དོན་གྲུབ་རྒྱལ་དང་ཁོང་གི《ལང་ཚོའི་རྦབ་ཆུའི》སྐོར་གླེང་བ།

༄༅།།ལང་ཚོའི་འོད་ཀྱིས་གཤེགས་པའི་སྐར་མདའ་ཞིག

 —དོན་གྲུབ་རྒྱལ་དང་ཁོང་གི《ལང་ཚོའི་རྦབ་ཆུའི》སྐོར་གླེང་བ།

ཁག་དང་པོ།

ཉེ་ཆར། མཚོ་སྔོན་བོད་སྐད་དྲ་ལམ་བརྙན་འཕྲིན་གྱི་མདོ་འཛིན་པ་སྙིང་བྱམས་ཚེ་རིང་ལགས་ཀྱིས“འཛམ་གླིང་དཔེ་ཀློག་ཉིན་མོ”བསླེབ་ལ་ཉེ་བའི་གོ་སྐབས་དང་བསྟུན། དོན་གྲུབ་རྒྱལ་དང་ཁོང་གི《ལང་ཚོའི་རྦབ་ཆུའི》སྐོར་བརྗོད་གཞིར་བཟུང་སྟེ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཚོ་སྐྱེས་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྩོམ་རིག་བསླབ་གནས་གཉེར་བའི་ཤེས་རམས་པ་ཉི་མ་རིན་ཆེན་བཅས་ངེད(ཨ་བུ། དངོས་མིང་ལ་ཆོས་སྐྱོང་ཟེར། ད་ལྟ《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ལས་ཀ་གཉེར་མུས)གསུམ་པོར་བཅར་འདྲི་བྱས་ཤིང་། བརྙན་ལེན་སྒྲ་འབེབས་ཀྱི་ལས་ཀ་དེ་བདེ་བླག་ངང་གྲུབ་པར་ཟད་མོད་ཀྱི། ཉིན་ཞག་གཅིག་གཉིས་ཀྱི་རྗེས་སུ། ཁོ་བོ་རང་ཉིད་ཀྱི་སྨྲ་ལྕེ་བདེ་མིན་དང་སེམས་ཁམས་འཚབ་མིན་སོགས་ཀྱི་དབང་གིས་སྐབས་ཐོག་དེར་བཤད་འདོད་པ་རེ་གཉིས་མ་ཤོད་པ་དང་མ་བྲ་བ། ཡང་ན། ས་བཅད་འཁྲུགས་པའི་ནོངས་འགལ་རེ་གཉིས་ཅིས་ཀྱང་མཆིས་སྲིད་དོ་སྙམ་པའི་རྣམ་རྟོག་འཕྲོ་རིམ་འཕྲོར་སྐྱེས་མུར། འདིར་མདོ་འཛིན་པའི་དྲི་བ་མ་ལུས་རང་སོར་བཞག་ཅིང་གོ་རིམ་མ་ནོར་བར་བྱས་ཐོག ཁ་སྐད་ལུང་སྐད་ཀྱིས་བསླད་ཞུགས་ཚབས་ཆེ་བ་དག་ཡང་བསྐྱར་བཅོས་པ་དང་། རེད་སོགས་གཏན་འཁེལ་གྱི་ཚིག་དག་བསྐྱར་ཟློས་ཀྱི་ཤས་ཆེ་ཡང་བཅར་འདྲིའི་གནས་སྐབས་ཀྱི་ཁྱད་ཆོས་ལྡན་པས་རང་དགར་བསྐྱུར་ཏེ། སྤྱི་ཕྱོགས་ནས་ཡིག་སྐད་ཀྱི་འགྲོས་དང་བསྟུན་ཅི་ཐུབ་བྱས་ཤིང་། ནང་དོན་རེ་འགར་འཕྲི་སྣོན་གང་འཚམ་སྒོས་ཡི་གེར་ཕབ་པའི་མཚུངས་སུ། དོན་གྲུབ་རྒྱལ་དང་ཁོང་གི《ལང་ཚོའི་རྦབ་ཆུའི》སྐོར་གྱི་འདས་ད་གཉིས་ཀྱི་བསམ་ཚུལ་སྦྲགས་མར་མ་གསང་དྲང་བོར་བརྗོད་པ་ཡིན།

༡.ཁྱེད་ཀྱིས་ཐོག་མར《ལང་ཚོའི་རྦབ་ཆུའི》འདི་ནམ་མཐོང་བ་ཡིན། དེའི་དུས་ཁྱེད་ལ་ཚོར་སྣང་ག་འདྲ་ཞིག་བྱིན་སོང་།

ལན་དུ། ཐོག་མར་ནམ་དུས་དང་ཇི་ལྟར་མཐོང་བའི་སྐོར་ལ་དྲན་པ་གསལ་བོ་ཞིག་མི་འདུག ཡིན་ནའང་དེར་གོ་རིམ་འདི་འདྲ་ཞིག་མཆིས་ཏེ། 《ལང་ཚོའི་རྦབ་ཆུ》འདི་ཐོག་མར《སྦྲང་ཆར》དུ་བཀོད་པའི་དུས་ཚོད་ནི་སྤྱི་ལོ༡༩༨༣ལོའི་དེབ་གཉིས་པ་རེད། དུས་ཚོད་ཀྱི་དབང་དུ་བྱས་ན། སྤྱི་ལོ༡༩༨༣ལོའི་སྤྱི་ཟླ་དྲུག་པར་ཁེལ་འདུག དེའི་དུས་ཁོ་བོ་ད་དུང་སློབ་ཆུང་ཡང་འགྲིམས་མེད། ཕྱིས་སུ་སློབ་འབྲིང་རིམ་པ་བརྒྱུད་པའི་ཚེ། བོད་ཡིག་དགེ་རྒན་རེ་གཉིས་ཀྱི་ངག་ནས་དོན་གྲུབ་རྒྱལ་ཞེས་པ་དང་། ཁོང་གི《ལང་ཚོའི་རྦབ་ཆུ》དང《རྐང་ལམ་ཕྲ་མོ》སོགས་བརྩམས་ཆོས་རེ་གཉིས་རྣ་ཐོས་བྱུང་། ཡིན་ནའང་། ཁོང་གི་བརྩམས་ཆོས་དངོས་སུ་བཀླགས་པའི་སྐལ་བ་མ་བྱུང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་སྟོད་དུ། བོད་ཡུལ་ལུང་བ་ཁ་ཤས་སུ་དེང་རབས་རྩོམ་རིག་གི་ཡོ་ལང་རྒྱས་ཤིང་ཀ་ངོ་ཡིག་ངོ་ཆོད་པ་ཐམས་ཅད་དེའི་ཕྱོགས་སུ་སྤྲོ་བ་ཆེན་པོས་བརྟས་འདུག སྐབས་དེར། ཞོན་ཧྭ་རྫོང་བོད་ཡིག་སློབ་འབྲིང་དུ། རང་ཉིད་ཀྱི་བསླབ་དེབ་ལས་གཞན་རྩོམ་རིག་གི་བརྩམས་ཆོས་དང་དུས་དེབ་ལག་ཏུ་སོན་ཁག་པོ་རེད་མོད། དགེ་རྒན་དང་སློབ་གྲོགས་རེ་གཉིས་ཀྱི་མདུན་སར《སྦྲང་ཆར》དང《མང་ཚོགས་སྒྱུ་རྩལ》(ད་ལྟ《བོད་ཀྱི་དམངས་སྲོལ་རིག་གནས》ཞེས་པའི་མིང་ཐོག་ཏུ་བསྒྱུར་ཡོད)ལྟ་བུ་མཆིས་ཚེ། སྐོམ་པ་ཆུ་བཞིན་དུ་བཀླགས་ཤིང་བློ་ཁ་དབང་མེད་དུ་ཕྱོགས། ཁོ་བོའི་དྲན་ཚོད་དུ། འཇིགས་བྱེད་སྐྱབས་ཟེར་བའི་སློབ་གྲོགས་ཤིག་གིས《མང་ཚོགས་སྒྱུ་རྩལ》དུ་མུ་འགོད་བྱས་པའི《ཀླུ་འབུམ་མི་རྒོད》དེ་བློ་ངོར་ཐོགས་མེད་དུ་འདོན་ཐུབ་ཅིང་། ལོ་ཆུང་གི་སེམས་པར། རང་ཉིད་ཀྱང་རྩོམ་པ་པོ་ཞིག་ཏུ་གྱུར་ན་ཅིས་མ་རུང་སྙམ་པའི་འདུན་པ་རབ་རིབ་ཅིག་སྐྱེས།

སློབ་ཆེན་གྱི་དངོས་གཞིའི་ཚན་པ་གྲུབ་རྗེས། ཁོ་བོས《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ལས་ཀ་བསྒྲུབས་ཤིང་། དེ་ནས་ལོ་གཅིག་མ་འགོར་བར། ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་མདུན་སར་བཅར་ཏེ་བོད་ཀྱི་གནའ་རབས་ལོ་རྒྱུས་གཙོར་བྱས་པའི་བསླབ་བྱ་རེ་འགར་ཐོས་བསམ་ཉུང་ཙམ་བསྟེན་པའི་སྐལ་བ་བྱུང་། ཡིན་ནའང་། རང་ཉིད་ཀྱི་མོས་པ་གཙོ་བོ་དེ་བོད་ཀྱི་དེང་རབས་རྩོམ་རིག་གི་སྟེང་ན་ཡོད་ཕྱིར། མོས་བློ་དེ་བཟློག་མ་ཐུབ་པར་བསླབ་ཕྱིའི་དུས་ཚོད་ཕལ་མོ་ཆེ་བོད་ཀྱི་དེང་རབས་རྩོམ་རིག་དང་དེ་འབྲེལ་གྱི་དཔེ་ཀློག་ལ་བསྟིམས་ཤིང་། དོན་གྲུབ་རྒྱལ་དང་ཁོང་གི《ལང་ཚོའི་རྦབ་ཆུ》ཐེ་བའི་བརྩམས་ཆོས་མང་བོར་ཡང་ཡང་མཇལ་བ་ཡིན།

སྐབས་དེ་ཤེད་དུ། རྒྱ་ནག་པ་ཏུའུ་ཡོན་པེན་གྱིས་དགེ་ཆོས་སྐོར་གྱི་བརྩམས་ཆོས་ཤིག(《二十世纪西藏奇僧--人文主义先驱更敦群培大师评传》。中国藏学出版社,2000年。)པར་དུ་བསྐྲུན་པ་དང་། གཞན་ཡང་གྲོགས་ལྷ་བྱམས་རྒྱལ་དང་རྩོམ་རིག་གི་སྐོར་ནས་ཁ་བརྡ་བྱས་པའི་བློ་བསྐྱེད་བརྒྱུད། རང་ཉིད་ཀྱིས་ཀྱང་དོན་གྲུབ་རྒྱལ་ཁོང་ཉིད་བོད་ཀྱི་དེང་རབས་རྩོམ་རིག་གི་འཇུག་ངོགས་ལྟ་བུར་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་དཔེ་ཀློག་གི་ངལ་བ་ཅུང་ཙམ་བསྟེན་པའི་མཚུངས་སུ། ཁོང་གི་ཉེ་མི་སྤུན་ཟླ་དང་སློབ་གྲོགས་བཅས་མི་སྣ༣༠ལྷག་ལ་དངོས་བཅར་བཀའ་འདྲི་ཞུས་ཤིང་། དེ་ཉིད་རིག་ཚན་བྱེ་བྲག་པ་ཞིག་གི་མཐོ་ཚད་དུ་བཟུང་ནས་རྩོམ་འབྲིའི་ལས་ཀ་མགོ་བརྩམས་པ་ཡིན།

དེ་ལྟར། ཁོ་བོས་བོང་བུར་གསེར་སྒ་བཞིན་དུ་བོད་ཀྱི་དེང་རབས་རྩོམ་རིག་དང“ཆོས་འབྲེལ”ཨེན་ཙམ་འཇོག་ཐུབ་མིན་ཐད་ཤ་རུས་འབད་འབུངས་བགྱིས་པ་དང་། འབྲས་རྟགས་ཙམ་དུ《རང་གྲོལ་ཞིབ་འཇུག》ཅེས་པའི་བརྩམས་ཆོས་དེ་སྤྱི་ལོ༢༠༠༦ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའོ། །

༢.དེང་སྐབས་མི་རེ་འགས་རྩོམ་པ་པོ་ཁོང་སྲོལ་རྒྱུན་ལ་མི་དགའ་བ་དང་། རྙིང་གཏོར་བྱེད་མཁན་ནམ། ཡང་ན་དམར་སྲུང་དམག་སོགས“རིག་གསར”གྱི་ཚབ་བྱེད་ལྟ་བུ་དང་། དེ་བཞིན《ལང་ཚོའི་རྦབ་ཆུ》འདི་མཚོན་བྱེད་དུ་བགྲངས་ནས་གླེང་བཞིན་འདུག འདི་ལ་ལྟ་ཚུལ་ཅི་ཞིག་ཡོད།

