡིན་པས། ཁོང་གི་སྐྱེས་རབས་དང་རྣམ་ཐར་ནི་རྗེས་འཇུག་རྣམས་ཀྱི་མིག་ལྟོས་དང་ཉམས་ལེན་མཆོག་ཏུ་གྱུར་པའོ། །དེ་བས་རང་རེས་སྟོན་པའི་སྐྱེས་རབས་དང་རྣམ་ཐར་ལ་རང་གའི་སྒྲུང་རབས་ལྟ་བུའི་འདུ་ཤེས་འཇོག་པ་མ་ཡིན་པར། དད་པ་དང་། ཕྱག་དང་། རྗེས་སུ་འཇུག་པའི་ཡུལ་བླ་ན་མེད་པར་བརྩི། སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་བྱིན་པ་དང་། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་ཁྲག་བྱིན་པ། རྒྱལ་པོ་ཟླ་འོད་ཀྱིས་མགོ་བྱིན་པ། རྒྱལ་བུ་དོན་གྲུབ་ཀྱིས་མིག་བྱིན་པ་སོགས་ནི་ཁ་ཅིག་གི་བློ་ངོར་འཐད་དཀའ་བར་སྣང་སྲིད་ཀྱང་། ཞིབ་ཏུ་བསམས་ན་གཞན་གྱི་དོན་དུ་ལུས་སེམས་འབུལ་བའི་བློ་སྦྱོང་བ་ཡིན་ལ། རང་རེ་ནི་ཆུང་ངུ་ནས་འདི་ལྟ་བུའི་རིག་གནས་ཀྱིས་སེམས་ཀྱི་ཞིང་ས་རློན་གྱིན་ནར་སོན་པ་ཡིན། རྒྱ་གར་མཁས་པས་མཛད་པའི་བསྟན་བཅོས་བོད་སྐད་དུ་འགྱུར་བ་ལས་སྟོན་པའི་སྐྱེས་རབས་དང་རྣམ་ཐར་ལ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་འདི་གཉིས་ལས་ལྷག་པ་མེད་ཅིང་། བོད་ཀྱི་མཁས་པས་དེ་གཉིས་དང་རྗེས་སུ་མཐུན་པར་སྦྱར་བའི་བརྩམས་ཆོས་ཀྱང་མང་དུ་བྱུང་བ་དཔེར་ན། མ་ཎི་བཀའ་འབུམ་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་བྱུང་བ་དེའི་སྔོན་དུ་བུ་མོ་ཤེས་རབ་རྒྱན་དུ་སྐྱེས་པའི་རབས་སོགས་ཀྱང་བཀོད་པ་ལྟ་བུ་དང་། གཞན་ཡང་བོད་ཀྱི་སྐྱེས་ཆེན་མང་པོ་ཞིག་གི་རྣམ་ཐར་ཡང་དེ་བཞིན་དུ་སྔོན་ལ་སྐྱེས་རབས་ཅུང་ཟད་བཀོད་པའི་འཕྲོ་ལ་རྣམ་ཐར་དངོས་གཞི་འབྲི་བ་ཡིན། ཡང་ཇོ་ནང་ཏཱ་ར་ནཱ་ཐའི་སྐྱེས་རབས་རྟོགས་བརྗོད་ལྟ་བུ་སྐྱེས་རབས་རྐྱང་བརྗོད་པའང་ཡོད་དོ། །སྣ་ནམ་པ་སྐལ་བཟང་ཆོས་ཀྱི་རྒྱ་མཚོས་མཛད་པའི་སྟོན་པའི་རྣམ་ཐར་བདེ་བར་གཤེགས་པའི་སྤྱོད་པ་མཆོག་གི་གཏེར་དང་། བོ་དོང་པཎ་ཆེན་གྱིས་མཛད་པའི་སྟོན་པ་ཤཱཀྱའི་དབང་པོའི་མཛད་པ་བཅུ་གཉིས་ཀྱི་རྣམ་ཐར་སྙན་ངག་ཆེན་པོ་དང་། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་སྟོན་པའི་རྣམ་ཐར་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ་སོགས་བོད་ཀྱི་མཁས་པས་མཛད་པའི་སྟོན་པའི་རྣམ་ཐར་མང་པོ་དང་། བོད་ཀྱི་སྐྱེས་ཆེན་ཚོའི་རྣམ་ཐར་སོགས་ཀྱང་གོང་གི་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སྐྱེས་རབས་དང་རྣམ་ཐར་གཉིས་ཀྱི་ཤན་ཐེབས་ནས་བྱུང་བར་བཤད་དུ་རུང་།

བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ་ནི་སློབ་དཔོན་རྟ་དབྱངས་ཀྱིས་སངས་རྒྱས་ཀྱི་བསྟོད་པ་བརྒྱ་རྩ་བརྩམས་པར་གྲགས་པ་ལས། བསྟོད་པ་རྣམས་ཀྱི་མཆོག་ཏུ་གྱུར་པར་བསྔགས་ལ། ཚིགས་བཅད་རྐྱང་པ་དང་། ལེའུ་བཅུ་གསུམ་གྱི་བདག་ཉིད་ཅན་ཞིག་གོ ། གོང་དུ་བཤད་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་པ་ནི་སྟོན་པའི་སྐུ་ཚེ་གང་པོའི་མཛད་པ་ཆ་ཚང་བར་གཏམ་རྒྱུད་ཀྱི་སྦྱོར་བ་ཅི་ཐོན་དུ་བྱས་ཏེ་སྙན་ངག་གི་ལམ་ནས་བརྗོད་པ་ཞིག་ཡིན་པས། དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཆེན་པོ་ཞིག་ཡིན་མོད། འདིའི་ནང་དུ་གཏམ་རྒྱུད་ཀྱི་སྦྱོར་བ་སོགས་མེད་པར་སྟོན་པའི་སྐུ་གསུང་ཐུགས་དང་། སྨོན་ལམ་དང་། ལམ་ལ་འཇུག་པ་དང་། དཀའ་བ་མཛད་པ་དང་། བུ་ལོན་མེད་པ་སོགས་ལ་རབ་ཏུ་དད་པའི་ཡིད་ཀྱི་འགྱུར་བ་ཤུགས་དྲག་ཏུ་སྟོན་པས། ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་རྨད་དུ་བྱུང་བ་ཞིག་སྟེ། བོད་ཀྱི་མཁས་པས་མཛད་པའི་སྙན་ངག་གི་ཁྲོད་དུ་ལེའུ་དུ་མར་བཅད་པའི་ཡིད་འགྱུར་མཚོན་པའི་སྙན་ངག་འདི་འདྲ་བ་ནི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་སོགས་ཁ་ཤས་ལས་མེད་པ་འདྲ། སངས་རྒྱས་ཀྱི་བསྟོད་པ་རྒྱ་གར་གྱི་མཁས་པས་མཛད་པ་བོད་སྐད་དུ་འགྱུར་བ་དག་ལས་ཁྱད་པར་འཕགས་བསྟོད་དང་། ལྷ་ལས་ཕུལ་བྱུང་། བརྒྱ་ལྔ་བཅུ་པ་འདི་གསུམ་ག་ནི་གྲགས་པ་དང་འཕྲིན་ལས་ཤིན་ཏུ་ཆེ། བོད་ཀྱི་མཁས་པ་དག་གི་བསྟན་བཅོས་སུ་བསྟོད་པ་བརྒྱ་ལྔ་བཅུ་པ་ལས་ལུང་དྲངས་པ་ཧ་ཅང་མང་ལ། ཁྱོད་ནི་མ་བཅོལ་ལེགས་མཛད་པ། །ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས། །ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ། །འབྲེལ་བ་མེད་པའི་གཉེན་འདུན་ལགས། །ཞེས་པའི་ཚིགས་བཅད་གྲགས་ཅན་ཀུན་ལ་རྒྱུས་མངའ་ཅན་དེ་ཡང་བསྟོད་པ་འདི་ལས་བྱུང་བའོ། །བསྟོད་པ་འདི་ལས་བྱུང་བའི་ཨེ་མའོ་གནས་པ་ཨེའོ་ཚུལ། །ཨེ་མའོ་ཡོན་ཏན་ཨེ་མའོ་སྐུ། །ཞེས་པ་དང་། རྗེ་ཙོང་ཁ་པ་ཆེན་པོའི་རྟེན་འབྲེལ་བསྟོད་པ་ལས་བྱུང་བའི་ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །ཞེས་པ་ནི་ཚིག་གི་བརྗོད་དབྱིབས་ཀུན་ནས་མཚུངས་ཤིང་། སྤྱིར་ཡང་བསྟོད་པ་འདི་གཉི་ག་ལ་བསྟོད་པའི་ཡུལ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་པ་དང་། ཚིག་གི་སྦྱོར་བ་ཚིགས་བཅད་བྱིངས་ཚེག་བར་བདུན་མ་ཡིན་པ་དང་། མཇུག་ཏུ་ཚེག་བར་དགུ་ཅན་གྱི་ཚིགས་བཅད་འགའ་འབྱུང་བ་དང་། ཚིག་གི་བརྗོད་དབྱིབས་འདྲ་བ་སོགས་མཚུངས་ཆོས་དུ་མ་ཡོད་པས། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་བསྟོད་པ་འདི་ལ་གཟིགས་རྟོག་ཞིབ་མོ་གནང་མྱོང་བ་ཤེས་ཐུབ་ལ། དེ་ལས་རྒྱ་གར་དང་བོད་ཀྱི་བསྟོད་པའི་རྒྱལ་པོ་འདི་གཉིས་ཀའི་འབྲེལ་བའང་མཐོང་ཐུབ། རྒྱ་བོད་ཀྱི་རྩོམ་རིག་ལས་བྱུང་བའི་བསྟོད་པ་འདི་རིགས་ནི་དོན་གྱི་གཤིས་ལུགས་བརྗོད་པའི་སྙན་ངག་རྨད་དུ་བྱུང་བ། གཙོ་བོ་དོན་གྱི་མཛེས་པས་གཞན་ཡིད་འཕྲོག་པའི་ཁྱད་ཆོས་ཅན་ཡིན་པས་རང་གའི་ས་བསྟོད་ཆུ་བསྟོད་སོགས་དང་ཡེ་མི་འདྲ་ལ། ཤེས་རིག་གི་ཚད་མཐོན་པོར་སླེབས་པའི་མི་རིགས་ལ་མ་གཏོགས་འདི་འདྲ་འབྱུང་མི་ནུས་པའང་ཤེས་པར་བྱའོ། །

