ཨ་མདོའི་ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་རགས་ཙམ་གླེང་བ།

微信图片_20200508160815.jpg

རྩོམ་པ་པོ་ངོ་སྤྲོད། བཀའ་མ་མཁའ་འབུམ། ཕུ་ཡུལ་མཚོ་སྔོན་ཞོན་ཧྭ་ཡིན། ལས་ཐོབ་རྩོམ་ཞུས་པ་ཆེན་མོ། རྩོམ་རིག་རབ་འབྱམས་པ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནུབ་བྱང་གྲངས་ཉུང་མི་རིགས་ཁག་གི་ས་གནས་ལོ་རྒྱུས་སྐོར་ཡིན།

【ནང་དོན་གནད་བཤུས།】 མདོ་སྨད་ཆོས་འབྱུང་གི་རྗེས་ནས་ཨ་མདོའི་ལོ་རྒྱུས་ལ་ཆེད་དུ་བརྟག་དཔྱོད་དང་ཞིབ་འཇུག་བྱེད་མཁན་མང་པོ་བྱུང་ཞིང་། མདོ་སྨད་ཆོས་འབྱུང་དུ་ཡང་གཙོ་བོ་ཨ་མདོའི་ཡུལ་གྱི་སྒོམ་སྡེའི་ལོ་རྒྱུས་དང་ཆོས་འཆད་ཉན། ལུང་མན་དག་སྐོར་གྱི་གནས་ཚུལ་འགོད་པ་གཙོ་བོར་བཟུང་བས། ཨ་མདོའི་ཡུལ་གྱི་སྲིད་དོན་ལོ་རྒྱུས་སྐོར་བཀོད་པ་ཧ་ཅང་ཉུང་དྲགས་པ་དང་། དེའི་ཐད་དུ་སྟོང་ཆ་དང་མག་མོག་ཏུ་གྱུར་ཡོད་སའང་མང་བས་ན། འདིར་ལོ་རྒྱུས་དོན་གཉེར་ཅན་གྱི་ལས་དང་པོ་བ་རྣམས་ལ་དམིགས་ཏེ་ཨ་མདོའི་ལོ་རྒྱུས་ཞིབ་འཇུག་སྐོར་གྱི་ཡིག་ཆ་ངོ་སྤྲོད་དང་འཚོལ་སྡུད་བྱེད་ཐབས། ཡུལ་དངོས་རྟོག་ཞིབ་བྱེད་ཐབས། དེ་བཞིན་དཔྱད་རྩོམ་འབྲི་སྟངས་བཅས་ཀྱི་ཐད་ནས་ཤེས་བྱ་འགའ་ཤས་ངོ་སྤྲོད་རགས་ཙམ་བྱས་ཡོད། 

གླེང་གཞི།

ཨ་མདོ་ནི་བོད་ཀྱི་ཤར་མཐར་གནས་པ་དང་། ས་རྒྱ་ཆེ་ཞིང་མི་གྲངས་མང་བའི་ཁར་ཡུན་རིང་གི་ལོ་རྒྱུས་ཁྲོད་དུ་རྒྱལ་རབས་མང་པོས་སྔ་ཕྱིར་དབང་སྒྱུར་བས་ན། མི་རིགས་འདྲ་མིན་མང་པོ་སྔ་ཕྱིར་ཡུལ་འདིར་འདུས་སྡོད་བྱས་མྱོང་ཞིང་། དེའི་དབང་གིས་རིག་གནས་སྣ་མང་སྔ་ཕྱིར་འདིར་དར་མྱོང་བ་སོགས་ཀྱི་གནས་བབ་འོག་ཏུ། ད་ལྟའི་ད་རུང་འཐུས་ཚང་ཞིང་སྤྱི་ལ་ཁྱབ་པའི་ཨ་མདོའི་ལོ་རྒྱུས་ཐད་ཀྱི་དཔེ་དེབ་ཅིག་མ་བྱུང་བས་ན། ཨ་མདོའི་བོད་རིགས་དང་འབྲེལ་བའི་འདས་པའི་ལོ་རྒྱུས་མང་པོ་ཞིག་ལྐོག་གྱུར་དུ་གནས་ཤིང་། དེ་ཡོད་ཚད་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ཞིབ་འཇུག་གནད་དུ་ཐིངས་པ་ཞིག་བྱ་དགོས་ན། བོད་རྒྱ་ཡིག་རིགས་གཉིས་གཙོས་པའི་ཟུར་ལྟའི་དཔྱད་གཞི་མང་པོ་བཀླགས་པའི་ཁར། ཡུལ་དངོས་རྟོག་ཞིབ་ཀྱིས་ཟུར་བརྒྱན་ཅིང་། རིག་གནས་མིའི་རིགས་རིག་པའི་ཞིབ་འཇུག་བྱེད་ཐབས་སོགས་བེད་སྤྱོད་བཏང་ཚེ། ད་གཟོད་ཞིབ་འཇུག་གི་ལམ་དུ་ཞུགས་ན་འབྲས་བུ་གཡུར་དུ་ཟ་བ་ཞིག་ཐོབ་སྲིད་པ་རེད།  

ལོ་རྒྱུས་ཞིབ་འཇུག་གི་ངོས་ཐད་ནས་བཤད་ན་དེ་ལ་ཁ་ཕྱོགས་པའི་སྡེ་ཁག་གམ། ཡང་ན་མི་རེ་རེས་དགོས་མཁོ་དང་དམིགས་ཡུལ་མི་གཅིག་པ་དང་། རིག་གནས་ཀྱི་ཆུ་ཚད་མི་གཅིག་པ། ལོ་རྒྱུས་ཀྱི་ལྟ་བ་མི་གཅིག་པ་སོགས་ཀྱི་རྐྱེན་པས། ཞིབ་འཇུག་གི་འབྲས་བུ་དང་། སྡོམ་ཚིག་ཀྱང་མི་གཅིག་པ་ཁོ་ཐག་རེད། འདིརགཙོ་བོ་ཨ་མདོའི་ལོ་རྒྱུས་ལ་སློབ་གཉེར་བྱེད་འདོད་པའི་སློབ་བུ་ལས་དང་པོ་བ་རྣམས་ལ་དམིགས་ཏེ། ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་དང་འབྲེལ་བའི་ཤེས་བྱ་ཉུང་ཙམ་ངོ་སྤྲོད་པར་བྱའོ། །

དང་པོ། ལོ་རྒྱུས་ཀྱི་རྒྱུན་ཤེས་རིག་གནས་ལ་སློབ་སྦྱོང་བྱེད་པ།

དེང་རབས་ཀྱི་སློབ་གཉེར་པ་རྣམས་ལ་མཚོན་ན། སློབ་གྲྭ་ཆུང་འབྲིང་འགྲིམས་པའི་སྐབས་སུ་ཚང་མས་ཀྲུང་གོའི་ལོ་རྒྱུས་དང་འཛམ་གླིང་ལོ་རྒྱུས་ཀྱི་སློབ་དེབ་ལ་སྦྱོང་མྱོང་བ་དང་། དེའི་རྨང་གཞིའི་སྟེང་ནས་བོད་ཀྱི་ལོ་རྒྱུས་ལའང་རྒྱུས་ལོན་ཅུང་ཙམ་བྱས་ཡོད། འདི་དག་ནི་ཨ་མདོའི་ལོ་རྒྱུས་སློབ་གཉེར་བྱེད་པ་ལ། ངེས་པར་དུ་ཚང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་རེད། འདི་དག་སྔོན་དུ་མ་སོང་བར་ཐད་ཀར་ཨ་མདོའི་ལོ་རྒྱུས་ཞིབ་འཐུག་གི་ལས་ལ་འཇུག་བསམ་ཚེ། རྨང་གཞིའི་ཤེས་བྱ་ཞན་དྲགས་ཏེ་རྔོ་ཐོགས་དཀའ་བ་རེད། དེ་བས། སྔོན་ལ་གཤམ་གྱི་རྒྱུན་ཤེས་འདི་དག་ལ་རྒྱུས་མངའ་ཅུང་ཙམ་ཡོད་ན། ཨ་མདོའི་ལོ་རྒྱུས་སློབ་གཉེར་བྱེད་དུས་སྟབས་བདེ་པོ་ཡོང་ངེས་རེད།