ལན་དུ། དེང་སང་། དྲ་ལམ་དང་སྐད་འཕྲིན་ཆེས་ཆེ་དར་བའི་དུས་སྐབས་རེད། དུས་སྐབས་འདི་འདྲར། མི་ཚང་མ་གཏམ་བཤད་མཁན་དང་མི་ཚང་མ་རྩོམ་པ་པོར་གྱུར་འདུག ང་རང་ཉིད་ཀྱིས་དེར་དོ་སྣང་ཆེན་པོ་བྱེད་ཐུབ་ཀྱིན་མེད། དེ་ནི་སྐྱ་མང་གཤིབས་པའི་ཤུལ་ན་རྡུལ་འཚུབ་འཕྱུར་བའི་རང་བཞིན་རེད། ང་རང་ཉིད་དེའི་ནང་དུ་མགོ་བོ་འཁོར་ཏེ་སྔུན་བལྟས་མདུན་ལམ་མི་མཐོང་གི གཞུག་བལྟས་ཡོང་ཁུངས་མི་གསལ་གི དེ་བས། ད་དུང་རྡུལ་འཚུབ་དེ་དྭངས་རག་བར་དུ་གར་འགྲོ་གཏོལ་མེད་དུ་ལུས་ནས་འདུག་དགོས་པ་འདྲ།

སྤྱིར་མི་ཞིག་ཡིན་ན་སོ་སོར་དགའ་སྐྱོ་ཆགས་སྡང་ལོས་ཡོད། རྩོམ་པ་པོ་ཞིག་ཡིན་ནའང་དེའི་རང་བཞིན་རེད། ང་རང་ཉིད་ལ་མཚོན་ན། དེར་དགའ་བ་དང་འདིར་མི་དགའ་བར་འདུག་ཅེས་དབྱེ་མཚམས་གསལ་བོ་ཞིག་འཛིན་ཐུབ་ཀྱི་མེད། འཛིན་ཁའང་དཀའ་མོ་རེད། འོན་ཏེ།ཤེས་དགོས་རྒྱུ་ཞིག་ལ། སྲོལ་རྒྱུན་ལ་མི་དགའ་ཟེར་ན། སྲོལ་རྒྱུན་གང་ཞིག་ལ་མི་དགའ་བ་དང་། རྙིང་གཏོར་བྱེད་མཁན་ཞིག་རེད་ཅེ་ན། རྙིང་བ་གང་ཞིག་གཏོར་བ་རེད་ཅེས་པའི་དོན་དེར་ངོས་ཟིན་གསལ་མོ་ཞིག་དགོས་འདུག དེ་ནི་རྒྱུན་ཤེས་ཀྱང་རེད་འདོད

སྲོལ་རྒྱུན་ཟེར་ན། དེ་རིང་ཡན་ཆད་དུ་བྱུང་བ་ཐམས་ཅད་ལ་སྲོལ་རྒྱུན་ཟེར་རམ། ཡང་ན་ལོ་རབས་བརྒྱད་ཅུའི་ཡན་ཆད་ཀྱི་བྱུང་འདས་ཐམས་ཅད་སྲོལ་རྒྱུན་དུ་བརྩིའམ། དངོས་གནས་ཁྲུན་ཐག་ཆོད་ཁག་མོ་རེད། དེ་བས། སྲོལ་རྒྱུན་ཟེར་བ་དུས་ཚོད་ཀྱི་ཆ་ནས་བལྟས་ན་ཧ་ཅང་རབ་རིབ་མག་མོག་དང་ངེས་ཚིག་འདྲེན་དཀའ་བ། ལྟོས་བཅས་ཅན་འབའ་ཞིག་རེད།

འདིར་དགོས་དབང་གིས་ལོ་རབས་བརྒྱད་ཅུའི་ཡན་གྱི་བྱུང་འདས་ཐམས་ཅད་སྲོལ་རྒྱུན་དུ་བརྩིས་པ་ལོས་ཀྱང་ཡིན། དེ་ལྟར་ཡིན་པའི་དབང་དུ་བཏང་ཡང་། སྲོལ་རྒྱུན་ལ་རིགས་དང་དབྱེ་བ་མང་བོ་ཡོད་ཀྱི་རེད། དཔེར་ན། རིག་གནས་ཀྱི་སྲོལ་རྒྱུན་དང་གཤིས་སྤྱོད་ཀྱི་སྲོལ་རྒྱུན། དཔེ་ལུགས་ཀྱི་སྲོལ་རྒྱུན། ཐ་ན་འགྲོ་འཆག་ཉལ་འདུག་དང་བཅས་པའི་སྲོལ་རྒྱུན་སོགས་རིགས་དབྱེ་མང་བོ་མཆིས་པ་རེད།

དོན་གྲུབ་རྒྱལ་ཁོང་ཉིད་ལ་མཚོན་ན། དེ་དག་ལས་གང་དག་དགོས་པ་དང་གང་དག་མི་དགོས་པའི་སྐོར་གསལ་བོར་གསུངས་མེད་པ་འདྲ། དེ་བས། ཁོང་སྲོལ་རྒྱུན་ལ་མི་དགའ་བ་དང་། རྙིང་གཏོར་བྱེད་མཁན་རེད་ཅེས་བརྗོད་པ་ནི་གཅིག་ན་ཁུངས་མེད་ལུང་མེད་ཡིན་པ་དང་། གཉིས་ན་དགའ་ཁ་ཞེན་ཕྱོགས་ཀྱིས་འཁྱེར་བ་ལོས་ཡིན་འདོད།

ཁོང་གི་སྒྱུ་རྩལ་བརྩམས་ཆོས་སུ་དངོས་ཤུགས་གང་རུང་ནས་བརྗོད་པ་ནི། རྙིང་ཞེན་དང་བག་འཁུམས། རྨོངས་དད། ལེ་ལོ། སྒྱིད་ལུག་བཅས་ང་ཚོར་མི་དགོས་པ་རེད་ཅེས་གསུངས་པ་ནི་བདེན་པ་ཤ་སྟག་རེད། འདི་དག་ལ་ཆ་བཞག་ནས་བཤད་ན། ང་རང་གི་གོ་བ་རགས་མོ་ཞིག་གི་དབང་དུ་བྱས་ཚེ། དེ་ནི་ང་ཚོའི་རང་རྒྱུད་དུ་གནས་པའི་གནད་དོན་ཞིག་རེད། ཡང་ན། ང་ཚོ་མི་རིགས་འདིའི་ཐུན་མོང་གི་ནད་རྙིང་ལྟ་བུ་ཞིག་ཏུའང་བརྩིས་ཆོག ནད་རྙིང་དེའི་འབྱུང་ཁུངས་དང་རྟགས་ངོས་འཛིན་སོགས་ང་ལྟ་བུས་གསེད་འགྲོད་མི་ཐུབ་རུང་། དེ་ཕྱི་ནང་ཁོར་ཡུག་རིགས་ཤིག་གིས་བསྐྱེད་པ་གདོན་མི་ཟ། དེ་ལས་ཀྱང་གཙོ་ཆེ་བ་ནི་སློབ་གསོ་མ་མྱངས་པ་དང་མ་དར་བ། རིག་གནས་རླབས་པོ་ཆེ་འདི་ཕྱོགས་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་མ་ཕྱིན་པ་དང་། ཡང་ན་ང་ཚོ་ཚང་མ་ཤེས་རིག་གི་འབྲས་བུ་གཏོས་ཆེ་བ་དེ་ལོངས་སུ་སྤྱོད་མཁན་མིན་པའི་སྟབས་ཀྱིས་རེད། དེ་དག་ལ་འབྲེལ་བ་ཟབ་མོ་མཆིས་པར་སྙམ།

གནད་དོན་དེ་དག་ལ་གཟས་ཏེ། ཁོང་གིས་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་དག་ཏུ། གསར་གཏོད་ཀྱི་སྙིང་སྟོབས་འདིའི་དགོས་གལ་རང་བཞིན་ཡང་ཡང་གླེངས་འདུག དཔེར་ན། ཁོང་གི《འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག》ཅེས་པའི་སྙན་རྩོམ་དུ། གསར་གཏོད་ཀྱི་སྟོབས་མེད་ན་དྲང་བདེན་ཟེར་བ་མེད་ལ། རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད་ཅེས་བྲིས་འདུག ང་རང་ཉིད་ཀྱི་གོ་བ་ཞིག་ལ། ཁོང་གིས་གསར་གཏོད་ཟེར་བ་འདི་སྙིང་སྟོབས་ཤིག་ལ་ངོས་བཟུང་ཡོད་པ་ལས། རྙིང་བ་གང་ཞིག་བཤིགས་ཏེ་གསར་བ་ཅི་ཞིག་དེའི་ཚབ་ཏུ་རྡོག་རྡོག་པོར་འཇོག་དགོས་པ་ཞིག་ལ་ངོས་བཟུང་མི་འདུག་སྙམ། དཔེར་ན། ཉིང་རྡུལ་མཚོན་ཆ་བསྒྲུབས་ཏེ་མི་གསོད་ཀྱི་གཤེད་མར་གྱུར་པ་ནི་ཚན་རིག་གི་བྱས་འབྲས་ལས་དེའི་སྙིང་སྟོབས་དང་མཐར་ཐུག་གི་དགོངས་པ་དང་འབྲེལ་བ་མེད་པ་ལྟ་བུའོ།།

གོང་ནས་བཤད་པ་ལྟར། ང་ཚོ་རང་སྟེང་ན་ཐུན་མོང་དུ་གནས་པའི་རྙིང་ཞེན་བག་འཁུམས་དང་། ལེ་ལོ་སྒྱིད་ལུག་སོགས་ཀྱི་གཤིས་ཀ་ངན་པ་འདི་མི་བུ་རང་སྟེང་ནས་སེལ་ཅི་ཐུབ་བྱེད་པ་ཞིག་ལ་གོ་ན་འགྲིག དེ་སེལ་ཐབས་སུ་ཁོང་གིས་རྩོམ་རིག་དང་སློབ་གསོ་འདིར་གཙིགས་འཛིན་དང་ལག་ལེན་གནང་བ་རེད། དེའི་སྐོར། ངས་རང་གི་ཚོད་ཀྱིས《རང་གྲོལ་ཞིབ་འཇུག》ཏུ་ཅུང་གསལ་བོར་བྲིས་ཡོད།

སྤྱིའི་ཆ་ནས་བལྟས་ན། དེང་སང་དུས་རབས་ཉེར་གཅིག་པར་སླེབས་ནའང་། གོང་ནས་བཤད་པའི་རྙིང་ཞེན་དང་བག་འཁུམས། ལེ་ལོ། སྒྱིད་ལུག་འདི་དག་ད་དུང་ང་ཚོས་འདོར་བྱ་ཁོ་ན་ཡིན་པ་ལས། དེ་དག་ང་ཚོར་དགོས་ཞེས་སུས་ཀྱང་མི་སྨྲའོ།།

བྱེ་བྲག་ཏུ། 《ལང་ཚོའི་རྦབ་ཆུར》མཚོན་ནའང་། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་བོ་རྣམ་གྲངས་ཀྱི་ཚུལ་དུ་ཚིག་འགྲོས་སུ་བསྡེབས་ཏེ། དེ་དག་རྒྱུན་འཛིན་དང་དར་རྒྱས་སུ་གཏོང་དགོས་པ་ལས་མེད་བརླགས་སུ་གཏོང་བའི་ནང་དོན་ཅི་ཡང་མ་མཆིས། མཆིས་སྲིད་ཅེས་ན་འཆད་བྱ་གཞན་རེད། ང་རང་གིས་བལྟས་ན་དེ་འདྲ་ཙམ་དུ་ཟད་དོ།།

༣.ཁྱོད་ཀྱི་ཆུ་མགོ་གངས་དང་འབྲེལ་ཞིང་། ཆུ་རྔ་རྒྱ་མཚོར་འདྲེས་ཡོད་པའི་ཕྱིར། ཞེས་པའི་ཚིག་འདི་ལ་གོ་བ་ཇི་ལྟར་ལེན་དགོས་སམ། རྙིང་ཞེན། བག་འཁུམས། རྨོངས་དད། ལེ་ལོ། ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད། རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད། ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད། འདིར་བརྗོད་པ་འདི་རྒྱའི“རྙིང་བ་བཞི”གཏོར་བའི་དོན་དང་འདྲ་ས་དང་མི་འདྲ་ས་གང་ཡོད།

