ལྷ་ལྕམ་སད་མ་ཀར་ལིག་མི་རྐྱའི་ཆབ་སྲིད་ལ་གཤེགས་ཚུལ་སྐོར་ལ་དཔྱད་པ།

ནང་དོན་གནད་བསྡུས། བོད་རྒྱལ་སྲོང་བཙན་སྒམ་པོའི་སྲིང་མོ་ལྷ་ལྕམ་སད་མ་ཀར་ཞང་ཞུང་གི་རྒྱལ་བོ་ལིག་མི་རྐྱའི་ཆབ་སྲིད་དུ་གཤེགས་དགོས་པའི་རྒྱུ་རྐྱེན་དང་ལིག་མི་རྐྱའི་སྲིད་བརླག་དགོས་པའི་གནད་དོན། མགུར་གླུ་དང་ཞུ་རྟེན་གྱི་མཚོན་དོན། མཇུག་ཏུ་སྲིད་ཅི་ལྟར་བརླག་ཚུལ་སོགས་ལ་ཅུང་ཟད་དཔྱད་དེ་བོད་བཙན་པོའི་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་བཞག་པའི་མཛད་རྗེས་སོགས་གླེང་ཡོད།

[ བརྡ་ཆད་གཙོ་བོ། ] སད་མ་ཀར།   ཞང་ཞུང་།  ལིག་མི་རྐྱ།  མགུར་གླུ། 

གླེང་གཞི།

ཡར་སྔོན་བོད་ཀྱི་ལོ་རྒྱུས་མང་བོ་ཞིག་ཏུ་བུད་མེད་ཀྱི་མཛད་རྗེས་དང་སྙིང་སྟོབས་གླེང་བ་ཤིན་ཏུ་ཉུང་ཞིང་། གླེང་ནའང་ཕྱོགས་རེ་ཙམ་གྱིས་འཐུས་པར་བྱས་པ་སོགས་ལ་རྐྱེན་བྱས་ནས།    འདིར་བོད་བཙན་པོའི་རྒྱལ་རབས་ཀྱི་ཁྲོད་དུ་ཆབ་སྲིད་ཀྱི་ཐད་བྱས་རྗེས་རླབས་ཆེན་བཞག་མྱོང་བའི་ལྷ་ལྕམ་སད་མ་ཀར་ལིག་མི་རྐྱའི་ཆབ་སྲིད་ལ་གཤེགས་དགོས་པའི་རྒྱུ་རྐྱེན་དང་སྲིད་ཅི་ལྟར་བརླག་ཚུལ། དེ་དང་འབྲེལ་བའི་ལྷ་ལྕམ་གྱི་ཤེས་རབ་ལས་བྱུང་བའི་མགུར་གླུ་དང་བོད་ཀྱི་བུད་མེད་ཀྱི་སྙིང་སྟོབས་སྐོར་ལ་ཅུང་ཟད་ཅིག་གླེང་བར་བྱའོ།།

གླེང་བྱ་དངོས།

དང་བོ།  སད་མ་ཀར་ལིག་མི་རྐྱའི་ཆབ་སྲིད་ལ་གཤེགས་དགོས་པའི་རྒྱུ་རྐྱེན་སོགས་བཤད་པ།

དུས་རབས་བདུན་པའི་དུས་དཀྱིལ་དུ་བོད་རྒྱལ་སོ་གཉིས་པ་གནམ་རུ་སྲོང་བཙན་གྱི་སྲས་སྲོང་བཙན་སྒམ་པོ་གསེར་ཁྲིར་མངའ་གསོལ་བ་ནས་ཆབ་སྲིད་དང་དཔལ་འབྱོར།  རིག་གནས་འཕེལ་རྒྱས་དང་བརྟན་ལྷིང་སོགས་ཀྱི་ཕྱིར་དུ་ཕྱོགས་སོ་སོར་གཉེན་འབྲེལ་གྱི་འབྲེལ་བ་བཙུགས་པའི་ཁྲོད་དུ། ཏུན་ཧོང་ཡིག་རྙིང་ལས།  “རྒྱལ་འདྀའི་རིང་ལ། ཞང་ཞུང་ལྡེ་བུ་གཉེན་གྱྀ་ཡང་ངོ་།།འཐབ་ཀྱྀ་ཡང་སྐལ་ཏེ། ཞང་ཞུང་བདག་ཏུའ།བཙན་མོ་སད་མ་ཀར།  ལྀག་མྱི་རྷྱལ་ཆབ་སྲྀད་ལ་གཤེགས་སོ།། ”①ཞེས་སྲོང་བཙན་སྒམ་པོའི་སྲིང་མོ་སད་མ་ཀར་སྤྱི་ལོ་630ཙམ་ཞིག་ལ་ཞང་ཞུང་གི་རྒྱལ་བོ་ལིག་མི་རྐྱ་ལ་བཙན་པོའི་ཆབ་སྲིད་ཀྱི་སླད་དུ་གཉེན་འབྲེལ་ཏུ་ཕེབས་པ་ཡིན་འདུག   ལྷ་ལྕམ་སད་མ་ཀར་གྱི་མཚན་གྱི་འབྲི་སྟངས་ཐད་ཧ་ཅང་མང་བོ་ཞིག་མངོན་ཏེ། <<དེབ་དཀར>>་ལས།  ༡ སད་མ་ཀར། <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ>>དང་<<ཏུན་ཧོང་གི་ཡིག་རྙིང་>> །<<ཞང་བོད་ཏི་སེའི་འོད།>>ལས། ༢ སད་མར་ཀར། <<སྲོང་བཙན་ཞིབ་འཇུག>>ལས། ༣སད་མ་དཀར། <<དུང་དཀར་ཚིག་མཛོད>>ལས།  ༤ སྲད་མ་ཀ་ལ་ལིག  <<སྲིད་དོན་རྒྱལ་རབས>>་ལས། ༥པད་མ་དཀར་སོགས་ཤིན་ཏུ་མང་བོ་འདུག མཁས་དབང་ནམ་མཁའི་ནོར་བུས་“ཁོང་གི་གཅེན་མོ་སད་མར་ཀར་ཞང་ཞུང་རྒྱལ་བོའི་བཙུན་མོར་བཏང་”②ཞེས་པ་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེས་ཀྱང་། “སྐུ་མཆེད་བཞི་ཡོད་པའི་ཆེ་ཤོས་དེ་ཡུ་གུར་རྒྱལ་བོ་ཟི་བློའི་བཙུན་མོར་གནང་བའི་པདྨ་དཀར་དང་། འབྲིང་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོ། ”③ཞེས་པ་ལྟར་སད་མ་ཀར་ནི་སྲོང་བཙན་གྱི་གཅེན་ཡིན་པར་གསུངས། ཡིག་ཆ་གཞན་དུ་གཅུང་མོ་ཡིན་པར་གསུངས་པའང་འདུག་མོད། ལྷ་ལྕམ་སད་མ་ཀར་ནི་གནམ་རི་སྲོང་བཙན་གྱི་སྲས་མོ་ཡིན་པར་ཁས་ལེན་ན། སྲོང་བཙན་དགུང་ལོ་བཅུ་གསུམ་(༦༢༩)སྟེང་རྒྱལ་སར་བཞག་པའི་ཕྱི་ལོ༦༣༠ལ་བཙུན་མོར་གཤེགས་པ་ལ།   ལྷ་ལྕམ་སྲོང་བཙན་གྱི་གཅུང་མོ་ཡིན་ན་དགུང་ལོ་བཅུ་གསུམ་ཡིན་པར་ཆ་བཞག་ཀྱང་རྒྱལ་བོའི་བཙུན་མོར་ཕེབས་པའི་དུས་ལ་བབས་མི་འདུག་ཅིང་། ཆབ་སྲིད་ལ་གཤེགས་པ་ནི་དེ་བས་ཀྱང་མི་རིགས་པས། གཅེན་མོ་ཞེས་པ་དེ་དག་པར་སྙམ། ཡང་དེ་ལས། “ ལི་མི་རྒྱ་ནི།  ཡུ་གུར་རྒྱལ་བོ་ཟི་བློ་བྱ་བ་ཡིན་པ་དང་། ”④ཞེས་པའི་ལི་མི་རྒྱ་ནི་ཞང་ཞུང་གི་རྒྱལ་བོ་ཡིན་པ་གང་ཞིག་ལ།  ཡུ་གུར་རྒྱལ་བོ་ཟི་བློ་ཡིན་ཞེས་པ་སོགས་ཀྱི་རྡོ་ཆག་བཙན་སྒྲིག་གི་དོགས་གཞི་འགའ་ཤས་མཆིས་ཀྱང་བདག་ལྟ་བུའི་བགོ་སྐལ་མ་བབས་པའོ།།