ཡང་བསྟན་འགྱུར་བསྟོད་ཚོགས་ཀྱི་ཆོས་སྐོར་དུ་བཞུགས་པའི་སྤེལ་མར་བསྟོད་པ་ཞེས་པ་དེའི་མཇུག་ཏུ་སློབ་དཔོན་ཆེན་པོ་མ་ཏི་ཙི་ཌ་དང་། སློབ་དཔོན་ཕྱོགས་ཀྱི་གླང་བོ་དག་གི་ཞལ་སྔ་ནས་མཛད་པ་རྫོགས་སོ་ཞེས་བཀོད་འདུག་ལ། བསྟོད་པ་དེའང་སྟོན་པ་ཤཱཀྱ་ཐུབ་པའི་བསྟོད་པ་ལེའུ་བཅུ་གསུམ་ཅན་ཞིག་ཡིན་པར་མ་ཟད། བརྒྱ་ལྔ་བཅུ་པའི་ཚིག་མཐའ་དག་ཐོན་པའི་ཁར་ཚིག་གི་གོ་རིམ་བསྒྱུར་པ་དང་། བར་བར་དུ་ཚིག་གཞན་པ་བཅུག་སྟེ། ཕལ་ཆེར་བསྟོད་པ་བརྒྱ་ལྔ་བཅུ་པ་ལྟ་བུ་གཉིས་ཀྱི་ཚད་དུ་ལོངས་པ་ཙམ་བྱས་འདུག་པ་ནི། སློབ་དཔོན་ཕྱོགས་གླང་གིས་སློབ་དཔོན་རྟ་དབྱངས་ཀྱི་བསྟོད་པ་འདིའི་ཚིག་གི་ཁོང་དུ་ཡོད་པའི་དོན་རྣམས་ཕྱིར་མངོན་པར་ཕྱུངས་ནས། བསྟན་བཅོས་ཀྱི་མཚན་དུ་གསལ་བ་ལྟར་སྤེལ་མར་བྱས་པ་སྟེ། དེ་ནི་དོན་གྱིས་བསྟོད་པ་བརྒྱ་ལྔ་བཅུ་པའི་དོན་འགྲེལ་ལྟ་བུ་ཡིན་པ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ཞལ་ནས། སློབ་དཔོན་ཕྱོགས་ཀྱི་གླང་པོས། བསྟོད་པ་བརྒྱ་ལྔ་བཅུ་པ་འདི་ལ་གཞུང་གི་དོན་ཚན་རེ་རེ་ནས་དོན་ཁོང་ན་གནས་པ་སྦྱར་དགོས་པ་རྣམས་མགོ་མཇུག་གང་འོས་སུ་སྦྱར་བ་སྤེལ་མར་བསྟོད་པ་བྱ་བ་མཛད[10]ཅེས་གསུངས་པ་བཞིན་ནོ། །དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད་པའི་དམིགས་རྣམ་ཅུང་ཟད་ལྷན་ཐབས་སུ་སྤེལ་བ་དད་པའི་ཆུ་གཏེར་འཕྱུར་བའི་རྦ་རླབས་དང་། ལམ་གཙོའི་སྔ་འགྲེལ་བློ་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ནི་འདིའི་རྗེས་སུ་ཞུགས་ནས་རྣམ་པ་མཚུངས་པར་མཛད་པའོ། །

བསྟོད་པ་བརྒྱ་ལྔ་བཅུ་པ་ནི་རྒྱ་གར་གྱི་མཁན་པོ་ཤྲཱི་དྡྷཱ་ཀ་ར་ཝརྨ་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བོད་སྐད་དུ་བསྒྱུར། འདི་ལ་སློབ་དཔོན་དགའ་བྱེད་སྙན་པས་མཛད་པའི་རྒྱ་འགྲེལ་ལོ་པཎ་འདི་གཉིས་ཀྱིས་བསྒྱུར་པ་ཡོད་ཅིང་། རྗེ་ལྕང་སྐྱ་རིན་པོ་ཆེ་ཡེ་ཤེས་བསྟན་པའི་སྒྲོན་མེས་མཁས་མཆོག་དཔའ་བོས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པ་འདི་འགྲན་ཟླ་མེད་པའི་གཞུང་མཆོག་ཏུ་གྱུར་ཅིང་། གཞུང་མཆོག་འདི་ལ་སྔོན་ཆད་གངས་རིའི་ཁྲོད་དུ་འགྲེལ་བ་མཛད་པ་སུ་ཡང་མ་བྱུང་འདུག་ཅིང་རྒྱ་འགྲེལ་ཉུང་ངུ་ཞིག་འདུག་ཀྱང་དོན་གཏིང་ཕྱིན་པ་གོ་དཀའ་བ་བཅས་འདི་ལ་འགྲེལ་བ་ཞིག་ཅིས་ཀྱང་བགྱི་དགོས་སོ[11]ཞེས་གསུང་འཕྲིན་གྱི་ལམ་ནས་བསྐུལ་བ་དང་། རྒྱལ་དབང་བརྒྱད་པའི་སྐུའི་ཕུ་བོ་མང་ར་མཁན་པོ་རྗེ་དྲུང་བློ་བཟང་རྡོ་རྗེས་ཀྱང་ལྕང་སྐྱ་རིན་པོ་ཆེས་ཇི་ལྟར་བསྐུལ་མ་མཛད་པ་དེ་ལྟར་བསྟོད་པ་འདི་ལ་འགྲེལ་བ་རྒྱས་པ་ཞིག་ཅིས་ཀྱང་བགྱི་དགོས་ཞེས་ཡང་ཡང་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་སྐུ་ཉིད་དགུང་ལོ་དོན་བཞི་པ་སྟེ་སྤྱི་ལོ1787ལོར། འདི་ལ་སྣ་རིང་ལྡེབས་ཉིས་བརྒྱ་བཅུ་དྲུག་ཅན་གྱི་འགྲེལ་བ་རྒྱས་པ་བསྟོད་པ་བརྒྱ་ལྔ་བཅུ་པའི་རྣམ་བཤད་ལམ་བཟང་གསལ་བྱེད་རིན་ཆེན་སྒྲོན་མེ་ཞེས་པ་མཛད། བསྟོད་པ་འདིའི་ལེགས་སྦྱར་གྱི་མ་རྩོམ་ནི་སྤྱི་ལོ1936ལོར་དཔལ་ས་སྐྱའི་གཙུག་ལག་ཁང་ནས་ཆ་ཚང་བར་རྙེད་ཅིང་། ཕྱིས་སུ་ཕྱི་གླིང་དུ་པར་འདེབས་བྱས། ཐང་གི་སྐབས་སུ་རྒྱའི་བཙུན་པ་ཨི་ཅང་གིས་དཔལ་ནཱ་ལེནྡྲ་ནས་བསྟོད་པ་འདི་རྒྱ་ནག་གི་སྐད་དུ་བསྒྱུར་པ་ད་ལྟ་རྒྱའི་བཀའ་བསྟན་དུ་བཞུགས། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ཞེས་པ་འདིའང་སྟོན་པ་ཤཱཀྱ་ཐུབ་པའི་མཁྱེན་པ་དང་། སྟོབས་དང་། མི་འཇིགས་པ་དང་། གསུང་དང་། སྐུ་དང་། ལྗགས་ལ་སོགས་པའི་ཆེ་བ་ལ་མངོན་པར་དད་པའི་ཡིད་ཀྱི་འགྱུར་བ་ཤུགས་དྲག་ཏུ་མཚོན་པའི་སྙན་ངག་ལེའུ་བཅུ་གསུམ་དུ་བཅད་པ་ཞིག་གོ ། སློབ་དཔོན་རྟ་དབྱངས་ནང་པར་ཞུགས་ཤིང་རབ་ཏུ་བྱུང་སྟེ། གནས་བརྟན་སྡེ་སྣོད་འཛིན་པར་གྱུར་པ་ན། མནལ་ལམ་དུ་འཕགས་མས་ལུང་བསྟན་ཏེ། ཁྱོད་ཀྱིས་སངས་རྒྱས་ལ་བསྟོད་པ་མང་དུ་གྱིས་ཤིག སྔོན་ཆོས་ལ་སྡིག་པ་བསགས་པའི་ལས་ཀྱི་སྒྲིབ་པ་བྱང་བར་འགྱུར་རོ་ཞེས་གསུངས་པས་བསྐུལ་ཏེ། བཤགས་པའི་དོན་དུ་བསྔགས་པར་འོས་པ་ལ་བསྔགས་པའི་བསྟོད་པ་འདི་བརྩམས་ཤིང་། གཞན་ཡང་སངས་རྒྱས་ཀྱི་བསྟོད་པ་བརྒྱ་རྩ་བརྩམས་པར་གྲགས། བསྟོད་པ་འདིའི་དབུ་ལ། ཞིང་དང་ཞིང་མིན་མ་འཚལ་ཏེ། །སྒྲ་ཙམ་གྱི་ནི་རྗེས་འབྲངས་ནས། །བདག་གིས་ནོངས་ཏེ་སྔོན་ཆད་ནི། །བསྔགས་མིན་བསྔགས་པ་བརྗོད་པ་གང་། །ངག་གི་འདམ་གྱིས་གོས་པ་དེ། །ཐུབ་པ་བསོད་ནམས་འབབ་ཀྱི་སྟེགས། །བཞུད་པ་ཁྱོད་ལ་བརྟེན་བཅས་ནས། །རབ་ཏུ་བཀྲུ་བ་འདི་བརྩམ་མོ། །ཞེས་བྱུང་བ་འདི་ལས་གོང་གི་ལོ་རྒྱུས་དེ་དག་ངེས་པར་བདེན་པ་རྟོགས་ནུས། བསྟོད་པ་འདིའི་མཚན་ལའང་གོ་རྒྱུ་ཆེན་པོ་ཡོད་དེ། སྔོན་བསྔགས་པར་མི་འོས་པ་ལ་བསྔགས་པའི་ཉེས་པ་བཤགས་པའི་ཕྱིར་ད་ནི་བསྔགས་པར་འོས་པ་ལ་བསྔགས་པར་བྱའོ་ཞེས་པའི་དོན་ཡིན་པས། རྩོམ་མཁན་རང་སྔོན་ཕྱི་རོལ་ཡིན་པ་ལས་ཕྱིས་སུ་ནང་པར་ཞུགས་པའི་ལོ་རྒྱུས་ནི་བསྟོད་པ་འདིའི་མཚན་གྱི་སྦས་དོན་ལྟ་བུར་སྣང་། སྐྱབས་དབྱངས་སྨན་རི་བ་བློ་བཟང་རྣམ་རྒྱལ་གྱི་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པ་ཞེས་པའང་བསྟན་བཅོས་ཀྱི་མཚན་འདི་ལས་བླངས་པར་ངེས་མོད། དེ་ལ་ནི་འདི་འདྲའི་ཤུགས་བསྟན་གྱི་དོན་མེད་པར་བསམ། ཡང་བསྟན་བཅོས་འདིའི་མཚན་ལ་བསྟོད་པ་བཞི་བརྒྱ་པའང་ཟེར་ཏེ། གཞུང་ཚད་ཤོ་ལོ་ཀའི་ཆ་ནས་དེ་ལྟར་དུ་བཏགས་མོད། དེ་སློབ་དཔོན་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ་དང་འཁྲུལ་བར་མི་བྱའོ། །

རྒྱའི་བཙུན་པ་ཨི་ཅང་གིས་སློབ་དཔོན་རྟ་དབྱངས་ཀྱིས་བསྟོད་པ་རྣམས་ཀྱི་དང་པོར་བསྟོད་པ་འདི་བརྩམས་ཤིང་། དེ་ནས་བསྟོད་པ་བརྒྱ་ལྔ་བཅུ་པ་བརྩམས་པར་བཤད། ཡང་ཁོང་གིས་གསུངས་པ་ལྟར་ན། རྒྱ་གར་དུ་སྔོན་དུས་རབས་བདུན་པའི་མཇུག་ཙམ་ལའང་བསྔགས་འོས་བསྔགས་བསྟོད་དང་བརྒྱ་ལྔ་བཅུ་པ་གཉིས་བསྟོད་པ་རྣམས་ཀྱི་ཕུལ་དུ་བརྩིས་ཏེ། ཁྱིམ་སྤངས་ནས་རབ་བྱུང་བྱེད་པ་དག་གིས་དགེ་བསྙེན་དང་དགེ་ཚུལ་གྱི་བསྲུང་བྱ་བསླབ་པའི་གཞི་ལྔ་དང་གཞི་བཅུ་སོགས་ཡིད་ལ་ངེས་པར་བྱས་རྗེས། སྔོན་ལ་བསྟོད་པ་འདི་གཉིས་ལ་བསླབ་སྦྱང་བྱེད་ལ། ཐེག་པ་ཆེ་ཆུང་ཁྱད་མེད་ཀྱིས་འཛིན་སྐྱོར་བྱེད་པར་མོས[12]ཟེར། དེ་ལྟར་ན་བསྟོད་པ་འདི་གཉིས་ནི་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྟོད་པ་ཀུན་ལས་ཆེས་མཆོག་ཏུ་གྱུར་པར་མ་ཟད། སྤྱིར་རྒྱ་གར་མཁས་པས་མཛད་པའི་བསྟོད་པ་མཐའ་དག་གི་ཏོག་ལྟ་བུར་གྱུར་འདུག་པ་རྟོགས་ནུས། དབྱིན་ཇིའི་མཁས་པ་ཇ་རུ་ཐིས(G.T.Garratt)གཙོ་སྒྲིག་བྱས་པའི་རྒྱ་གར་གྱི་ཤུལ་ནོར་ཞེས་པའི་དཔེ་དེབ་ཏུ་མཁས་པ་ཐོ་མ་སི་ཞེས་པས་ཀྱང་ཡིད་དབང་འགུགས་པའི་བསྟན་བཅོས་དེ་དག་ནི་ལྷའི་ཡུལ་གྱི་མེ་ཏོག་དང་འདྲ་བར་མཛེས་ལ། དེ་དག་གི་མཆོག་ཏུ་དགེ་བའི་བསྟན་བྱ་ནི་ཤིན་ཏུ་མཐོ་བའི་རི་རྩེ་ལྟར་བརླིང་བས། རྒྱ་གར་གྱི་བསྟོད་པ་མཛད་མཁན་རྣམས་ཀྱིས་ཁོང་གི་རྩོམ་ཉམས་ལ་ལད་མོ་བྱེད་ཅིང་། ཁོང་ཉིད་ངག་རིག་གི་ཤིང་རྟའི་སྲོལ་འབྱེད་དུ་འཛིན[13]ཞེས་རབ་ཏུ་བསྔགས།

སྤྱིར་བསྟོད་པ་འདི་ལ་ལེའུ་བཅུ་གསུམ་ཡོད་མོད། ལེའུ་སྔོན་མ་བཅུ་གཉིས་ནི་རྒྱ་གར་གྱི་མཁན་པོ་སརྦཱ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་བོད་སྐད་དུ་བསྒྱུར་ལ། ལེའུ་བཅུ་གསུམ་པ་དཔེ་ལ་བསྟོད་པ་ཞེས་པ་ནི་རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་ནས་ཁ་བསྐངས་ཏེ་བསྟོད་པ་འདིའི་མཇུག་ཏུ་བཀོད་ཡོད། བསྟན་པ་སྔ་དར་གྱི་དུས་སུ་བསྟོད་པ་ཞིག་བསྒྱུར་པར་ལེའུ་གཅིག་ཆད་པ་བསྟན་པ་ཕྱི་དར་གྱི་དུས་ཏེ་ལོ་བརྒྱ་ཕྲག་དུ་མའི་རྗེས་སུ་ད་དུང་ཁ་བསྐང་རྒྱུ་མ་བརྗེད་པ་དེ་འདྲ་ནི་རང་རེའི་མེས་པོ་དག་གི་མཛད་པ་ཡིན་ལ། ཁོང་ཅག་གིས་ནི་བོད་ལ་རིག་གནས་འཛུགས་སྐྲུན་གྱི་བྱ་བ་དེ་ལྟར་ནན་ཏན་དང་ཞིབ་དག་ཏུ་མཛད་པ་ཡིན། བསྟོད་པ་འདི་ལ་ལེགས་སྦྱར་གྱི་མ་རྩོམ་མི་བཞུགས་ཤིང་། འདི་རྒྱ་ནག་གི་སྐད་དུའང་འགྱུར་མེད། བཙུན་པ་ཨི་ཅང་གིས་བསྟོད་པ་འདིའི་རིན་ཐང་མཁྱེན་བཞིན་དུ་བརྒྱ་ལྔ་བཅུ་པ་བསྒྱུར་ནས་འདི་མ་བསྒྱུར་པ་ཅི་ཡིན་ཆ་མ་འཚལ།

གཎྜིའི་བསྟོད་པ་ཚིགས་སུ་བཅད་པ་ཞེས་པའང་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྟོད་པ་རྣམས་ལས་ཁྱད་པར་བ་ཞིག་སྟེ། བརྗོད་བྱ་གཎྜི་ལ་བསྟོད་པའི་སྒོ་ནས་དོན་དུ་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ཀྱི་སྒྲ་དབྱངས་གཎྜིའི་སྒྲ་ལྟ་བུ་ལ་བསྔགས་པའོ། །བསྟོད་པ་འདི་ནི་སློབ་དཔོན་ཨཱརྱ་དེ་ཝས་སློབ་དཔོན་རྟ་དབྱངས་ཁོ་རང་བཏུལ་ཏེ་ནང་པར་བཅུག་པའི་རྗེས་དྲན་ལྟ་བུར་བརྩམས་པར་ངེས་ཏེ། སྔོན་ཁོ་རང་ཕྱི་རོལ་མུ་སྟེགས་པ་ཡིན་དུས་རང་གར་གནས་པའི་ཕྱོགས་ཀྱི་ནང་པའི་དགོན་སྡེ་དག་གིས་གཎྜི་བརྡུང་མི་ཆོག་པར་བྱས་པ་ཕྱིས་སུ་ཁོང་ཉིད་སློབ་དཔོན་ཨཱརྱ་དེ་ཝ་ལས་ཕམ་རྗེས་སླར་གསོ་བྱས་ཚུལ་རྣམ་ཐར་དུ་གསལ་བ་དང་། ཡང་དེའི་རྗེས་དྲན་དུ་གཎྜི་མཆོད་རྟེན་ཟེར་བ་ཞིག་བཞེངས་ཚུལ་ཨཱརྱ་དེ་ཝའི་རྣམ་ཐར་དུ་གསལ་ལ། ཐང་སན་ཙང་གི་ལམ་ཡིག་ཏུ་ཁོང་རྒྱ་གར་ལ་ཕེབས་དུས་མཆོད་རྟེན་དེ་ད་དུང་ཡོད་པ་དངོས་སུ་མཇལ་བར་གསུངས་པ་སོགས་ལས་རྟོགས་ནུས། བསྟོད་པ་འདིའི་ཚིག་རྣམས་སུའང་མུ་སྟེགས་ཅན་གྱི་སྙིང་རྣམ་པར་འཇོམས་པ་དང་། ང་རྒྱལ་མེད་པར་བྱེད་པ། སྐྲག་པར་བྱེད་པ། འཇིགས་པར་བྱེད་པ་སོགས་གཎྜིའི་སྒྲ་བསྒྲགས་པ་ནི་མུ་སྟེགས་ཅན་ལས་རྣམ་པར་རྒྱལ་བའི་མཚན་མ་ལྟ་བུར་བྱས་ཡོད། ད་དུང་ཁྱད་མཚར་བ་ཞིག་ནི། བསྟོད་པ་འདིའི་ཁྲོད་དུ་གཎྜིའི་སྒྲ་ལ་ལད་མོ་བྱས་པའི་སྒྲའི་ངང་ཚུལ་སྟོན་པའི་མིང་མང་པོ་ཞིག་ལེགས་སྦྱར་གྱི་སྐད་སོར་འཇོག་བྱས་ཡོད་པ་དེ་ལྟ་བུ་ནི་བཀའ་བསྟན་གཉིས་ལ་འདི་གཅིག་པུ་ཨེ་ཡིན་སྙམ།