དྲི་བ་དང་པོའི་ལན་དུ། ངས་བལྟས་ན། 《ལང་ཚོའི་རྦབ་ཆུའི》ནང་གི་ཚིག་དུམ་འདི། འདི་ལྟར་ཁོལ་དུ་ཕྱུངས་ནས་གོ་བ་བླངས་ས་མི་འགྲོ་ཀི གལ་སྲིད་གོ་བ་ལེན་དགོས་ན། ཚིག་སྔ་ཕྱིའི་གུང་བསྒྲིགས་ཤིང་། སྙན་རྩོམ་ཧྲིལ་བོའི་བབ་དང་བསྟུན་ན་འགྲིག་པ་རེད། སྤྱིར་སྙན་ངག་གི་ཚིག་ལ་འབྲུ་ནག་གདོང་འདེད་ལྟར་འགྲེལ་བཤད་བརྒྱབ་ན་འོས་མིན་མི་ཤེས། སྙན་ངག་གི་ཚིག་དེར་ཉེར་བསྟན་དང་འཕྲོས་དོན་གཉིས་ཡོད་ཀི དེ་ཅི་རེད་ཅེ་ན། ཚིག་ངོས་ཀྱི་གོ་བ་ཞིག་དང་ཚིག་ཤུགས་ཀྱི་གོ་བའམ། སྙན་ངག་ཧྲིལ་བོའི་བབ་དང་བསྟུན་ནས། གོང་ནས་གོང་དུ་རིམ་པ་བཞིན་གོ་བ་བླངས་ཆོག་པ་སྟེ། དཔེར་ན། རྦབ་ཆུ་ཞེས་པའི་བྱེ་བྲག་གི་དངོས་པོ་ཞིག་ནས་ལོ་རབས་བརྒྱད་ཅུ་པའི་སྐབས་ཀྱི་གཞོན་ནུ་རྣམས་དང་། དེ་ནས་གཞོན་ནུ་དེ་དག་གི་སྤོབས་པ་དང་སྙིང་སྟོབས། དཔའ་ངར། དེ་ནས་སྐབས་དེའི་སྤྱི་ཚོགས་རིག་གནས་ཀྱི་གནས་བབ་དང་འདས་པའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་སོགས་མང་བོ་ཞིག་བློའི་ཡུལ་དུ་བྱས་ཤིང་། དེ་དག་རིགས་བསྒྲེས་ཀྱིས་སྙན་རྩོམ་དེ་རང་རང་གི་གོ་སྟོབས་ལ་བརྟེན་ནས་སྒྱུ་རྩལ་གྱི་རྒྱ་མར་གཞལ་ཆོག་པ་ཞིག་རེད། གོ་བ་འདི་འདྲ་རྩོམ་ཡིག་རང་སྟེང་དུ་གནས་མ་གནས་དང་། རྩོམ་པ་པོས་དེ་འདྲ་ཞིག་ལ་འདང་བརྒྱབ་ཡོད་མེད་ནི། དོན་དག་གཞན་རེད། འདིར་ངས་བཤད་འདོད་པ་ནི་རང་མོས་སྙན་ངག་ལ་མཚོན་ན་ང་ཚོར་ཀློག་པ་པོ་ཚང་མར་དེ་འདྲའི་དབང་ཆ་ཡོད་ཆོག་ཆོག་རེད། དེར་མ་ཟད། གོ་བ་ཕྱིན་ཅི་ལོག་པ་དང་ཡང་ན་ལོག་འགྲེལ་ཟེར་བ་བརྒྱབ་ཀྱང་སྐྱོན་མེད་ཅེས་གསུངས་པའི་གནས་སྐབས་ཀྱང་མཆིས་སོ།།

དྲིས་པ་གཉིས་པའི་ལན་དུ། འདི་ནི་ཕན་ཚུན་བསྡུར་རུང་དུ་མི་འགྱུར་བའི་གནད་དོན་ཞིག་རེད་འདོད། རྒྱུ་མཚན་གཅིག་ནི། དུས་ཀྱི་ཆ་ནས་བལྟས་ན་ཁ་ཁ་སོ་སོ་རེད། རྒྱ་ནག་གི“རྙིང་བ་བཞི”གཏོར་བ་ཟེར་བ་ནི། ཕལ་ཆེར་སྤྱི་ལོ༡༩༦༦ལོ་ནས་མགོ་བརྩམས་པའི་ཆབ་སྲིད་ལས་འགུལ་ཞིག་རེད་ཅེས་སྨྲས་ཀྱང་ཆོག རྙིང་བ་བཞི་པོ་གང་རེད་ཟེར་ན། བསམ་བློ་རྙིང་བ་དང་རིག་གནས་རྙིང་བ། ལུགས་སྲོལ་རྙིང་བ། གོམས་གཤིས་རྙིང་བ་བཞི་བོ་རེད། ད་ལྟ་ཡིན་ན། ལས་འགུལ་དེ་དང་དེའི་རིགས་སུ་གྱུར་པ་མཐའ་དག་ཐལ་དྲགས་སོང་། སྐྱོན་ཆ་རེད། གཞི་མེད་ཁུངས་མེད་རེད་ཅེས་རྒྱ་ནག་རང་གིས་ཀྱང་དགག་པ་བརྒྱབ་ཚར། སྐབས་དེའི་སྐྱིད་སྡུག་མ་ལུས་ང་ཚོ་རང་སྟེང་ལའང་བྱུང་མྱོང་བ་རེད། བྱུང་མྱོང་བའི་མི་རབས་དེ་དག་ད་དུང་ཚར་མེད། དོན་གྲུབ་རྒྱལ་ཁོང་རང་ཉིད་ཡིན་ནའང་། སྤྱི་ལོ༡༩༥༣ལོར་འཁྲུངས་པ་ནས་བཟུང་། སྐྱིད་སྡུག་དེ་དག་ཕལ་ཆེར་བརྒྱུད་མྱོང་བ་སྨོས་ཅི་དགོས། དེས་ན། ལོ་རབས་བརྒྱད་ཅུ་པའི་སྐབས་ཏེ། ཡོངས་གྲགས་སུ་སྲིད་ཇུས་གསར་བའི་སྒོ་མོ་ཕྱེ་བའི་སྐབས་དེར། དོན་གྲུབ་རྒྱལ་ཁོང་གིས་སླར་ཡང་རིག་གསར་སྐབས་ཀྱི་སྐད་ཆ་དེ་འདྲ་བཤད་ཀྱི་མ་རེད་འདོད།

སྤྱིར་མི་སུ་དང་གང་ཞིག་ཡིན་རུང་། ཡུལ་དུས་ཀྱི་དབང་དུ་མ་ཕྱིན་པ་གཅིག་ཀྱང་མེད། དོན་གྲུབ་རྒྱལ་ཁོང་གི་འཚར་ལོངས་བྱུང་ས་དང་སློབ་གསོ་མྱངས་ས་གང་ལ་བལྟས་ཀྱང་། སྐབས་དེའི་སྤྱི་ཚོགས་ཀྱི་ཤན་ཤུགས་ཐེབས་ཡོད་པ་ནི་སྨོས་མ་དགོས་པ་རེད།

རྒྱུ་མཚན་གཞན་གཅིག་ནི། དོན་དེ་གཉིས་ཀྱི་རྒྱབ་ལྗོངས་དང་ནང་དོན་ཁ་ཁ་རེད། རྙིང་ཞེན། བག་འཁུམས། རྨོངས་དད། ལེ་ལོ། རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད། འདིར་སྨྲས་ཚང་མ་ལོ་རབས་བརྒྱད་ཅུ་པའི་སྐབས་སུ་མ་ཟད། དུས་དེང་སང་ཡང་ང་ཚོར་དགོས་ནི་ཞིག་གཏན་ནས་མ་རེད་ལ། མ་འོངས་པའི་དུས་སུའང་དེ་འདྲ་མི་འབྱུང་བའི་སྨོན་ལམ་འདེབས། གང་ཞིག་རྗེས་ལུས་དང་ཅི་ཞིག་ཀླ་ཀློ། གང་ཞིག་མུན་ནག་དང་ཅི་ཞིག་ལོག་སྤྱོད། འདི་དག་ཚང་མ་ས་ཟད་ན་རྡོ་ལྷང་ལ་འབུད་པའི་དཔེ་བཞིན། དུས་ད་ལྟ་རྒན་དར་གཞོན་གསུམ་གྱིས་བལྟས་ན་ཁ་གསལ་གཏིང་གསལ་རེད།

གལ་སྲིད། ཁོང་གི《འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག》ཅེས་པར། བསམ་བློ་གསར་བ་ཞིག་དང་། ལྟ་བ་གསར་བ་ཞིག འདོད་ཚུལ་གསར་བ་ཞིག ལུགས་སྲོལ་གསར་བ་ཞིག སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་སུ་གདན་འདྲེན་རྒྱུ་ནི། བསེ་རུའི་རྭ་དང་། རུས་སྦལ་གྱི་སྤུ། མཁའ་ཡི་པད་མོ། ས་ཡི་འཇའ་ཚོན་བཞིན་དུ་དཀའ་བ་འདི་ཁྱེད་ཀྱིས་ཨེ་ཤེས། ཞེས་པ་འདི་ལྟ་བུ་རྣམ་གྲངས་འདྲེན་ལུགས་ཀྱི་ཆ་ནས་འདྲ་འདྲ་པོར་སྣང་བའི་ཚིག་ཟིན་ཞིག་འཁྱེར་སོང་སྟེ“རྙིང་བ་བཞི”གཏོར་བ་ཞེས་པ་དང་བཙན་གྱིས་སྦྱར་ན། དེར་ཕྱོགས་ཞེན་དང་མ་དག་པའི་ཆ་ཨེ་ཡོད་བསམས་བྱུང་།

༤.རང་མོས་སྙན་ངག་འདི《ལང་ཚོའི་རྦབ་ཆུ》ནས་མགོ་བཟུང་སྟེ་ད་བར་མི་ལོ་སུམ་ཅུ་ལྷག་ཕྱིན་འདུག་ལ། མི་ལོ་སུམ་ཅུ་ལྷག་གི་ནང་དུ་རང་མོས་སྙན་ངག་ཐད་ཀྱི་བརྩམས་ཆོས་དང་དཔྱད་བརྗོད་མི་ཉུང་བ་ཞིག་བྱུང་འདུག ཁྱོད་ཀྱིས་བལྟས་ན《ལང་ཚོའི་རྦབ་ཆུས》ལོ་ངོ་འདི་དག་གི་རིང་གོ་གནས་ག་འདྲ་ཞིག་བཟུང་འདུག

ལན་དུ། 《ལང་ཚོའི་རྦབ་ཆུ》འདི་བོད་ཀྱི་དེང་རབས་རྩོམ་རིག་གི་ངོས་ཐད་ནས་བཤད་ན། རང་མོས་སྙན་ངག་གི་ཐོག་མར་འཛིན་པ་འདི། ད་ལྟ་ཕལ་མོ་ཆེ་གཅིག་མཐུན་དུ་སོང་འདུག དེ་མིན། དེའི་སྔོན་ལ་རང་མོས་ལུས་ཅན་གྱི་སྙན་ངག་ཡོད་ཅེས་དཔྱད་རྩོམ་ཁ་ཤས་སུ། ཏུན་ཧོང་གཏེར་ཡིག་དང་མཁས་པའི་ཡིག་རྩོམ་རེ་གཉིས། གཞན་ཡང་བསང་མཆོད་སོགས་སྐོར་ཞིག་སྒྲུབ་བྱེད་དུ་དྲངས་པ་ཁོ་བོས་མཐོང་མྱོང་དང་ཐོས་མྱོང་ཡོད། གང་ལྟར། ད་ལྟ་ང་ཚོ་ཐུན་མོང་གི་ལུགས་ཀྱི་རྗེས་སུ་འབྲངས་ནས་བཤད་ན་འགྲིག་གི་འདོད། དེ་དག་རྩོད་པའི་དབང་དུ་བྱས་ན། དེང་རབས་རྩོམ་རིག་གི་མགོ་ཁུངས་ཐད་ཀྱང་བཤད་ཚུལ་སྣ་མང་མཆིས། ང་ཚོས་རེ་རེ་ནས་བཤད་ན་རྙོག་དྲ་ཆེན་པོ་འདུག