ལིག་མི་རྒྱའི་མཚན་འབྲི་སྟངས་ཐད་ལའང་ལིག་མི་རྒྱའམ་ལིག་མི་རྐྱ། ལི་མི་རྒྱ། ལྀག་མྱི་རྷྱ། ལྀག་སྙ་ཤུར་སོགས་ཤིན་ཏུ་མང་ཡང་དོན་ལ་མཁས་དབང་ནམ་མཁའི་ནོར་བུས་ལྀག་མྱི་རྷྱ་ནི་ཞང་སྐད་ཅིག་ཡིན་ཞིང་བོད་སྐད་དུ་“སྲིད་པའི་དྲང་རྗེ་”ཞེས་པའི་དོན་ཡིན⑤་གསུངས། ཞང་ཞུང་གི་རུས་རྒྱུད་ནི་བོད་ཀྱི་མིའུ་གདུང་དྲུག་གི་ཡ་གྱལ་སྦྲ་ཡིན་ཞིང་། གནས་ཡུལ་ནི་སྟོད་ཀྱི་མངའ་རིས་གསུམ་ལ་གོ་བ་དང་སྒོ་ཕུག་བར་གསུམ་དུ་ཕྱེས་ཏེ།  སྒོ་མདོ་སྨད་དང་བར་དབུས་གཙང་། ཕུག་མངའ་རིས་སུ་བྱས་པར་གོ་བ་གཉིས་འདུག ཕྱི་མའི་ཐད་དེང་སྐབས་ཀྱི་ལོ་རྒྱུས་སྨྲ་བའི་དབང་བོ་རྣམས་ཀྱིས་མང་བོ་དཔྱད་འདུག་ལ། ཞང་ཞུང་ལ་ཞང་ཞུང་ཆེ་ཆུང་གཉིས་སུ་ཕྱེས་པའང་འདུག ཞང་ཞུང་གི་རྒྱལ་རབས་ནི་མཁས་དབང་ནམ་མཁའི་ནོར་བུའི་<<ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང་།>>ལས། “ཞང་ཞུང་སྲིད་པའི་རྒྱལ་བོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་ཞེས་ཞང་ཞུང་གི་རྒྱལ་རབས་སུ་ཆེས་གྲགས་པའི་རྒྱལ་བོ་དེ་ནས་ལོ་རྒྱུས་ཀྱི་དབུ་འཛུགས་དགོས་ཤིང་”⑥ཞེས་པ་དང་། “<<འཛམ་གླིང་གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག>> ལས། ཁྱད་པར་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་བོ། སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་བོ།ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་དང་།”⑦ཞེས་པ་ལྟར། ཞང་ཞུང་གི་རྒྱལ་བོ་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ནས་རིམ་པར་བྱ་རུ་ཅན་བཅོ་བརྒྱད་བྱོན་ཞིང་། ཞང་ཞུང་གི་རྒྱལ་བོ་ལིག་མི་རྐྱའི་བར་བོད་རྒྱལ་སོ་གཉིས་པ་སྲོང་བཙན་ལ་ཐུག་པ་རང་བཙན་དུ་གནས་ཡོད་པ་རེད་འདུག

གཉའ་ཁྲིའི་དུས་སྐབས་སུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཁོངས་སུ་ཆབ་འོག་ཏུ་བཅུག་པར་སྐད་ཀྱང་། དོན་དུ་གསལ་བོ་མ་ངེས་ཏེ། ཏུན་ཧོང་ཡིག་རྙིང་ཏུ།  “གཉེན་ཞང་ཞུང་། ”⑧ཞེས་པས་གནམ་རུ་སྲོང་བཙན་གྱི་ཡར་སྔོན་དུ་ཕན་ཚུན་འཆམ་མཐུན་དང་རོགས་རམ་གྱི་ཁྲོད་དུ་གནས་སྲིད་ཀྱང་། ཞང་ཞུང་ཆབ་འོག་ཏུ་བཅུག་ཡོད་པར་མ་མཐོང་ལ།  དེ་ལ་ཕྱིས་སུ་སྲོང་བཙན་སྒམ་པོས་ཀྱང་བལྟས་བལྟས་རིག་རིག་ལ་རང་གི་ཕ་གཅིག་མ་གཅིག་གི་སྲིང་མོ་སད་མ་ཀར་ཡང་ལིག་མི་རྐྱའི་བཙུན་མོར་མངགས་དགོས་པར་བྱུང་བ་དེ་ནི།   སྔོན་མར་རྒྱལ་རབས་སོ་གཉིས་ཀྱི་རིང་ལ་མངའ་འོག་ཏུ་བཅུག་པའི་རྒྱལ་ཕྲན་ཞིག་ལ་དེ་ལྟར་དུ་མཛད་མི་སྲིད་ཅིང་།  གཉེན་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་མཐའ་གཅིག་ཏུ་དམག་དྲངས་ཀྱང་མ་ཕོད་པར་་“འཐབ་ཀྱི་ཡང་སྐལ་”བ་ཞིག་ཏུ་ངེས་བཟུང་སྟེ། “ཞང་ཞུང་བདག་ཏུའ།བཙན་མོ་སད་མ་ཀར།  ལྀག་མྱི་རྷྱལ་ཆབ་སྲྀད་ལ་གཤེགས”དགོས་པར་བྱུང་བས་ཀྱང་སྔོན་མར་མངའ་འོག་ཏུ་བཅུག་ཅིང་གནམ་རུ་སྲོང་བཙན་སྐབས་ངོ་ལོག་པ་ཞིག་མིན་པ་ཤེས་ལ། ངོར་ལོག་ཀྱང་དེ་ལྟ་བུའི་སྟོབས་འབྱོར་རྒྱས་མི་སྲིད་པ་ཡང་ཤེས་སོ།།

ཡང་། <<ལོ་རྒྱུས་གླེང་བའི་གཏམ>>་ལས། “བོད་ཆེན་པོའི་རྒྱལ་ཁབ་མ་ཚུགས་པའི་ཡར་སྔོན་རིང་ཞིག་ལ་རང་བཙན་ལྟ་བུར་སྤུར་རྒྱལ་པའི་ཆབ་འོག་ཏུ་མ་འདུས་པར་བོད་བཙན་པོའི་རྒྱབ་ཁབ་ལས་ལོགས་སུ་གནས་ཤིང་”⑨ཞེས་དང་། “སྲོང་བཙན་སྒམ་པོའི་རིང་ལ་ཞང་ཞུང་ཐམས་ཅད་དངོས་སུ་བོད་ཀྱི་ཆབ་འོག་ཏུ་བསྡུས་”(10)ཞེས་པས་ཀྱང་གསལ་བོར་ཤེས་ཏེ། “ཞང་ཞུང་ཐམས་ཅད་”དང་“དངོས་སུ་”ཞེས་པ་སོགས་ཀྱིས་འདིའི་ཡར་སྔོན་ལ་ཞང་ཞུང་ཆབ་འོག་ཏུ་བཅུག་ཡོད་སྲིད་ཀྱང་ཆ་ཤས་ཙམ་ལས་བཅུག་མེད་པ་དང་།  ཡང་ན། དངོས་སུ་ཆབ་འོག་ཏུ་བཅུག་མེད་པར་གཉེན་འབྲེལ་གྱི་འབྲེལ་བའི་ཁྲོད་དུ་གནས་པ་ཙམ་དུ་ཟད་འདུག་པ་ཧ་གོ་དགོས།

དེས་ན་སྲོང་བཙན་གྱིས་ཅིའི་ཕྱིར་རང་གི་སྲིང་མོ་སད་མ་ཀར་ལིག་མི་རྐྱའི་ཆབ་སྲིད་དུ་གཤེགས་དགོས་པའི་རྒྱུ་རྐྱེན་ཡང་འགའ་ཤས་ཡོད་དེ།

གཅིག སྲོང་བཙན་གྱིས་དགུང་ལོ་བཅུ་གསུམ་(སྤྱི་ལོ་༦༢༩)སྟེང་སྲིད་ཀྱི་མངའ་དབང་བསྒྱུར་བ་ཡིན་ཞིང་། དེ་དུས་ཁོང་སྐུ་ན་ཆུང་བ་དང་སྲིད་དབང་སྲ་བརྟན་དུ་སོང་མེད་པ་སོགས་ཀྱི་དབང་གིས་བཙན་པོའི་ཆབ་སྲིད་ལ་བདེ་འཇགས་ཡོང་ཆེད།  ཁྱིམ་མཚེ་རྒྱལ་ཁབ་དག་ལ་གཉེན་འབྲེལ་བཙུགས་ཏེ་རོགས་རམ་དང་འཆམ་མཐུན་ཡོང་བར་བྱེད་བསམ་པ་རེད།

གཉིས། སྐབས་དེ་དུས་དམག་དོན་དང་རིག་གནས་གང་ལ་བལྟས་ཀྱང་བོད་ལས་ཞང་ཞུང་གི་དབུ་འཕང་བཙན་པ་སོགས་ཀྱིས་བོད་ཀྱིས་ཞང་ཞུང་ལ་དམག་འདྲེན་སྟོབས་ཤུགས་མེད་པས། སྲོང་བཙན་སྒམ་པོས་རང་ཉིད་ཀྱི་སྲིང་མོ་ལིག་མི་རྐྱའི་བཙུན་མོར་བྱིན་པ་ལ་བརྟེན་ཏེ་ལིག་མི་རྐྱའི་གདུང་རྒྱུད་ཟིན་ནས་ཞང་བོད་གཉིས་ཀྱི་འབྲེལ་བ་དབོན་ཞང་གི་ཁྲོད་དུ་གནས་ཐུབ་ན།  མ་འོངས་པར་ཞང་ཞུང་ལ་དམག་འདྲེན་མི་དགོས་པར་ཞི་བས་ཆབ་འོག་ཏུ་འཇུག་ཐུབ་བསམ་པའི་ཕྱིར་དུ་ཡིན། དེའི་སྐོར་འོག་ཏུ་ལིག་མི་རྐྱའི་སྲིད་བརླག་དགོས་པའི་རྐྱེན་གྱི་སྐོར་ལ་ཅུང་གསལ།