བསྟོད་པ་འདི་ནི་མཁས་པ་ཆེན་པོ་རྒྱལ་བའི་སྡེ་ཞལ་སྔ་ནས་དང་། ལོ་ཙཱ་བ་བཙུན་པངྷརྨྨ་ཡོན་ཏན་གྱིས་བོད་སྐད་དུ་བསྒྱུར། འདིའི་ལེགས་སྦྱར་གྱི་མ་རྩོམ་མི་བཞུགས་ལ། རྒྱ་ནག་གི་སྐད་དུ་ཧྲིལ་པོར་སྒྲ་བསྒྱུར་བྱས་ཡོད།

ཇི་སྐད་དུ་འཇམ་དཔལ་རྩ་རྒྱུད་ལས། ཉམས་དགའ་གྲོང་ཁྱེར་རྒྱལ་པོའི་ཁབ། །འོད་མའི་ཚལ་གྱི་ས་སྟེང་དུ། །སློབ་མའི་ཚོགས་དང་ལྷན་ཅིག་ཏུ། །ཇི་ལྟར་བདེ་བར་ང་བཞུགས་ཚེ། །བྱ་རོག་གཅིག་གིས་ཐལ་བཏང་ཡང་། །ང་ལ་སེམས་ནི་དད་བྱས་ནས། །ལུས་ཞིག་ནས་ནི་མཐོ་རིས་སོང་། །ལྷ་རྣམས་ལས་ནི་ཤི་འཕོས་ནས། །མི་ཡི་ནང་ནས་སྐྱེས་ནས་ཀྱང་། །ང་ཡི་བསྟན་ལ་རབ་ཏུ་བྱུང་། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །མ་ཁོལ་ཞེས་བྱའི་བརྟུལ་ཞུགས་ཅན། །དེ་ནི་དེ་ཚེ་འབྱུང་བར་འགྱུར། །ང་ལ་ཇི་བཞིན་བསྟོད་པས་མཆོད། །རྣམ་པ་སྣ་ཚོགས་དེ་དག་གིས། །ལེགས་པར་དཔྱད་ལ་རབ་བྱེད་པའོ། །བློ་ལྡན་དེ་ནི་མཐར་གྱིས་ཀྱང་། །ཐམས་ཅད་མཁྱེན་པ་བྱང་ཆུབ་ཐོབ། །ཅེས་ལུང་བསྟན་པ་དང་། བཙུན་པ་ཨི་ཅང་གི་ལམ་ཡིག་ཏུ་སློབ་དཔོན་མ་ཏི་ཙི་ཏྲ་སྐྱེ་བ་སྔོན་མ་ཞིག་ལ་བྱ་འཇོལ་མོ་རུ་སྐྱེས་པའི་ཚེ་ནགས་ཁྲོད་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་སྟེ། རང་དབང་མེད་པར་བསྟོད་དབྱངས་ལྟ་བུའི་སྐད་སྙན་མོ་བསྒྲགས་པས། སངས་རྒྱས་ཀྱིས་ལུང་བསྟན་ཏེ། དགེ་བའི་རྩ་བ་འདི་ལས་བྱ་འདི་མ་འོངས་པར་མ་ཏི་ཙི་ཏྲ་ཞེས་པའི་སྐྱེས་བུར་གྱུར་ནས། སངས་རྒྱས་ཀྱི་མཛད་པ་ལ་བསྟོད་པར་འགྱུར་རོ་གསུངས་ཞེས་བྱུང་བ་ལྟར། རྒྱལ་བ་ཉིད་ཀྱིས་བསྟོད་པ་བྱེད་པར་ལུང་བསྟན་པ་ཡིན་པའི་ཕྱིར་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྟོད་པ་རྣམས་ནི་སངས་རྒྱས་ཀྱི་བཀའ་དང་མཉམ་པ་ཙམ་དུ་བྱིན་རླབས་ཆེ་ཞིང་། འདིས་མཛད་པའི་བསྟོད་པ་ཐམས་ཅད་ཀྱང་ཡུལ་ཐམས་ཅད་དུ་ཁྱབ་སྟེ། ཐ་ན་གླུ་གར་མཁན་དང་། བཞད་གད་མཁན་རྣམས་ཀྱང་འདོན་པར་བྱེད་པས་ཡུལ་གྱི་སྐྱེ་བོ་ཐམས་ཅད་སངས་རྒྱས་ལ་དད་པ་རང་ཤུགས་ཀྱིས་སྐྱེས་ཏེ། བསྟོད་པ་ཁོ་ནས་ཀྱང་བསྟན་པ་དར་བ་ལ་ཆེས་ཕན་པ་ཞིག་ཡིན་པར་བཤད། [14]འདིར་བཤད་པའི་བསྟོད་པ་ནི་གཙོ་བོ་འདིས་མཛད་པའི་བསྟོད་པ་བརྒྱ་རྩ་ལ་ཟེར་མོད། སྐྱེས་རབས་སོ་བཞི་པ་དང་། སངས་རྒྱས་ཀྱི་སྤྱོད་པ་གཉིས་ཀྱང་བསྟོད་པ་ཡིན་པ་ནི་སྨོས་མ་དགོས། འོན་ཀྱང་བོད་དུ་སྐྱེས་རབས་སོ་བཞི་པ་མ་གཏོགས། སངས་རྒྱས་ཀྱི་སྤྱོད་པ་དང་། འདིས་མཛད་པའི་བསྟོད་པ་དག་ལ་རྒྱ་གར་དུ་འཕྲིན་ལས་ཇི་ལྟར་རྒྱས་པ་དེ་འདྲ་ནི་མ་བྱུང་བར་མངོན།

སློབ་དཔོན་རྟ་དབྱངས་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་སློབ་པ་ལམ་གྱི་གནས་སྐབས་ཀྱི་སྐུའི་སྐྱེ་བ་མང་པོའི་མཛད་པ་ཡི་གེར་བསྡེབས་པའི་སྐྱེས་རབས་མཛད་པ་དེ་ནི་རྒྱུ་རྨད་དུ་བྱུང་བ་ལ་བསྔགས་པ་དང་། དེ་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་ཚུལ་རྣམ་ཐར་དུ་བྱས་པ་དེ་ནི་འབྲས་བུ་རྨད་དུ་བྱུང་པ་ལ་བསྔགས་པ། རྒྱུ་རྨད་དུ་བྱུང་བ་ལས་འབྲས་བུ་རྨད་དུ་བྱུང་བ་སྨིན་པ་དེ་ལ་མངོན་པར་བསྟོད་པའི་ངག་གི་ཕྲེང་བ་མང་དུ་སྤེལ་བ་དེ་ནི་བསྔགས་པར་འོས་པ་ལ་བསྔགས་པ་སྟེ། འདིས་མཛད་པའི་གོང་གསལ་སྙན་ངག་གི་བསྟན་བཅོས་དེ་དག་ནི་ཚིག་སྦྱོར་རྨད་དུ་བྱུང་བར་མ་ཟད། བརྗོད་བྱ་དོན་གྱི་ཆ་ནས་ཀྱང་ཆ་ཚང་ཞིང་ལྷུ་ལག་རྫོགས་ལ་གཏན་ཚིགས་ཀྱིས་འབྲེལ་བ་ཞིག་གོ །

སྡེ་དགེའི་བསྟན་འགྱུར་གྱི་གཏམ་དུ་བྱ་བ་དང་འཕྲིན་ཡིག་སྣ་ཚོགས་ཀྱི་ཆོས་སྐོར་ལས་པོད་གེ་པར་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མི་ཁོམ་པ་བརྒྱད་ཀྱི་གཏམ་ཞེས་པ་དང་། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ། ཕྱིན་ཅི་ལོག་བཞི་སྤང་བའི་གཏམ། རྩོད་པའི་དུས་ཀྱི་གཏམ་བཅས་དང་། པོད་ངེ་པར་ལེགས་པའི་ལམ་བསྟན་པའི་གཏམ། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། མྱ་ངན་བསལ་བ། མི་དགེ་པ་བཅུའི་ལས་ཀྱི་ལམ་བསྟན་པ། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ། རྒྱལ་པོ་ཆེན་པོ་ཀ་ནི་ཀ་ལ་སྤྲིངས་པའི་ཕྲིན་ཡིག་བཅས་བསླབ་བྱའི་ཁོངས་སུ་གཏོགས་པ་གཏམ་དུ་བྱ་བ་དང་འཕྲིན་ཡིག་དུ་མ་དང་། བྱ་བའི་རྒྱུད་ཀྱི་ཆོས་སྐོར་པོད་ནུ་པ་ལ་ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ་སོགས་ཡོད་མོད། དེ་དག་ནི་འདིར་ཞིབ་ཏུ་མི་སྤྲོའོ། །རྒྱུད་སྡེ་སོ་སོའི་ལྷ་རྣམས་ཀྱི་བསྟོད་པ་ནི་རང་རང་གི་སྐབས་སུ་བཅུག་ཡོད་པས་འདི་བསྟོད་ཚོགས་ཀྱི་ཆོས་སྐོར་ན་མེད་པ་དེ་ཡིན།

གཞན་ཡང་སློབ་དཔོན་རྟ་དབྱངས་ཀྱིས་ད་དུང་གཅུང་མཛེས་དགའི་རྟོགས་བརྗོད་ཅེས་པའི་སྙན་ངག་གི་བསྟན་བཅོས་ཤིག་མཛད་ཡོད་པ་བོད་དང་རྒྱ་ནག་གི་སྐད་གང་དུའང་མ་འགྱུར་ལ། འདི་པ་ད་དུང་ཟློས་གར་གྱི་བསྟན་བཅོས་རྩོམ་པ་ལ་མཆོག་ཏུ་མཁས་ཤིང་། ད་ལྟའི་བར་ཡོད་པའི་རྒྱ་གར་པའི་ཟློས་གར་གྱི་བསྟན་བཅོས་ལས་ཆེས་སྔ་བ་ནི་ཤིན་ཅང་གི་ལུང་བར་རྙེད་ཅིང་། སྤྱི་ལོ1911ལོར་འཇར་མན་གྱི་མཁས་པ་ལི་ཏི་སིས (H. Lde rs )ལེགས་བསྒྲིགས་དང་པར་འདེབས་བྱས་པའི་སློབ་དཔོན་རྟ་དབྱངས་ཀྱི་ཟློས་གར་གྱི་བསྟན་བཅོས་གསུམ་ཡིན། དེ་དག་ལས་ཤཱ་རིའི་བུའི་རྟོགས་བརྗོད་ལ་འཁྲབ་ཚན་དགུ་ལས་ཕྱི་མ་གཉིས་ལྷག་ཡོད་ལ། གཞན་མ་གཉིས་ནི་རལ་སྐྱོན་བྱུང་བས་དོན་གྱི་བྱུང་རིམ་ཇི་འདྲ་བ་ཞིག་རྗོད་གྱིན་ཡོད་པ་ཤེས་དཀའ། གནའ་བོའི་རྒྱ་གར་དུ་ཟློས་གར་ནི་སྙན་ངག་གི་ཡན་ལག་ལྟ་བུའི་རིག་པར་སྣང་བས། སྙན་ངག་ལ་མཁས་ན་ཕལ་ཆེར་ཟློས་གར་ལའང་མཁས་པར་ངེས་ཤིང་། ཟློས་གར་གྱི་བསྟན་བཅོས་ཡིན་ན་སྙན་ངག་གི་ལམ་ནས་མ་བརྩམས་པ་མེད། སློབ་དཔོན་རྟ་དབྱངས་ནི་དེ་ལྟར་སྙན་ངག་ལ་མཁས་ཤིང་སྙན་ངག་ཆེན་པོའི་ལམ་སྲོལ་ཕྱེས་པར་མ་ཟད། ཟློས་གར་གྱི་ཆ་ནས་ཀྱང་གནའ་བོའི་རྒྱ་གར་གྱི་ཤིང་རྟའི་སྲོལ་འབྱེད་ལྟ་བུར་གྱུར་འདུག