《ལང་ཚོའི་རྦབ་ཆུ》འདི་སྤྱི་ལོ༡༩༨༣ལོའི《སྦྲང་ཆར》དེབ་གཉིས་པའི་སྟེང་བཀོད་ཅིང་། དེ་ནས་བརྩིས་ན་ད་བར་དུ་མི་ལོ་སོ་གསུམ་ཙམ་ཕྱིན་འདུག མི་ལོ་སུམ་ཅུའི་རིང་འདིར། བོད་ཀྱི་རྩོམ་རིག་དང་བྱེ་བྲག་ཏུ་རང་མོས་སྙན་ངག་གི་ཐད་ལའང་འཕེལ་རྒྱས་ཟེར་ནའང་ཆོག འགྱུར་ལྡོག་ཟེར་ནའང་འདྲ། གང་ལྟར་གནས་ཚུལ་དང་སྣང་ཚུལ་རྣམ་པ་སྣ་ཚོགས་བྱུང་འདུག ལོ་རབས་བརྒྱད་ཅུ་པའི་སྐབས་ཀྱི་སྙན་ངག་འབྲི་མཁན་དེ་དག་ཀྱང་ཕལ་ཆེར་རྒན་ཡོལ་ཞུས་ཚར་པ་དང་རྩོམ་མཚམས་བཞག་ཟིན་པ་རེད། སྔོན་ཆད་ལོ་རབས་དགུ་བཅུ་པའི་སྨད་ནས་དང་། ལྷག་པར་དུ་དུས་རབས་གསར་པའི་ཚུན་ཆད་ནས་བཟུང་། སྤྱི་ཚོགས་སྟེང་ནས་ཡིན་ནའང་ཆོག རྩོམ་ཡིག་དངོས་སུ་བྲིས་པའི་་སྟེང་ནས་ཡིན་ནའང་འདྲ། 《ལང་ཚོའི་རྦབ་ཆུ》འདི་གྱེར་འདོན་སྙན་ངག་ཅིག་གམ། ཡང་ན་ཁ་གཡང་རང་བཞིན་གྱི་ཤས་ཆེ་བས། སྙན་ངག་གི་ཉམས་དང་བྲོ་བ་ཁྱད་པར་ཅན་ཞིག་མེད་ཅེས་པའི་སྐད་ཆ་འདྲ་མིན་བཤད་དང་འཆད་བཞིན་པ་ཐོས་མྱོང་ཡོད། མཐོང་མྱོང་ཡོད། གང་ལྟར། དེའི་ཚིག་ཤུགས་དང་ནང་དོན་གང་དང་ཅི་འདྲ་རེད་ཅེ་ན། 《ལང་ཚོའི་རྦབ་ཆུའི》གོ་གནས་དེ་ཁས་ལེན་གྱིན་མེད་པའི་བཟོ་ལྟ་འདུག དེ་ཡང་། ངས་བལྟས་ན་རང་རང་སོ་སོའི་དྲན་ཚུལ་ཞིག་རེད། འགྲིག་མི་འགྲིག་དང་རེད་མ་རེད་ཀྱི་ཕུ་ཐག་གཅོད་ཁ་དཀའ་མོ་རེད། ཡང་གཅིག་བཤད་ན། དེ་ཡང་བོད་ཀྱི་རང་མོས་སྙན་ངག་གསར་རྩོམ་གྱི་ཆུ་ཚད་གོང་འཕེལ་དུ་སོང་ཡོད་པའི་རྟགས་མཚན་ཞིག་རེད་བརྗོད་ཀྱང་འགལ་བ་མ་མཆིས། འདི་ནི་དངོས་པོའི་ཆོས་ཉིད་རེད། གཤིས་ལུགས་རེད། ང་ཚོ་ཚང་མ་འཕེལ་རྒྱས་ལ་སོང་ན་དགའ་ཆོག་ཆོག་རེད།

འོན་ཀྱང་། ང་རང་ཉིད་ལ་ལྟ་ཚུལ་ཞིག་ཡོད་པ་ནི། རྩོམ་པ་པོ་ཞིག་དང་བརྩམས་ཆོས་ཤིག་ཡིན་ན། ཕྱོགས་གཅིག་དང་སྣ་གཅིག་པོའི་སྒོ་ནས་དཔྱད་འཇོག་བཏང་ན་འགྲིག་གི་མ་རེད། ཉུང་མཐའ་ཡང་ཕྱོགས་གཉིས་ནས་བསམ་བློ་གཏོང་དགོས་པར་འདུག དེ་ནི་གཅིག་ན་རྩོམ་བྱུང་ལོ་རྒྱུས་ཀྱི་ངོས་ཐད་ནས་དང་།གཞན་གཅིག་ནི་བརྩམས་ཆོས་རང་སྟེང་ནས་དེའི་རིན་ཐང་ཇི་ལྟ་བུ་ཞིག་ཡིན་པ་སྒྱུ་རྩལ་གྱི་རྒྱ་མར་འཇལ་དགོས་པ་རེད། བོད་ཀྱི་དེང་རབས་རྩོམ་རིག་དང་ལྷག་པར་དུ་ལོ་རབས་བརྒྱད་ཅུ་པར་མཚོན་ནས་བཤད་ན། དོན་གྲུབ་རྒྱལ་དང་ཁོང་གི་བརྩམས་ཆོས་དག་མི་གླེང་ས་མི་འགྲོ་ཀི དེར་བྱོལ་ཅིང་གཡོལ་ཏེ་དེའི་ལོགས་སུ་བོད་ཀྱི་དེང་རབས་རྩོམ་རིག་ཟེར་བ་དང་དེའི་ཕན་ཆད་དུ་ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་ཟེར་བ་གླེང་རྒྱུ་ཟེར་ན་ཧ་ཅང་དའ་མོ་རེད། རང་མོས་སྙན་ངག་ལྟ་བུར་མཚོན་ན། སྤྱི་ལོ༡༩༨༣ལོའི་གོང་རོལ་ཏུ། བོད་ན་དུས་དེབ་མང་བོ་མེད་ཅིང་། ཡོད་པ་ནི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》ལྟ་བུ་རེད། དེང་སང་དེ་དག་གི་དཀར་ཆག་ལ་བལྟས་ན། རང་མོས་སྙན་ངག་ཟེར་བ་འདི་དེའི་ཡན་ན་གཅིག་ཀྱང་མཐོང་རྒྱུ་མི་འདུག ཡོད་ཀྱང་ངས་མ་རིག སྤྱི་ལོ༡༩༨༣ལོར《ལང་ཚོའི་རྦབ་ཆུ》སྤེལ་པ་ནས་བཟུང་། དེ་དང་ཆ་འདྲ་བའི་སྙན་ངག་མང་བོ་ཞིག་ལོ་དེ་ཁོ་ནའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》སྟེང་ཆུ་བོ་རགས་ཤོར་གྱི་ཚུལ་དུ་མཐོང་རྒྱུ་མང་བོ་བྱུང་། དེ་ནས་སྤྱི་ལོ༡༩༨༥ལོ་དང་སྤྱི་ལོ༡༩༨༦ལོར། སྤྱི་ལོ༡༩༨༧ལོར་ཆར་རྗེས་ཤ་བརྡོལ་གྱི་ཚུལ་དུ་སྔར་ལས་ཀྱང་མང་བོ་མཐོང་རྒྱུ་མཆིས། དེར་མ་ཟད། འབྲི་ཚུལ་དང་ནང་དོན་ཐམས་ཅད་ཕལ་ཆེར《ལང་ཚོའི་རྦབ་ཆུར》དཔེར་བལྟས་པ་ལོས་ཡིན་འདོད། དེ་ནས་སྤྱི་ལོ༡༩༨༧ལོ་དང་དེའི་འཕྲོ་ནས་འཇུ་སྐལ་བཟང་དང་ལྗང་བུ་སོགས་ཀྱི་སྙན་ངག་གསར་རྩོམ་དེས་རང་མོས་སྙན་རྩོམ་གྱི་ཁ་ཕྱོགས་ལ་འགྱུར་ལྡོག་ཕྲན་བུ་བཏང་འདུག ངས་བཤད་འདོད་པ་ཅི་ཡིན་ཟེར་ན།《ལང་ཚོའི་རྦབ་ཆུའི》ཤུགས་རྐྱེན་དེ་སྐབས་དེའི་བོད་ཀྱི་རྩོམ་སྟེགས་ལ་མཚོན་ན་ཧ་ཅང་ཆེ་བར་འདུག ཐ་ན། ལོ་རབས་བརྒྱད་ཅུ་པའི་གནས་སྐབས་དེ་ནི《ལང་ཚོའི་རྦབ་ཆུའི》དུས་སྐབས་རེད་ཅེས་ཀྱང་ལོས་ཆོག་འདོད། ངས་གོང་ནས་བཤད་པ་བཞིན། བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ཀྱི་ངོས་ཐད་ནས་བལྟས་ན《ལང་ཚོའི་རྦབ་ཆུའི》གོ་གནས་དེ་སུས་ཀྱང་བསྙོན་དུ་མེད་དོ།།

དེ་ཕྱོགས་གཅིག་རེད། ཕྱོགས་གཞན་དུ། བརྩམས་ཆོས་རང་སྟེང་ནས་སྒྱུ་རྩལ་གྱི་རིན་ཐང་གཞལ་དུ་མེད་པ་དང་ནུབ་པ་མེད་པ་ཞིག་ཡོད་མེད་དེར་བསམ་བློ་གཏོང་དགོས་འདུག དེ་ཡང་གཙོ་བོ་ལོ་རྒྱུས་དང་དུས་རབས་ཀྱི་ཉམས་སད་ཐེག་མི་ཐེག་དེ་ཤིན་ཏུ་གཙོ་ཆེ། འཛམ་གླིང་གི་བརྩམས་ཆོས་ལེགས་གྲས་སམ་རྩོམ་ཡིག་གཅེས་ཤོས་དག་ཀྱང་དེའི་གོ་རིམ་བརྒྱུད་པ་རེད། དེའི་གོ་རིམ་ཉུང་མཐའ་ཡིན་ན་མི་རབས་གཅིག་དགོས་པར་སྙམ།

《ལང་ཚོའི་རྦབ་ཆུ》རང་སྟེང་གི་སྒྱུ་རྩལ་གྱི་རིན་ཐང་དང་རྩོམ་རིག་གི་གོ་གནས་དེར། ང་ཚོས་སྔོན་ཆད་མང་བོ་བྲིས་ཀྱང་གླེངས་ཀྱང་ཡོད་པ་མིག་མཐོང་ལག་ཟིན་རེད། ཡིན་ནའང་། དེ་ཙམ་གྱིས་མི་ཆོག་པར་ད་དུང་ཡང་དུས་རབས་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་དགོས་མིན་དེར་བལྟ་དགོས་རྒྱུ་རེད། ང་རང་ཉིད་ལ་མཚོན་ན་ད་དུང་རྟིང་ཐག་གཅོད་པའི་བློ་གྲོས་རྒྱས་མེད།

༥.སྐབས་དེར་རང་མོས་སྙན་ངག་དར་དུས་གཞི་འཛིན་ས་དང་ཚད་ལྡན་གྱི་གཞུང་ལུགས་ཀྱི་བརྟེན་ས་ཨེ་ཡོད། སྐབས་དེར་རྐང་ཆག་མ་ཞེས་ཟུར་ཟའང་ཐེབས་མྱོང་འདུག

ལན་དུ། སྐབས་དེར་རང་མོས་སྙན་ངག་འདི་དར་དུས། དེར་བརྩམས་ཆོས་ཀྱི་ངོས་ཐད་ནས་གཞི་འཛིན་ས་ཡོད་ཀྱི་རེད་བསམས་སོང་། གཞུང་ལུགས་ཀྱི་བརྟེན་ས་ཡོད་མེད་དེ་ཁ་ཚོན་གཅོད་དཀའ། རྒྱུ་མཚན་ནི་སྒྲུབ་བྱེད་གཅིག་ཀྱང་ལག་སོན་མ་བྱུང་།

ང་རང་གིས་རྩད་གཅོད་དང་བཀའ་འདྲི་ཞུས་པ་ལྟར་ན། སྐབས་དེར་ཁོང་གི་སློབ་གྲོགས། ཉལ་ཁང་གཅིག་ཏུ་བཞུགས་མྱོང་བའི་དགེ་རྒན་ཁྲིན་ཆིན་དབྱིན(陈庆英,中国藏学研究中心研究员)ལགས་ཀྱིས། དོན་གྲུབ་རྒྱལ་ཁོང་གིས་དུས་རྒྱུན་སུའུ་ལེན་གྱི་སྙན་ངག་པ་མྰ་ཡ་ཁོ་ཧྥུ་སི་ཅི(苏联,马雅可夫斯基)ཞེས་པའི་སྙན་རྩོམ་ལ་གཟིགས་བཞིན་པ་དངོས་སུ་མཐོང་ཞིང་། ད་དུང《དོར་མ་གྱོན་པའི་སྤྲིན་ཕུང》(《穿裤子的云》)ཞེས་པའི་སྙན་རྩོམ་དེའི་རྒྱ་ཡིག་གི་འགྱུར་ལ་བལྟས་ཏེ། བོད་ཡིག་གི་ལམ་ནས་འདྲི་འདྲ་ཞིག་འབྲི་རྒྱུ་ན་ཅི་འདྲ་ཞེས་དངོས་སུ་གསུངས་མྱོང་སྐད། ཕྱིས་སུ་ཁོང་གི་དཔེ་ཆ་དང་རྒྱུ་རྫས་དེ་དག་བསྔོག་པའི་སྐལ་བ་མ་བྱུང་། གལ་སྲིད་བྱུང་ན་སྒྲུབ་བྱེད་རེ་གཉིས་རྙེད་ཀྱི་རེད་བསམས་ཀི གང་ལྟར་སྐད་ཆ་དེར་བདེན་ཤས་ཆེ་རྒྱུ་རེད་འདོད་ཡོད།

ཁག་གཉིས་པ།

སྲིད་ཇུས་གསར་བའི་སྒོ་མོ་ཕྱེ་མ་ཐག་པའི་གནས་སྐབས་དེར། ཀྲུང་གོ་ནང་ཁུལ་དུ་རྩོམ་རིག་གི་ངོས་ཐད་ནས་བཤད་ན། སུའུ་ལེན་གྱི་རྩོམ་རིག་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་རེད། སུའུ་ལེན་གྱིས་རྒྱ་ནག་ལ་ཤན་ཞུགས། རྒྱ་ནག་གིས་བོད་རང་ལ་ཤན་ཞུགས་པའི་བཟོ་ལྟ་འདྲ་འདུག ཐ་ན་རྩོམ་ལུས་རྣམ་གཞག་གི་ཆ་ནས་ཀྱང་དེ་ལྟར་ཟད། ལྷག་པར་དུ། སུའུ་ལེན་གྱི་ཀོར་ཅི(苏联,高尔基)དང་དེའི་བརྩམས་ཆོས་ལྟ་བུ་རེད། དཔེར་ན《རྒྱ་མཚོའི་ཁུག་རྟ》(《海燕》)ལྟ་བུ་ང་ཚོའི་སློབ་འབྲིང་གི་སློབ་ཚན་དུ་བདམས་ཡོད་པས་ཀྱང་མཚོན། གཞན་ཡང་ཨོ་སི་ཐེ་ལའོ་ཧྥུ་སི་ཅི་དང་ཁོང་གི《རྣོ་ལྕགས་ནི་ཇི་ལྟར་བཞུས་པ》(苏联,奥斯特洛夫斯基,《钢铁是怎样炼成的》)ལྟ་བུ། གཞན་ཡང་མཱ་ཡ་ཁོ་ཧྥུ་སི་ཅི་དང་ཁོང་གི་སྙན་རྩོམ་རིང་མོ《ལེ་ཉིན》(苏联,马雅可夫斯基,《列宁》)ཞེས་པ་དང་། 《དོར་མ་གྱོན་པའི་སྤྲིན་ཕུང》ལྟ་བུ་མང་བོ་ཞིག་རྒྱ་ཡིག་ཏུ་འགྱུར་ཡོད་ཅིང་། དེར་མ་ཟད། གཞུང་ཕྱོགས་ནས་དངོས་སུ་པར་སྐྲུན་དང་རྒྱབ་སྐྱོར་ཡང་ཐོབ་ཡོད་ཚོད་རེད། དེ་ནི་སྐབས་དེའི་སྤྱི་ཚོགས་ཁ་དབུགས(社会氛围)དང་ཡང་འབྲེལ་བ་མཆིས། དེ་མིན། ཁོང་ཅག་དང་ཕལ་ཆེར་དུས་མཉམ་པའི་རྩོམ་པ་པོ་གྲགས་ཅན་ཏེ། དཔེར་ན་ཐོ་སི་ཐའོ་ཡེ་ཧྥུ་སི་ཅི་ལྟ་བུའི(苏联,陀思妥耶夫斯基)བརྩམས་ཆོས་དག་སྐབས་དེར་གཞུང་ངོས་ནས་དངོས་སུ་བསྒྱུར་ཅིང་དཔེ་སྐྲུན་བྱས་མེད་པ་རེད། དེ་གཙོ་བོ་བརྩམས་ཆོས་དེ་དག་གི་ལངས་ཕྱོགས་ལ་གནད་དོན་ཡོད་འདོད་པས་ཡིན་རྒྱུ་རེད།

ངས་བཤད་འདོད་པ་ནི། དོན་གྲུབ་རྒྱལ་ཁོང་ཉིད་སྐབས་དེར་པེ་ཅིན་དུ་ཡོད་པའི་དབང་གིས། བརྩམས་ཆོས་དེ་དག་ལ་མཇལ་རྒྱུའི་གོ་སྐབས་བྱུང་བ་རེད། སྤྱིར་ཁོང་ཉིད་པེ་ཅིན་དུ་སློབ་གཉེར་དང་ཕྱག་ལས་གནང་བ་དེར་དོན་སྙིང་ཆེན་པོ་མཆིས། དཔེར་ན་དགེ་ཆོས་ཁོང་རྒྱ་གར་དུ་ཕེབས་པ་དང་ཆ་འདྲ་བོ་འདུག བོད་ཙམ་དུ་མ་ཟད། དེ་འདྲའི་དཔེ་གཞི་གསོན་པོ་འཛམ་གླིང་ན་མང་མང་རེད།

ཁོང་གིས་སྙན་རྩོམ་དེར་སློབ་སྦྱོང་དང་ལད་མོ་བྱས་པའང་བདེན་རྒྱུ་རེད་འདོད་ཡོད།《དོར་མ་གྱོན་པའི་སྤྲིན་ཕུང》ཞེས་པ་དེར་ཚིག་རྐང་ལྔ་བརྒྱ་ལྷག་འདུག ཞིབ་ཏུ་བརྩིས་མ་མྱོང་། དེའི་ནང་དོན་དང་སྒྱུ་རྩལ་གྱི་ཐད་ནས་བརྗོད་པར་མི་ལྕོགས་ཀྱང་། ཕྱིའི་རྣམ་པ་ཁོ་ནའི་སྟེང་ནས་བལྟས་ན།《ལང་ཚོའི་རྦབ་ཆུར》ཡང་དེ་དང་ཆ་འདྲ་བ་མང་བོ་མཆིས། དཔེར་ན། ཚིག་རྐང་དོ་མི་མཉམ་པ་རིང་ཐུང་ཅི་རིགས་མཆིས་པ། སྐས་རྐང་དང་འདྲ་བ། སྐབས་དེར་རྒྱ་ནག་ཏུ་སྐས་རྐང་སྙན་ངག་ཟེར་སྲོལ་ཡང་མཆིས། གཞན་ཡི་གེའི་རྐྱེན་ཟེར་བ་སྟེ། དཔེར་ན་འཕྲེད་རྟགས་མང་བོ་བཞག་ཡོད་པ་ལྟ་བུ་རེད། 《ལང་ཚོའི་རྦབ་ཆུར》མཚོན་རྒྱུ་ནའང་། འཕྲེད་རྟགས་དེ་གོང་དུ་བཞག་པ། རྗེས་སུ་བཞག་པ་གང་རུང་མཆིས།

གང་ལྟར། དེ་དག་ནི《ལང་ཚོའི་རྦབ་ཆུའམ》ཡང་ན་རང་མོས་སྙན་ངག་ཏུ་འབོད་པ་འདི་གངས་ཅན་བོད་དུ་ཐོག་མར་དར་བའི་ཕྱི་རྐྱེན་ཞིག་རེད་འདོད། མ་གཏོགས་རྒྱུ་མཚན་གཙོ་བོ་ཡིན་རྒྱུ་རེད་ཟེར་ན་དཀའ་མོ་རེད། རྒྱུ་མཚན་གཙོ་བོ་ཕལ་ཆེར་རང་སྟེང་ན་ཡོད་ཀྱི་རེད་བསམས། སྐབས་དེར། རང་མོས་སྙན་ངག་འདི་དར་ཚུན་ནས། ཕྱིའི་རྣམ་པའི་ཆ་ནས་རྐང་ཆག་མ་ལྟ་བུའི་ཚུགས་ཀ་ཡོད་འདུག ད་བར་དེའི་དུས་ཀྱི་བརྩམས་ཆ་རྣམས་ལ་ལྟོས་དང་། ཕྱིའི་རྣམ་པའི་ཆ་ནས་རི་མོ་བཞིན་དུ་བསྒྲིགས་པ་མང་། དེར་དགོས་པ་ཅི་ཞིག་ཡོད་མིན་མི་ཤེས། གང་ལྟར་དེ་འདྲ་ཞིག་ཏུ་ཆགས་འདུག རྗེས་སུ་དེར་རྐང་ཆག་མ་ཟེར་བ་དང་། རང་མོས་མ་མོས་ཟེར་བ་སོགས་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་ལ། དེའི་ངོས་ཐད་ནས་ཕན་ཚུན་རྩོད་པ་དང་ཀུ་རེ་རྩེད་མོ་བྱས་པའང་མཆིས། དཔེར་ན། སྤྱི་ལོ༡༩༨༩ལོའི《སྦྲང་ཆར》དེབ་བཞི་པར། ཨ་ཁུ་བཤད་སྒྲུབ་དང་དགེ་རྒན་བཀྲ་བྷོ་ཁོང་དགེ་སློབ་གཉིས་ཀྱིས།《མིང་མེད་རྩོམ་ཐུང》ཞེས་པ་དང་། དེའི་ལན་དུ《བདེན་གཏམ་མིག་གི་ཐུར་མ》ཞེས་པ་ལྟ་བུ་བྲིས་པ་རེད། གོང་དེར། མི་ལ་རང་དབང་ལྡན་ན་དེ་ཆོག་མོད།།སྙན་ཚིག་རང་དབང་ལྡན་པས་ཅི་ཞིག་བྱ།། ཞེས་ཅུང་མ་རངས་པའི་རྣམ་འགྱུར་བསྟན་པ་དང་། དེར་དགེ་རྒན་བཀྲ་བྷོས། མི་ལ་རང་དབང་ཡོད་པའི་མངོན་རྟགས་སུ།། ངག་གི་རང་དབང་འདི་ཡང་གཙོ་ཆེ་སྟེ།། ངག་གི་སྒོ་མོ་བསྡམ་རྒྱུ་ཐལ་ཆེ་ན།། ནམ་ཞིག་སྦུབས་སུ་འཐུམས་པར་འགྱུར་ཏ་རེ། །ཞེས་རང་མོས་སྙན་ངག་འདིར་མོས་པའི་རྣམ་འགྱུར་བསྟན་པ་འདི་ལྟ་བུ། སྐབས་དེར་རང་མོས་སྙན་ངག་ཐད་ལངས་ཕྱོགས་མི་འདྲ་བ་གཉིས་མཆིས་པ་དེའི་དཔེ་མཚོན་གསོན་པོ་ཞིག་རེད།དེང་སང་བལྟས་ན། དེ་ནི་རིག་གཞུང་གི་ངོས་ཐད་ནས་གཏམ་ཀུ་རེའི་ཚུལ་དུ་ལན་འཇལ་རེས་གནང་བ་ལས། ཕྱིས་ཀྱི་སྐོར་ཞིག་ལྟར་ཕན་ཚུན་ཚིག་མཚོན་འདེབས་པ་དག་དང་ཡེ་ནས་མི་མཚུངས་པས། ང་ཚོས་སློབ་སྦྱོང་བྱ་འོས་པའི་གནས་སུ་འཁུམས།། འདི་ནི་ཞར་ཞོར་ཙམ་དུ་གླེངས་པའོ།།

༦.《ལང་ཚོའི་རྦབ་ཆུའི》རིན་ཐང་གང་དུ་ཡོད། རྩོམ་ལུས་སུ་ཡོད་དམ་བརྗོད་བྱ་རུ་ཡོད།

ལན་དུ།《ལང་ཚོའི་རྦབ་ཆུ》ཞེས་པའི་རང་མོས་སྙན་ངག་འདིའི་རིན་ཐང་སྐོར་རེ་གཉིས་གོང་ནས་བཤད་ཚར། དེའི་སྒྱུ་རྩལ་གྱི་རིན་ཐང་དེར་ལོ་རྒྱུས་དང་དུས་རབས་ཀྱི་ཉམས་སད་ཐེག་དགོས་ཟེར་བ་དེ་གཙོ་བོའི་གྲས་ཀྱི་གཅིག་ཡིན། འོན་ཀྱང་དགོས་དབང་གིས་བཤད་ན། དེའི་རིན་ཐང་རྩོམ་ལུས་སུ་ཡོད་དམ་ཡང་ན་བརྗོད་བྱ་རུ་ཡོད་ཟེར་ན། དེ་གཉིས་ཀའི་སྟེང་ན་ཡོད་ཀྱི་རེད། དེ་མིན་རྩོམ་ལུས་ལས་ལོགས་པའི་བརྗོད་བྱ་ཟེར་བ་ཞིག་དང་། བརྗོད་བྱ་ལས་ལོགས་པའི་རྩོམ་ལུས་ཟེར་བ་ཞིག་བཤད་ཁ་དཀའ་མོ་རེད། རྩོམ་ལུས་ནི་བརྗོད་བྱའོ་བརྗོད་བྱ་ནི་རྩོམ་ལུས་སོ་ཞེས་ཟེར་རུང་མི་ཆོག་པ་མེད། དེས་ན། 《ལང་ཚོའི་རྦབ་ཆུར》མཚོན་ན། རྩོམ་བྱུང་ལོ་རྒྱུས་ཀྱི་ངོས་ཐད་ནས་བལྟས་པའི་རིན་ཐང་ལས་གཞན། རྩོམ་ཡིག་རང་སྟེང་གི་རིན་ཐང་དེ། བརྗོད་བྱ་རྗོད་བྱེད་དང་བརྗོད་སྙིང་སོགས་ཕྱོགས་མང་བོ་ཞིག་གིས་གྲུབ་ཀྱང་། དེ་དག་ལས་འདས་པ་ཞིག་སྟེ། དཔེར་ན། རྡོ་བརྐོས་ཀྱི་རི་མོ་དེ་རྒྱུ་ཆ་རྡོ་ཡིས་གྲུབ་ཅིང་། རི་མོར་གྲུབ་རྗེས། དེའི་རིན་ཐང་དེ་སྔོན་གྱི་རྡོ་དེའི་སྟེང་ན་མེད་པར་རི་མོའི་སྟེང་ན་གནས་པ་བཞིན་རེད།