དེ་བས་སྲོང་བཙན་སྒམ་པོས་ཀྱང་དེང་ཐོག་གོང་གི་རྐྱེན་ལ་གཞི་བྱས་ཏེ་རང་གི་སྲིང་མོ་སད་མ་ཀར་ཞང་ཞུང་གི་རྒྱལ་བོ་ལིག་མི་རྒྱའི་བཙུན་མོར་བྱིན་པ་དང་ལིག་མི་རྐྱས་ཀྱང་རང་གི་སྲས་མོ་ལི་ཐིག་སྨནན་བྱ་བ་སྲོང་བཙན་གྱི་བཙུན་མོར་བྱིན་ཏེ་རྒྱལ་ཁབ་གཉིས་ཀྱི་བར་ལ་གཉེན་འབྲེལ་གྱི་འབྲེལ་བའི་ཁྲོད་དུ་མཛའ་མཐུན་གྱིས་གནས་བསམ་པ་རེད།

གཉིས།  ལིག་མི་རྐྱའི་སྲིད་ཅི་ལྟར་བརླག་ཚུལ་སྐོར་བཤད་པ།

གཅིག  ལིག་མི་རྐྱའི་སྲིད་བརླག་དགོས་པའི་གནད་དོན།

ཏུན་ཧོང་ཡིག་རྙིང་ལས། “སྔ་ན་ཤུད་ཀེ་ཟ་རྩལ་ཐྀང(ཏིང་)་ཤགས་མཆིས་སྟེ(ཏེ)། བཙན་མོ་དང་ནྀ་མྱི་བནལ་(མནལ)བར།ལྀག་མྱི་ཧྱའྀ་སོ་ནམ་དང་བུ་སྲྀད་མྱི་མཛད་ཆིང་(ཅིང)ལོག་(ལོགས)ཤིག་ན་བཞུགས་པར།”(11)ཞེས་བྱུང་བ་ལྟར།  ཕྱི་ལོ་630ལོར་ལྷ་ལྕམ་སད་མ་ཀར་ཆབ་སྲིད་དུ་ལིག་མི་རྐྱའི་གཤེགས་པར་མཛད་ནའང་། ལིག་མི་རྐྱ་སྔར་ནས་འདྲིས་པའི་བཙུན་མོ་ཆེ་བ་ཤུད་ཀེ་ཟ་རྩལ་ཐིང་ཤགས་ཟེར་བ་ཞིག་ཡོད་པ་དེ་དང་ལྷན་དུ་བཞུགས་པར་མཛད་པ་དང་། དེས་ཀྱང་ཕྲག་དོག་དང་འགྲན་སེམས་ལ་སོགས་པ་ཡང་ཡང་བྱས་པར་བརྟེན་ལྷ་ལྕམ་གྱིས་ཀྱང་དེ་དག་ལ་བྱོལ་ནས་ཆབ་སྲིད་མ་མཛད་པར་ལོགས་ཤིག་ཏུ་བཞུགས་པར་མཛད་པས། ཡང་“བཙན་མོ་ཡང་ལྀག་མི་ཧྱའྀ་སོ་ནམ་དང་བ་སྲྀད་མི་མཛད་ཆིང་ལོག་ཤིག་ན་བཞུགས་པར།  འདིར་དྲལ་གྱྀ་སྙན་དུ་གདའ་སྟེ། བཙན་མོ་དེ་ལྟར་ལོག་པ་བགྱྀས་ན། ཆབ་སྲྀད་ཀི་དཀྲུགས་མར་འགྱུར་བས་དེ་ལྟེ་བུ་མ་བགྱིད་པར། ལྀག་མི་ཧྱའྀ་སོ་ནམ་དང་བུ་སྲིད་ཟུང་ཤིག་ཆེས། ”(12)ཞེས་གཅེན་སྲོང་བཙན་སྒམ་པོས་གསན་ནས་བློན་པོ་སྤུག་གྱིམ་བཙན་རྨང་ཆུང་ཟེར་བ་ཕོ་ཉར་མངགས་ནས་ལྷ་ལྕམ་ལ་ཁྱེད་ཀྱིས་དེ་ལྟར་བྱས་ན་ཞང་བོད་གཉིས་ཀྱི་མཛའ་མཐུན་གྱི་འབྲེལ་བ་འཐོར་ཞིག་དང་ཆབ་སྲིད་ཀྱི་དཀྲུགས་ཤིང་དུ་འགྱུར་སྲིད་པས།  དེ་ལྟར་མ་བྱེད་པར་ལིག་མི་རྐྱའི་ཆབ་སྲིད་དང་གདུང་རྒྱུད་འཛིན་པར་སྐུལ་བ་མཛད་དུ་འགྲོ་རུ་བཅུག་ཀྱང་། བཙན་མོ་ཁྱུང་ལུང་རྔུལ་མཁར་དུ་མི་བཞུགས་པར་མཚོ་མ་པང་བཞུགས་པ་ལ་ཕོ་ཉ་དེར་ཕྱིན་ཏེ་མཇལ་ཕྱག་ཞུས། ལྷ་ལྕམ་གྱིས་ནུ་བོ་སྲོང་བཙན་ཐུགས་བདེ་བར་ཐུགས་ཞུགས་སམ། བློན་རྨང་ཆུང་རང་བློ་བདེའམ་གསུངས་པར། བདེ་བར་བཞུགས་ཞེས་ལན་བཏབ། བློན་གྱིས་རྒྱལ་བོའི་བཀའ་ཞུས་པ་ལ། ལྷ་ལྕམ་གྱིས་ཕོ་ཉ་ཁྱེད་རང་ངའི་ནུ་བོའི་ཞལ་རས་དང་འདྲ་གསུངས་ཏེ་ཕྱག་ཕུལ་ཏེ་མགུར་གླུ་ཞིག་བླངས་པ་དང་། ཕོ་ཉ་ཕེབས་ཁར་ཕྱག་རྒྱས་བཏབ་པའི་ཞུ་རྟེན་ཅིག་བསྐུར་བར་མཛད་དོ།།