ཀྲུང་གོའི་ལོ་རྒྱུས་ཐད་ནས་གདོད་མའི་སྤྱི་ཚོགས་དང་བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་བཅས་ཀྱི་དུས་བཅད་དང་ངོ་བོ། རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་མདོར་བསྡུས། སྤྱི་ལོ་དང་སྤྱི་ལོ་སྔོན་གྱི་བརྩི་སྟངས། རྡོ་ཆས་གསར་རྙིང་གི་དབྱེ་གཞི། གནའ་རྫས་རྟོག་ཞིབ་སྐོར་གྱི་སྡོམ་ཚིག ལོ་རྒྱུས་སྟེང་དུ་བྱུང་ཟིན་པའི་དོན་རྐྱེན་སྣ་ཚོགས། གྲངས་ཉུང་མི་རིགས་ཁག་གི་གནས་ཚུལ་མདོར་བསྡུས། མི་སྣ་གྲགས་ཅན་རྣམས་ཀྱི་མཛད་རྣམ། ནང་ཆོས་དང་ཁ་ཆེའི་ཆོས་ལུགས། ཏོ་ལུགས་པའི་ཆོས་ལུགས་སོགས་ཀྱི་གནས་ཚུལ་ཡང་མདོར་བསྡུས་རེ་རྒྱུས་ལོན་བྱ་དགོས། དེའི་རྨང་གཞིའི་སྟེང་ནས་ཀྲུང་གོའི་ནུབ་བྱང་ས་ཁུལ་གྱི་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། མཚོ་བོད་མཐོ་སྒང་བཅས་ཀྱི་རིག་གནས་ལོ་རྒྱུས་དང་ས་རྒྱུས་སོགས་ལ་རྒྱུས་ལོན་ཞིབ་ཏུ་བྱེད་དགོས།

འཛམ་གླིང་ལོ་རྒྱུས་ཐད་ནས་མིའི་རིགས་ཀྱི་བྱུང་བ་དང་གླིང་བདུན། རྒྱ་མཚོ་ཆེན་པོ་བཞི། གནའ་བོའི་དཔལ་ཡོན་གྱི་འབྱུང་ཁུངས་སུ་གྱུར་བའི་རྒྱལ་ཁབ་ཆེན་པོ་བཞི། ཆོས་ལུགས་ཆེན་པོ་གསུམ། རྒྱལ་ཁབ་ཁག་གི་གནས་ཚུལ་མདོར་བསྡུས། འཛམ་གླིང་གི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་ཆེན་པོ་རྣམས། རིག་རྩལ་བསྐྱར་དར། བཟོ་ལས་གསར་བརྗེ། ཆོས་ལུགས་དང་མི་རིགས་ཁག་གི་འགལ་འདུ་སོགས་ལ་རྒྱུས་ལོན་གནད་སྨིན་བྱེད་དགོས།

ཨ་མདོའི་ལོ་རྒྱུས་ཐད་ནས་ཐོག་མར་བོད་ཀྱི་ལོ་རྒྱུས་སྤྱི་ཁོག་ལ་སློབ་སྦྱོང་བྱས་པའི་རྨང་གཞིའི་སྟེང་། ད་གཟོད་ཨ་མདོའི་ལོ་རྒྱུས་ལ་ཕྱོགས་ཟུར་ཀུན་ནས་རྒྱུས་ལོན་བྱེད་དགོས། དེ་ཡང་ཐོག་མར་ཨ་མདོའི་སྒྲ་བཤད་དང་། ཨ་མདོའི་ས་ཁོངས་ངོས་འཛིན། ཨ་མྱེས་རྨ་ཆེན་གཙོ་བྱས་ཏེ་མཚོ་སྔོན་ཕྱོགས་ཀྱི་ཙོང་ལ་རིང་མོ་དང་། མདོ་ལ་རིང་མོ། ཁྲ་ལ་རི་བོ། གཉན་པོ་གཡུ་རྩེ། ཨ་མྱེས་ཧྲིན་པོ་སོགས་དང་། ཀན་ལྷོའི་ཕྱོགས་ཀྱི་ཨ་མྱེས་ཕྱོགས་བཅུ་དང་གོང་སྔོན། མཚོ་མེས་རྒྱལ་མོ། དུང་ཕྲུག ཐོད་ཆིངས། ཞལ་དཀར། དཔའ་རྒན། སྐུ་བླ་སོགས་དང་། དཔའ་རིས་ཕྱོགས་ཀྱི་ཨ་མྱེས་ཀ་དྲོད། འགུ་གཙང་རི། སྨེ་བཅུ་སོགས་དང་། རྔ་བ་ཁུལ་གྱི་ཤར་དུང་རི། རྨེ་རི། འདབས་འབྲེལ་དཀར་མཛེས་ཁུལ་རོང་བྲག་ཁོངས་ཀྱི་རྒྱལ་མོ་དམུ་རྡོ་སོགས་ཀྱི་རི་བོ་གལ་ཆེན་དག་གི་གནས་ཡུལ་དང་། དེའི་ཁོར་ཡུག་ལེ་ལག་དང་བཅས་པའི་རི་ཕྲན་དག་གི་གནས་ཚུལ། དེ་དག་སྐྱེས་ལྷ་གཞི་བདག་གང་དག་ཡིན་པ་དང་ས་ཆ་གང་དག་གིས་བསྟེན་ཞིང་མཆོད་ཀྱིན་ཡོད་པ་སོགས་ཤེས་དགོས། དེ་ནས་ཨ་མདོའི་མངའ་ཁོངས་ཀྱི་མཚོ་སྔོན་ཕྱོགས་ཀྱི་ཆུ་བོ་ཆེན་པོ་རྨ་ཆུ་དང་། ཙོང་ཆུ། འཇུ་ལག་ཆུ། དགུ་ཆུ། རྡོ་ཆུ། སྨར་ཆུ། སྙི་ཆུ་སོགས་དང་། ཀན་ལྷོ་ཕྱོགས་ཀྱི་ཀླུ་ཆུ་དང་འབྲུག་ཆུ། བསང་ཆུ་སོགས་དང་། རྔ་བ་ཕྱོགས་ཀྱི་ཁྲོ་ཆུ་དང་སྐ་ཆུ། རྔ་ཆུ། སྐྱ་ཆུ། ཚ་ཆུ། འཛི་ཆུ། དམེ་ཆུ། རྒྱལ་མོ་རྔུལ་ཆུ་སོགས་ཀྱི་ཆུ་མགོ་དང་བཞུར་ཡུལ་གང་དག་ཡིན་པ་ཤེས་དགོས་པའི་ཁར། ཆུ་བོ་འདི་དག་གི་འགྲམ་ངོགས་སུ་གནས་པའི་ཡུལ་སྡེ་དང་ཚོ་ཁག་གང་དག་ཡོད་པའང་ཤེས་དགོས། དེ་དང་མཉམ་དུ་ཨ་མདོ་ཡུལ་གྱི་རོང་མ་འབྲོག་གསུམ་གྱི་ཁྱབ་ས་ཁྱབ་ཡུལ་དང་འཚོ་བའི་གནས་སྟངས། བོན་ཆོས་དང་ས་དགེ་བཀའ་རྙིང་ཇོ་ནང་སོགས་ཆོས་ལུགས་གྲུབ་མཐའ་ཁག་ཡུལ་གྲུ་འདིར་ཇི་ལྟར་དང་ཚུལ། དགོན་སྡེ་ཇི་ལྟར་བྱུང་ཚུལ། བླ་སྤྲུལ་དང་དགེ་བའི་བཤེས་གཉེན་གྲགས་ཅན་རྣམས་ཀྱི་རྣམ་ཐར་མདོར་བསྡུས་རེ་ཤེས་དགོས། དེར་མ་ཟད་ཨ་མདོ་ས་ཁུལ་ནས་དུས་སྐབས་སོ་སོར་བྱུང་བའི་ས་གནས་དཔོན་པོ་དང་། དེ་དག་གི་མཛད་རྗེས། དཔོན་མཁར་དཔོན་ཤུལ་གྱི་རྗེས་ཤུལ་དང་མི་རྒྱུད་གནས་ཚུལ་སྐོར། དེ་ནས་དུས་སྐབས་སོ་སོའི་ནང་དུ་ཨ་མདོ་ས་ཁུལ་ནང་དུ་ཨ་མདོའི་ཡུལ་གྱི་ལོ་རྒྱུས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་དོན་དག་ཆེན་པོ་གང་དང་གང་ཞིག་བྱུང་བ་སོགས་ཤེས་རྒྱུ་གལ་ཆེའོ། །

ཨ་མདོ་པ་གནས་སའི་ས་ཆ་དང་རིག་གནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ནི་བོད་ཁུལ་གྱི་ཡུལ་གྲུ་གཞན་དག་དང་བསྡུར་ན། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ། དེ་མིན་ད་རུང་རིག་གནས་དཔལ་ཡོན་དར་ཚུལ་བཅས་ཀྱི་ཐད་ནས་རང་མཚན་མངོན་པར་དོད་པ་ཞིག་ཡིན་པས། ཨ་མདོའི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག ཡང་ན་སློབ་ཁྲིད་སོགས་ཀྱི་ལས་ལ་ཞུགས་དགོས་ན། ཐོག་མར་རང་སའི་གནས་བབ་ཚང་མ་ཡིད་ལ་གསལ་ལེར་ངེས་པར་བྱས་པའི་རྨང་གཞིའི་སྟེང་། ད་གཟོད་ཨ་མདོའི་བོད་རིགས་དང་ས་གནས་རྒྱ་རིགས་བར་གྱི་འབྲེལ་བ་དང་། དེ་བཞིན་བོད་དང་སོག་པོ། ཧོར་རིགས། ཡུར་གུར། ཁ་ཆེ་མི་རིགས་ཁག་བཅས་བར་གྱི་འབྲེལ་བར་སྒོ་ཀུན་ནས་རྒྱུས་ལོན་བྱེད་དགོས་པས་མི་ཚད། ལོ་རྒྱུས་སྟེང་དུ་ཨ་མདོའི་ཡུལ་ནས་བྱུང་མྱོང་བའི་གནའི་མི་རིགས་ཆཱང་དང་ཐུའུ་ཡུས་ཧོན། མི་ཉག་སོགས་ཀྱི་ལོ་རྒྱུས་ཀྱང་མ་རྨོངས་པ་ཙམ་རེ་ཤེས་དགོས།

 གཉིས་པ། ལོ་རྒྱུས་ཀྱི་ཡིག་ཆ་འཚོལ་སྡུད་བྱེད་པ།

ཨ་མདོའི་ལོ་རྒྱུས་དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆ་གཙོ་བོ་རྒྱ་ཡིག་དང་བོད་ཡིག་གཉིས་ལ་བརྟེན་དགོས་ཏེ། དཔེར་ན་གནའ་རབས་ཀྱི་དུས་སུ་ཨ་མདོའི་ཡུལ་དུ་འཚོ་སྡོད་བྱས་མྱོང་བའི་ཆཱང་དང་རུག་ཀྲི(月氏)། སོའུ་ཐི(粟特)། ནན་ལྱེང(南凉)། ཐུའུ་ཡུས་ཧོན(吐谷浑)སོགས་ཀྱི་ལོ་རྒྱུས་སྤྱི་ཁོག་ལ་རྒྱུས་ལོན་བྱེད་པ་དེའང་། རྒྱ་ཡིག་གི་ཡིག་ཆ་གཙོ་བོར་བསྟེན་དགོས་པ་དང་། ཐང་རྒྱལ་རབས་སྐབས་སུ་ཨ་མདོའི་ས་ཆ་ནས་བྱུང་བའི་ཐང་བོད་བར་གྱི་འགལ་འདུ་སོགས་ཏུང་ཧོང་གི་ཡིག་རྙིང་དང་རྡོ་རིང་གི་ཡི་གེ་ཙམ་གྱིས་དཔྱིས་ཕྱིན་པ་རྟོགས་མི་ནུས་པས། ངེས་པར་དུ《ཐང་ཡིག་གསར་རྙིང(新旧唐书)》དང་།《ཡིག་ཚང་མ་ཧཱ་རུས་སྦལ(册府元龟)》《སྲིད་སྐྱོང་མེ་ལོང(资治通鉴)》སོགས་ཀྱིས་ཟུར་བརྒྱན་ཏེ་ཆ་ཚང་དུ་གཏོང་དགོས།

དེ་ནས་ཙོང་ཁའི་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དེ་གཙོ་བོ་རྒྱ་ཡིག་གི《སུང་རྒྱལ་རབས་ཀྱི་ལོ་རྒྱུས(宋史)》དང་། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཐར་ཐོར་ཡོད་པ་གཞིར་བྱས་ཐོག  ཨ་མདོའི་ཙོང་ཁ་ས་ཆ་དང་ཀ་ཅུ་ས་ཆ། ཤིང་ཀུན་ས་ཆ། རི་དགོ་ཐང་། ཀན་ལྷོའི་བ་ཙེ་སོགས་སུ་ཙོང་ཁའི་རྒྱལ་པོ་དང་འབྲེལ་བའི་མཁར་ཆག་གཙོས་པའི་ཤུལ་རྗེས་མང་པོ་ཡོད་པ་རྣམས་དང་། ཙོང་ཁའི་རྒྱལ་པོའི་མི་རབས་ཚ་རྒྱུད་དུ་གྲགས་པ་རྣམས་ཀྱིས་བྲིས་པའི་དེ་འབྲེལ་གྱི་ལོ་རྒྱུས་ཐར་ཐོར་དང་ངག་རྒྱུན་སོགས་ལ་གཞི་བཅོལ་དགོས།  དེ་དང་མཉམ་དུ་ཙོང་ཁའི་རྒྱལ་རབས་དང་ལིའོ་རྒྱལ་རབས། ཅིན་རྒྱལ་རབས་བར་གྱི་འབྲེལ་བ་སོགས་རྟོགས་ན། གཙོ་བོ་རྒྱ་ཡིག་གི《ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས(辽史)》དང་། 《ཅིན་རྒྱལ་རབས་ཀྱི་ལོ་རྒྱུས(金史)》སོགས་དཔྱད་གཞིར་འཛིན་དགོས། ཙོང་ཁའི་རྒྱལ་རབས་དང་མི་ཉག་རྒྱལ་ཁམས་བར་གྱི་ལོ་རྒྱུས་བོད་ཡིག་གི《དེབ་དམར》དང་། 《རྒྱ་བོད་ཡིག་ཚང་ཆེན་མོ》《ཆོས་འབྱུང་ཤེལ་དཀར་མེ་ལོང》《བོན་གྱི་བསྟན་འབྱུང》《བཤད་མཛོད་ཡིད་བཞིན་ནོར་བུ》《ཤེས་བྱ་རབ་གསལ》《མདོ་སྨད་ཆོས་འབྱུང》སོགས་བོད་ཡིག་གི་དཔེ་ཆ་མང་པོར་ཐར་ཐོར་རེ་བཀོད་ཡོད་པ་དང་། རྒྱ་ཡིག་གིས་བརྩམས་པའི་དཔེ་ཆ་དེ་ལས་མང་པོ་ཡོད་པ་རྣམས་འདིའི་སྐོར་གྱི་དཔྱད་གཞི་ཡིག་ཆ་གལ་ཆེན་དག་ཡིན།

ཡོན་རྒྱལ་རབས་སྐབས་སུ་གོང་མ་ས་སྐྱ་དང་ཧོར་གྱི་རྒྱལ་པོ་ཁག་གི་བར་ལ་འབྲེལ་བ་བྱུང་ཚུལ་རྒྱ་ཡིག་གི《ཡོན་རྒྱལ་རབས་ཀྱི་ལོ་རྒྱུས(元史)》དང་། བོད་ཡིག་གི《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》དང་། 《ས་སྐྱའི་གདུང་རབས་དགོས་འདོད་ཀུན་འབྱུང》《རྒྱ་བོད་ཡིག་ཚང་ཆེན་མོ》《དེབ་ཐེར་དམར་པོ》སོགས་ལ་གཞི་བཅོལ་དགོས། དེང་སང་དེ་དག་དང་འབྲེལ་བའི་དཔེ་དེབ་དང་དཔྱད་རྩོམ་མང་པོ་ཡོད་པའང་ཟུར་ལྟ་བྱེད་ས་གཙོ་བོ་ཡིན།

མིང་རྒྱལ་རབས་ཀྱི་སྐབས་ནས་བཟུང་བོད་ཡིག་གི་ཡིག་ཆ་ལ་ཤར་སྐལ་ལྡན་རྒྱ་མཚོས《མདོ་སྨད་ཆོས་འབྱུང་གི་ས་བོན》སོགས་ཀྱིས་མཚོན་ཏེ་ཇེ་མང་ནས་ཇེ་མང་ལ་སོང་ཡོད་པའི་ཁར། རྒྱ་ཡིག་གིས་བྲིས་པའི《མིང་རྒྱལ་རབས་ཀྱི་ལོ་རྒྱུས(明史)》སོགས་ལས་གཞན། ས་གནས་ཀྱི་ལོ་རྒྱུས《ཟི་ལིང་ཝེའི་ལོ་རྒྱུས(西宁卫志)》དང་།《ཀ་ཅུའི་ལོ་རྒྱུས(河州志)》《ཤིང་ཀུན་ལོ་རྒྱུས(临洮府志)》སོགས་ཀྱང་མང་པོ་ཡོད་པས། ཡིག་ཆའི་ཐད་ནས་ལག་ཐོགས་མི་དགོས་པར་འདུག

ཆིང་རྒྱལ་རབས་ཀྱི་སྐབས་ནས་བཟུང་། 《ཆིང་རྒྱལ་རབས་ཀྱི་ལོ་རྒྱུས(清史)》གཙོ་བྱས་ཏེ་ས་གནས་ཀྱི་ལོ་རྒྱུས་ལ《ཀན་སུའུ་ལོ་རྒྱུས་དེབ་ཐེར(甘肃通志)》དང་། 《ཆེན་པེན་ཅི་ལེ(秦边记略)》《ཡ་རྫི་ཐེན་གྱི་ལོ་རྒྱུས་དེབ་ཐེར(循化厅志)》《གཉན་པོ་སོའོ་ཡི་ལོ་རྒྱུས་དེབ་ཐེར(碾伯所志)》《མདོ་མཁར་ཐེན་གྱི་ལོ་རྒྱུས་དེབ་ཐེར(丹噶尔厅志)》《ཟི་ལིང་ཧྥུ་ཡི་ལོ་རྒྱུས་དེབ་ཐེར་གསར་མ(西宁府新志)》《ཟི་ལིང་ཧྥུ་ཡི་ལོ་རྒྱུས་དེབ་ཐེར་རྙིང་མ(西宁府续志)》《དགོ་ལམ་རྫོང་གི་ལོ་རྒྱུས་དེབ་ཐེར(皋兰县志-兰州志)》《རི་དགོ་ཐང་གི་ལོ་རྒྱུས་དེབ་ཐེར(岷州志)》སོགས་བགྲང་དུ་རུང་བ་དཔེ་དེབ་ལྔ་བཅུ་ལྷག་ཡོད། དེ་དང་མཉམ་དུ་བོད་ཡིག་གི《སུམ་པ་ཆོས་འབྱུང》དང་། 《མདོ་སྨད་ཆོས་འབྱུང》སོགས་སྔ་ཕྱིར་བྱུང་བ་མ་ཟད། དགོན་པ་ཆེ་ཁག་རྣམས་ཀྱི་ལོ་རྒྱུས་དང་གདན་རབས། བླ་སྤྲུལ་རྣམས་ཀྱི་རྣམ་ཐར་སོགས་ཀྱང་སྔ་ཕྱིར་མང་པོ་བྱུང་ཡོད་པས། དེ་དག་ནི་སྐབས་དེའི་མདོ་སྨད་ལོ་རྒྱུས་ལ་ངེས་པ་འདྲེན་བྱེད་ཀྱི་ཡིག་ཆ་གཙོ་བོ་དག་ཡིན་ནོ། ། 

དེ་མིན་ད་དུང་དེང་སྐབས་བརྩམས་པའི་རྫོང་སོ་སོའི་ལོ་རྒྱུས་དེབ་ཐེར(县志)དང་། སྲིད་གྲོས་ཁག་གི་རིག་དངོས་རྒྱུ་ཆ(政协文史资料)སོགས་ཀྱང་གལ་ཆེན་ཡིན་པས། དེ་དག་ལ་སྣང་མེད་མཐོང་ཆུང་བྱེད་མི་འོས་པ་དང་། དེའི་རྨང་གཞིའི་སྟེང་དུ་དུས་རབས་གསར་བའི་ནང་དུ་བྱུང་བའི་ཨ་མདོའི་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་སྣ་ཚོགས་ཀྱང་འཚོལ་སྡུད་ཅི་ཐུབ་བྱ་དགོས།

གསུམ་པ། ཡུལ་དངོས་རྟོག་ཞིབ་ཏུ་བསྐྱོད་པ།

 ཡུལ་དངོས་རྟོག་ཞིབ་ནི་ལོ་རྒྱུས་ཞིབ་འཇུག་ལ་མཚོན་ན་མེད་དུ་མི་རུང་བའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན། དེ་ལས་ཡུལ་གྲུ་ངོས་འཛིན་དང་། ས་རྒྱུས་ཆུ་རྒྱུས་ཁོངས་སུ་ཆུད་པར་བྱེད་པ་སོགས་ནི་དཔེ་དེབ་ཀློག་པ་ཙམ་གྱིས་བློ་རྒྱ་ཆེན་པོ་བསྐྱེད་པ་ལ་དེའི་དོ་ཟླ་མི་འཕེར་བས། ངེས་པར་དུ་ཡུལ་དངོས་རྟོག་ཞིབ་ཀྱི་ཐབས་ལམ་ལ་བརྟེན་དགོས། དེར་མ་ཟད་འཇིག་རྟེན་རྒད་པོ་དག་ལ་བཀའ་འདྲི་བློ་འདྲི་བྱེད་པ་མེད་དུ་མི་རུང་ལ། ས་གནས་ཁག་གི་དཔེ་མཛོད་ཁང་ནས་ཡིག་ཚགས་བཙལ་བ་སོགས་ཀྱང་ཡུལ་དངོས་རྟོག་ཞིབ་ཀྱི་ཞར་ཞོར་དུ་བསྒྲུབ་ཆོག་གོ །

ཡུལ་དངོས་རྟོག་ཞིབ་ཀྱི་བརྒྱུད་རིམ་ནི་ལོ་རྒྱུས་ཞིབ་འཇུག་གི་དགོས་མཁོ་དང་བསྟུན་ནས་བཀོད་སྒྲིག་བྱེད་ཆོག་ནའང་། ལས་ཀའི་སྔོན་ལ་འཆར་གཞི་བཟོ་བ་དང་། དེ་ནས་གྲ་སྒྲིག་བྱེད་པ། དེའི་རྗེས་ནས་ད་གཟོད་ཡུལ་དངོས་རྟོག་ཞིབ་ཀྱི་ལས་ཀར་དངོས་སུ་འཇུག་པ་དང་། མཇུག་མཐར་སྤྱི་སྡོམ་བྱེད་པ་སོགས་ནི་ཆེས་རྩ་བར་གྱུར་བའི་བརྒྱུད་རིམ་ཡིན།  གཤམ་ནས་བརྒྱུད་རིམ་རྣམས་རེ་རེ་བཞིན་མདོར་བསྡུས་སུ་ངོ་སྤྲོད་པར་བྱ་བ་ལ།

གཅིག འཆར་གཞི་བཟོ་བ། ས་གནས་ལོ་རྒྱུས་དང་འབྲེལ་བའི་ཡུལ་དངོས་རྟོག་ཞིབ་ཀྱི་ལས་ལ་འཇུག་ན། ཆུ་མ་ཡོང་གི་རགས་ཞེས་པ་ལྟར། ངེས་པར་དུ་སྔོན་ལ་འཆར་གཞི་ཞིབ་བུ་ཞིག་ཅི་ནས་ཀྱང་བཟོ་དགོས། དེ་ཡང་ཐོག་མར་ཅི་ཞིག་ལ་རྟོག་ཞིབ་བྱ་རྒྱུ་དང་། གང་ནས་རྟོག་ཞིབ་བྱ་རྒྱུ། རྟོག་ཞིབ་བྱེད་སའི་ས་གནས་ཀྱི་གནས་བབས། འགྲོ་སའི་གཞུང་ལམ་གྱི་གནས་ཚུལ། བཟའ་བཏུང་དང་ཞག་སྡོད་བྱེད་ས། མི་གང་དག་ལ་བཅར་འདྲི་བྱ་རྒྱུ། རྒྱུ་ཆ་གང་དག་འཚོལ་རྒྱུ་སོགས་ཀྱི་ཆ་ལ། མུན་ནག་མདའ་འཕེན་ལྟ་བུ་མ་ཡིན་པར། མ་འོངས་གནས་ཚུལ་ལ་ཚོད་དཔག་གིས་འཆར་གཞི་གསར་བ་བཟོས་ཏེ། གནད་དོན་གྱི་གལ་ལ་ཐུག་ཚེ་ཅི་བྱ་གཏོལ་མེད་དུ་འགྱུར་བ་ལ་ཟོན་དགོས། དེ་ལྟར་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་ལས་ལ་ཞུགས་ཚེ། ལས་དོན་བདེ་ལེགས་ངང་འགྲུབ་པ་ལ་ཁག་ཐེག་བྱེད་ཐུབ་པ་སྟེ། གནད་འགག་འདི་གལ་བོ་ཆེ་རུ་མངོན་པས། ཅུང་ཟད་ཞིབ་ཏུ་བཤད་པ་འོས་སུ་ཆེའོ། །

གཉིས། གྲ་སྒྲིག་བྱེད་པ། ཡུལ་དངོས་རྟོག་ཞིབ་ཀྱི་ལས་ལ་ཉེ་བར་མཁོ་བའི་རླངས་འཁོར་དང་། པར་ལེན་འཕྲུལ་ཆས། སྒྲ་ལེན་འཕྲུལ་ཆས། དེ་མིན་མཁོ་ཆས་གཞན་དག་ཀྱང་སྔོན་ལ་སྟ་གོན་ཚགས་སུ་ཆུད་དགོས། དེ་མ་ཟད་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་དང་རྒྱུས་ཡོད་མི་སྣ་ལ་འབྲེལ་གཏུགས་བྱེད་པའི་ངོ་སྦྱོར་ཡི་གེ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་མངགས་པའི་དཔང་ཡིག་སོགས་ཀྱང་སྔོན་ལ་སྒྲུག་དགོས། 

གསུམ། ཡུལ་དངོས་རྟོག་ཞིབ་དངོས། རྟོག་ཞིབ་དངོས་ཀྱི་སྐབས་སུ་སྔོན་གྱི་འཆར་གཞིའི་ནང་ལྟར་རྩད་གཅོད་དང་བཅར་འདྲི། རྒྱུ་ཆ་འཚོལ་སྡུད། ནང་དོན་དབྱེ་ཞིབ་སོགས་ཀྱི་ལས་ལ་རིམ་བཞིན་ཞུགས་ཏེ། རང་ལ་མཁོ་བའི་རྒྱུ་ཆ་ཅི་ཡོད་ལག་ཏུ་སོན་ཐབས་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན། སྐབས་དེར་ས་གནས་ཀྱི་འབྲེལ་ཡོད་མི་སྣ་སོགས་ལ་མ་བརྟེན་ན་དཀའ་ཁག་མང་བས། ངེས་པར་དུ་འབྲེལ་ཡོད་མི་སྣ་དང་འབྲེལ་འདྲིས་ལེགས་པོ་བྱེད་དགོས། ཕྱིས་སུ་རྟོག་ཞིབ་སྐབས་ཀྱི་ལོ་རྒྱུས་རྒྱུ་ཆ་ཁ་སྐོང་འཐུས་ཚང་གཏོང་བ་སོགས་ཀྱང་དེ་དག་ལ་བརྟེན་དགོས་ཕྱིར། འབྲེལ་ཡོད་མི་སྣ་ལ་ཐུགས་སྣང་ཇི་ལྟར་གཤིན་པོ་བཟོ་ཐུབ་ན་དེ་ལྟར་ལེགས་ཤིང་། ཆུ་ཐོན་ཏེ་རབ་བཤིག་པ་ལྟ་བུ་མ་ཡིན་པར། མ་སོངས་ཕྱིས་ས་ཡུན་རིང་དུ་འབྲེལ་བ་འཛིན་པའི་ཕྱོགས་ལ་བསམ་བློ་འཁོར་འཁོར་དགོས།