《ལང་ཚོའི་རྦབ་ཆུ》ཞེས་པའི་སྙན་རྩོམ་འདིར་མཚོན་ན།དེའི་ཁོ་ནའི་དཔྱད་རྩོམ་དང་། ཡང་ན་དཔྱད་རྩོམ་གཞན་དུ《ལང་ཚོའི་རྦབ་ཆུ》དང་འབྲེལ་བའི་དཔྱད་གཏམ་བགྲང་གིས་མི་ལང་བ་ཞིག་འདུག བོད་ཀྱི་རང་མོས་སྙན་ངག་ཁྲོད། 《ལང་ཚོའི་རྦབ་ཆུའི》སྐོར་གྱི་དཔྱད་རྩོམ་ལས་མང་མང་ཞིག་ད་སྔ་ཕལ་ཆེར་བྱུང་མེད་པ་འདྲ།

《ལང་ཚོའི་རྦབ་ཆུའི》རིན་ཐང་ལ་ད་ལྟའི་གནས་བབ་ཀྱི་དབང་གིས་དཔྱད་པ་ཅུང་ཙམ་བཏང་ན། གཅིག་ནི། ཕྱིའི་རྣམ་པའི་ཐད་ཀྱི་དོགས་སེལ་ཐེངས་གཅིག་རེད་ལ། ཕྱིའི་རྣམ་པའི་ཐད་ཀྱི་བཅིངས་འགྲོལ་ཐེངས་གཅིག་ཀྱང་རེད་ཅེས་པའི་བཤད་སྲོལ་ཡང་མཆིས། དེ་ནི་བོད་ཀྱི་རྩོམ་སྲོལ་སྔ་མ་གང་ཞིག་ལྟར“ཤིས་བརྗོད་ཕྱག་བྱ”སོགས་ངེས་པ་ཅན་དུ་བྱས་མེད་ཅིང་། ཅུང་ཟད་ལུགས་ཡངས་དང་རང་མོས་ཅན་གྱི་དབང་དུ་སོང་ཡོད། ཡང་ན། སྙན་ངག་ནི་འདི་ལྟར་བྲིས་ཀྱང་རུང་ངོ་ཞེས་པའི་བློ་བསྐྱེད་ཐེངས་ཤིག་རེད།

གཞན་གཅིག་ནི་ཤུགས་བསྟན་གྱི་ཆ་ན་ཡོད། སྙན་ངག་ལེགས་གྲས་སུ་གཏོགས་པ་དེའི་རིགས་ཀྱི་ཤུགས་བསྟན་དེ་ནི་ང་ཚོས་ཇི་དང་གང་ལྟར་བསྔོག་ཆོག་པའི་གཏེར་ཁུངས་ཤིག་དང་མཚུངས། སྙན་ངག་ལ་ལྟ་དུས། ཚིག་ངོས་རིམ་པ་ནས་དོན་གྱི་ཟབ་ཚད་རིམ་པ་བཞིན་གོང་ནས་གོང་དུ་དེད་ཆོག་པ་ལྟར་ན། འདི་ནི་ཡུན་རིང་བོར་སྨྲ་བ་བཅད་ཅིང་། ཡང་ན་ཡུན་རིང་བོར་སྨྲ་བ་བསྡམས་པའི་རྗེས་སུ། རང་ཉིད་ཀྱི་སྤོབས་པ་དང་ལ་རྒྱ། སྙིང་སྟོབས་སོགས་གསང་མཐོར་བསྒྲགས་པའི་བསྒྲགས་གཏམ་ཞིག་རེད་ལ། ལོ་རབས་བརྒྱད་ཅུ་པའི་སྐབས་ཀྱི་བོད་ཀྱི་རྩོམ་པ་པོ་དང་གཞོན་ནུ་མང་བོ་ཞིག་གི་སེམས་གཏམ་དང་། ཡང་ན་སྐབས་དེའི་སྤྱི་ཚོགས་ཀྱི་གྲ་གྲུ་ཟུར་དང་སྣ་སྣེ་མོ་མཚོན་པའི་རི་མོ་ཡིད་དུ་འོང་བ་ཞིག་ཀྱང་རེད། མདོར་བསྡུས་ན། དགེ་རྒན་བཀྲ་བྷོ་ལགས་ཀྱིས། མི་ལ་རང་དབང་ཡོད་པའི་མངོན་རྟགས་སུ། །ངག་གི་རང་དབང་འདི་ཡང་གཙོ་ཆེ་སྟེ། །ངག་གི་སྒོ་མོ་བསྡམ་རྒྱུ་ཐལ་ཆེ་ན། །ནམ་ཞིག་སྦུབས་སུ་འཐུམས་པར་འགྱུར་ཏ་རེ། ཞེས་གསུངས་པ་ལྟར། ལུས་ངག་གི་རང་དབང་དང་བཅས་པའི་རང་དབང་བརྩོན་ལེན་གྱི་སྨོན་འདུན་ལེགས་པོ་ཞིག་གོ། འདི་ནི་ང་རང་སྒེར་གྱི་གོ་བ་ལེན་སྟངས་ཙམ་མོ།།

༧.སྐབས་དེར་གསར་སྐྱེས་ཀྱི་རྩོམ་པ་པོ་དག་གིས་རང་ཉིད་ཀྱི་བསམ་བློ་རང་མོས་སྙན་ངག་གི་རྩོམ་ལུས་འདི་འདྲ་ཞིག་ལ་བརྟེན་ནས་བརྗོད་དགོས་པའི་རྒྱུ་མཚན་ཅི།

ལན་དུ། འདིར་སྤྱི་ཚོགས་ཁོར་ཡུག་དང་རྩོམ་རིག་གི་ཁ་དབུགས་སོགས་ཕྱོགས་དུ་མ་ནས་བཤད་རྒྱུ་དང་འདང་རྒྱག་རྒྱུ་མང་བོ་ཡོད་མོད། འོན་ཀྱང་འདི་འདི་དང་ཀན་ཀན་རེད་ཅེས་བཤད་མི་ཐུབ་ཀི

གཅིག་ན། གོང་ནས་བཤད་པ་བཞིན་ཕྱི་རྐྱེན་དེ་འདྲར་ཐུག་ཡོད་ཀྱི་རེད། གཉིས་ན། སྐབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་རྩོམ་རིག་གི་དགོས་མཁོ། རྩོམ་པ་པོའི་དགོས་མཁོ། ཀློག་པ་པོའི་དགོས་མཁོ་དང་ཡང་མཐུན་རྒྱུ་རེད། འདི་ནི་ངས་བསམས་ན་ནང་གི་རྒྱུ་མཚན་གཙོ་བོ་རེད། འདིའི་ཕྱོགས་ནས་འབྲི་རྒྱུ་ན། འབྲི་ཤེས་ནི་ཞིག་གིས་མང་བ་ཞིག་འབྲི་རྒྱུ་ཡོད་ཀྱི་རེད། བཤད་ཤེས་ནི་ཞིག་གིས་ཀྱང་རིང་བ་ཞིག་བཤད་རྒྱུ་ཡོད་ཀྱི་རེད། ང་རང་གིས་བལྟས་ན་དགོས་མཁོ་དེ་ཧ་ཅང་གལ་ཆེ་བར་མཐོང་གི གོང་ནས་ཨ་ཁུ་བཤད་སྒྲུབ་དང་དགེ་རྒན་བཀྲ་བྷོ་གཉིས་ཀྱི་རྩོམ་དེར་དཔེར་བཞག་ནས་ཅུང་ཟད་འཕྲོས་དོན་དུ་བཤད་ན། མི་ལ་རང་དབང་དགོས་ན། དེར་ལུས་ཀྱི་རང་དབང་དང་ངག་གི་རང་དབང་སོགས་དགོས་པ་སྨོས་མེད་རེད། ངག་གི་རང་དབང་འདི་སྨྲ་བརྗོད་རང་དབང་སྟེ་གཏམ་བཤད་པའི་དབང་ཆ་ལས་གཞན། རྩོམ་ཡིག་འབྲི་བ་དང་འབྲི་ཆོག་པ། སྒྲིག་ལམ་གང་རུང་ཞིག་ཏུ་མ་ཚུད་པར་རང་ཉིད་ཀྱི་བློ་སྟོབས་དྲག་ཞན་བར་མའི་དབང་དུ་འབྲི་ཆོག་པ་ཞིག་ལ་གོ་ན་ལོས་འགྲིག དེས་ན། དགེ་རྒན་བཀྲ་བྷོས་གསུངས་པ་བཞིན་དུ། མི་ལ་རང་དབང་ཡོད་པའི་མངོན་རྟགས་སུ།། ངག་གི་རང་དབང་འདི་ཡང་གཙོ་ཆེ་སྟེ།། ངག་གི་སྒོ་མོ་བསྡམ་རྒྱུ་ཐལ་ཆེ་ན།། ནམ་ཞིག་སྦུབས་སུ་འཐུམས་པར་འགྱུར་ཏ་རེ། །ལྟ་བུ་སྟེ། ལོ་རབས་བརྒྱད་ཅུ་པའི་གོང་གི་ལོ་རབས་དུ་མའི་རིང་། སྤྱི་ཚོགས་ཀྱི་ཁོར་ཡུག་གུ་དོག་པའི་དབང་གིས་ཡུན་རིང་བོར་སྨྲ་བ་བསྡམས་ཤིང་ངག་བཅད་པའི་གནས་ཚུལ་ཡ་ང་བ་མང་བོ་བྱུང་བ་རེད། སྨྲ་བ་ཡོད་ཆོག་ཀྱང་དེ་ནི་སྒྲིག་ལམ་ཞིག་གི་ནང་རོལ་ནས་མ་གཏོགས་གཏན་ནས་བཤད་མི་ཆོག་གི འབྲི་མི་ཆོག་གི དེ་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་བཟོད་དུ་མེད་པ་ཞིག་རེད། དེ་ནི་ངས་བཤད་པའི་དགོས་མཁོ་ཟེར་བ་དེ་ཡིན་ལ། རང་མོས་སྙན་ངག་འདི་བོད་ལ་དར་བའི་རྒྱུ་མཚན་གཙོ་བོའི་གྲས་ཀྱི་གཅིག་རེད། དགོས་མཁོའི་དབང་གིས་རིག་གནས་ཆེ་མ་ཆུང་གསུམ་བོད་དུ་དར་བའི་ལོ་རྒྱུས་ཀྱི་དཔེ་གསོན་པོའང་མང་དུ་འདྲེན་རྒྱུ་མཆིས་སོ།།

སྤྱི་ཚོགས་དང་ཁོར་ཡུག་གིས་རྩོམ་པ་པོ་དང་བརྩམས་ཆོས་ཇི་ལྟ་བུ་ཞིག་ཡིན་པ་ཐག་གིས་བཅད་ཡོད་པ་འདྲ། དེ་མིན། དེང་སང《ལང་ཚོའི་རྦབ་ཆུ》ལྟ་བུ་སྐུལ་ལྕག་གཏོང་བ་དང་དཔའ་ངར་སློང་བ། ཡང་ན་གོ་བསྐོན་བློ་འགུགས་བྱེད་པའི་བརྩམས་ཆོས་ཀྱི་རིགས་ཉུང་ཉུང་རེད། ཡང་ན་ཐད་བརྗོད་བྱེད་པ་ཉུང་ཞིང་ཕལ་མོ་ཆེ་མངོན་ཆུང་དང་ལྡེམ་དགོངས་ཅན་དུ་གྱུར་འདུག ཉུང་མཐའ་ཡང་ཕྱི་ཚུལ་ནས་བལྟས་ན་དེ་འདྲ་རེད། རྒྱུ་མཚན་ནི་སྤྱི་ཚོགས་དང་རྩོམ་རིག་གི་ཁོར་ཡུག་དེ་ལོ་རབས་བརྒྱད་ཅུ་པའི་སྐབས་དང་མི་འདྲ་བས་ལོས་ཡིན། ཡང་ན། ཡུལ་དུས་ཀྱི་དགོས་མཁོ་མ་འདྲ་བས་ལོས་ཡིན། འགྲིག་མིན་མི་ཤེས།

༨.ལ་ལས་སྙན་ངག་གསར་བའི་ལས་འགུལ་འདི་དོན་གྱིས་འདུ་ཤེས་ཁྱབ་ཁོངས་ནང་གི་རང་དབང་བརྩོན་ལེན་བྱེད་པའི་གསར་བརྗེ་ཞིག་ཡིན་ཟེར། སྐབས་འདིའི་རང་དབང་འདི་དོན་གྱིས་གང་གི་རང་དབང་ཡིན་ནམ།