མདོར་ན། སྤྱིར་སློབ་དཔོན་རྟ་དབྱངས་ནི་བསྟན་བཅོས་རྩོམ་པ་ལ་མཆོག་ཏུ་མཁས་པས། ལུས་ཀྱི་སྡིག་བཤགས་ལུས་ཐང་བར་བྱེད་པ་གསོ་དཔྱད་ཀྱི་བསྟན་བཅོས་དང་། ཡིད་ཀྱི་སྡིག་བཤགས་ཡིད་བདེ་བར་བྱེད་པ་ནང་རིག་པའི་བསྟན་བཅོས། ངག་གི་སྡིག་བཤགས་ངག་གི་དགེ་བར་བྱེད་པ་སྙན་ངག་བསྟན་བཅོས་བཅས་རིགས་གསུམ་གྱིས་གཙོས་པའི་བསྟན་བཅོས་དག་ནི་གསེར་གྱི་མཆོད་སྡང་ལྟར་རྣམ་པར་བརྗིད་ཅིང་གཟི་འོད་འབར་ལ། དེ་དག་གིས་འཛམ་གླིང་ཤེས་རིག་གི་དཀོར་མཛོད་ཆེན་པོར་རིན་ཐང་གཞལ་དུ་མེད་པའི་ནོར་སྣ་ཞིག་བསྣན་ཏེ། འགྲོ་བ་མིའི་ཡིད་ཀྱི་འབྱོར་བ་གྱ་ནོམ་པར་བྱས། ལྷག་པར་སློབ་དཔོན་འདིས་སྙན་ངག་གི་ལམ་ནས་མཛད་པའི་བསྟན་བཅོས་རྣམས་ནི་གོང་དུ་སྨྲས་པ་ལྟར་འགྲོ་དོན་དང་འཕྲིན་ལས་བསམ་གྱིས་མི་ཁྱབ་སྟེ། བཅོམ་ལྡན་འདས་ཀྱིས་ལུང་གིས་ཟིན་པའི་སྙན་ངག་པ་ཡིན་ཟེར་བའང་གནད་དེ་འདྲ་ཞིག་ལ་ཐུག་སྙམ། སློབ་དཔོན་འདི་པ་འཛམ་གླིང་ཀུན་ལ་གྲགས་ཆེ་བའང་གཙོ་བོ་ངག་རིག་ལ་དབང་འབྱོར་བའི་སྙན་ངག་པ་ཆེན་པོ་འགྲན་པའི་ཟླ་མེད་པ་ཞིག་ཡིན་པའི་དབང་གིས་ཏེ། དཔལ་ཆོས་ཀྱི་གྲགས་པས་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་དྲིས་ལན་དུ། ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག ། སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཞེས་སློབ་དཔོན་འདི་སྙན་ངག་གི་བསྟན་བཅོས་རྩོམ་པ་ལ་ཤིན་ཏུ་མཁས་པར་བསྟན་ཅིང་། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་སྙན་ངག་མཁན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཞེས་བསྔགས་པ་དང་། [15]དབྱིན་ཇིའི་མཁས་པ་ཆེན་པོ་བོ་ཏིར(A. K . Warder )གྱིས་ཀྱང་སྤྱི་ལོའི་དུས་རབས་དང་པོ་ལ་ནང་པའི་སྙན་ངག་པ་ཆེན་པོ་རྟ་དབྱངས་འཁྲུངས། ཁོང་ནི་རྒྱ་གར་གྱི་སྙན་ངག་པ་དྲུག་གི་ཡ་གྱལ་དང་། འཛམ་གླིང་སྔ་རབས་ཀྱི་སྙན་ངག་པ་ཆེན་མོ་བཅུའི་ཡ་གྱལ་ཡང་ཡིན་པ་རྒྱུས་ཡོད་དག་གིས་ཤེས་ངེས་གསུངས་པ[16]ཇི་ལྟ་བར། གནའ་བོའི་རྒྱ་གར་གྱི་རྩོམ་རིག་བྱུང་རབས་སུ་དྲང་སྲོང་གྲོག་མཁར་བ་དང་སློབ་དཔོན་ནག་མོ་ཁོལ་གཉིས་ཀྱི་དབུས་སུ་གསེར་གྱི་ཁྲི་འཕང་མཐོན་པོ་ལ་ལྷམ་མེར་བཞུགས་པ་ནི་སློབ་དཔོན་རྟ་དབྱངས་མཆོག་ལས་གཞན་མ་མཆིས་ལ། འདིས་སྤྱིར་ནང་རིག་དང་། གསོ་རིག རྩོམ་རིག་སོགས་བོད་ཀྱི་རིག་གནས་ལ་ཕྱོགས་དུ་མ་ནས་ཤན་ཆེན་པོ་ཐེབས་ཡོད་ཅིང་། ལྷག་པར་སྐྱེས་རབས་དང་། རྣམ་ཐར། སྙན་ངག བསྟོད་པ་སོགས་རྩོམ་རིག་གི་ཆ་ནས་བོད་ལ་ཤན་ཆེན་པོ་ཐེབས་པ་རྒྱ་གར་མཁས་པའི་ཁྲོད་ནས་འདི་འདྲ་དཀོན་པར་སྣང་།

ལུང་ཁུངས།

[1]ས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་སྐྱེས་རབས་སོ་བཞི་པའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ། གསུང་འབུམ་པོད་ཀ་པའི་ཆོས་ཚན2པ། ཤོག་ངོས། 11

[2]བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་འཇམ་མགོན་སྡེ་ཁྲི་རིན་པོ་ཆེའི་དྲུང་དུ་གསན་པའི་སྐྱེས་རབས་སོ་བཞི་པའི་བཤད་པའི་ཟིན་བྲིས། གསུང་འབུམ་པོད་ཅ་པའི་ཆོས་ཚན12པ། ཤོག་ངོས། 3དང6

[3]བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་སྐྱེས་རབས་སོ་བཞི་པའི་ཆོས་ཐུན་དང་པོའི་གསུང་བཤད་ཟིན་བྲིས་སུ་བྱས་པ། གསུང་འབུམ་པོད་ཅ་པའི་ཆོས་ཚན13པ། ཤོག་ངོས། 2

[4]བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་སྐྱེས་རབས་སོ་བཞི་པའི་ཆོས་ཐུན་དང་པོའི་གསུང་བཤད་ཟིན་བྲིས་སུ་བྱས་པ། གསུང་འབུམ་པོད་ཅ་པའི་ཆོས་ཚན13པ། ཤོག་ངོས། 2

[5]ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་སྐྱེས་རབས་སོ་བཞི་པའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ། གསུང་འབུམ་པོད་ཀ་པའི་ཆོས་ཚན2པ། ཤོག་ངོས། 34

[6]ཀ་རང་བྱུང་རྡོ་རྗེས་མཛད་པའི་སྐྱེས་རབས་བརྒྱ་པ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་དཔར་དུ་བཏབ་པ། 1989ལོ། ཤོག་ངོས། 505

[7]ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་སྐྱེས་རབས་སོ་བཞི་པའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ། གསུང་འབུམ་པོད་ག་པའི་ཆོས་ཚན1པ། ཤོག་ངོས། 269

[8]སཾསྐྲྀའི་རྩོམ་རིག་ལོ་རྒྱུས།

[9]སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས།

[10]ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པའི་རྣམ་བཤད་ལམ་བཟང་གསལ་བྱེད་རིན་ཆེན་སྒྲོན་མེ། གསུང་འབུམ་པོད་ཆ་པའི་ཆོས་ཚན1པ། ཤོག་ངོས། 11

[11]ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པའི་རྣམ་བཤད་ལམ་བཟང་གསལ་བྱེད་རིན་ཆེན་སྒྲོན་མེ། གསུང་འབུམ་པོད་ཆ་པའི་ཆོས་ཚན1པ། ཤོག་ངོས། 215

[12]ཏའི་རྩོམ་རིག་ལོ་རྒྱུས།

[13]རྒྱ་གར་གྱི་ཤུལ་ནོར།

[14]ཇོ་ནང་ཏཱ་ར་ནཱས་མཛད་པའི་རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས། 119

[15]བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་འཇམ་མགོན་སྡེ་ཁྲི་རིན་པོ་ཆེའི་དྲུང་དུ་གསན་པའི་སྐྱེས་རབས་སོ་བཞི་པའི་བཤད་པའི་ཟིན་བྲིས། གསུང་འབུམ་པོད་ཅ་པའི་ཆོས་ཚན12པ། ཤོག་ངོས། 6