བཞི། སྤྱི་བསྡོམས། ཡུལ་དངོས་རྟོག་ཞིབ་སྐབས་སུ་མཐོང་ཐོས་དང་ལག་སོན་བྱུང་བའི་རྒྱུ་ཆ་རྣམས་རིགས་བཀར་ཏེ་ཡིག་ཐོག་ཏུ་འགོད་པ་དང་དབྱེ་ཞིབ་བྱེད་པ། གནད་དོན་ཅི་ཡོད་ཡང་བསྐྱར་འབྲེལ་ཡོད་མི་སྣ་ལ་བཀའ་འདྲི་ཞུ་བ་དང་། དཔྱད་གཞི་ཡིག་ཆ་གཞན་དག་ལ་གོ་བསྡུར་ཁུངས་གཏུགས་བྱེད་པ་སོགས་བརྒྱུད་དེ། མཇུག་མཐར་དཔྱད་རྩོམ་འབྲི་བ་སོགས་ཀྱི་ལས་ལ་འབད་དགོས།

བཞི་བ། ཞིབ་འཇུག་བྱེད་ཐབས་ངོ་སྤྲོད་པ།

ས་གནས་ལོ་རྒྱུས་ཞིབ་འཇུག་ནི་གཟབ་ནན་གྱི་བྱ་བ་ཞིག་ཡིན་པས། ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱི་ལྟ་བ་གཞི་བཟུང་སྟེ་། ཡིག་ཆའི་ཁུངས་བཙན་པའི་སྟེང་རིགས་པས་ཞུན་ཐར་ཡང་ཡང་བཅད་དེ་རྩོམ་རྒྱུ་ནི་གནད་འགག་ཡིན་ལ། རང་སྣང་གང་ཤར་གྱིས་འུད་བརྗོད་དང་འཁྱོག་བཤད་མི་བྱེད་པ་ནི་རྩ་བའི་བླང་བྱ་ཡིན། དེང་སྐབས་མི་ལ་ལས་ས་གནས་ཀྱི་ལོ་རྒྱུས་འབྲི་སྐབས་སུ། དཔྱད་གཞིའི་ཡིག་ཆ་མང་པོ་མེད་པའི་གནས་བབ་འོག རྒན་པོ་རེ་གཉིས་ཀྱི་ངག་རྒྱུན་ཁོ་ན་ལ་བརྟེན་ཏེ་འབྲི་ཁུལ་བྱེད་པ་མང་མོད། དེ་ལ་རྩ་བའི་ཆ་ནས་བཤད་ན་འགལ་ནོངས་མེད་ཀྱང་། ཡིན་ནའང་། ལོ་རྒྱུས་རིག་པའི་གཞུང་ལུགས་ལྟར་ན། དེ་ལྟར་འབྲི་བ་ལ་ཕྱོགས་ལྷུང་དང་གུ་དོག་གི་སྐོབས་སུ་ཚུད་པའི་ཉེན་ཁ་ཆེ་བས། ངེས་པར་དུ་ཚན་རིག་དང་མཐུན་པའི་ཐབས་ལམ་ཇི་སྙེད་བསྟེན་གང་ཐུབ་བྱས་ན། ད་གཟོད་ཚན་རིག་རང་བཞིན་གྱིས་ཕྱུག་པའི་ལོ་རྒྱུས་ཚད་ལྡན་ཞིག་འཁྱོངས་ངེས་རེད། དེས་ན། ཐོག་མར་ཞིབ་འཇུག་གི་ནང་དོན་གང་ཡིན་པ་དེ་གནད་ལ་བཟུང་སྟེ། དེའི་ཕྱོགས་ཀྱི་རྒྱུ་ཆ་གང་ཡོད་དང་། ངག་རྒྱུན་གང་ཡོད། ཡང་ན་དེ་དང་འབྲེལ་བའི་དཔྱད་གཞི་གཞན་དག་གང་ཡོད་ཕྱོགས་གཅིག་ཏུ་བསྡུས་ཏེ་གཤིབ་སྡུར་བྱེད་པ་སོགས་ཀྱི་ཐབས་ལམ་ལ་བསྟེན་དགོས།

ད་ལྟ་རྒྱལ་སྤྱིའི་སྟེང་ནས་ལོ་རྒྱུས་ཐད་ཀྱི་ཞིབ་འཇུག་བྱེད་ཐབས་གཙོ་བོ་རིགས་འདེད་དཔག་ཐབས(类比推理法)དང་། ཚོད་འཛིན་ཚད་འགྱུར་ཐབས།(控制变量法)ཡིག་ཆ་ཞིབ་འཇུག་ཐབས། (文献研究法)དངོས་དཔང་ཞིབ་འཇུག་ཐབས།(实证研究法)གྲངས་ཚད་ངེས་དབྱེ་ཞིབ་ཐབས།(定量分析法)བརྩེགས་འདེགས་ཐབས།(叠加法)བརྗེ་འགྱུར་ཐབས།(转换法)བརྟག་དཔྱད་ཐབས།(调查法)ལྟ་ཞིབ་ཐབས།(观察法)ཚོད་བལྟ་ཐབས།(实验法)འདྲ་དཔེ་ཐབས། (模型法)འབྲས་མཚུངས་ཐབས(等效法)སོགས་བེད་སྤྱད་དེ་ཞིབ་འཇུག་གི་ཐབས་ལམ་ལ་འབད་བཞིན་ཡོད་པས། ང་ཚོས་ཐབས་ལམ་འདི་དག་གང་ལ་གང་མཁོ་ལྟར་སྐབས་དང་བསྟུན་ཏེ་བསྟེན་ཞིང་གཅེས་སུ་འཛིན་པའང་མན་ངག་ཡིན། འོ་ན། ཨ་མདོའི་ལོ་རྒྱུས་ཞིབ་འཐུག་གི་ཐབས་ལམ་གང་དག་ལ་བསྟེན་ན་ལེགས་སམ་སྙམ་ན། གཤམ་ནས་དཔྱད་རྩོམ་འབྲི་སྟངས་ཀྱི་ས་བཅད་སྐབས་སུ་དཔེ་ལ་སྦྱར་ཏེ་གླེང་བར་བྱའོ། །

ལྔ་བ། དཔྱད་རྩོམ་འབྲི་སྟངས་བརྗོད་པ།

ལོ་རྒྱུས་ཞིབ་འཇུག་ལ་མཁོ་བའི་རྒྱུ་ཆ་རྣམས་ཚགས་སུ་ཆུད་པ་དང་། ཡུལ་དངོས་རྟོག་ཞིབ་ཀྱི་ལས་རིམ་རྣམས་རིམ་པར་བརྒྱུད་རྗེས། ད་གཟོད་ཕྱོགས་ཡོངས་ནས་ཞིབ་འཇུག་དང་དེ་ནས་ཞིབ་འཇུག་གི་འབྲས་བུ་དཔྱད་རྩོམ་དུ་སྤེལ་བའི་ལས་ལ་འཇུག་དགོས། ཐོག་མའི་ལས་རིམ་ཡོད་ཚད་མ་ཚང་བ་མེད་པར་ཞིབ་མོར་བརྒྱུད་རྗེས། དཔྱད་རྩོམ་སྤེལ་རྒྱུ་ནི་ལས་སླ་མོ་ཞིག་ཡིན་ཏེ། ང་ཚོས་ཨ་མདོའི་དཔའ་རིས་ས་ཆའི་ལོ་རྒྱུས་ཤིག་འབྲི་བའི་དབང་དུ་བཏང་ན། གཤམ་གྱི་ཞིབ་འཇུག་གི་རྣམ་གྲངས་འདི་དག་ངེས་པར་དུ་བརྒྱུད་དགོས། འདི་ལ་རིག་ཚན་མང་པོ་རྐྱ་འཐབ་སྟེ་ཞིབ་འཇུག་(多学科交叉比较研究)བྱེད་ཐབས་ཟེར།

གཅིག  གནའ་རྟོག་རིག་པའི་དཔྱད་འབྲས། དཔའ་རིས་ས་ཆ་ནས་གནའ་རབས་ཀྱི་རིག་དངོས་གང་དག་རྙེད་སོན་བྱུང་བ་དང་། དེ་དག་རིགས་གང་ལ་གཏོགས་པ་དང་དཔྱད་འབྲས་ཀྱི་སྡོམ་ཚིག་ཇི་ལྟར་འཁོད་ཡོད་པ་རྟོགས་དགོས་སོ། །

གཉིས། ཡིག་ཆ། དཔའ་རིས་ས་ཆ་དང་འབྲེལ་བའི་བོད་རྒྱ་ཡིག་རིགས་སྣ་ཚོགས་ཀྱི་ཚད་ལྡན་ཡིག་ཆ་ལ་ཁུངས་བཅོལ་ཏེ་ལོ་རྒྱུས་ཀྱི་མ་གཞུང་འབྲི་དགོས།

གསུམ། ཡིག་ཚགས། ཡིག་ཚགས་ནི་སྲིད་གཞུང་གིས་བྲིས་ཏེ་སྲིད་གཞུང་གིས་བདག་གཉེར་བྱེད་པ་དང་། གཙོ་བོ་ཉེ་རབས་ཀྱི་སྤྱི་ཚོགས་བྱ་འགུལ་ཁྲོད་ནས་བྱུང་བའི་བྱ་བ་དག་ཡིན་པས། ས་གནས་ལོ་རྒྱུས་ཞིབ་འཇུག་ལ་རྒྱུ་ཆ་གལ་ཆེན་མང་པོ་མཁོ་སྤྲོད་བྱེད་ཐུབ།

བཞི། སྐད་བརྡ་རིག་པ། སྐད་བརྡ་རིག་པའི་གཞུང་ལུགས་ལ་བརྟེན་ཏེ་དཔའ་རིས་ས་ཆའི་ཡུལ་སྐད་ལ་ཞིབ་འཇུག་བྱེད་པ་དང་། ཞིབ་འཇུག་གི་འབྲས་བུ་སྤྱི་བསྡོམས་བྱས་ཏེ་ཨ་མདོའི་ཡུལ་གྲུ་གཞན་གྱི་ཡུལ་སྐད་དང་གཤིབ་བསྡུར་བྱེད་ཏེ། དེ་ལས་དཔའ་རིས་ས་ཆའི་ཡུལ་སྐད་ལ་ཁྱད་ཆོས་གང་དག་ཡོད་པ་དང་ས་ཆ་གང་དག་གི་སྐད་ཆ་དང་བར་ཐག་ཉེ་བ་སོགས་དཔྱད་དགོས།

ལྔ། ཆོས་ལུགས་དད་མོས། དཔའ་རིས་ས་ཆའི་མང་ཚོགས་ཀྱི་ཆོས་ལུགས་དད་མོས་དང་། ཆོས་ལུགས་བྱ་འགུལ་སོགས་ཀྱི་གནས་ཚུལ།

དྲུག ཞིང་ཕྱུགས་ལས་རིགས། དཔའ་རིས་ས་ཆའི་ཞིང་ཕྱུགས་ལས་རིགས་ཐད་ཀྱི་ཁྱད་ཆོས་དང་། འབྲེལ་ཡོད་གནས་ཚུལ།

བདུན། གྱོན་གོས། དཔའ་རིས་ས་ཆའི་གྱོན་གོས་ཀྱི་ཁྱད་ཆོས་དང་ཡུལ་གྲུ་གཞན་དང་བསྡུར་ན་ཁྱད་པར་གང་དག་ཡོད་པ།

བརྒྱད། བཟའ་བཏུང་། དཔའ་རིས་ས་ཆའི་བཟའ་བཏུང་གི་ཁྱད་ཆོས་དང་འཛེམ་བྱ་གང་དག་ཡོད་པ།

དགུ། ཡུལ་སྲོལ་རིག་གནས། གོང་གི་ཚན་པ་བརྒྱད་པོ་ཕན་ཆད་ཀྱི་ཡུལ་སྲོལ་ཡོད་ཚད་ཚན་པ་འདིར་བཅུག་སྟེ་རྒྱུས་ལོན་བྱ་དགོས།

གོང་གི་ཚན་པ་འདི་དགུ་བོ་འདི་དཔེ་ཡི་སྒོ་ནས་དྲངས་པ་ཡིན་ཏེ། ཞིབ་འཇུག་དངོས་ཀྱི་ཁྲོད་ནས་ཡུལ་གྲུ་སོ་སོའི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་ཚན་པ་འདི་ལས་མང་ཡང་ཆོག་ལ་ཉུང་ཡང་ཆོག ཚན་པ་འདི་དག་གི་གནས་ཚུལ་གསལ་པོ་ངེས་རྗེས། ད་གཟོད་དཔའ་རིས་ས་ཆའི་ལོ་རྒྱུས་ཀྱི་སྤྱི་ཁོག་ཅིག་ལྷང་ངེར་འཆར་འོངས་ལ། དེ་ལ་བརྟེན་ཏེ་ལོ་རྒྱུས་ཀྱི་བསྡོམས་ཤིག་ཀྱང་དགོས། དེ་ནས་ད་གཟོད་ཨ་མདོའི་ཡུལ་གྲུ་གཞན་དང་ཕྱོགས་ཟུར་ཀུན་ནས་ཕན་ཚུན་གཤིབ་བསྡུར་བྱེད་པ(纵向对比和横向对比)དང་། མཐུན་པའི་ཆ་དང་མི་མི་མཐུན་པའི་ཆ་གང་དག་ཡོད་པ་གོ་བསྡུར་དབྱེ་ཞིབ་བྱས་རྗེས་སྡོམ་ཚིག་ཅིག་འགོད་དགོས་ལ། དེ་ནི་དཔའ་རིས་ས་ཆའི་ལོ་རྒྱུས་ཀྱི་ས་བོན་ཡིན་ཞིང་། དེའི་འཕྲོར་ང་ཚོས་རྒྱུ་ཆ་དེ་དག་ལ་བརྟེན་ཏེ་དཔའ་རིས་ས་ཆའི་ལོ་རྒྱུས་ཤིག་བྲིས་ཚེ། ད་གཟོད་སྔོན་བྱུང་ལོ་རྒྱུས་ཀྱི་དངོས་ཡོད་བདེན་པ་དང་ངོ་འཕྲོད་པ་ཞིག་འཁྱོངས་སྲིད་དོ། ། 