གཉིས།  ལྷ་ལྕམ་གྱི་མགུར་གླུ་དང་ཕྱག་རྟེན་གྱི་མཚོན་དོན།

ལྷ་ལྕམ་སད་མ་ཀར་གྱིས་ཕོ་ཉ་སྤུག་གྱིམ་བཙན་རྨང་ཆུང་ལ་བླངས་པའི་མགུར་གླུ་ནི་“<<ཏུན་ཧོང་ཡིག་རྙིང>>་ལས།

ཡུལ་གྱི་ནྀ་སྐལ་པོག་པ།། ཁྱུང་ལུང་ནྀ་དངུལ་མཁར་ཞིག། མི་སུ་ནི་གཞན་ན་རེ།།པྱི་བལྟས་ནྀ་ངམ་དང་བྲག། ནང་བལྟས་ནི་གསར་དང་དབྱིག། བདགྀ་ནི་གཡར་སྔ།། མཆིས་སུ་ནྀ་མ་ཐོ་འམ།།སྐྱ་མོ་ནི་བསེང་བསེང་མོ།། བྲན་གྱི་ནྀ་སྐལ་པོག་པ།། གུ་གེ་ནྀ་རྐང་པྲན་ཞིག། འཁོལ་དུ་ནྀ་མ་ཐོ་འམ།། གུ་གེ་ནྀ་བདྲིས་ཤིང་སྡང་།།ཟས་ཀྱི་ནྀ་སྐལ་པོག་པ།། ཉ་དང་ནྀ་གྲོ་མཆིས་ཏེ།། འཚལ་དུ་ནྀ་མ་ཐོ་འམ།། ཉ་གྲོ་ནྀ་བཆའ་ཞིང་ཁ།། པྱུགས་ཀྱི་ནྀ་སྐལ་པོག་པ།། ཤ་དང་ནི་རྐྱང་མཆིས་ཏེ།། འཚོ་རུ་ནྀ་མ་ཐོ་འམ།། ཤ་རྐྱང་ནྀ་བཙའ་ཞིང་རྒོད།། ཀྱེ་བྱང་འབྲོག་ནི་ཡ་བྀ་ན།།ཕོ་མའི་ནྀ་འབྲོང་གཆིག་པ།། བྱང་འབྲོག་ནི་འབྲོང་དགུམ་ན།། པུ་ནས་ནྀ་ཁུས་འདེབས་པའ།།ལྡོང་ཐོང་ནྀ་འཕན་གྱིས་ཐོབ།། མདའ་ནས་ནྀ་གཡབ་འདོར་བ།།  སྐྱི་འྀ་ནྀ་ཤ་དང་སྤུག།དབུས་ནས་ནྀ་དཔོར་འཕེན་བ།། ཡར་ཀྱྀ་ནི་ལྷོ་དང་རྔེགས།།པུ་ནས་ནྀ་ཁུས་བཏབ་ཆིང་།། མདའ་ནས་ནྀ་གཡབ་བོར་ནས།།དེ་འི་ནི་བར་བར་དུ།། ཕོ་མ་འི་ནི་(འབྲོང)བཀུཾ་ཞིང་།།

ཐུར་ཐུར་ནྀ་པྱིང་བའྀ་བཅུད།། རུ་རྒྱུས་ནྀ་ལྡོང་ཏོང་སྩལད།།ཤ་ལྐོ་ནི་ལྷེ་རྔེགས་སྩལད།། ལྭོ་ཤོག་ནྀ་ཤ་སྤུག་སྩལད།།མཆིལ་པའྀ་ནི་རུ་སྲུབས་ལ།། སྟགི་ནྀ་ཤ་བཏགས་ཤིང་།།གཡས་སུ་ནྀ་མ་ཡོ་ཤིག།གཡོན་དུ་ནྀ་རྡལ་བ་ན།།སྲམ་བུ་ནྀ་གོང་ཏེ་དངུལ།། མར་གྱྀ་ནི་གོང་ཏེ་དངུལ།།མར་གྱྀ་ནི་ཆང་ཆང་ལ།།གྱུར་གྱིས་ནྀ་མ་བནབས་ན།།སང་པྱི་ནྀ་གནངས་སླད་ནས།།སྲམ་གྱིས་ནྀ་འཚལ་ཏ་རེ།།ཉ་མོ་ནི་མཐོང་རྒོལ་ཞིག།མཐོང་རྒོལ་ནི་མཐོང་ལ་རྒོལ།།མཆིལ་པ་འྀ་ནི་སྣང་ཐོགས་ཤིག། རིང་གི་ནྀ་གོད་ལན་དང་།།ས་འྀ་ནི་ཤེལ་མྱྀག་གཉིས།། ག་མྱྀ་ནི་གྱྀ་གོ་ལྟ།།ཇེ་ཉེ་ནྀ་ཇེ་ཉེ་ན།།

ཡར་པ་ནྀ་དགུང་དང་ཉེ།།དགུང་སྐར་ནྀ་སི་སྀ་སི།།ཇེ་ཉེ་ནི་ཇི་ཉེ་ན།། གླ་སྐར་ནྀ་བྲག་དང་ཉེ།།བྲག་དཀར་ནྀ་སི་ལི་ལི།།སྔུར་བ་ནི་ཆབ་དང་ཉེ།།གྱུར་སྲམ་ནྀ་པྱོ་ལ་ལའ།།ཉེན་ཀར་ནྀ་དོག་དང་ཉེ།།འབྲས་དྲུག་ནི་སྀ་ལི།།མལ་ཏྲོ་ནྀ་ཀླུམ་དང་ཉེ།།སྐྱི་བསེར་ནྀ་སྤུ་རུ་རུ།། ཇེ་ཉེ་ནི་ཇེ་ཉེ་ན།། ར་ཉེ་ནི་ཤུག་པ་ཐུ།།  ཡར་གྱི་ནྀ་བྱེ་མ་ལ།།  ལྷན་ལྷན་ནྀ་འགྲོས་མོ་འདི།། སྐྱི་འི་ནྀ་པུར་ཐབསུ།།ཟ་དུར་ནྀ་བཏབ་ཀྱང་རུང་།།” (13) ཞེས་པའི་ཚིག་གོ་བདེར་བཀྲལ་བ་ལ།