[16]རྒྱ་གར་ཆོས་འབྱུང་།

དོན་སྡུད་པ།

རྒྱ་གར་གྱི་རིག་གནས་ལྟ་བུའི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ནི་འཛམ་གླིང་གི་མི་རིགས་གང་ལའང་མཐོང་དཀའ་བས། ད་ལྟའང་ཤེས་ནས་སྨྲ་བ་རྣམས་ཀྱིས་རྒྱ་གར་ལ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་མོ་ཡིན་ཞེས་སྔག་པར་བྱེད། ས་བབ་དང་མེས་པོ་སྔ་མ་རྣམས་ཀྱི་ཤེས་རབ་ཀྱི་དབང་གིས་ལོ་ངོ་ཉིས་སྟོང་ལ་ཉེ་བའི་གོང་ནས་རང་རེ་རྣམས་ལ་རྒྱ་གར་གྱི་རིག་གནས་བདུད་རྩི་ལྟ་བུ་རྣམས་ཐད་ཀར་ལོངས་སྤྱོད་པའི་བགོ་སྐལ་བཟང་པོ་ཐོབ། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་རྒྱ་གར་ཆོས་དང་རིག་གནས་ཀྱི་རྫིང་བུ་ཆེན་པོ་ལས་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་ཡུར་བ་ལ་བརྟེན་ནས་བོད་གངས་རིའི་ལྗོངས་ཀྱི་ཞིང་ས་ལ་རིག་པའི་ཆུ་རྒྱུན་ཆད་མེད་དུ་བབས་ཏེ། རང་རེ་ལ་ཐུན་མོང་མ་ཡིན་པའི་རིག་གནས་དང་། ལྟ་གྲུབ་དང་། ལེགས་ཉེས་བླང་དོར་གྱི་རྣམ་གཞག་གྲུབ། སྤྱིར་རྒྱ་གར་གྱི་རིག་གནས་ཀྱིས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ལ་ཤན་ཆེན་པོ་ཐེབས་ཡོད་མོད། དེས་རང་རེ་ལ་ཤན་ཐེབས་པ་འདི་འདྲ་ནི་འཛམ་གླིང་ན་གཉིས་པ་བསྟན་དུ་མེད། བོད་ཀྱི་ཡབ་མེས་གོང་མ་རྣམས་ཀྱིས་རྒྱ་གར་གྱི་རིག་གནས་ནི་འཕྲལ་ཕུགས་ཀྱི་ཕན་བདེ་སྒྲུབ་པའི་དོན་ཆེན་དུ་བལྟས་ནས་ཞིབ་པ་དང་། དག་པ་དང་། གཙང་བ་དང་། ཆ་ཚང་བར་སྤྱན་དྲངས་པ་དེ་འདྲ་གཞན་གྱིས་འགྲན་མི་བཟོད་པས། རྒྱ་གར་རང་ས་རུ་ཆག་ཆེ་ཉམ་ངའི་དབང་གིས་སངས་རྒྱས་ཆོས་ལུགས་སོགས་རང་གི་རིག་གནས་ཀྱི་རྣམ་གྲངས་གལ་ཆེན་རྣམས་བག་ལ་ཞ་བར་གྱུར་ཀྱང་། རང་རེའི་ཡུལ་དུ་རྒྱ་གར་ནས་སྤྱན་དྲངས་པའི་མདོ་སྔགས་བཤད་སྒྲུབ་དང་རིག་གནས་ཀྱི་འཆད་ཉན་སོགས་ད་དུང་ཡང་ཕལ་ཆེར་ཆ་ཚང་བར་ཡོད་དོ། །གཞུང་བཀའ་པོད་ལྔ་དང་། སྔགས་རྒྱུད་སྡེ་བཞིའི་འཆད་ཉན་ཉམས་ལེན་གཙོར་བྱས་པའི་རིག་གནས་ཆེ་ཆུང་བཅུའི་སྲོལ་ཀ་ཆ་ཚང་བ་སྔར་ཡང་བོད་དུ་མ་གཏོགས་ཡུལ་གང་ལའང་མ་དར་ལ། བོད་ཀྱིས་ད་ལྟའང་དེ་གཅེས་པར་སྲེལ་གྱིན་མཆིས། དེས་ན་རྒྱ་གར་གྱི་རྫིང་བུ་ལས་སྔ་མོ་ནས་ཡལ་བའི་ཆ་མང་པོ་ཞིག་ཁ་བ་ཅན་གྱི་ཞིང་ས་རུ་ད་དུང་ཡང་རྙེད་ཐུབ། དེའི་ཆ་ནས་བལྟས་ན་རྒྱ་གར་ནི་བོད་ཀྱི་བླ་མ་ཡིན་ལ། བོད་ནི་བླ་མ་རྒྱ་གར་ལས་ལྷག་པའི་སློབ་མ་ཡིན།

རྒྱ་གར་ན་ཆོས་ལུགས་དང་རིག་གནས་ཀྱི་རྣམ་གྲངས་ཤིན་ཏུ་མང་ཡང་བོད་ཀྱི་རིག་གནས་དང་ཉེ་བར་འབྲེལ་བ་ནི་བྲམ་ཟེའི་ཆོས་ལུགས་དང་བྲམ་ཟེའི་ཆོས་ལུགས་ཀྱི་རིག་གནས་དང་། སངས་རྒྱས་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ཡིན། བོད་ཀྱི་དམ་པ་གོང་མ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་སྤྱད་ནས་ཆེད་དུ་གཉེར་བ་ནི་སངས་རྒྱས་ཆོས་ལུགས་དང་དེའི་རིག་གནས་ཡིན་མོད། བྲམ་ཟེ་རྣམས་ཀྱིས་བྲམ་ཟེའི་ཆོས་ལུགས་ལ་ཕུ་བོའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་ལ་ནུ་བོའི་ཆོས་ལུགས་ཟེར་བ་བཞིན་དེ་གཉིས་ཀྱི་བར་ན་ཤ་ཁྲག་གི་འབྲེལ་བ་ཡོད་པ་བསྙོན་དུ་མེད་པ་དང་། བྲམ་ཟེའི་ཆོས་ལུགས་དང་དེའི་རིག་གནས་རང་རྐང་ནས་ཀྱང་སྔ་མོ་ནས་སྨིན་ཞིང་ཁོ་ལག་རྫོགས་ཏེ་ངོ་མཚར་བའི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གྲུབ་འདུག་པ་དང་། རིག་གནས་ཀྱི་རྣམ་གྲངས་འགའ་ཞིག་རྩོམ་མཁན་སོགས་ཀྱི་ཆ་ནས་བྲམ་ཟེའི་རིག་གནས་ཀྱི་ཁོངས་སུ་གཏོགས་ཀྱང་བྲམ་ཟེའི་ཆོས་ལུགས་ཀྱི་ཆ་ཆེར་མི་འདྲེས་པས་ཐུན་མོང་རིག་གནས་ཀྱི་རང་བཞིན་འཛིན་པ་སོགས་རྒྱུ་མཚན་དུ་མའི་དབང་གིས་སངས་རྒྱས་ཆོས་ལུགས་དང་དེའི་རིག་གནས་སྤྱན་དྲངས་པའི་ཞར་ལ། རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་དང་དེའི་རིག་གནས་ཀྱི་རྣམ་གྲངས་དུ་མའང་ངང་ཤུགས་ཀྱིས་བོད་དུ་སླེབས་ཡོད་དེ། རང་རེའི་བཀའ་བསྟན་དུ་མུ་སྟེགས་ཀྱི་རྒྱུད་དམ་བསྟན་བཅོས་གཡུལ་ལས་རྣམ་པར་རྒྱལ་བ་དང་། མུ་སྟེགས་ཀྱི་གཏུམ་མོ་དང་། མིའི་མཚན་ཉིད་བརྟག་པ། དངུལ་ཆུ་གྲུབ་པའི་བསྟན་བཅོས། གསེར་འགྱུར་གྱི་བསྟན་བཅོས། རི་མོའི་མཚན་ཉིད། ཐུབ་པ་ཆེན་པོ་དྲང་སྲོང་གར་གས་ལྟས་ཀྱི་རྣམ་པ་བསྟན་པ། རྒྱ་མཚོས་བསྟན་པའི་མཚན། མི་དཔྱད་ཀྱི་བསྟན་བཅོས་བསྡུས་པ། བྱ་རོག་གི་སྐད་བརྟག་པ། མིའི་མཚན་ཉིད་བརྟག་པ་རྒྱ་མཚོ། རྟའི་ཚེའི་རིག་བྱེད་ཤ་ལི་ཧོ་ཏྲས་བསྡུས་པ་སོགས་བྲམ་ཟེས་སློབ་དཔོན་རྣམས་ཀྱིས་མཛད་ཅིང་། བྲམ་ཟེའི་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་བསྟན་བཅོས་ཀྱང་མང་དུ་བསྡུས་ཡོད་པ་ལྟ་བུའོ། །དེས་ན་དོན་དུ་བོད་ཀྱི་རིག་གནས་ལ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་དེའི་རིག་གནས་ཀྱི་ཤན་ཐེབས་ཡོད་པར་མ་ཟད། བྲམ་ཟེའི་ཆོས་ལུགས་དང་དེའི་རིག་གནས་ཀྱི་ཤན་ཡང་ཐེབས་ཡོད་པ་མངོན་སུམ་ཡིན། དེ་བས་བདག་གིས་རྒྱ་གར་གྱི་རིག་གནས་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཆ་ནས་རྒྱ་གར་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བ་ལ་ཅུང་དཔྱད་པར་འདོད་དེ་དཔྱད་རྩོམ་འདི་འབྲི་བའི་ལས་ལ་ཞུགས་ཤིང་། དེ་ཡང་རྒྱ་གར་གྱི་བྲམ་ཟེའི་རིག་གནས་དང་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བ་དང་། ལྷག་ཏུ་ཡང་བྲམ་ཟེའི་རིག་གནས་དང་བོད་ཀྱི་རྩོམ་རིག་གི་འབྲེལ་བ་བརྗོད་པའི་སྒོ་ནས་རྒྱ་གར་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བའི་ཚུལ་ལ་བརྟག་གཞིགས་ཅུང་ཟད་བྱས་པ་ཡིན་ལ། རྒྱ་གར་གྱི་བྲམ་ཟེའི་རིག་གནས་ཀྱིས་བོད་ཀྱི་རྩོམ་རིག་དང་རིག་གནས་ལ་ཤན་ཐེབས་ཡོད་པའི་ལྟ་བ་འདི་འདྲ་བཏོན་ན་གཞན་གྱིས་བསྟོད་སྨད་ཅི་བྱེད་མ་ངེས་ཀྱང་། མིག་མཐོང་ལག་ཟིན་གྱི་དོན་དངོས་བགྲངས་ནས་ངོ་སྤྲད་པ་ལས་རང་འདོད་ཨུ་ཚུགས་ཀྱིས་གསར་བཤད་ཀྱི་སྒྲོབ་ཉམས་སྟོན་འདོད་པ་ཡེ་ནས་མིན།