མཇུག་བསྡུ་བ།

 འདིར་གླེང་བ་ནི་ཨ་མདོའི་ལོ་རྒྱུས་སློབ་སྦྱོང་དང་ཞིབ་འཇུག་གི་ལས་ལ་ཞུགས་ན་ཐབས་ལམ་གང་དག་ལ་བསྟེན་དགོས་པའི་ཤེས་བྱ་ཙམ་ཡིན། ཨ་མདོ་ཡུལ་གྱི་གནས་བབ་ཁྱད་པར་ཅན་གྱི་འོག་ནས་ལོ་རྒྱུས་ཀྱི་རྒྱུ་ཆ་རྣམས་གྲུབ་ཆ་གསུམ་གྱི་དབང་དུ་བཏང་ན་བོད་ཡིག་གི་རྒྱུ་ཆ་སུམ་ཆའི་གཅིག་དང་། རྒྱ་ཡིག་གི་རྒྱུ་ཆ་སུམ་ཆའི་གཅིག ཡུལ་དངོས་རྟོག་ཞིབ་ལས་བྱུང་བའི་མཐོང་ཐོས་རྣམས་སུམ་ཆའི་གཅིག་བཅས་ཡིན། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྒྱུ་ཆ་ནམ་ཡིན་ཡང་ང་ཚོའི་མིག་མདུན་དུ་ཡོད་པ་རེད། ཡིན་ཡང་ཡུལ་དངོས་རྟོག་ཞིབ་སྐབས་ཀྱི་མི་རབས་རྒན་པའི་བཅར་འདྲིའི་སྐོར་ཉེན་ཁར་ཐུག་ཡོད་དེ། འབྲེལ་ཡོད་ཀྱི་རྒན་པ་རྣམས་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས་སོ། །

ང་རང་གིས་མྱོང་བ་ལ་མཚོན་ནས་བཤད་ན། ཨ་མདོའི་ས་ཆར་ཡུལ་དངོས་རྟོག་ཞིབ་བྱེད་པའི་ལས་ཀ་འདི་སྤྱི་ལོ1982ནས་བཟུང་སྟེ་མགོ་བརྩམས་པ་ཡིན། དེ་ནས་སྤྱི་ལོ1990ལོའི་བར་གྱི་གནས་ཚུལ་ནི། རིག་གསར་སོགས་ཀྱི་སྐབས་སུ་བོད་ཀྱི་རིག་གནས་ལ་ཕྱི་ཚུལ་གྱི་གནོད་པ་ཤུགས་ཆེ་ཡང་ནང་རྐང་ལ་གནོད་པ་ཆེན་པོ་མ་བྱུང་བ་དང་། བཅར་འདྲའི་སྐབས་སུ་ལོ་བདུན་ཅུ་ནས་བརྒྱད་ཅུའི་བར་གྱི་རྒན་པ་རྣམས་ལ་ཨ་མདོའི་ལོ་རྒྱུས་དང་འབྲེལ་བའི་ངག་རྒྱུན་མང་པོ་བཤད་རྒྱུ་ཡོད། དེའི་རྗེས་ཀྱི་སྤྱི་ལོ1991ནས2000ལོའི་བར་ལ་ཡུལ་དངོས་རྟོག་ཞིབ་ཏུ་སོང་ཚེ་སྔོན་གྱི་རྒན་པ་དེ་དག་ཚེ་ལས་འདས་ཟིན་ལ། ཁོ་ཚོའི་བུ་རབས་ཁག་གཅིག་ལོ་བདུན་ཅུ་ནས་བརྒྱད་ཅུའི་བར་སོན་འདུག  ཁོང་ཚོ་ལ་བཅར་འདྲི་བྱེད་སྐབས་ཁོང་ཚོས་བཤད་རྒྱུར་ང་ཚོའི་ཨ་ཕ་ལགས་ཡོད་རྒྱུ་ན་བཤད་རྒྱུ་མང་མོད། ང་ཚོར་དེ་འདྲ་མང་པོ་བཤད་རྒྱུ་མེད་ཟེར། དེ་ནས་སྤྱི་ལོ2001ནས2010བར་ལ་ཡང་བསྐྱར་སོང་ཚེ་སྔོན་གྱི་རྒན་པ་རྣམས་ཡང་སྔར་བཞིན་ཚེ་ལས་འདས་ཟིན། ཁོང་ཚོའི་མི་རབས་རྗེས་མ་རྣམས་ཀྱིས་སྡེ་མགོ་ཚོ་མགོ་སྐྱོང་བའི་སྐབས་རེད། ཁོང་ཚོས་བཤད་རྒྱུར་ང་ཚོའི་ཨ་མེས་ལགས་དང་ཨ་ཕ་ལགས་ཡོད་རྒྱུ་ན་བཤད་རྒྱུ་གཏམ་རྒྱུ་མང་མོད། ད་ལྟ་ང་ཚོས་མང་པོ་བཤད་མི་ཤེས་ཟེར། ངས་འདི་ལྟར་བཤད་དོན་ནི་རྒན་པ་རྣམས་ལ་མྱུར་དུ་བཅར་འདྲི་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་རེད་ཅེས་པ་དེ་ཡིན།

མདོར་ན། ཨ་མདོའི་ལོ་རྒྱུས་སློབ་སྦྱོང་དང་ཞིབ་འཇུག སློབ་ཁྲིད་སོགས་བྱེད་པའི་སྐབས་སུ་ས་ཆ་གཞན་དང་མི་རིགས་གཞན་གྱི་ཡིག་ཆའི་མཐོང་སྣང་ལ་ཟུར་ལྟ་དང་ཞིབ་བསྡུར་ནན་མོ་མི་བྱེད་པར། རང་གི་མིག་མདུན་ཙམ་ལ་བློ་གཏད་དེ་གུ་དོག་དང་རང་ལྟ་མཆོག་འཛིན་བྱེད་པ་ནི། ཨ་མདོའི་ལོ་རྒྱུས་ཞིབ་འཇུག་ཐད་ཀྱི་འཛེམ་བྱ་དང་པོ་ཡིན་ཏེ། དེ་ལྟར་ན། ཕྱོགས་རིས་དབང་དུ་མ་ཐལ་ཞིང་ལོ་རྒྱུས་ཀྱི་དངོས་ཡོད་དང་མཐུན་པའི་ལོ་རྒྱུས་ཚད་དང་ལྡན་པ་ཞིག་འཆད་རྩོམ་དཀའ་བས་ན། གནད་འདི་ལ་འཇུག་པའི་བློ་ལྡན་དོན་གཉེར་ཅན་རྣམས་ཀྱིས་མིག་རྒྱ་ཡངས་པོར་བསྐྱེད་ཅིང་། བསམ་བློའི་ཁོབས་རྒྱ་ཆེན་པོར་བཏང་སྟེ། དེང་སང་རྒྱལ་སྤྱི་དང་རྒྱལ་ནང་གི་མི་རིགས་གཞན་ལ་དར་བའི་ཚན་རིག་དང་མཐུན་པའི་ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་གསར་བ་སོགས་བེད་སྤྱོད་བཏང་སྟེ་ལས་འདིར་སྤྲོ་བའི་ངང་འཇུག་རྒྱུ་ནི་ཤེས་ལྡན་ཀུན་གྱི་འགན་ཁུར་རེད་དོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།