རྩོམ་གྱི་སྒྲོམ་གཞི་ཇི་ལྟར་བཟོ་ཚུལ་བཤད་པ།

འཇིག་རྟེན་གྱི་བྱ་བ་གང་ཞིག་བསྒྲུབ་ནའང་འཆར་གཞི་ཡོད་ཅིང་གོ་རིམ་ལྡན་པའི་སྒོ་ནས་ལས་ལ་ཞུགས་ན་ལེགས་འགྲུབ་འབྱུང་བ་ལྟར། སློབ་མས་རྩོམ་ཡིག་འབྲི་སྐབས་སུ་ཡང་གོ་རིམ་ངེས་ཅན་ཞིག་གཞིར་བཟུང་ནས་བྲིས་ན། བརྗོད་པར་འདོད་པའི་དོན་གསལ་བོར་སྟོན་ཐུབ་ལ་བརྗོད་བྱའི་སྙིང་བོའང་འབུར་དུ་ཐོན་པར་འགྱུར་རོ། །རྒྱུན་མཐོང་རྩོམ་ཡིག་གི་གོ་རིམ་སྒྲིག་སྟངས་ལ་གོ་རིམ་ཇི་བཞིན་བརྗོད་པ། གོ་རིམ་ལྡོག་སྟེ་བརྗོད་པ། བར་བཅུག་གི་བརྗོད་པ་སོགས་ཡོད་དེ། གཤམ་དུ་དམའ་འབྲིང་སློབ་དེབ་ཁྲོད་ཀྱི་རྩོམ་ཡིག་དང་འབྲེལ་ནས་རོབ་ཙམ་བཤད་པར་བྱ།

དང་པོ། གོ་རིམ་ཇི་བཞིན་བརྗོད་པ།

གོ་རིམ་ཇི་བཞིན་བརྗོད་པ་ནི་མི་སྣའི་བརྒྱུད་རིམ་དང་བྱ་བའི་བྱུང་རིམ་འཕེལ་འགྱུར་གྱི་གོ་རིམ་ལྟར་བརྗོད་པ་ཞིག་ཡིན། དེ་ལ་རིགས་བཞི་ཙམ་འདུག་སྟེ། བྱ་བའི་བྱུང་རིམ་འཕེལ་རྒྱས་ཀྱི་གོ་རིམ་ལྟར་འབྲི་བ་དང་། དུས་ཀྱི་གོ་རིམ་ལྟར་འབྲི་བ། རྩོམ་པ་པོའི་གནས་ཀྱི་སྤོ་འགྱུར་གྱི་གོ་རིམ་ལྟར་འབྲི་བ། རྩོམ་པ་པོའི་བསམ་བློའི་འགྱུར་ལྡོག་དང་ངོས་འཛིན་གྱི་གོ་རིམ་ལྟར་འབྲི་བ་སོགས་ཡོད། དེ་ལྟར་བྲིས་པའི་ལེགས་ཆ་ནི་རྩོམ་ཡིག་གི་བརྗོད་བྱར་མགོ་སྔ་ཡོད་ཅིང་གོ་རིམ་གསལ་ལ། ཀློག་པ་པོའི་ཡིད་ལ་བསྟན་དོན་བདེ་བླག་ངང་འཇགས་ཐུབ་པ་ཡིན། རྩོམ་ཡིག་གཅིག་གི་ཁྲོད་དུ་གོ་རིམ་གཅིག་རྐྱང་སྤྱད་ཆོག་ཅིང་། གོ་རིམ་གཉིས་སམ་དུ་མ་སྤྱད་ནས་རྩོམ་གྱི་སྒྲོམ་གཞི་བཟོས་ཆོག་པ་ཡིན། ཡིན་ནའང་གཟབ་དགོས་པ་ཞིག་ནི། གོ་རིམ་ལྟར་འབྲི་བའི་ཁྲོད་དུ་ཁ་ཟིན་ལག་ཟིན་ཡོད་ཚད་གཙོ་ཕལ་གྱི་དབྱེ་བ་མེད་པར་བྲིས་ན། རྩིས་ཐོ་ལྟ་བུར་གྱུར་ཏེ་ཡིག་ཚོགས་ཙམ་ལས་བརྗོད་བྱའི་སྙིང་བོ་འབུར་དུ་ཐོན་མི་ཐུབ་པས། བརྗོད་བྱའི་སྙིང་བོའི་དགོས་མཁོ་ལྟར་བརྗོད་བྱའི་སྙིང་བོ་དང་འབྲེལ་བ་ཡོད་པ་རྒྱས་པར་འབྲི་དགོས་ཤིང་། བརྗོད་སྙིང་དང་འབྲེལ་བ་ཆེར་མེད་པ་དག་བསྡུས་ཏེ་འབྲི་བའམ་མ་བྲིས་ཀྱང་ཆོག་པ་ཡིན།