སྨན་བུ་མོར་ཡུལ་གྱི་སྐལ་ཐོབ་ནི།།

མཁར་ཆེན་པོ་ཁྱུང་ལུང་དངུལ་མཁར་རེད།།

རྒྱུ་འབྱོར་བ་ཞན་པའི་སྤྲང་བོ་ཚོས།།

ཕྱི་བལྟས་ན་ངམ་ཆེ་བྲག་གིས་བསྐོར།།

ནང་བལྟས་ན་གསེར་དང་དབྱིག་གིས་ཁེངས།།

སྟོབས་དེ་འདྲ་བདག་གི་སྤྱན་སྔ་རུ།།

སེམས་སྨོན་པ་ཙམ་དུ་མི་མཐོང་སྟེ།།

ཡིད་སྐྱོ་བའི་མོད་ལ་སྐྱ་ཞིང་གཟེང་།།

སྨན་ང་ལ་བྲན་གྱི་སྐལ་ཐོབ་ནི།།

སྟོད་མངའ་རིས་ཡུལ་གྱི་རྐང་ཕྲན་ཞིག།

འཁོར་དེ་འདྲ་བཀོལ་དུ་མི་ཐུབ་སྟེ།།

བྲན་གུ་གེ་འདྲིས་ཀྱིན་སྡང་བར་འདུག།

སྨན་ང་ལ་ཟས་ཀྱི་སྐལ་ཐོབ་ནི།།

གྲོ་བག་ཕྱེ་དང་ནི་ཉ་ཤ་མཆིས།།

ཟས་དེ་འདྲ་ལོངས་སྤྱོད་མི་ཐུབ་སྟེ།།

ཉ་གྲོ་ཕྱེ་ཟས་ཀྱིན་ཁ་བར་འདུག།

སྨན་ང་ལ་ཕྱུགས་ཀྱི་སྐལ་ཐོབ་ནི།།

ཤྭ་རྭ་རིང་དང་ནི་རྐྱང་རྒོད་མཆིས།།

ཕྱུགས་དེ་འདྲ་སྐྱོང་དུ་མི་ཐུབ་སྟེ།།

ཤ་རྐྱང་རྒོད་འཚོ་བཞིན་རྒོད་པར་འདུག།

ཀྱེ་བྱང་འབྲོག་ཡ་གིའི་ལུང་བ་ན།།

འབྲོང་རུ་ཐུར་ལྡེམ་མེ་གཅིག་མཆིས་པ།།

བྱང་འབྲོག་ཐང་འབྲོང་དེ་དགུམ་པ་ལ།།

རུས་ལྡོང་སྟོང་ཅན་གྱི་འཕན་པོ་ཚོས།།

ཡར་ལུང་བའི་ཕུ་ནས་ཀི་ཞིག་འདེབས།།

སྨད་སྐྱིད་ཆུའི་འགྲམ་གྱི་ཤ་སྤུག་གཉིས།།

ཡང་ལུང་བའི་མདའ་ནས་བརྡ་ཞིག་བཏང་།།

བར་དབུས་ནས་དཔོར་གྱི་གོ་མཚོན་དེ།།

ཡུལ་ཡར་ལུང་ལྷོ་དང་རྔེགས་གིས་འཕེན།།

ཕུ་ཡར་ནས་ཀི་ནི་བཏབ་གྱུར་ཅིང་།།

མར་མདའ་ནས་གཡབ་ནི་བྱས་པ་ཡི།།

དེའི་བར་དུ་འབྲོང་རྒོད་བཀུམས་པ་ན།།

མགོ་རུ་ཐུར་ཕྱིང་བ་མཁར་གྱི་བཅུད།།

རུ་རྒྱུས་པ་ལྡོང་སྟོང་འཕན་ལ་བསྩལ།།

ཤ་ཀོ་བ་ལྷོ་དང་རྔེགས་ལ་གནང་།།

ཁོག་ནང་ཁྲོལ་ཤ་དང་སྤུག་ལ་ཐོབ།།

ཉ་འཛིན་བྱེད་ལྕགས་ཀྱུའི་སྣེ་མོ་རུ།།

སྟག་རྒོད་པོ་ཞིག་གི་ཤ་བཏགས་ནས།།

ཕྱོགས་གཡས་སུ་གཡོ་བར་མ་བྱེད་ཅིག།

ཡང་གཡོན་དུ་འདའ་བར་མ་བགྱིས་ཤིག།

ཕྱོགས་གཡས་སུ་གཡོ་བར་གྱུར་བ་ན།།

བྱ་ཆུ་བྱ་གྲེ་བོའི་སྐལ་ཏུ་འགྱུར།།

ཡང་གཡོན་དུ་འདའ་བར་བགྱིས་པ་ན།།

སྲམ་ཆུང་ངུས་འཇབ་རྒོལ་བྱེད་པར་འགྱུར།།

མར་མར་ལ་དཔྱངས་ཤིང་ཕྱང་ཕྱང་ལ།།

ལག་མྱུར་མོས་བསྣམས་པར་མ་བྱས་ན།།

སང་ཕྱི་ལོ་དང་ནི་གནངས་ལོའི་རྗེས།།

ཆུ་སྲམ་བུའི་ཟས་སུ་འགྱུར་ཉེན་འདུག།

ཉ་དེ་ནི་ནམ་མཁར་མཆོང་རྒོལ་བྱེད།།

རྐྱལ་འཛོམས་པའི་ཉ་མོ་རྒོལ་ཡང་རྒོལ།།

ལག་ལྕགས་ཀྱུ་མཆིལ་པའི་སྣེ་མོར་རུ།།

ཉའི་སྣ་དེ་མཆིལ་པའི་སྣེ་ལ་ཐོགས།།

དགུང་ཨ་སྔོན་དཀྱིལ་གྱི་དགུ་ཚིགས་དང་།།

ས་དོག་མོའི་སྟེང་གི་ཆུ་མིག་གཉིས།།

འགྲོགས་མཉམ་གནས་མེད་པ་ཤེས་ཤིང་གསལ།།

ཐག་ཇེ་ཉེ་ཇེ་ཉེ་སོང་བའི་མོད།།