རང་རེའི་ཡབ་མེས་གོང་མ་ཚོས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་སྤྱན་འདྲེན་སྐབས་བློ་ཁོག་ཤིན་ཏུ་ཡངས་ཏེ། བྲམ་ཟེའི་ཆོས་ལུགས་ཀྱི་ལྟ་བ་སྟོན་པའི་གཞུང་ནི་ཆ་ཚང་བར་བསྒྱུར་བ་མེད་ཀྱང་། བྲམ་ཟེའི་རིག་གནས་ཀྱི་སྐོར་མང་དུ་བསྒྱུར་བ་གོང་དུ་བཤད་པ་ལྟར་ཡིན་པས་སོ། །སྤྱིར་ན་རྒྱ་གར་གྱི་བྲམ་ཟེའི་རིག་གནས་ནི་ཆོས་དང་། ཐར་པ་དང་། དོན་དང་། འདོད་པ་སྟེ། སྡེ་བཞི་ལ་ངེས་པར་འདུ་ཞིང་། སྔོན་གྱི་ཚེ་རྒྱ་གར་དུ་སྡེ་བཞིའི་རིག་གནས་ངོ་མཚར་བ་དར་བར་མངོན། རིག་གནས་ཀྱི་རྣམ་པ་དེ་བཞི་ཀས་ཀྱང་དངོས་བརྒྱུད་ཅི་རིགས་ནས་བོད་ཀྱི་རྩོམ་རིག་དང་རིག་གནས་ལ་ཤན་ཐེབས་ཡོད་མོད། སྔོན་བོད་ཀྱི་ཡུལ་དུ་རིག་གནས་སློབ་མཁན་དང་བསྟན་བཅོས་རྩོམ་མཁན་ཕལ་ཆེ་བ་སྟོན་པའི་རྗེས་འཇུག་གྲྭ་བཙུན་རྣམས་ཡིན་པས། ཆོས་དང་ཐར་པའི་སྡེའི་ཚབ་མ་ལ་ནང་པའི་ཆོས་དང་ཐར་པས་གོ་ཆོད་པར་བྱས་ཤིང་། དོན་དང་འདོད་པའི་སྡེ་ནི་དཔལ་འབྱོར་དང་། ཆབ་སྲིད་དང་། འདོད་པ་སྟེ། འདི་སྣང་འཁྲི་བ་དང་། དགྲ་འདུལ་གཉེན་སྐྱོང་དང་། ཕ་མོའི་བརྩེ་དུངས་སོགས་ཀྱི་ཕྱོགས་སུ་སོང་བ་དང་། ལྷག་པར་སྟོན་པའི་རྗེས་འཇུག་རྣམས་གནང་བཀག་གི་དབང་གིས་དམག་དང་བུད་མེད་ཀྱི་གཏམ་ལ་འཛེམ་དགོས་པར་འདུག་པས། རྒྱ་གར་གྱི་བྲམ་ཟེའི་རིག་གནས་ཀྱི་ཁྲོད་དུ་དེ་དར་རྒྱས་ཆེ་ཡང་། བོད་ཀྱི་རྩོམ་རིག་ཏུ་དེའི་སྐོར་གྱི་བསྟན་བཅོས་ནི་ཆེར་མ་བྱུང་བར་སྣང་། འོན་ཀྱང་བོད་ལ་དེའི་སྐོར་གྱི་ས་བཅད་མ་སྟོང་བར་ཡོད་པའང་བྲམ་ཟེའི་རིག་གནས་ཀྱི་ཤན་གྱིས་ཡིན་ནོ། །དེ་བས་བདག་གིས་བརྩམས་ཆོས་འདིར་གང་སྨྲས་པའི་བྲམ་ཟེའི་རིག་གནས་ཀྱི་རྣམ་གྲངས་དེ་དག་ནི་སྡེ་བཞི་ལས་འཕྲོས་པ་ཁོ་ནར་སྣང་ལ། དེ་དག་སླར་བསྡུ་ནའང་སྡེ་བཞིའི་ཁོངས་སུ་མི་འདུ་བ་མེད་པས། སྡེ་བཞིའི་རིག་གནས་ནི་བྲམ་ཟེའི་རིག་གནས་ལ་འཇུ་བྱེད་ཀྱི་ཡུ་བ་ཡིན་ནོ། །

སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ཀྱིས་བོད་ཀྱི་རྩོམ་རིག་ལ་ཤན་ཐེབས་པའི་ཚུལ་ནི་ལྷག་པར་རྒྱ་ཆེ་ཞིང་གཏིང་ཟབ་པས། དཔྱད་གཞི་གནད་ཆེ་མོད། གཅིག་ནས་དེ་ནི་ཀུན་གྱིས་རྟག་ཏུ་གླེང་བརྗོད་བྱེད་པའི་ཡུལ་ཡིན་པ་དང་། གཉིས་སུ་ད་རེ་དུས་ཚོད་དྲེལ་འཚུབ་ཆེ་བས་སློབ་དཔོན་རྟ་དབྱངས་ཀྱི་བརྩམས་ཆོས་དང་བོད་ཀྱི་རྩོམ་རིག་གི་འབྲེལ་བ་ལ་ཅུང་ཟད་དཔྱད་པས་འཐུས་པར་བྱས། སློབ་དཔོན་རྟ་དབྱངས་ནི་ཕྱི་ནང་གི་གྲུབ་མཐའ་ཀུན་ལ་མཁས་པའི་སློབ་དཔོན་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། བསྟན་བཅོས་རྩོམ་པ་ལ་འགྲན་ཟླ་དང་བྲལ་བས། འདི་པའི་བརྩམས་ཆོས་དང་བོད་ཀྱི་རྩོམ་རིག་ལ་གཤིབ་བསྡུར་བྱས་ན། ནང་པའི་རིག་གནས་དང་བོད་ཀྱི་རྩོམ་རིག་གི་འབྲེལ་བ་ཟུར་བསྟན་ལེབ་མཐོང་བྱེད་ནུས་ཤིང་། བོད་ཀྱི་སྙན་ངག་དང་། བསྟོད་པ། སྐྱེས་རབས། རྣམ་ཐར་སོགས་རྩོམ་རིག་གི་རྣམ་པ་མང་པོ་ཞིག་གི་ཁུངས་དང་རྒྱུན་ལ་ངེས་པ་རྙེད་ཐུབ།