1.བྱ་བའི་བྱུང་རིམ་འཕེལ་རྒྱས་ཀྱི་གོ་རིམ་ལྟར་རྩོམ་ཡིག་འབྲི་བ།

《ཨ་ཆུང་གིས་རྟ་ཉོས་པ》ལྟ་བུར་མཚོན་ན། སྒྲུང་གཏམ་འདིའི་ནང་དུ། ཨ་ཁུ་སྲི་ཐར་གྱི་རྟ་ཝ་ལ་དེས་ཤོག་ཀའི་རྟ་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་ནི་གཏམ་རྒྱུད་ཀྱི་སྔོན་འགྲོར་བྱས་ཤིང་།ཨ་ཁུ་སྲི་ཐར་གྱིས་རྟ་འཚོང་བ་ནས་གཏམ་རྒྱུད་ཀྱི་མགོ་ཚུགས་པ་ཡིན་ཏེ། ཨ་ཆུང་གིས་རྟ་ཉོས་པ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་འཕེལ་རྒྱས་བྱུང་བ་ཡིན་ལ། ཨ་ཆུང་ཁྱོ་ཤུག་གཉིས་ཀ་ཡོང་ནས་ཨ་ཁུ་སྲི་ཐར་ལ་སྒོར་ལྷག་སྤྲད་པ་ནི་གཏམ་རྒྱུད་འཕེལ་རྒྱས་ཀྱི་མཐོ་རླབས་སུ་ཐོན་པ་ཡིན། མཇུག་ཏུ་ཨ་ཁུ་སྲི་ཐར་གྱིས་ཨ་ཆུང་ལ་བཟུང་བའི་ལྟ་སྟངས་འགྱུར་བ་ལས་གཏམ་རྒྱུད་ཀྱི་མཇུག་འབྲས་མངོན་པར་དོད་ཅིང་། ཨ་ཁུ་སྲི་ཐར་གྱིས་རྟ་ཝ་ལ་པེ་ཅིན་ཅི་ཕུ་ཟེར་བ་དེ་ཨ་ཆུང་གིས་ཉོས་པའི་བྱ་བའི་བྱུང་རིམ་གྱི་འཕེལ་རྒྱས་བརྒྱུད་དེ་རྩོམ་གྱི་བརྗོད་སྙིང་འབུར་དུ་ཐོན་པར་བྱས་ཡོད་པ་ལྟ་བུའོ།།