ཡུལ་ཡར་ལུང་དགུང་སྔོན་གནམ་དང་ཉེ།།

གནམ་སྐར་ཕྲན་དག་ནི་འོད་ལམ་ལམ།།

བར་ཇེ་ཉེ་ཇེ་ཉེ་སོང་བ་ན།།

བོད་སྤུར་རྒྱལ་བླ་སྐར་བྲག་དང་ཉེ།།

བྲག་དཀར་བོ་དེ་ནི་ཁྲ་ལམ་ལམ།།

མཁར་ཕོ་བྲང་སྔུར་བ་ཆབ་དང་ཉེ།།

ཆུ་གཙང་བོའི་སྲམ་ནག་ཡར་ལ་འཕྱོ།།

ཡང་ཕོ་བྲང་ཉེན་ཀར་དོག་དང་ཉེ།།

ཞིང་འབྲུ་དྲུག་ལྗང་ལོ་སྔོ་ལྡེམ་ལྡེམ།།

མཁར་མལ་གྲོ་གུང་དཀར་ཀླུམ་དང་ཉེ།།

ཀླུམ་ཡ་གསུམ་སྐྱི་བསེར་འུ་རུ་རུ།།

བར་ཇེ་ཉེ་ཇེ་ཉེར་སོང་བ་ན།།

སྨན་ར་ཉེ་ལས་ནི་ཤུག་པ་མང་།།

ཡར་སྟོད་ཕྱོགས་བྱེ་མའི་ཐང་ཆེན་ན།།

གོམ་དལ་གྱིས་འགྲོ་བའི་རི་དྭགས་ཤིག།

ཆུ་སྐྱིད་ཆུའི་རྒྱུད་ཀྱི་དུར་ས་རུ།།

དུར་རྫས་སུ་བཞག་ཀྱང་ཆོག་པ་ལགས།། ཞེས་པ་ལྟར་ཡིན་ཞིང་།

མགུར་གྱི་ནང་དོན་ནི་ལྷ་ལྕམ་གྱིས་རང་ཉིད་ཀྱི་འཚོ་བ་ནི་ཕྱི་བལྟས་ནས་ལེགས་པར་མཐོང་ཡང་དོན་དུ་ཁོ་མོའི་ནང་སེམས་སུ་བདེ་སྐྱིད་ཅི་ཡང་ཙམ་དུ་མི་སྣང་ཞིང་སྐྱོ་བས་གནས་ལ། བྲན་གུ་གེ་དག་ཀྱང་ཡུན་རིང་དུ་འདྲིས་པས་སྡང་བར་འདུག་པ་དང་། ཟས་གྲོ་ཕྱེ་དང་ཉ་ཤ་དག་ཀྱང་ཡུན་རིང་དུ་ཟས་པས་རོ་ཁ་བར་གྱུར་འདུག་ཅེས་པ་སོགས་ཀྱིས་ཀྱང་ཁོ་མོས་ས་མཐའི་ཁེར་རྐྱང་གི་འཚོ་བ་དང་སྡུག་བསྔལ་མྱོང་བཞིན་པ་མཚོན་ཡོད་ལ། ད་ནི་བྱང་གི་འབྲོག་ཐང་སྐྱ་མོ་ན་གནས་པའི་འབྲོང་རྒོད་ལྟ་བུའི་ཞང་ཞུང་གི་རྒྱལ་བོ་ལིག་མི་རྐྱ་ཆབ་འོག་ཏུ་འཇུག་པའི་དུས་ལ་བབས་འདུག་པ་དང་།  འབྲོང་དེ་དགུམ་ལ་རུས་ལྡོང་སྟོང་ཅན་གྱིས་ལུང་བའི་ཕུ་ནས་ཀི་ཞིག་འདེབས་པ་དང་སྐྱིད་ཆུའི་རྒྱུད་ཀྱི་ཤ་དང་སྤུག་གཉིས་ཀྱིས་བརྡ་རྒྱག་པ།   ཡར་ལུང་ཕྱོགས་ཀྱི་ལྷོ་དང་རྔེགས་ཀྱིས་གོ་མཚོན་འཕེན་པ་སོགས་ཀྱི་ཕྱི་ནང་མཉམ་འབྲེལ་གྱིས་འཇབ་རྒོལ་བྱས་པས་ལིག་མི་རྐྱ་དགུམ་འོས་ཤིང་། དེ་བཀུམས་པར་གྱུར་ན་བཙན་པོའི་ཆབ་སྲིད་ཀྱི་བཅུད་དུ་འགྱུར་བ་སོགས་བསྟན་ཡོད་དོ།།

ཕོ་ཉ་རྨང་ཆུང་ཕྱིར་ཕེབས་ཏེ་སྲོང་བཙན་ལ་ལྷ་ལྕམ་གྱིས་བཀའ་ལན་ནི་ཅང་མ་མཆིས།  མགུར་བཞེངས་པ་ནི་འདི་ལགས།  ཡང་ཕྱག་རྒྱས་བཏབ་པའི་ཞུ་རྒྱ་དམ་འབྱར་ཅན་དེ་སྦྱན་དུ་གསོལ་བར་མཛད་པ་ལ།  ཞུ་རྒྱའི་ནང་གཡུ་རྙིང་སུམ་ཅུ་བྱུང་བ་བཙན་པོའི་ཐུགས་འདང་ཞིབ་ཏུ་བཏང་བ་ལ།  གཅུང་བོར་སྐྱེས་ཕོ་རབ་ཅིག་གི་སྤོབས་པ་ཡོད་ན་གཡུ་རྙིང་སུམ་ཅུའི་རྒྱན་ཆ་ཐོགས་ལ་ལིག་མི་རྐྱ་ཕམ་པར་བྱོས།  གལ་ཏེ་ཞང་ཞུང་ལ་དམག་དྲངས་ཏེ་ལིག་མི་རྐྱ་ལ་རྒོལ་མི་ནུས་ན་བུད་མེད་དང་འདྲ་བར་མགོ་ལ་ཞུ་གྱོན་ནས་སྡོད་ཅིག་ཅེས་པའི་དོན་ཡིན་པ་ལ།  རྒྱལ་བློན་ཀུན་གྱིས་གྲོས་བྱས་ཏེ་གློ་བུར་དུ་ཞང་ཞུང་ལ་རྒོལ་བའི་སྟ་གོན་བྱས་པ་ཡིན་འདུག