ལན་དུ། སྙན་ངག་གསར་བའི་ལས་འགུལ་འདི་དོན་གྱིས་འདུ་ཤེས་ཁྱབ་ཁོངས་ནང་གི་རང་དབང་བརྩོན་ལེན་བྱེད་པའི་གསར་བརྗེ་ཞིག་ཡིན་ཟེར་བ་འདིའི་ཡོང་ཁུངས་ནི། དགེ་རྒན་པད་མ་འབུམ་གྱིས་ཕལ་ཆེར་སྤྱི་ལོ༡༩༩༢ལོར་བྲིས་པའི《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང》ཞེས་པ་དེ་རེད། རྩོམ་དེ་ནི་རྒྱལ་ཁབ་ཕྱི་ནང་གི་དོན་གྲུབ་རྒྱལ་གྱི་སྐོར་གྱི་རྩོམ་ཡིག་ཆེས་ཐོག་མ་ཡིན་པ་འདྲ། དེ་ནས་བཟུང་སྟེ། རང་རྒྱལ་དང་ལྷག་ཏུ་ཕྱིའི་རྒྱལ་ཁབ་ཁག་ནས་དོན་གྲུབ་རྒྱལ་ཁོང་དང་ཁོང་གི་བརྩམས་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་གྱུར་པ་རེད། ད་སྔ་ཕྱི་རྒྱལ་དུ་འབུམ་རམས་པའི་དཔྱད་རྩོམ་དུའང་དོན་གྲུབ་རྒྱལ་དང་ཁོང་གི་བརྩམས་ཆོས་ལ་ཞིབ་འཇུག་བྱས་པ་རེ་ཟུང་མཆིས།

ཚིག་འདི། ངས《རང་གྲོལ་ཞིབ་འཇུག》གི་ནང་དུའང་དྲངས་ཡོད། ང་རང་གི་གོ་བ་ལྟར་ན། དོན་གྱི་རིམ་པ་འདི་འདྲ་གཉིས་འདུག གཅིག་ཡིན་ན། བོད་ཀྱི་རྩོམ་སྲོལ་སྔ་མ་སྐོར་ཞིག་གམ་ཡང་ན་ཉེ་བའི་དུས་ཀྱི་བརྩམས་ཆོས་སྐོར་ཞིག་ལ་ལད་མོ་དང་ལད་ཟློས་བྱེད་པའི་ཁོར་ཡུག་དེ་ལས་ཕྱིར་འབུད་པ་དེ་རེད། དཔེར་ན། དོན་གྲུབ་རྒྱལ་ཁོང་ལ་མཚོན་ན། ཁོང་གིས《སློབ་ཁྲིད་དང་སྦྱར་བའི་ཟིན་བྲིས》ལྟ་བུ་དང《བསྟོད་པ་བཀླགས་པའི་འཆར་སྣང》ཞེས་པ་ལྟ་བུར། ཁྱོད་བསྟོད་ང་བསྟོད་ཀྱི་བསྟོད་པའི་སྣང་ཚུལ་འདིར་ཤིན་ཏུ་ཡི་མི་རངས་པའི་རྣམ་འགྱུར་བསྟན་ཡོད་པ་རེད། དེ་མིན། རྩོམ་རིག་འདི་ཆབ་སྲིད་དང་གྲུབ་མཐའ་སོགས་ཀྱི་ལག་ཆ་ལྟ་བུ་ཞིག་ཏུ་གྱུར་ཏེ། དེ་འབྲེལ་གྱི་བྱ་བ་དང་གྲུབ་འབྲས། མི་སྣ་སོགས་ལ་བསྟོད་གླུ་འབུལ་ཤ་སྟག་བྱེད་པ་དེར་ཡང་མི་འཐད་པའི་རྣམ་འགྱུར་བསྟན་ཡོད་ལ། བྱེ་བྲག་རྩོམ་རིག་གསར་རྩོམ་གྱི་ཆ་ནས་ཀྱང་དགོངས་པ་དེ་ཕལ་ཆེར་ལག་ལེན་དུ་བསྟར་ཡོད་པ་རེད། གཉིས་ཡིན་ན། སྤྱི་ཚོགས་ཁོར་ཡུག་དང་སྦྱར་ཏེ་བཤད་ན། རང་ཉིད་གནས་སའི་ཁོར་ཡུག་དེ་ཅུང་ཟད་གུ་དོག་པོ་ཡིན་པ་དང་། ཁ་ནང་བལྟས་ཅན་གྱི་སྤྱི་ཚོགས་ཤིག་ཡིན་པ་གཞིར་བཞག་གིས། དེ་ལས་ཐེར་འདོད་དང་དེར་ཟུར་ཟ། དེར་དོགས་སློང་། དེར་ཅོ་འདྲི་བྱེད་པ་བཅས་ཀྱི་སྒོ་ནས། རྩོམ་པ་པོ་རང་ཉིད་དང་བཅས་པའི་ཀློག་པ་པོ་ཚང་མ་རྨོངས་གཉིད་ལས་སད་ཅིང་། འོད་གསལ་གྱི་ལམ་བུ་ཞིག་ཏུ་སྙེག་པའི་རེ་འདུན་མཚོན་པ་དེ་རེད་འདོད།

༩.རྩོམ་པ་པོ་ཞིག་ཡིན་ན་འོས་འགན་ཇི་ལྟ་བུ་ཞིག་ཡོད་དགོས།

ལན་དུ། རྩོམ་པ་པོ་ཞིག་ཡིན་ན་འོས་འགན་དགོས་སམ་མི་དགོས་དང་། ཡང་ན་འདྲི་ཚིག་འདིར་ཕྱོགས་གཞན་ཞིག་ནས་འདང་བརྒྱབ་ན། རྩོམ་པ་པོ་ཟེར་བ་ཅི་འདྲ་ཞིག་རེད་དམ། ཡང་ན་རྩོམ་པ་པོ་ཞིག་ལ་ཆ་རྐྱེན་གང་དག་ཚང་དགོས་ཟེར་བ་དང་ཁྱད་མེད་པ་འདྲ། རྩོམ་པ་པོ་ཞིག་ཡིན་ནའང་ཆོག རྩོམ་རིག་དོན་དུ་གཉེར་མཁན་ཞིག་ཡིན་ནའང་རུང་། དེ་ནི་གཞན་རེ་གཉིས་དང་མི་འདྲ། དཔེར་ན། ང་ཚོས་ལྗོན་ཤིང་ཞིག་ལ་བལྟས་པའི་དབང་དུ་བཏང་ན། གལ་སྲིད་ཚོང་པ་ཞིག་གིས་བལྟས་ཚེ། དེ་ཉིད་ཚོང་རྫས་ཤིག་གམ་ཡང་ན་ཁེ་རག་སྤྱད་ཅིག་ཏུ་མཐོང་རྒྱུ་རེད། གལ་སྲིད་དཔོན་པོ་ཞིག་གིས་བལྟས་ཚེ། དེ་ཉིད་རང་ཉིད་ཀྱི་ཐོབ་གོ་ས་སྙེག་སྤྱད་ཅིག་གམ་ཡང་ན་ཐོབ་གོ་ས་སྙེག་པའི་གེགས་རྡོ་ལྟ་བུ་ཞིག་ཏུ་ངོས་འཛིན་ཡང་སྲིད། དཔེར་ན། རང་ཉིད་ཀྱི་སྲིད་འབྲས་ལ་དམིགས་ཏེ། ག་ས་གང་དུ་ས་རྐོ་རྡོ་སློག་དང་ཨར་ལས་བཟོ་སྐྲུན་གྱིས་ཁྱབ་པར་བྱས་ཏེ། རྩྭ་རྩི་ཏོག་དང་ལྗོན་ཤིང་ལ་སོགས་མིག་ནང་གི་ཚེར་མ་བཞིན་ཅི་མི་སྙམ་པར་འབྲེག་གཅོད་བྱེད་པ་ལྟ་བུའོ།། འོན་ཀྱང་། རྩོམ་པ་པོ་ཞིག་དང་སྙན་ངག་པ་ཞིག་ཡིན་ན། ལྗོན་ཤིང་དེ་མཐོང་མ་ཐག་ཏུ་སྙན་ངག་ཅིག་བློས་བསླང་བྱེད་པའམ་ཡང་ན། ལྗོན་ཤིང་དེའི་མཛེས་སྡུག་ཡིད་ལ་བསྒོམས་པའམ་ཡང་ན་ལྗོན་ཤིང་དེའི་གྲིབ་བསིལ་བསྟེན་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་འཆར་ངེས་རེད། དཔེ་འདི་འཚམ་མིན་མི་ཤེས་མོད། འདི་ལས་ཤེས་ཐུབ་པ་ནི་རྩོམ་པ་པོ་ཞིག་ཡིན་ཕྱིར། ཐོག་མར་ཀུན་སློང་གཙང་མ་ཞིག་དང་བསམ་པ་བཟང་བོ་ཞིག་དགོས་རྒྱུ་རེད། ཁོས་རེ་སྙེག་བྱེད་པའང་འཇིག་རྟེན་གྱི་བདེན་པ་དང་དགེ་བ། མཛེས་པ་ཞིག་ཡིན་དགོས་རྒྱུ་རེད། ཀུན་སློང་དེ་ནི་ངས་བལྟས་ན་རྩ་བའི་རྩ་བ་རེད་ལ། བླང་བྱ་མཐོན་པོ་ཞིག་ཀྱང་རེད།

སྤྱིར་འཇིག་རྟེན་ན་སྐྱེས་བུ་རབ་འབྲིང་ཐ་གསུམ་ཡོད་པ་བཞིན། རྩོམ་པ་པོ་ཞིག་ཡིན་ནའང་རབ་འབྲིང་ཐ་གསུམ་དུ་དབྱེ་ཆོག་ཆོག་རེད། རབ་འབྲིང་ཐ་གསུམ་དེའི་དབང་གིས་འབྲེལ་ཡོད་ཀྱི་འགན་འཁུར་ཡང་སོ་སོར་མི་འདྲ་བ་ཆགས་པ་རེད། རྩོམ་པ་པོ་ཐ་མ་ཞིག་ཡིན་པའི་དབང་དུ་བཏང་ན། ཉུང་མཐའ་ཡང་རང་གིས་རང་ལ་འགན་འཁུར་དགོས་རྒྱུ་རེད། རང་གིས་རང་ལ་འགན་འཁུར་དགོས་ཟེར་དོན་ནི། དེ་ཡང་རང་གི་ཀུན་སློང་དང་རག་ལས་ཤིང་། རྩོམ་རིག་དང་རྩོམ་རིག་གསར་རྩོམ་ལ་བཅངས་པའི་རྣམ་འགྱུར་དང་ཡང་འབྲེལ་བ་ཡོད། གལ་སྲིད་ཁྱོད་ཀྱིས་རྩོམ་རིག་འདི་དོན་དུ་གཉེར་བ་ནི། ཐོབ་གོ་ས་དང་རྒྱུ་དབང་ཐང་། མིང་གྲགས་སྐམ་པོ་ཙམ་གྱི་ཆེད་དུ་ཡིན་ཕྱིར། ཡང་ན་རྩོམ་རིག་དེ་ཉིད་ཀུ་རེ་རྩེད་མོ་ལྟ་བུ་ཞིག་ཏུ་ངོས་བཟུང་བ་ཡིན་ཕྱིར། རྩོམ་རིག་གིས་ཁྱོད་ལ་དེ་དག་རེ་རེ་བཞིན་དུ་འདོད་པ་སྐོང་ཐབས་མེད་ལ། ཁྱོད་རང་ཉིད་ནས་ཀྱང་དུས་ཚོད་འཕྲོ་བརླགས་སུ་གཏོང་བ་ལས། བྱས་འབྲས་ཅི་ཡང་འཇོག་མི་ཐུབ། དེ་ནི་མཐར་གཏུགས་ན་རང་གིས་རང་ལ་འགན་མི་འཁུར་པ་དང་། རང་གི་ནང་སེམས་ཀྱི་གདམ་ག་གང་ཞིག་ལ་བརྩི་བཀུར་མ་བྱས་པའི་རྟགས་རེད། རྒྱུ་མཚན། ཁྱོད་ཀྱི་ཐོག་མའི་ཀུན་སློང་དེ་འགྲིག་མེད་པ་དང་། ཀུན་སློང་མ་དག་ན་གཞན་ཕན་ཆུང་བས་སྨོས་ཅི་དགོས། མི་དེའི་རིགས་ཀྱིས་ནི་དང་པོ་ཉིད་ནས་རྩོམ་རིག་ལ་ལྟ་སྟངས་ཡན་གར་བ་ཞིག་བཟུང་བ་ཡོད་པ་རེད། དེས་ན། རང་གིས་རང་ལ་འགན་མི་འཁུར་བའི་རྩོམ་པ་པོ་ཞིག་གིས་རྒྱལ་ཁབ་དང་མི་རིགས་ལྟ་ཅི། ཐ་ན་རང་གི་ཁྱིམ་ཚང་ལའང་འགན་ཐེག་མི་ནུས་སོ། །