2.དུས་ཀྱི་སྔ་ཕྱིའི་གོ་རིམ་ལྟར་འབྲི་བ།

《རྩྭ་ཐང་དྲན་གླུ》ལྟ་བུར་མཚོན་ན། རྩོམ་ཡིག་གི་སྤྱིའི་སྒྲོམ་གཞི་ནི་སྤྱི→བྱེ་བྲག→སྤྱིའི་རྣམ་པར་བཟོས་ཡོད་དེ། ཤོ་ལོ་ཀ་དང་པོའི་ནང་དུ་རྩོམ་པ་པོས་རང་ཉིད་ལྷ་ཡུལ་ལྟ་བུའི་རྒྱལ་ས་པེ་ཅིན་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ཀྱང་། ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་མེད་པའི་ཚུལ་བརྗོད་ཅིང་། རྩོམ་ཡིག་གི་བརྗོད་བྱའི་སྙིང་བོའམ་བརྩེ་དུང་གི་ཁུངས་སྣེ་སྟེ། ཕ་ཡུལ་དྲན་པ་སྤྱིའི་སྒོ་ནས་བསྟན་ཏེ་རྩོམ་གྱི་མགོ་བཙུགས་ཡོད་ནའང་། ཁག་གཉིས་པར་བྱེ་བྲག་ཏུ་ཕ་ཡུལ་གྱི་གང་ཞིག་དྲན་ཚུལ་བརྗོད་པའི་སྐབས་སུ། དུས་ཀྱི་སྔ་ཕྱིའི་གོ་རིམ་ལྟར་བརྗོད་བྱའི་ནང་དོན་ཕྲེང་བར་བསྟར་ཡོད་དེ། ཐོག་མར་ཕ་ཡུལ་གྱི་ཉིན་གཅིག་གི་ཞོགས་པ་དང་། སྔ་དྲོ། མཚན་མོའི་དུས་ཀྱི་རྣམ་པ་བྲིས་ཏེ། ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཕྱིའི་བཀོད་པའི་རྣམ་པ་དྲན་ཚུལ་དུས་ཀྱི་གོ་རིམ་ལྟར་བཀོད་ཡོད་པ་དང་། དེའི་འཕྲོར་དགུན་དཔྱིད་དབྱར་སྟོན་བཅས་དུས་ཚིགས་བཞིའི་གོ་རིམ་ལྟར་ཕ་ཡུལ་གྱི་འཚོ་བ་གསར་བའི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་རྣམ་པ་གསོན་ཉམས་ལྡན་པར་བརྗོད་ཡོད་པ་ལྟ་བུའོ།།

3.རྩོམ་པ་པོའི་གནས་ཀྱི་སྤོ་འགྱུར་གྱི་གོ་རིམ་ལྟར་འབྲི་བ།

ཡུལ་སྐོར་ཟིན་ཐོ་མང་ཆེ་བ་ནི་གོ་རིམ་འདི་གཞིར་བཟུང་སྟེ་རྩོམ་གྱི་སྒྲོམ་གཞི་བཟོས་པའམ་གོ་རིམ་འདི་རྩོམ་ཡིག་གི་ནང་དུ་སྤྱད་ཡོད་དེ། 《ཡིད་དུ་འོང་བའི་ཡར་འབྲོག་གཡུ་མཚོ》ལྟ་བུར་མཚོན་ན། ཁ་བའི་ལྗོངས་ཀྱི་འཛིན་མའི་ལྟེ་བར་གྱུར་པའི་ལྷ་ས་ནས་ནུབ་ཏུ་ཁ་གཏད་དེ།→ཆུ་ཤུར་དུ་སླེབས་པ།→སྔར་དབུས་གཙང་གི་ས་མཚམས་སུ་གྲགས་པའི་གམ་པ་ལ་མོར་ཐུག་པ།→ལ་རྩེར་འབྱོར་ན་དྭངས་གསལ་སྔོ་མེར་འཁྱིལ་བའི་ཡར་འབྲོག་གཡུ་མཚོ་མཐོང་ཐུབ་ཅེས་རྩོམ་ཡིག་གི་མགོའི་ཚན་པ་ནི་གནས་ཀྱི་སྤོ་འགྱུར་གྱི་གོ་རིམ་ལྟར་བྲིས་ཡོད་པ་ལྟ་བུའོ།།

