སྙན་ངག་གི་བསྟན་བཅོས«རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད»རགས་ཙམ་གླེང་བ།

ཞང་ཞུང་ཆོས་དབང་གྲགས་པ་ནི་རྗེ་ཙོང་ཁ་བའི་སློབ་མ་ཡིན་ལ། ཁོང་དང་མུས་སད་པ་བློ་གྲོས་རིན་ཆེན་སེེངྒ་གཉིས་ནི་རྣམ་དཔྱོད་ཕུལ་དུ་བྱུང་བའི་སློབ་མ་ཡང་ཡིན། རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས་ཞེས་པ་ནི་ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི་སྙན་ངག་གྲགས་ཆེན་ཞིག་ཡིན་ལ། དེས་ཕྱིས་ཀྱི་སྙན་ངག་མཛད་མཁན་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དེ། སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་མ་ཁོལ་དབྱངས་དང་ཆོས་དབང་གྲགས་པའི་ངག་རིག་གཅིག་ཏུ་འདྲེས་པ་མིན་ནམ་ཉམས་ཀྱིས་འཕགས་པའི་ལང་ཚོ་འབར་ཞེས་ནག་མོ་ཁོལ་དང་ཞང་ཞུང་བ་གཉིས་ནི་ཚད་འཛིན་སར་བསྟན་ཡོད། རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ནི་སྔོན་རྒྱ་གར་གྱི་ཡུལ་དུ་གྲགས་ཆེ་བའི་རིགས་བྱེད་དམ་དམངས་ཁྲོད་ཀྱི་གཏམ་རྒྱུད་ཅིག་ཡིན་པར་བཞེད་མཁན་ཡོད་ལ། དྲང་སྲོང་གྲོག་མཁར་གྱིས་བྷ་ར་ཏའི་གཞུང་ལ་བརྟེན་ནས་བརྩམས་ཞེས་ཀྱང་གྲགས། སྔོན་ཆད་བོད་ཀྱི་སྐད་དུ་བསྒྱུར་བར་ཕྱིེས་སུ་ཏུན་ཧོང་ལས་འགྱུར་མི་འདྲ་བ་བཞི་བྱུང་ལ། དགེ་འདུན་ཆོས་འཕེལ་གྱིས་རྒྱ་གཞུང་ལས་བསྒྱུར་བའི་ཕྱེད་ཕྱི་མ་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བསྒྱུར་ཡོད། རྒྱ་གར་གྱི་གཏམ་རྒྱུད་འདི་རྒྱ་ནག་དང་དབྱིན་ཇི་སོགས་ཀྱི་སྐད་དུའང་བསྒྱུར་ཡོད་པས། ཤར་ཕྱོགས་པའི་རིག་གནས་ཀྱི་ར་བ་ལས་བརྒལ་ཏེ་ནུབ་ཕྱོགས་པའི་ཡུལ་དུའང་དར་ཞིང་རྒྱས་པར་གྱུར། བོད་ཀྱི་སྐད་དུ་སྔོན་ནས་བསྒྱུར་ཡོད་ནའང་བསྟན་བཅོས་འདིའི་བསྟན་པ་ཡུན་རིང་ཞིག་ལ་མ་དར་བར་མངོན། དེ་ནི་སྔོན་གྱི་མཁས་པ་རྣམས་ཀྱིས་ཆོས་ཀྱི་བྱ་བ་ཁོ་ནར་འབད་པས་ལུས་སོ་སྙམ། རྗེས་སུ་ཞང་ཞུང་ཆོས་དབང་གྲགས་པས་གཏམ་རྒྱུད་དེ་ལ་བརྟེན་ནས་སྙན་ངག་ཆེན་པོ་འདི་བརྩམས་པས་བསྟན་བཅོས་འདིའི་བསྟན་པ་དར་མགོ་བརྩམས་པར་འདོད། དེ་ལས་ཀྱང་ཆེས་ཆེར་དར་བའི་སྐབས་ནི་ཞལ་ཤུལ་བས་འགྲེལ་བ་བརྩམས་པ་ནས་ཡིན་ཏེ། ཞལ་ཤུལ་བའི་སྔོན་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རང་རྣམ་སོགས་སུ་གཏམ་རྒྱུད་འདིའི་མི་སྣ་ལ་སྦྱར་བའི་ཚིགས་བཅད་ཁ་ཤས་ཡོད་ཀྱང་། ཞལ་ཤུལ་བའི་འགྲེལ་བར་སྔོན་ཆད་བསྟན་བཅོས་འདི་ལ་མཁས་པ་གཞན་གྱིས་འགྲེལ་བ་མཛད་མེད་པར་གསུངས།

    ཕྱིས་སུ་དོན་གྲུབ་རྒྱལ་གྱི་སློབ་ཁྲིད་སོགས་ལ་བརྟེན་ནས་ས་ཁྱབ་རྡོ་ཁྱབ་ཏུ་དར་བར་མངོན་ལ། སྤྲིན་གྱི་ཕོ་ཉ་དང་ཞང་ཞུང་བའི་བསྟན་བཅོས་འདི་གཉིས་ནི་ད་ལྟའི་དུས་སུ་ཆེས་ཆེར་དར་བའི་སྙན་ངག་གི་བསྟན་བཅོས་གཉིས་ཡིན་ལ། སྒིས་སྟེང་བློ་བཟང་དཔལ་ལྡན་སོགས་བོད་ཀྱི་སྙན་ངག་པ་ཆེན་པོ་རྣམས་ཀྱིས་དཔེ་མཛད་ས་དང་ཡིད་སྨོན་ས་ཡིན། འདིར་རང་བློས་ལྕོགས་ཚོད་ཀྱིས་ཞང་ཞུང་བས་མཛད་པའི་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལ་ཅུང་ཙམ་དཔྱད་པར་བྱ།

དང་པོ། ཚིག་དོན་མདུད་པ་བཞིན་གྲོལ་བའི་གོ་རིམ་ནི་རོལ་མྱོང་ཞིག་ཡིན།

    སྙན་ངག་ལ་དབྱངས་འགྲོས་ལྡན་ཞིང་ཚིག་སྡུད་ཆེ་བ་ནི་གནའ་དེང་མཁས་པ་ཀུན་གྱིས་གསུངས་ཤིང་། དེ་ནི་རྩོམ་ལུས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་རེད། སྔོན་གྱི་མཁས་པ་རྣམས་ཀྱིས་རྟོགས་བརྗོད་དང་རྣམ་ཐར། འཕྲིན་ཡིག ལེགས་བཤད། བསླབ་བྱ་སོགས་ལ་མཚོན་ན་སྙན་ངག་ནི་དབྱངས་འགྲོས་ལྡན་ཞིང་ཚིག་སྡུད་ཆེ་བར་འདོད་པ་དང་། ཉེ་དུས་ཀྱི་མཁས་པ་རྣམས་ཀྱིས་བརྩམས་སྒྲུང་དང་ལྷུག་རྩོམ། འཁྲབ་གཞུང་སོགས་ལ་བསྡུར་ནའང་། སྙན་ངག་ནི་དབྱངས་འགྲོས་ལྡན་ཞིང་ཚིག་སྡུད་ཆེ་བར་བརྗོད། སྤྱིར་དབྱངས་འགྲོས་ལྡན་པ་ནི་ངག་ཏུ་གྱེར་དུས་ཆོས་ཉིད་དང་ལྡན་པའི་དབྱངས་ཀྱི་འགྱུར་བ་འབྱུང་བ་དེ་ཡིན་ལ། ཆོས་ཉིད་མེད་པར་དབྱངས་ལ་འགྱུར་བ་བྱུང་ན་མིའི་རྣ་བར་སྙན་པའི་སྒྲ་ཞིག་ཏུ་འགྱུར་མི་སྲིད་པར་དེ་ལས་ལྡོག་སྟེ་རྣ་ལ་གཟན་པའི་འཛེར་སྒྲ་ཞིག་ཏུ་འགྱུར་ངེས། དབྱངས་འགྲོས་ལྡན་པ་ནི་གཙོ་བོ་ཆ་ཡ་སྡེབ་སྟངས་དང་ཚེག་བར་མང་ཉུང་ལས་བྱུང་བ་རེད། མཐའ་གཅིག་ཏུ་དེ་འདྲ་ཞིག་ཡིན