འདི་ནི་རྩོམ་པ་པོ་ཞིག་ཡིན་ན་ཅི་འདྲ་ཞིག་ཡིན་དགོས་པ་དང་འགན་འཁུར་ཅི་འདྲ་ཞིག་ཡོད་དགོས་པའི་སྐོར་གྱི་ལམ་གྱི་རིམ་པ་དང་པོ་རེད། དེ་ནས་གོང་ནས་གོང་དུ་སོང་ན་ལམ་གྱི་རིམ་པ་མང་བོ་ཞིག་རང་གི་བློ་ངོར་རབ་རིབ་བན་བུན་གྱིས་འཆར་ནའང་དེ་དག་གི་གུང་བསྒྲིག་པའི་འཇོན་ཐང་མེད་ཐལ། སྤྱི་ཕྱོགས་ནས་བལྟས་ན། ལྷན་སྐྱེས་ཀྱི་ཤེས་རབ་འཛོམས་པ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལྡན་པ། ཐོས་བསམ་མང་དུ་བྱེད་པ། བརྩོན་འགྲུས་ལྡན་པ། བྱམས་དང་སྙིང་རྗེ་ཆེ་བ། ངང་རྒྱུད་དྲང་བ། དཀའ་ཐུབ་ཅན་ཡིན་པ། འགན་འཁྲིའི་འདུ་ཤེས་ལྡན་པ་སོགས་མང་དུ་བགྲང་རྒྱུ་མཆིས་སྙམ། འདི་དག་ཀྱང་རང་གི་བློ་བཟོ་ཁོ་ནས་མ་ཡིན་པར། ཕྱི་ནང་གི་གཞུང་མང་བོར་བཅོལ་པ་ཡིན།

ཡིན་ནའང་དེའི་ཁྲོད་དུ་བརྩོན་འགྲུས་ཅན་དང་དཀའ་ཐུབ་ཅན་ཡིན་པའི་སྐོར། བོད་ཀྱི་དེང་རབས་རྩོམ་རིག་གི་གནས་ཚུལ་དང་སྣང་ཚུལ་སྐོར་ཞིག་དང་སྦྱར་ནས་བཤད་ན་ངེས་སླ་བར་སྙམ། རྩོམ་རིག་གི་ལམ་བུ་འདི་བདམས་པ་ཡིན་ཚེ། ཁྱོད་ཀྱིས་ཁུ་སིམ་དང་ཁེར་རྐྱང་། ཐ་ན་སྤྱི་ཚོགས་ཀྱི་མི་ཁ་དང་ཁྱིམ་ཚང་ནང་གི་འཇིག་རྟེན་པའི་ཁ་རྡུང་སོགས་སྡུག་བསྔལ་ཆེ་ཆུང་རྣམ་པ་སྣ་ཚོགས་ཤིག་མྱོང་དགོས་པ་སྨོས་ཅི། ཁྱོད་ལ་བརྩོན་འགྲུས་མེད་ན། དཀའ་ཐུབ་ཅན་ཞིག་མིན་ན། ཤིན་ཏུ་དཀའ་མོ་ཡིན་རྒྱུ་རེད། འདིར་དེའི་ཕྱོགས་ཀྱི་ཉམས་མྱོང་མེད་པ་དག་ལ་བཤད་ཀྱང་ཕན་པ་མེད་དོ།།

བོད་ཀྱི་དེང་རབས་རྩོམ་གི་བྱུང་འཕེལ་ལ་བལྟས་ན། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། རྩོམ་པ་པོ་རྒན་དར་གཞོན་གསུམ་མང་བ་ཞིག་སྐྱེས་ཏེ། བརྩམས་ཆོས་ཀྱི་འབྲས་བུའང་གཞན་ལ་ངོམ་དུ་རུང་བ་མང་བོ་བརྩམས་མྱོང་། ཡིན་ནའང་། ངེས་པ་དོན་གྱི་བརྩམས་ཆོས་གྲགས་ཅན་དང་རྩོམ་པ་པོ་ཆེན་པོ་ཉུང་ཉུང་རེད། དེའི་རྒྱུ་མཚན་གཅིག་ནི་བརྩོན་འགྲུས་མེད་པ་དང་དཀའ་ཐུབ་མ་ཆེ་བས་རེད། བོད་ཀྱི་རྩོམ་པ་པོ་ཟེར་བ་ཕལ་ཆེར་ལོ་གྲངས་བཅོ་ལྔ་ཉི་ཤུའི་རིང་ནས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་། དེའི་འཕྲོར། སྤྱི་ཚོགས་ཀྱི་བསླུ་བྲིད་སྣ་མང་བཟློག་མ་ཐུབ་པའམ། རང་ཉིད་ཀྱི་འཚོ་བའི་རྒྱུ་རྐྱེན་རེ་གཉིས་ཀྱི་དབང་གིས་གསར་རྩོམ་གྱི་མཚམས་བཅད་ཅིང་ཆད་པ་རེད། དེ་ཡང་གཙོ་བོ་བརྩོན་འགྲུས་དང་དཀའ་ཐུབ་ལ་རག་ལས། མཐར་ཐུག་འབྲས་བུ་ཆེན་པོ་མ་བླངས་པ་རེད། འདི་བོད་རང་གི་གནས་ཚུལ་དང་སྣང་ཚུལ་ངོ་མ་ཞིག་རེད། འཛམ་བུ་གླིང་གི་རྩོམ་བྱུང་ལོ་རྒྱུས་དང་། ཐ་ན་ལོ་ངོ་བརྒྱ་ལྷག་རིང་གི་ནོར་པེལ་རྩོམ་རིག་བྱ་དགའ་བླངས་པའི་གནས་ཚུལ་ལ་གཞིགས་ན། ཕལ་མོ་ཆེ་ནི་ལོ་ངོ་ལྔ་བཅུ་ཟད་ནས་དྲུག་ཅུ་ཅན་དང་། ཡང་ན་དེའི་ཡན་ཏག་ཏག་རེད། དེ་འདྲ་ཞིག་ཡིན་ཀྱང་སྲིད་ཀྱི་རེད། སྤྱིར་བཏང་ལོ་ངོ་ལྔ་བཅུ་དྲུག་ཅུའི་གནས་སྐབས་སུ། རྩོམ་པ་པོ་ཞིག་ཡིན་པའི་དབང་དུ་བཏང་ན། སྐྱེས་སྦྱངས་ཉིས་ཐད་ནས་དང་། སྤྱི་ཚོགས་ཀྱི་ཉམས་མྱོང་བཅས་གང་ཐད་ནས་ང་ཚོའི་སྐད་ཆ་ལྟར་བཤད་ན། ཤིན་ཏུ་བཟང་སྒང་ཡིན་དུས་རེད། འོན་ཀྱང་། དེའི་དུས། ང་ཚོའི་རྩོམ་པ་པོ་ཚང་མ་སྔ་ས་ནས་རྒན་ཡོལ་ཞུས་ཚར་པ་རེད། འདི་ནི་ཤིན་ཏུ་ཕངས་པའི་གནས་ཤིག་མ་ཡིན་ནམ།

བོད་རང་གི་རྩོམ་རིག་ལ་མཚོན་ན་ངེས་པ་དོན་གྱི་གྱོང་གུད་ཅིག་དང་། བོད་རང་ལ་ཐུན་མིན་དུ་ཡོད་པའི་སྣང་ཚུལ་ཁྱད་པར་བ་ཞིག་ཀྱང་རེད། དོན་འདིར་ཚང་མས་ནན་ཏན་གྱིས་བསམ་བློ་གཏོང་རྒྱུ་དང་འདང་རྒྱག་རྒྱུ་ཞིག་རེད། ངས་ཐེངས་མང་བོར་བཤད་མྱོང་ལ། དེའི་སྐོར་གྱི་རྩོམ་ཡིག་ཀྱང་བྲིས་མྱོང་།

དེས་ན། འདྲི་ཚིག་འདིའི་སྐོར་ནས་ཐུང་ཐུང་ཞིག་བཤད་ཟིན། ཞོར་དུ། དེ་རིང་དཔེ་ཀློག་གི་ལེ་ཚན་འདི་བརྒྱུད་དེ། ཡང་བསྐྱར་དོན་གྲུབ་རྒྱལ་གྱི་སྐོར་ཐུང་ཐུང་ཞིག་བཤད་འདོད་པ་ནི། དོན་གྲུབ་རྒྱལ་ཁོང་འཇིག་རྟེན་མི་ཡུལ་དུ་སླེབས་ནས་དུས་ཡུན་ཐུང་ཐུང་བགྲང་བྱ་སོ་གཉིས་ཙམ་ལས་མ་བཞུགས་ཤིང་། དེའི་རིང་ལ་བརྩམས་ཆོས་པོད་དྲུག་གི་བདག་ཉིད་ཅན་དེ(མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ༢༠༠༧ལོར་པར་དུ་བསྐྲུན། དེར་ཁོང་གི་རྩོམ་ཡིག་རེ་གཉིས་འདུས་མེད་པ་ཕྱིས་སུ་ཁོ་བོས《སྦྲང་ཆར》སོགས་སུ་སྤེལ་མྱོང)ང་ཚོའི་བགོ་སྐལ་དུ་བྲིམས་པ་རེད། ད་ལྟ་འདང་བརྒྱབ་ན་དོན་དེ་ཁོ་ནའང་ཧ་ལས་དགོས་པའི་ཚོད་རེད། ཁོ་བོ་རང་ཉིད་ལོ་ཚོད་དེ་བརྒྱུད་ཅིང་ཁ་ཕྱིར་འཁོར་གྱིས་བལྟས་ན། དོན་གྲུབ་རྒྱལ་ཁོང་བྱིས་པ་ལོ་ཆུང་ཞིག་གི་དུས་སྐབས་སུ་འཇིག་རྟེན་མི་ཡུལ་དང་ཁ་བྲལ་སོང་ཞེས་ཟེར་ནའང་མི་ཆོག་པ་མེད། སེམས་པ་རྣལ་དུ་ཕབ་ནས་རང་སྟེང་ལ་བསམ་བློ་རེ་བསྐོར་ཚེ། མི་ལོ་ཉི་ཤུ་སུམ་ཅུའི་སྐབས་སུ། རང་ཉིད་ཀྱིས་ཅི་ཞིག་བྱས་སོང་། ཅི་ཞིག་བྲིས་སོང་། ཡང་ན་ཅི་ཞིག་བསྒྲུབས་སོང་ཟེར་ན། ངོ་མ་ངོ་གནོང་སྤྱད་རེད། ཐ་ན། དེའི་དུས་ནི“སྐྱག་པ་གར་གཏོང་མི་ཤེས་པའི”དུས་རེད། དེ་བས། ང་ཚོས་ཕྱོགས་འདི་ཁོ་ན་ནས་ཀྱང་དོན་གྲུབ་རྒྱལ་ཁོང་ལ་སློབ་སྦྱོང་བྱེད་ན་འགྲིག་གི དེ་བཞིན་དུ་ཚང་མས་དཔེ་ཀློག་མང་བོ་བྱས་ནས་བསམ་བློ་མང་བ་བཏང་ན་འགྲིག་གི དེ་མིན། དོན་གྲུབ་རྒྱལ་ཁོང་བློ་རྒྱ་དོག་མོ་ཁབ་མིག་ལྟ་བུ་ཞིག་ཏུ་དྲངས་ནས་ཟོབ་ལ་ཟད་དུས་མེད་པ་ལྟར་ཡང་ཡང་སྒྲོ་འདོགས་དང་སྐུར་བ་འདེབས་དགོས་དོན་མེད། ཁོང་ཡང་མི་ཕལ་བ་ཞིག་རེད། ད་དུང་སྐྱོན་ཆ་དང་མ་འདང་ས་མང་བོ་ཡོད་ཀྱི་རེད། ཡོད་སྲིད་ཀྱི་རེད། ཡོད་ཆོག་ཆོག་ཀྱང་རེད། ངས་ངོ་མ་ཅན་གྱིས་གུ་ཡངས་ཀྱི་རྣམ་འགྱུར་བཟུང་ཡོད། དེ་ཡང་གཙོ་བོ་རང་སྟེང་ལ་སྦྱར་ནས་བཤད་པ་ཡིན།

འདིར་བརྗོད་ཐམས་ཅད་ཁོ་བོ་རང་སྒེར་གྱི་བསམ་ཚུལ་ཙམ་ཡིན་པ་དང་། དེར་ནོངས་འགལ་ཅི་མཆིས་མ་བཅོས་སེམས་ཀྱིས་མཐོལ་ལོ་བཤགས་སོ།།

ཞེས་བོད་ཀྱི་དེང་རབས་རྩོམ་རིག་ཐད་ཐོས་བསམ་ཅུང་ཙམ་བདོག་པའི་ཨ་བུ་དེས་བྲིས་པ་དགེའོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།