4.རྩོམ་པ་པོའི་བསམ་བློའི་འགྱུར་ལྡོག་དང་ངོས་འཛིན་གྱི་གོ་རིམ་ལྟར་འབྲི་བ།

གསལ་བཤད་རྩོམ་ཡིག་མང་ཆེ་བ་འབྲི་སྐབས། ཀློག་པ་པོའི་གསལ་བཤད་བྱ་ཡུལ་གྱི་བྱ་དངོས་ལ་གོ་བ་ལེགས་པོ་ཆགས་པའི་ཆེད་དུ། སླ་བ་ནས་དཀའ་བ་དང་། ཕྱི་ནས་ནང་། སྤྱི་ནས་བྱེ་བྲག་སོགས་ངོས་འཛིན་གྱི་གོ་རིམ་ལྟར་རྩོམ་གྱི་སྒྲོམ་གཞི་བཟོས་ཡོད་ཅིང་། 《རྫ་རིའི་ཆུ་ཕྲན》ལྟ་བུའི་ལྷུག་རྩོམ་ནི་རྩོམ་པ་པོའི་སྔོན་ཆད་མིག་ཟུར་ཙམ་ཡང་བལྟས་མ་མྱོང་བ་ནས་རྩོམ་ཡིག་གི་མཇུག་ཏུ་རྩོམ་པ་པོ་རང་ཉིད་ཀྱང་རྫ་རིའི་ཆུ་ཕྲན་ཞིག་ཏུ་འགྱུར་འདོད་པའི་བསམ་བློའི་འགྱུར་ལྡོག་གི་གོ་རིམ་བརྒྱུད་དེ་རྩོམ་གྱི་སྒྲོམ་གཞི་བཟོས་ཡོད་པ་ལྟ་བུའོ།།

གཉིས་པ། གོ་རིམ་ལྡོག་སྟེ་བརྗོད་པ།

གོ་རིམ་ལྡོག་སྟེ་བརྗོད་པ་ནི་བྱ་བའི་མཇུག་འབྲས་སམ་འབུར་དུ་ཐོན་པའི་དོན་རྐྱེན་ཞིག་རྩོམ་ཡིག་གི་མགོར་བཀོད་ནས་རྩོམ་གྱི་མགོ་བཙུགས་རྗེས། བྱ་བའི་བྱུང་རིམ་འཕེལ་རྒྱས་ཀྱི་གོ་རིམ་ལྟར་ཞིབ་བརྗོད་བྱེད་པ་ཞིག་ཡིན། གོ་རིམ་ལྡོག་སྟེ་བརྗོད་པར་གཤམ་གྱི་རྣམ་པ་འགའ་འདུག་སྟེ། བྱ་བའི་མཇུག་འབྲས་སྔོན་དུ་བཀོད་རྗེས། བྱ་བའི་སློང་རྐྱེན་དང་། འཕེལ་རྒྱས། མཇུག་འབྲས་བཅས་གོ་རིམ་ལྟར་གསལ་བོར་འབྲི་བ། བྱ་བའི་མཇུག་འབྲས་མིན་ནའང་བྱ་བའི་འབུར་དུ་ཐོན་པའི་ཆའམ་ངོ་མཚར་བའི་ཆ་དེ་སྔོན་དུ་བཀོད་ནས་རྩོམ་ཡིག་གི་མགོ་བཙུགས་རྗེས། བྱ་བའི་སློང་རྐྱེན་དང་། འཕེལ་རྒྱས།མཇུག་འབྲས་ཀྱི་གོ་རིམ་ལྟར་ཞིབ་བརྗོད་བྱེད་པ། ཡང་ན་སྔོན་ལ་མིག་སྔར་གྱི་གནས་བབ་དང་རྣམ་པ་བྲིས་ཏེ་རྩོམ་གྱི་མགོ་བཙུགས་རྗེས། ཕྱིར་དྲན་གྱི་ཚུལ་དུ་བྱ་བ་ཞིག་གི་བྱུང་རིམ་དང་འཕེལ་རྒྱས་ཀྱི་གོ་རིམ་ལྟར་འབྲི་བ་སོགས་ཡོད་དོ། །དེ་ལྟར་བྲིས་ཏེ་མཇུག་འབྲས་སམ་བྱ་བའི་ངོ་མཚར་བའི་ཆ་དེ་སྔོན་དུ་བཀོད་ན། ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་ཐུབ་ཅིང་ལྟ་འདོད་ཀྱི་སྤྲོ་བ་སློང་ཐུབ་པའོ།།