གཤིབ་བསྡུར་མ་བྱས་ན་རྒྱ་གར་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བའི་ཟབ་ཁྱད་ལ་ངེས་ཤེས་འདྲོངས་དཀའ་བས། རྒྱ་གར་གྱི་རིག་གནས་དང་བོད་ཀྱི་རྩོམ་རིག་ལ་གཤིབ་བསྡུར་བྱས་ནས། རྒྱ་གར་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བ་ལ་ངེས་ཤེས་གསར་བ་རྙེད་དུ་འཇུག་པ་ནི་བརྩམས་ཆོས་འདི་བྲི་བའི་མཐར་ཐུག་གི་བསྙེག་བྱ་ཡིན་ཡང་མཆི། རིག་གནས་ཀྱི་རལ་ཁ་སྤྲོད་པའི་ལུགས་ནི་ཡིད་ལ་འཆང་བ་དང་རྗེད་དུ་འཇུག་པ་སྟེ་རྣམ་པ་འདི་གཉིས་ལས་མ་འདས་ཞེས་ཨ་རིའི་རྩོམ་རིག་དང་རིག་གནས་ཀྱི་མཐའ་དཔྱོད་པ་ཆེན་མོ་ས་ཨེ་ཏིས་ཇི་སྐད་གསུངས་པ་བཞིན་ཡིན་ལ། རང་ངོ་རང་གིས་ཤེས་པ་དང་རང་རྒྱུས་རང་གིས་ལོན་པའང་དཀའ་དཀའ་ལྟར་སྣང་བའི་དུས་ལ། ཁྱོད་སུ་ཡིན། ཁྱོད་གང་ནས་འོངས། ཁྱོད་གང་དུ་འགྲོ་ཞེས་པའི་དྲི་བ་འདི་གསུམ་ལས་གནད་ཆེ་བའི་བསམ་གཞིག་གི་ཁ་བྱང་ཞིག་རྙེད་དཀའ་བར་བསམ། བློ་གཟུ་བོར་གནས་ཏེ་མིག་གི་ལིང་ཏོག་ཕྱིས་ནས་རང་གི་རྩད་རང་གིས་བཅད་ན། ནང་པའི་རིག་གནས་དང་། བྲམ་ཟེའི་རིག་གནས། ཏ་ཟིག་གི་རིག་གནས། གྷི་རིག་གི་རིག་གནས་ཞེས་གཅིག་གི་རྒྱབ་ལ་གཅིག་ཡིབ་འདུག་པ་མཐོང་ཡོང་། དབང་ཐང་དང་ཁ་སྟབས་ཆུང་བ་བདེན་ཡང་གང་ལྟར་འཇིག་རྟེན་ཡ་རབས་ཀྱི་མིའི་གྲས་སུ་བཙུད་པས། འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་མོ་ཧེ་གེལ་གྱིས་གསུངས་པ་བཞིན། རང་རེས་སྔོན་གྱི་སྲོལ་རྒྱུན་ལ་ཐུགས་རྗེ་ཆེ་ཞུ་བར་འོས། རང་རེ་ལ“ད་ལྟའི་འཇིག་རྟེན་འདིར་ཡོད་པའི་རང་རྟོགས་ཀྱི་རིགས་པ་ནི་གློ་བུར་དུ་ཐོབ་པ་ཞིག་མ་ཡིན་ཞིང་། ད་ལྟའི་རྨང་གཞི་འདི་ཁོ་ན་ལས་སྐྱེས་འོངས་པའང་མ་ཡིན་ཏེ། དེ་ནི་ངོ་བོའི་ཆ་ནས་སྔོན་མ་ནས་ཡོད་པའི་ཤུལ་བཞག་ཅིག་ཡིན། དེ་ཡང་ལས་ཀ་སྔོན་དུ་སོང་བའི་འབྲས་བུ་སྟེ། མིའི་རིགས་ཀྱི་སྔོན་གྱི་དུས་རབས་སོ་སོའི་ལས་ཀའི་འབྲས་བུ་ཡིན”[1]པས། ད་ལྟར་འབྱུང་བཞིན་པའི་རིག་གནས་གསར་པ་ཡིན་ཡང་བླ་ཡི། སྔོན་གྱི་སྲོལ་རྒྱུན་གྱི་རིག་གནས་ཡིན་ཡང་རུང་སྟེ། གང་ཡིན་ཡང་མེད་དུ་མི་རུང་ངོ་། །བདག་ཅག་གིས་འཛམ་གླིང་ཧྲིལ་བོའི་འདུ་ཤེས་ཀྱི་མངའ་འོག་ནས་རང་གི་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་བྱེད་པར་བསམ་བློ་གཏོང་དགོས་ཏེ། འཇིག་རྟེན་གྱི་མིའོ་ག་གིས་དོ་ཁུར་བྱེད་ཀྱིན་པའི་བྱ་བཞག་གལ་ཆེན་རྣམས་ལ་དོ་ཁུར་བྱས་ནས། གལ་གནད་ཆེ་བའི་དོན་ཆེན་དེ་རྣམས་ཐག་གིས་གཅོད་པ་ལ་རང་རེའི་རིག་གནས་ཀྱིས་ཐབས་ལམ་དང་ལག་རྗེས་ཁྱད་པར་བ་ཇི་འདྲ་སྐྱེས་སུ་འབུལ་ནུས་པར་ཞིབ་ཏུ་གཞིག་དགོས། རིག་གནས་བཙན་པོའི་བཙིར་གནོན་འོག་ཏུ་འགའ་རེ་ལ་རིག་གནས་དོན་སྟོང་རིང་ལུགས་ཀྱི་བློ་སྐྱེ་སླ་བའང་ཆོས་ཉིད་ལྟ་བུ་ཡིན་པས་ཁག་མེད་ཡོག་མེད་ཡིན་མོད། རང་རེའི་རིག་གནས་རིམ་གྱིས་འཛམ་གླིང་གི་རིག་གནས་ཤིག་ཏུ་འགྱུར་གྱིན་ཡོད་པའི་ཆ་དེའང་མཐོང་ན་དགའ་བསམ། སྔོན་དུ་འགྲོ་བའི་བློ་འདི་འདྲ་མེད་ན་རྒྱ་གར་དང་བོད་ཀྱི་རིག་གནས་གཤིབ་བསྡུར་བྱས་པ་ལ་འབྲས་བུ་གཞན་པ་ཞིག་སྨིན་ངེས། གང་ལྟར་དགེ་བཤེས་ཆེན་མོ་ཤེས་རབ་རྒྱ་མཚོའི་ཞལ་ནས། ཕ་ཡིས་མ་ལན་མས་ཀྱང་མ་ལགས་ཏེ། །སྐལ་ངན་ཧ་ལའི་དུག་ལོ་འབུས་པ་ཙམ། །[2]གསུངས་པ་བཞིན། རང་རེའི་དམ་པ་གོང་མ་རྣམས་ཀྱིས་རྒྱ་གར་ནས་ས་ཏཱི་ཞེས་ཁྱོ་བོའི་རོ་སྲེག་པའི་མེ་ལ་ཆུང་མ་གསོན་པོར་མཆོངས་པའི་སྲོལ་དེ་བསྣམས་མ་འོངས། རྒྱ་ནག་ནས་གསེར་གྱི་པདྨ་ཞེས་བུ་མོ་གཞོན་ནུ་མ་ཚོའི་རྐང་པ་དྲག་ཤེད་ཀྱིས་བཅིངས་ཏེ་རྐང་ཞ་མར་བྱེད་པའི་སྲོལ་དེ་བསྣམས་མ་འོངས། རྒྱ་དཀར་ནག་གཉི་ག་ནས་ཉུག་རུམ་པ་ཞེས་སྐྱེས་པའི་འབྲས་བུ་བཙན་ཐབས་ཀྱིས་འབྱིན་པའི་སྲོལ་དེ་ཡང་ཁྱེར་མ་འོངས་པར། ཡ་རབས་ལུགས་ལེགས་འཚེ་མེད་ཞི་འཇམ་གྱི་རིག་གནས་འདི་འདྲ་ཞིག་བཙུགས་འདུག་པས། ཁོ་བོ་ནི་ལེ་ལན་རང་ལ་བདའ་བ་ལས་འཁང་ར་གཞན་ལ་བྱེད་རྒྱུ་ཅང་མེད་པར་བསམ། འོན་ཀྱང་སྤྱང་ཀི་ལ་བླ་མར་འཛིན་པ་དག་ལ་འདི་འདྲའི་གྲོས་འདེབས་རྩིས་སྔ་མོ་ནས་མེད་པས་གསེར་སྙན་མི་ངལ་བར་ཞུ།

ཡང་འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་མོ་ཧེ་གེལ་གྱིས་འདི་སྐད་དུ། གྷི་རིག་ཅེས་པའི་མིང་འདི་གླེང་བ་ན། བསླབ་ཡོན་ཅན་གྱི་ཡོ་རོབ་པ་རྣམས་ཀྱི་སེམས་ཁོང་དང་། ལྷག་པར་ངུ་ཅག་འཇར་མན་པ་རྣམས་ཀྱི་སེམས་ཁོང་དུ་ཕ་ཁྱིམ་གྱི་འདུ་ཤེས་ཤིག་རང་བཞིན་དུ་སྐྱེ་རུ་འཇུག[3]གསུངས། རྒྱ་གར་དང་བོད་ཀྱི་རིག་གནས་ཀྱི་འབྲལ་བའང་དེ་འདྲ་ཞིག་ཡིན་མོད། དེ་ལ་དཔྱད་ཞིབ་དང་ཤེས་རྟོགས་ཡོད་པ་སྔོན་ནས་ད་བར་དུ་ཤིན་ཏུ་ཉུང་བས། འདི་ན་ཡིག་ཚང་ལོ་རྒྱུས་མཁས་རྣམས་ཀྱང་། །འཕགས་ཡུལ་གཏམ་གྱི་སྦྱོར་བ་ལ་ཞུགས་ན། །དབུལ་བོའི་སྐྱེ་བོ་ཚོང་ཟོང་འགྲེམས་པ་བཞིན། །རྩལ་ཤུགས་ཕྱུང་ཡང་ཕོངས་པའི་རྒྱུ་ཉིད་མཐོང་། །[4]ཞེས་ཀུན་མཁྱེན་ཇོ་ནང་པ་ཆེན་པོས་གསུངས་པ་ཇི་ལྟ་བ་སྟེ། ཤིན་ཏུ་ཕངས་ཆེའོ། །དེ་བཞིན་རང་ཅག་ནི་རྒྱ་ལའང་ད་བར་དུ་ཁ་དང་འགྲམ་པ་མཉམ་གཤིབ་དུ་བསྡད་འདུག་ཅིང་། ད་ལྟ་རྒྱ་ཡིག་ཤེས་མཁན་ཡང་མང་མོད། རྒྱའི་རིག་གནས་ངོ་མ་ལ་ཞིབ་འཇུག་བྱེད་མཁན་དང་། རྒྱའི་རིག་གནས་ལ་རྒྱུས་ཞིབ་པ་དང་། རྒྱ་བོད་རིག་གནས་ལ་གཤིབ་བསྡུར་གྱིས་དཔྱད་པ་གཏོང་མཁན་སྲིད་མཐའ་ཙམ་ཡིན། རྗེ་ཐུའུ་བཀྭན་རིན་པོ་ཆེས་རྒྱ་ཡིག་དང་རྒྱ་སྐད་མི་མཁྱེན་བཞིན་དུའང་རྒྱའི་རིག་གནས་ཀྱི་གནད་དུ་མ་ཟིན་འདུག་མོད། ད་ལྟ་རྒྱ་ཡིག་དང་རྒྱ་སྐད་ཤེས་བཞིན་དུའང་དེ་འདྲའི་ཚད་ལ་སླེབས་པ་ཉིན་སྐར་ཙམ་མོ། །བོད་ཀྱི་རིག་གནས་ཞིབ་འཇུག་གི་ཁྲོད་དུ་གཤིབ་བསྡུར་རིག་གནས་རིག་པ་དང་གཤིབ་བསྡུར་རྩོམ་རིག་རིག་པའི་གཞུང་ལུགས་དང་ཐབས་ལམ་དྲངས་ནས་རྒྱ་གར་དང་བོད་ཀྱི་རིག་གནས་དང་། རྒྱ་གར་དང་བོད་ཀྱི་རྩོམ་རིག་ལ་གཤིབ་བསྡུར་གྱིས་དཔྱད་ཞིབ་བྱེད་པ་ནི་ཡིད་དབང་འགུགས་པར་ནུས་པའི་ཞིབ་འཇུག་བྱ་ཡུལ་ཞིག་ཡིན། རྒྱ་གར་དང་བོད་ཀྱི་རིག་གནས་དང་། རྒྱ་གར་དང་བོད་ཀྱི་རྩོམ་རིག་ལ་གཤིབ་བསྡུར་གྱིས་དཔྱད་ཞིབ་བྱེད་པའི་སྲོལ་བཏོད་པ་དང་དེའི་སྐོར་གྱི་འཆད་ཉན་འཛུགས་པ་ནི་བོད་ཀྱི་རིག་གནས་ཞིབ་འཇུག་བྱ་བའི་ཁྲོད་ཀྱི་བྱ་བཞག་གལ་ཆེན་ཞིག་ཏུ་མཐོང་ནས། ཁོ་བོས་ད་རེ་དེའི་སྐོར་གྱི་ཡི་གེ་མང་པོ་གུང་བསྒྲིགས་ཤིང་རང་གི་ལྟ་བས་རྒྱས་བཏབ་ནས་ཀུན་ལ་ཕྱོགས་སུ་སྤྲིངས་པ་ཡིན།

[1]མཚན་ཉིད་རིག་པའི་བྱུང་བའི་ཁྲིད་ཟིན། 19598

[2]རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ། པོད་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས། 604

[3]མཚན་ཉིད་རིག་པའི་བྱུང་བའི་ཁྲིད་ཟིན། 1959157

[4]ཇོ་ནང་ཏཱ་ར་ནཱས་མཛད་པའི་རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས། 3

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།