་དགོས་པའི་ངེས་པ་མེད་ཀྱང་། བོད་ཀྱི་སྲོལ་རྒྱུན་སྙན་ངག་གམ་ཚིགས་བཅད་སྙན་ངག་ནི་དེ་འདྲ་ཞིག་ཡིན་ངེས་པས་འདིར་གླེང་བར་མི་བྱ། གཞན་བརྗོད་འདོད་པ་ཞིག་ནི་ཚིག་སྡུད་ཆེ་བ་དེ་རེད། ཚིག་སྡུད་ཆེ་བ་དེའང་རྩོམ་ལུས་གཞན་དང་བསྡུར་ནས་བརྗོད་པ་མ་ཡིན་པར། རྩོམ་ལུས་གཅིག་ཏུ་གཏོགས་པའི་སྙན་ངག་གཞན་དང་བསྡུར་ནའང་། ཚིག་སྡུད་ཆེ་བ་ནི་བསྟན་བཅོས་འདིིའི་ཁྱད་ཆོས་ཤིག་ཡིན་པར་འདོད་དེ། དཔེར་ན། དཔལ་མོ་ཆུ་ཡི་མ་མ་ཅན་ཞེས་པ་ལྟ་བུ། ཚིག་འདི་སྙན་ངག་གཞན་གྱི་ཚིག་དང་བསྡུར་ནའང་ཚིག་སྡུད་ཆེ་སྟེ། མཁས་པའི་འགྲེལ་བའམ་རྣམ་དཔྱོད་ཀྱིས་གསལ་བྱེད་མ་བྱས་ན་གོ་དཀའ། དཔལ་མོ་ནི་ཁྱབ་འཇུག་གི་ཆུང་མ་དཔལ་མོར་གོ་ཞིང་། སཱི་ཏཱའི་ལང་ཚོ་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པས་ཁྱབ་འཇུག་གི་ཆུང་མ་དཔལ་མོ་དང་མཚུངས་པར་གོ་དགོས། ཡིན་ནའང་། དཔེ་ཅན་དངོས་སུ་མ་བསྟན་ཞིང་དཔེ་དང་དཔེ་ཅན་མཚུངས་པ་སོགས་ཀྱི་ཚིག་ཟུར་ཙམ་ཡང་མེད་པས་ཚིག་སྡུད་ཆེ་བ་དང་། ཆུ་ཡི་མ་མ་ཅན་ཞེས་པ་ནི་སཱི་ཏཱ་འཛམ་བུའི་གླིང་གི་ཞིང་བ་རྣམས་ཀྱིས་ཆུ་རྐ་ལས་རྙེད་པས་ཆུ་ཀླུང་ཨ་མའི་མངལ་ལས་ཐོན་པའི་རྣམ་པ་བྱས་ཤིང་། དེ་ནས་ཆུ་བོ་རྣམས་ཀྱི་མ་མ་ལྟ་བུར་བྱས་པའོ།། གསལ་བྱེད་ཀྱི་ཚིག་གམ་ཚིག་ལྷག་རྣམས་ཡོངས་སུ་དོར་ཏེ་ཚེག་བར་ལྔ་ཡིས་འདི་འདྲའི་དོན་ཞིག་བསྟན་པ་ནི་ཚིག་སྡུད་ཀྱི་ཁྱད་ཆོས་ཡིན། སྤྱིར་སྙན་ངག་ཏུ་དཔེ་དང་དཔེ་ཅན་དངོས་སུ་བསྟན་ནས་ཁྱོད་གདོང་ཟླ་བ་ལྟ་བུའམ་ཁྱེད་ཀྱི་གཟི་བྱིན་ཉི་མ་བཞིན་ཞེས་སྦྱོར་ནའང་། བསྟན་བཅོས་འདིར་ལག་སོར་ཉི་འོད་ཚོགས་ཀྱིས་ནི།། པད་མའི་ཚལ་འདི་མངོན་པར་ཕྱེ་ཞེས་ཕྱེད་བསྟན་ཞིང་ཕྱེད་བསྡུས་པ་ནི་རྣམ་དབྱེ་དང་ཕྲད་བསྡུས་པའི་ཚིག་སྡུད་མིན་ནའང་། དཔེ་ཅན་བསྡུས་ཡོད་པའི་ཚིག་སྡུད་ཡིན། འདི་ལྟ་བུ་རེ་རེ་བཞིན་བརྗོད་ན་མང་དོགས་པས་ཕྱོགས་ཙམ་བསྟན་པའོ།། ཚིག་སྡུད་ཆེ་བས་སྙན་ངག་གམ་བསྟན་བཅོས་ལ་ནུས་པ་གང་འདྲ་ཞིག་ཐོན་ཡོད་དམ་ཞེ་ན། བརྗིད་པ་ཚིག་སྡུད་མང་བོ་ཉིད་ཅེས་སྙན་ངག་མེ་ལོང་ལས་བསྟན་པ་བཞིན། ཚིག་སྡུད་མང་ན་སྙན་ངག་གམ་བསྟན་བཅོས་ལ་བརྗིད་པའི་ཉམས་ཐོན་པ་ཡིན། བརྗིད་པའི་ཉམས་ནི་ཕ་རོལ་པོར་ཟིལ་གྱིས་གནོན་ཞིང་ཕ་རོལ་པོའི་སེམས་ལ་སྐྲག་སྣང་ངམ་འཇིགས་སྣང་སྟེར་བ། ཕ་རོལ་པོ་སྤ་བཀོང་བར་བྱེད་པའི་མཛེས་པ་རིགས་ཤིག་ཡིན་ཞེས་བརྗོད་ཆོག་སྙམ། གཞན་ཀློག་པ་པོས་ཚོར་ཤེས་དང་རིགས་ཤེས་གཉིས་ཀྱིས་མྱོང་དགོས་པ་སྟེ། སྤྱིར་སྙན་ངག་ནི་ཚོར་ཤེས་ཀྱིས་མྱོང་བ་ཤུགས་ཆེ་ནའང་། བསྟན་བཅོས་འདི་ལ་ཚིག་སྡུད་མང་བས་རིགས་ཤེས་ཀྱིས་རམ་འདེགས་མ་བྱས་ན་རོལ་མྱོང་བྱ་ཐབས་བྲལ། རིམ་པ་དང་པོ་ནི་རིགས་ཤེས་ཀྱིས་ཚིག་སྡུད་རྣམས་ལ་ཕྲད་དང་རྣམ་དབྱེ། དཔེ་ཅན་སོགས་སྦྱར་ནས་ཚིག་དོན་གོ་བར་བྱེད་པ་དང་། རིམ་པ་གཉིས་པ་ནི་ཚོར་ཤེས་ཀྱིས་མྱོང་བ་བྱས་ན་སྙན་རོ་ཟད་མི་ཤེས་པ་འབྱུང་། རྩོམ་པ་པོས་རྩོལ་བ་ལ་བརྟེན་ནས་སྙན་ངག་གམ་བསྟན་བཅོས་གྲུབ་པར་བྱས་ཀྱང་། ཚིག་སྡུད་ཀྱི་དབང་གིས་ཀློག་པ་པོས་དེ་ཉིད་ཆ་ཚང་བར་བྱེད་དགོས་པས། རང་ཉིད་ཀྱིས་གཡོས་སྦྱོར་བྱས་པའི་ཟས་ནི་རང་ཉིད་ལ་ལྷག་པར་ཞིམ་སྣང་ཡོད་པ་བཞིན། སྙན་ངག་འདི་ལ་རྣམ་དཔྱོད་ཀྱིས་འཇུག་པའི་གོ་རིམ་ནི་དཀའ་ཚེགས་ཀྱི་ལས་ཤིག་ཡིན་ནའང་། ཚིག་སྡུད་རྣམས་མདུད་པ་བཞིན་གྲོལ་བའི་གོ་རིམ་ནི་རོལ་མྱོང་ཞིག་ཅི་ལ་མིན།

གཉིས་པ། སྙན་ངག་ནི་ཡུལ་དང་ཡུལ་ཅན་གཅིག་ཏུ་འདྲེས་པའི་གོང་བུ་ཞིག་ཡིན།

    བསྟན་བཅོས་འདིར་སྙན་ངག་མེ་ལོང་ལས་བྱུང་བའི་རྒྱན་སྣ་ཚོགས་བཀོལ་ནས་རྒྱན་གྱི་མཛོད་ལྟ་བུ་ཞིག་ཏུ་གྲུབ་ཡོད་ནའང་། ཆེས་གཙོ་བོར་གཟུགས་རྒྱན་བཀོལ་ཡོད་པར་འདོད་དེ། དཔེར་ན། ཆེས་ཐོག་མའི་ཤོ་ལོ་ཀ་སྟེ་མཆོད་བརྗོད་དུའང་བློ་བཟང་གཞལ་མེད་ཁང་ཆེན་དུ།། བསོད་ནམས་རིན་ཆེན་ལ་ཆགས་ཏེ།། བདག་ཉིད་ལ་ནི་སྙིང་ཉེ་བ།། སངས་རྒྱས་དབང་གི་རྒྱལ་བོར་འདུད་ཅེས་བློ་གྲོས་ནི་ཁང་བཟང་དང་། བསོད་ནམས་ནི་རིན་ཆེན། སངས་རྒྱས་ནི་ནོར་བུ་དབང་གི་རྒྱལ་བོའི་གཟུགས་སུ་བཀོད་ཡོད་པ་དང་། ཞེ་སྡང་ཆུ་ཡིས་ཁྱེར་བ་དེ།། ཚིག་གི་ཆུ་ཆར་མི་འདོད་དེ་ཞེས་པ་ལྟ་བུར་མཚོན་ནའང་། ཞེ་སྡང་དེ་ཆུ་ཡིས་གཟུགས་སུ་བཀོད་ཅིང་ཚིག་ནི་ཆར་བའི་གཟུགས་སུ་བཀོད་ཡོད། འདི་ལྟ་བུ་རེ་རེ་བཞིན་བྲིས་ན་བརྗོད་ཀྱིས་མི་ལང་བས་དཔེ་མཚོན་ཙམ་མོ།། གཟུགས་རྒྱན་གྱི་སྐབས་སུའང་དཔེ་ལ་གསར་བའི་ཁྱད་ཆོས་དང་ལྡན་པ་ནི་འོག་ཏུ་འཆད་པར་འགྱུར། དེས་ན་བསྟན་བཅོས་འདིར་གཟུགས་རྒྱན་ནི་སྤང་ལ་ནོར་ལུག་ཁྱབ་པ་ལྟར་ཤིན་ཏུ་མང་བས་ཅི་ཕན་ནམ་ཞེས་བརྗོད་ན། ཐོག་མར་གཟུགས་རྒྱན་དང་དཔེ་རྒྱན་གྱི་ཁྱད་པར་ཤེས་པར་བྱ་སྟེ། དཔེ་རྒྱན་ནི་དཔེ་དང་དཔེ་ཅན་ངོ་བོ་སོ་སོར་བཀོད་ཅིང་། གཟུགས་རྒྱན་གྱིས་དཔེ་དང་དཔེ་ཅན་ངོ་བོ་གཅིག་གམ་དབྱེར་མེད་དུ་བཀོད་པས། དཔེ་རྒྱན་ལ་ཚན་རིག་གི་ཤུགས་ཆེ་ཞིང་གཟུགས་རྒྱན་ལ་སྒྱུ་རྩལ་གྱི་ཆ་ཆེ་བར་འདོད། དཔེ་རྒྱན་གྱིས་དཔེ་ཅན་དེ་གསལ་བར་རྟོགས་རྒྱུ་གཙོར་འཛིན་ཞིང་། དཔེ་ཡིས་དཔེ་ཅན་གསལ་བར་བསྟན་རྗེས་དཔེ་དང་དཔེ་ཅན་ངོ་བོ་སོ་སོ་བྱས་ཏེ། དཔེ་ལ་དེ་འདྲའི་སྙིང་བོ་མེད་པར་ཆགས་འགྲོ་བའི་ཆ་ཞིག་འདུག ཡང་གཅིག་བཤད་ན། དཔེ་རྒྱན་གྱི་སྐབས་སུ་དཔེ་དང་དཔེ་ཅན་གཉིས་ལ་གལ་ཆེ་ཆུང་གི་ཁྱད་པར་ཞིག་ཡོད་དེ། དཔེ་ཡིས་དཔེ་ཅན་ལ་ཞབས་འདེབས་ཞུ་བ་ཙམ་རེད། ཡིན་ནའང་། གཟུགས་རྒྱན་གྱི་སྐབས་སུ་དཔེ་དང་དཔེ་ཅན་གཉིས་ཀར་གལ་ཆེ་ཆུང་གི་ཁྱད་མེད་པར་གཉིས་ཀ་ངོ་བོ་གཅིག་ཏུ་གྲུབ་པ་ཡིན། དཔེ་རྒྱན་གྱི་སྐབས་སུ་དཔེ་ནི་གསལ་བར་བྱེད་པའི་དཔེ་ཡིན་པས་དེ་ལ་གསོན་ཤུགས་མེད་པའམ། རྩོམ་པ་པོའི་ཚོར་བ་ཟིན་ཚད་ཞན་པར་འདོད། རྩོམ་པ་པོའི་ཚོར་བ་ནི་སྣུམ་ལྟ་བུ་ཞིག་ཡིན་ན། གཟུགས་རྒྱན་གྱི་སྐབས་སུ་དཔེ་དང་དཔེ་ཅན་གཉིས་ཀ་སྣུམ་གྱིས་ཟིན་པའི་ཤ་དང་ཚིལ་བཞིན་ནོ།། དཔེའི་ནུས་པ་ལ་མཛེས་པར་བྱེད་པ་དང་གསལ་བར་བྱེད་པ་གཉིས་ཡོད་པས། དཔེ་རྒྱན་ནི་གསལ་བར་བྱེད་པའི་དཔེ་ཤུགས་ཆེ་ཞིང་གཟུགས་རྒྱན་ནི་མཛེས་པར་བྱེད་པའི་དཔེ་ཤུགས་ཆེ་བར་འདོད། ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་དོན་དག་དང་དངོས་པོ་རྒྱུན་ལྡན་མ་ཡིན་པ་ཞིག་ལ་འཕྲད་ན་དཔེ་ཡིས་གསལ་བར་བྱེད་པ་ནི་དཔེ་རྒྱན་གྱི་ནུས་པ་སྤྱད་པ་ལས་གཟུགས་རྒྱན་ཤིན་ཏུ་ཉུང་། དེའི་སྐབས་སུ་དོན་དག་གམ་དངོས་པོ་སོགས་གསལ་བར་བྱེད་འདོད་པ་ལས་མཛེས་པར་རྒྱན་འདོད་པ་མིན། དེ་བས། བསྟན་བཅོས་འདིར་གཟུགས་རྒྱན་བཀོལ་བ་མང་བའི་ཁྱད་ཆོས་དེས། དོན་གསལ་བར་སྟོན་པ་གཙོར་བྱས་མེད་པར་མཛེས་པ་གཙིག་ཏུ་བཀུར་ཡོད་པ་ཤེས་ཐུབ། ཡང་གཅིག་བཤད་ན། སྙན་ངག་གི་སྲོག་ནི་དོན་ཞིག་གསལ་བར་སྟོན་རྒྱུ་དེ་མ་ཡིན་པར། ཀློག་པ་པོའི་སེམས་སུ་མཛེས་སྣང་ཞིག་སྟེར་རྒྱུ་དེ་ཡིན། སྔོན་གྱི་སྙན་ངག་རྣམས་ཀྱིས་དོན་ཞིག་སྟོན་པ་གཙོར་འཛིན་ཏེ། དཔེར་ན་རྗེ་ཙོང་ཁ་བའི་རྟེན་འབྲེལ་བསྟོད་པ་ལྟ་བུར་མཚོན་ན་རྟེན་འབྲེལ་སྟོང་ཉིད་ཀྱི་ལྟ་བ་གཙོ་བོར་སྟོན་པ་རེད། ཡིན་ནའང་ཞང་ཞུང་ཆོས་དབང་གྲགས་པའི་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་འདི་ལས་རང་ཉིད་ཀྱི་བསམ་བློ་ཞིག་སྟོན་རྒྱུ་གཙོ་བོ་བྱས་མེད་པར་ཆེས་སྤྱིར་བཏང་གི་དོན་ཕལ་བ་རྣམས་བྲིས་ཡོད་པས། སྔོན་གྱི་སྙན་ངག་དང་མི་འདྲ་བའི་ཁྱད་པར་བྱུང་བ་རེད། ཁྱད་པར་དེ་འབྱུང་བར་གཟུགས་རྒྱན་མང་བོ་སྤྱད་པས་རམ་འདེགས་ཆེན་པོ་ཐོན་ཡོད་པར་འདོད་དོ།།

གསུམ་པ། གསར་སྣང་གི་བསླུ་བྲིད་སུས་ཀྱང་ལྡོག་དཀའ།

    སྤྱིར་དཔེ་འགོད་པ་ནི་དུས་རྒྱུན་གྱི་སྐད་ཆའི་ཁྲོད་ཤིན་ཏུ་མང་ཞིང་། དེའི་ཕན་ནུས་ནི་དོན་སོགས་གསལ་བར་བྱེད་པའི་ཆེད་ཡིན། སྐབས་ལན་རེར་མཛེས་པར་བྱེད་པའི་སྐབས་ཀྱང་ཡོད་ངེས། ཡིན་ནའང་། སྙན་ངག་གི་སྐབས་སུ་གསལ་བར་བྱེད་པ་ལས་མཛེས་པར་བྱེད་པ་གལ་ཆེ། སྙན་ངག་མེ་ལོང་ལས་སྙན་ངག་གི་རྒྱན་གྱི་མཚན་ཉིད་བརྗོད་དུས་སྙན་ངག་མཛེས་པར་བྱེད་པའི་ཆོས་ཞེས་གསུངས་པས་ཀྱང་ཤེས་ཐུབ། བསྟན་བཅོས་འདིར་དཔེ་སྣ་ཚོགས་ཤིག་བཀོད་ཡོད་ཅིང་། དཔེ་རྣམས་ལས་མང་ཤས་ལ་གསར་བའི་ཁྱད་ཆོས་ལྡན་ཞིང་། དཔེ་འགོད་སྟངས་ལའང་གསར་བའི་ཆ་ཡོད་པ་རེད། དཔེར་ན། འཛམ་གླིང་ངང་མོའི་རྗེས་སོང་བ།། ངང་བའི་སྡེ་དཔོན་རྔ་ཡབ་སྟེ་ཞེས་འཛམ་གླིང་ངང་མོ་དང་རྔ་ཡབ་ངང་བའི་དཔེར་བཀོད་ཡོད། རྔ་ཡབ་གླིང་ནི་འཛམ་གླིང་གི་ཁོངས་སུ་གཏོགས་ཞེས་བརྗོད་དུས་འདི་ལྟ་བུའི་དཔེ་བཀོད་པ་ནི་ཇི་འདྲའི་གནད་ལ་ཁེལ་བ་དང་། ཇི་འདྲའི་གསར་བ་ཞིག་རེད། སྔོན་གྱི་མཁས་པ་གཞན་གྱི་སྙན་ངག་ལས་དཔེ་འགོད་སྟངས་འདི་ལྟ་བུ་མཐོང་དཀའ། འདི་ནི་དཔེ་གསར་བ་ཡིན་པས་མི་ཚད་དཔེ་འགོད་སྟངས་ཀྱང་གསར་བ་ཡིན། དཔེ་འགོད་སྟངས་འདི་ལས་འཛམ་གླིང་ནི་ངང་མོ་དང་རྔ་ཡབ་ནི་ངང་བ་དང་འདྲ་བ་བརྗོད་འདོད་པ་མ་ཡིན་པར། རྔ་ཡབ་གླིང་ནི་འཛམ་གླིང་གི་ཁོངས་སུ་གཏོགས་པ་ཡིན་ཞེས་པའི་དོན་འདི་བརྗོད་འདོད་པ་རེད། སྤྱིར་དཔེ་དེས་དཔེ་ཅན་གསལ་བར་བྱེད་ནའང་འདིར་དེ་དང་མི་འདྲའོ།། གཞན་ཡང་ཞེ་སྡང་ཆུ་ཡིས་ཁྱེར་བ་དེ།། ཚིག་གི་ཆུ་ཆར་མི་འདོད་དེ་ཞེས་པ་ལྟ་བུར་མཚོན་ན། སྔོན་གྱི་མཁས་པ་རྣམས་ཀྱིས་ཞེ་སྡང་ནི་སྦྲུལ་དང་ཚིག་ནི་མཚོན་ཆ་ལྟ་བུས་མཚོན་ནའང། ཞང་ཞུང་བས་ཆུ་དང་ཆར་བའི་གཟུགས་སུ་བཀོད་པ་ནི་གཞན་དང་མི་འདྲའོ།། ཏིན་ཏུའི་འབྲས་བུ་ནེ་ཙོ་ཡི།། གཤོག་པའི་གོས་ལྗང་སྟོད་གཡོགས་ཅན།། གེ་སར་ནུ་འབུར་མགྲིན་དག་གི། སེན་རྗེས་རྐང་སྟེགས་ལྷུར་ལེན་ནོ་ཞེས་པ་ལྟ་བུར་མཚོན་ན། དཔེ་འགོད་སྟངས་ཀྱི་ཐད་ནས་གསར་བ་སྟེ། དཔེ་དང་དཔེ་ཅན་གཉིས་ཀྱི་གོ་རིམ་འཆོལ་བས་ལས་སླ་མོས་དཔེ་དཔེ་ཅན་ངོས་འཛིན་བྱེད་དཀའ་བ་ཡིན། ཚིག་ངོས་ལ་བལྟས་ན་གེ་སར་ནི་ནུ་འབུར་གྱི་དཔེ་ཡིན་པར་སྣང་ཡང་གེ་སར་ནི་སེན་རྗེས་དང་ཏིན་ཏུའི་འབྲས་བུ་ནི་ནུ་འབུར་གྱི་དཔེ་ཡིན། ཞིབ་ཏུ་གླེང་ན་མང་བར་དོགས་པས་འདི་ཙམ་གྱི་ཆོག་པར་བྱའོ།། དཔེ་གསར་བ་དང་དཔེ་འགོད་སྟངས་གསར་བ་འདིས་བསྟན་བཅོས་སྤྱི་ལ་ནུས་པ་ག་འདྲ་ཞིག་ཐོན་ནམ་ཞེ་ན། སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་སྐད་ཆ་ནི་ཚིག་ལ་བརྟེན་ཞིང་། ཚིག་ཀྱང་ངེས་པར་མཛེས་པ་ཞིག་ལ་བརྟེན་ན་མི་རྣམས་ལ་མཛེས་པའི་ཚོར་བ་སྟེར་བ་ཡིན། ཆེས་སྤྱིར་བཏང་གི་ཚིག་སྟེ་ཟ་མ་ཟོ་དང་སློབ་གྲྭར་འགྲོ་ལྟ་བུ་ལ་དོན་སྟོན་པའི་ནུས་པ་ལས་མཛེས་པའི་ཁྱད་ཆོས་མེད། དེ་བས། ཚིག་ལ་མཛེས་པའི་ཁྱད་ཆོས་འཛོམས་དགོས་ན་ཕལ་བའི་འཚོ་ཚིས་ཙམ་གྱི་དོན་རྣམས་སྟོན་པའམ་བྱིས་པས་བརྗོད་པའི་ཚིག་ལྟ་བུ་ཡིན་ན་མི་འོས། དེ་ལས་གཞན་མཁས་པ་གཞན་གྱིས་ཡང་ཡང་བརྗོད་པའི་ཚིག་ཀྱང་མི་རུང་སྟེ། མཛེས་མའི་དཔེ་ལ་པདྨ་འཇོག་མཁན་ཐོག་མ་དེ་མཁས་པ་ཡིན་ལ། ཐེངས་གཉིས་པར་འཇོག་མཁན་དེ་རིག་རྒོད་དང་། ཐེངས་གསུམ་པར་ཡང་བསྐྱར་པདྨ་འཇོག་མཁན་དེ་བླུན་པོ་ཡིན་ཞེས་པ་ལས་མ་འདས། གང་ལྟར་སྙན་ངག་གི་ཚིག་སྦྱོར་ཡིན་ནའང་ཆོག