“……གློ་བུར་དུ་ཕྱི་རོལ་ནས་ཐག་ཐག་ཐག་ཅེས་སྒོ་རྡུང་བའི་སྒྲ་ཞིག་གྲག་བྱུང་།……གློག་འོད་ཀྱི་འོག་ནས་ཕར་བལྟས་པ་ན། ཨ་ཙི། ཆ་མེད་འདྲིས་མེད་ཀྱི་ན་གཞོན་ཞིག་རེད།……ཁོས་ང་ལ་སླར་ཡང‘ཁྱོད་ཀྱིས་ང་བརྗེད་སོང་ངམ། ང་བཀྲ་ཤིས་ཡིན། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དམའ་འབྲིང་དང་པོའི་སློབ་མ་ཡིན། ‘ངས་ཁ་ནས‘བཀྲ་ཤིས། དམའ་འབྲིང་དང་པོ། བཀྲ་ཤིས། དམའ་འབྲིང་དང་པོ‘ཞེས་ཡང་ཡང་ཟློ་བཞིན་ཞིབ་ཏུ་བསམ་བློ་བཏང་བ་ན། གློ་བུར་དུ་དྲན་པ་སོས་ཏེ་སྔར་གྱི་དོན་ཡིད་ལ་གཟུགས་བརྙན་ལྟར་ཤར་བྱུང“ཞེས་པ་ནི《དཔེ་ཚབ་སྤྲོད་པ》ཞེས་པའི་རྩོམ་གྱི་མགོ་བཙུགས་པའི་ཚན་པ་ལས་དྲངས་པ་ཡིན། འགྱོད་བཤགས་ཀྱིས་ཀུན་ནས་བསླངས་པའི་ན་གཞོན་དེ་སླར་ཡང་སྒོ་ཁར་ཐོན་པའི་མཇུག་འབྲས་དེ་ཡིས་དྲངས་ཏེ་རིག་གནས་གསར་བརྗེའི་སྐབས་ཀྱི་འདས་དོན་ཞིག་ལ་རང་དབང་མེད་པར་ཕྱིར་དྲན་བྱེད་དགོས་བྱུང་བ་དང་། འདི་ལྟར་རྩོམ་གྱི་མགོ་བཙུགས་ན། ཀློག་པ་པོར་ལྟ་འདོད་ཀྱི་སྤྲོ་བ་མི་འབྱུང་བ་ཅི་ལ་སྲིད།

《བདག་གི་ཁུ་བོ་ཡུ་ལེ》ཞེས་པ་ལྟ་བུར་མཚོན་ནའང་། “བདག་གི་ཁྱིམ་གཞིས་ནི་ཧྭ་ཧྥོར་ན་ཡོད། ཁྱིམ་ཚང་གི་ལྟོ་གོས་ཕྱེད་ཙམ་ལས་མེད། བདག་གི་ཨ་ཕས་ལས་ཀ་བསྒྲུབས་ཏེ་ནམ་རྒྱུན་གཞུང་ལས་ཁང་ནས་ཕྱིར་ལོག་དུས་ཤིན་ཏུ་འཕྱིས་ཀྱང་། གླ་བཙའ་ཉུང་ཉུང་ལས་མེད། བདག་ལ་ད་དུང་ཨ་ཅེ་གཉིས་ཡོད……“ཅེས་ཁྱིམ་གྱི་གནས་བབ་ངོ་སྤྲད་རྗེས། “ཡིན་ནའང་། རྣམ་ཀུན་གཟའ་ཉི་མར། ང་ཚོ་ཁྱིམ་མི་ཚང་མས་གཟབ་མཆོར་སྤྲས་ཏེ་མཚོ་ཁར་སྤྲོ་འཆམ་དུ་འགྲོ་ཞིང་། སྐབས་དེར་ཐག་རིང་ནས་ཕྱིར་ལོག་པའི་གྲུ་གཟིངས་ཆེན་པོ་མཚོ་འགྲམ་དུ་སླེབས་པ་མཐོང་ཚེ། ཨ་ཕས་དངན་པ་འཐེན་བཞིན། གལ་ཏེ་ཡུ་ལེ་གྲུ་ཆེན་འདིའི་ཐོག་ཏུ་ཡོད་ན། ཇི་འདྲའི་དགའ་བ་ལ་ཨང་ཞེས་ནམ་ཡང་ཚིག་འབྲུ་གཅིག་ཀྱང་མི་འགྱུར་བའི་སྐད་ཆ་དེ་བསྐྱར་ཟློས་བྱེད“ཅེས་པའི་ངོ་མཚར་བའི་དོན་དག་འདིས་རྩོམ་གྱི་མགོ་བརྩམས་ཏེ། བདག་གི་ཁུ་བོ་ཡུ་ལེ་དང་འབྲེལ་བའི་གཏམ་རྒྱུད་ལ་ཕྱིར་དྲན་བྱས་པ་ལྟ་བུའོ།།

གསུམ་པ། བར་བཅུག་གི་བརྗོད་པ།

བྱ་བའི་བྱུང་རིམ་འཕེལ་རྒྱས་ཀྱི་གོ་རིམ་ཇི་བཞིན་དུ་འབྲི་བའི་བརྒྱུད་རིམ་ཁྲོད་དུ་གནས་སྐབས་སུ་སྔོན་གྱི་བྱ་བའི་མཚམས་བཅད་དེ། བརྗོད་བྱའི་སྙིང་བོ་དང་འབྲེལ་བའི་དོན་གཞན་ཞིག་ཁ་གསབ་བྱས་ཏེ་བྲིས་རྗེས། སླར་ཡང་སྔོན་གྱི་བྱ་བའི་བྱུང་རིམ་འཕེལ་རྒྱས་ཀྱི་མཇུག་མཐུད་དེ་འབྲི་བ་ཞིག་ཡིན། དེ་ལྟར་བྲིས་ན་བྱ་བའི་བྱུང་རིམ་གྱི་འཕེལ་རྒྱས་ལ་ཁ་གསབ་བྱས་ཏེ་ནང་དོན་དེ་བས་ཆ་ཚང་བར་བྱེད་ཐུབ་པ་དང་། མི་སྣའི་ཐོབ་ཐང་དང་བསམ་བློའི་བརྩེ་དུང་སོགས་ལ་ངོ་སྤྲོད་མདོར་བསྡུས་བྱེད་ཐུབ་པ་ཡིན། ཁ་གསབ་བརྗོད་པ་ཡིན་ན་བྱ་བའི་གོ་རིམ་ཇི་བཞིན་དུ་འབྲི་བའི་རྨང་གཞིའི་སྟེང་ནས་དེ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་དགོས་ལ། བརྗོད་བྱའི་སྙིང་བོ་འབུར་དུ་དོད་པར་ནུས་པ་ཐོན་པ་ཞིག་ཡིན་དགོས།

《གནའ་རབས་རིག་གནས་སྒྱུ་རྩལ་གྱི་བང་མཛོད།—ཏུན་ཧོང》ཞེས་པ་ལྟ་བུར་མཚོན་ན། རྩོམ་པ་པོ་ཏུན་ཧོང་ནས་ལམ་ལ་ཆས་ནས་གནས་ཀྱི་སྤོ་འགྱུར་གྱི་གོ་རིམ་ལྟར་བྲིས་ཏེ་མོ་ཀོ་ཁུའུ་ཡི་སྒོ་ཁར་ཐོན་རྗེས།ཁ་གསབ་ཀྱི་ཚུལ་དུ་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་ལོ་རྒྱུས་རགས་ཙམ་ཞིག་ངོ་སྤྲོད་བྱས་རྗེས། སླར་ཡང་མོ་ཀོ་ཁུའུ་ཡི་སྒོ་ཆེན་ནང་དུ་འཛུལ་ཏེ། དེའི་རིག་གནས་སྒྱུ་རྩལ་ངོ་སྤྲོད་བྱས་པ་ལྟ་བུའོ། །དེ་ལྟར་བྲིས་ན་ཏུན་ཧོང་མོ་ཀོ་ཁུའུ་ནི་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཞིག་ཡིན་པ་དེ་བས་ཀྱང་ཆ་ཚང་བར་ཀློག་པ་པོའི་ཡིད་ལ་འཇགས་ཐུབ་པའོ།།

རྩོམ་པ་པོ་ནི་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་སྐལ་བཟང་ཚེ་བརྟན་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།