ལྷག་པར་ཚིག་སྦྱོར་ལས་དཔེ་འགོད་སྟངས་ནི་གསར་བ་ཡིན་དགོས་པར་འདོད། དེས་ཀློག་པ་པོར་སྙན་ངག་ལ་གསར་བའི་ཆ་ལྡན་པར་བྱེད་ཅིང་། གཞན་དང་མི་འདྲ་བའི་ཁྱད་ཆོས་ཀྱང་མངོན་པ་ཡིན། ཀློག་པ་པོ་ལ་སྙན་ངག་ཀློག་པར་སུན་སྣང་མེད་པར་ཞིབ་ཏུ་རོལ་མྱོང་བྱེད་པར་སྐུལ་མ་ཐེབས་ངེས་ལ། བསམ་གཞིག་སྟེར་བའི་དགོས་པའང་ཤིན་ཏུ་ཆེའོ་སྙམ། གོམས་འདྲིས་སུ་གྱུར་བའི་ཚིག་སྦྱོར་གྱིས་མཛེས་སྣང་ལས་ལྡོག་པའི་སུན་སྣང་ཞིག་སྟེར་ངེས་ཀྱང་། དཔེ་དང་དཔེ་འགོད་སྟངས་གསར་བས་གསར་སྣང་ངམ་མཚར་སྣང་ཞིག་སྦྱིན་པར་བྱེད་དོ།།

མཇུག་བསྡུ་བ།

    བསྟན་བཅོས་འདིར་གོང་གི་ཁྱད་ཆོས་དེ་དག་གིས་ཚོད་འཛིན་པར་མི་ནུས་པར། ཚིག་སྦྱོར་ཕུན་སུམ་ཚོགས་པའི་ཁྱད་ཆོས་ཤིན་ཏུ་མང་བས་རེ་རེ་བཞིན་བརྗོད་པའི་སྤོབས་པ་ནི་མ་མཆིས་སོ།། སྤྱིར་ཚིག་ལ་སྡུད་ཆེ་བས་གོ་དཀའ་བའི་ཁྱད་ཆོས་ཡོད་ནའང་། བསྟན་བཅོས་འདིར་སྐབས་དང་སྐབས་སུ་རང་བཞིན་བརྗོད་པའི་ཚིག་ཀྱང་ཡོད་པས། ཀློག་པ་པོས་གོ་དཀའ་བའི་ཚིག་རྣམས་རེ་རེ་བཞིན་གྲོལ་དཀའ་ནས་ཕྱིར་བཤོལ་ལ་ཉེ་དུས། རང་བཞིན་བརྗོད་པའི་ཚིག་དེས་མུ་མཐུད་ཀློག་པར་སྐུལ་མའམ་ངར་ཤུགས་སྟེར་ཐུབ་སྙམ། གཞན་སྙན་ངག་མེ་ལོང་ལས་བསྟན་པའི་རྒྱན་དང་མི་མཐུན་པའང་ཡོད་དེ། མགྲིན་བཅུས་དངོས་གྲུབ་ཀྱི་ཆེད་དུ་ལྷ་ཆེན་ལ་མེ་མཆོད་ཕུལ་བ་དང་། མེ་མཆོད་ཀྱི་ཚ་གདུང་ལ་བྲོས་པ་བཞིན་ལྷ་ཆེན་ལྷག་པར་རིང་བར་གྱུར་བའི་སྐབས་འདིར་རིགས་སྔགས་ལྕགས་ཀྱུའི་སྦྱོར་མཁས་ཀྱིས།། སྙིང་ལ་ཟིན་ཏོ་ཞེས་བྲིས་ཡོད་ཅིང་། ཞལ་ཤུལ་བའི་འགྲེལ་བར་དོན་རྒྱན་བཞི་བ་གསལ་བྱེད་དང་ཆ་འདྲ་ཡང་གསལ་བྱེད་ཀྱི་རྒྱན་རྣམས་ཀྱི་མཚན་ཉིད་དང་མི་མཐུན་ཞེས་གསུངས་པས། བསྟན་བཅོས་འདིར་སྙན་ངག་མེ་ལོང་ལས་བསྟན་པའི་རྒྱན་རྣམས་དང་མི་འདྲ་བའི་ཁྱད་ཆོས་ཀྱང་ཡོད་དོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།