གསུམ།  ལིག་མི་རྐྱ་བརླག་ཏེ་ཞང་ཞུང་ཆབ་འོག་ཏུ་བཅུག་ཚུལ།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ <<དེབ་ཐེར་དཀར་བོ>>ལས། “རྒྱལ་བོ་འདིའི་རིང་ལ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱའི་སྲིད་བརླག་སྟེ། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ ”(14)ཞེས་པ་ལྟར།  ཆོས་རྒྱལ་སྲོང་བཙན་སྒམ་པོས་ལིག་མི་རྐྱའི་སྲིད་བརླག་ཏེ་ཞང་ཞུང་ཆབ་འོག་ཏུ་བཅུག་པར་མཛད་པའི་ལོ་ཚུགས་ཐད་རྒྱ་ནག་གི་ཡིག་ཚང་ལས་ཞང་ཞུང་གི་སྐབས་བཤད་པར་“ཀྲེན་ཀོན་ཁྲི་ལོ་ལྔ་བའི(སྤྱི་ལོ622པ།)་ཟླ་བཅུ་གཉིས་པར། སྐྱེས་མཁན་གྱི་ཕོ་ཉ་འབྱོར།  ཁྲི་ལོ་བཅོ་ལྔ་བར་(སྤྱི་ལོ་641པ།)ཀྲུང་གོའི་ཟིལ་ཤུགས་དང་གུས་ལུགས་དར་ཚུལ་ཐོས་ནས་ཕོ་ཉ་མཇལ་དུ་མངགས་ཏེ་སྐྱེས་ཕུལ།གོང་མ་ཐེའེ་ཙུང་གིས་དེ་རྒྱང་ཐག་རིང་བོ་ནས་ཡོང་བར་གཟེངས་བསྟོད་དང་།  གུས་ལུགས་ལྡན་པའི་སྒོ་ནས་སེམས་གསོ་གནང་། ཀྲེན་ཀོན་ཁྲི་ལོའི་དུས་མཇུག་ཏུ་(སྤྱི་ལོ།640-649བར།)བོད་ཀྱིས་དབང་དུ་བསྡུས་ཤིང།”(15)ཞེས་བྱུང་བར་གཞིགས་ན་སྤྱི་ལོ་༦༤༠-༦༤༩བར་ལ་ཆབ་འོག་ཏུ་བཅུག་པ་ཡིན་འདུག་ཅིང་། བོད་ཀྱི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པའི་<<ལོ་རྒྱུས་གླེང་བའི་གཏམ་>>ལས་ཀྱང་།“སྤྱི་ལོ་༦༤༤ཙམ་ལ་ཞང་ཞུང་རྒྱལ་པོ་ལི་སྙ་ཤུར་བྱ་བའི་ཆབ་སྲིད་བརླགས་ཏེ་ཞང་ཞུང་ཐམས་ཅད་བོད་འབངས་སུ་བཀུག་”(16)ཅེས་པ་སོགས་ཀྱིས་གང་ལྟར་ལིག་མི་རྐྱའི་སྲིད་དབང་དེ་དུས་རབས་བདུན་པའི་དུས་དཀྱིལ་ཞིག་ལ་བརླག་པ་གསལ་བོ་ཆགས་འདུག

དེས་ན་ལི་མི་རྐྱའི་སྲིད་ཅི་ལྟར་བརླག་པའི་ཚུལ་ནི་“<<རྫོགས་པ་ཆེན་པོ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས>>ལས།  དེའི་དུས་ན་ཞང་ཞུང་རྒྱལ་བོ་ལ་ཐུགས་ལ་བརྣག་པ་དང་།  ངན་གྱིས(གྱི)་གཡོ་སྒྱུས་བཏུལ་ལོ་སྙམ་མོ།། དེའི་དུས་ན་ཞང་ཞུང་རྒྱལ་བོ་ལ་བཙུན་མོ་གསུམ་ཡོད་པའི་ཆུང་ཤོས། གུ་རབ་ཟ་སྣང་སྒྲོན་ལེགས་མོ་བྱ་བ། ལོ་བཅོ་བརྒྱད་ལོན་པ་ཞིག་ཡོད་པ་དེ་ལ། བོད་ཀྱི་རྒྱལ་བོའི་ཕྲིན་བློན་པ།ཞེ་ནག་ལ་ཁོང་གདུག་པ། སྨྲ་མཁས་ལ་གཡོ་ཆེ་བ། སྣང་ནམ་ལེགས་གྲུབ་བྱ་བ་ཞིག་གིས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ཏེ།སྣང་སྒྲོན་ལེགས་མ་ལ་བྱིན་ནས་འདི་སྐད་སྨྲས་སོ།། སྣང་སྒྲོན་ལེགས་མཁྱོད་ལྟ་བུ།། ཞང་ཞུང་རྒྱལ་བོའི་ཁབ་ཡང་ཆུན་བྱེད་པ།ཁྱོད་རང་ཨ་ཅང་ཆེས་ཏེ། བོད་ཀྱིས་(ཀྱི་)རྒྱལ་བོས་ཡང་(ཀྱང་)མི་བཟོད་པར་འདུག་པས་ན། འདི་སྨད་པའི་ཐབས་ཡོད་དམ། ཡོད་ན་བོད་ཀྱི་རྒྱལ་བོའི་ཁབ་ཀྱི་ཡང་ཆེན་མ་བྱ། བོད་ཀྱི་མངའ་རིས་ཀྱི་སུམ་གཉིས་སྟེར་བར་འདུག་གོ་སྨྲས་པས། སྒྲོན་ལེགས་མས་(མ)་ན་རེ། ཞང་ཞུང་རྒྱལ་བོ་ལ་དམག་ས་ཁེབ་པར་ཡོད། བོད་ཀྱི་རྒྱལ་བོ་ལ་དམག་བ་བྲེ་མོའི་གཞུང་ཙམ་ལས་མེད་པས། མངོན་དུ་བཏུལ་དུ་མི་ཐུབ་པས།  ངན་དང་ཐབས་ཀྱིས་འདུལ་ན། ཞང་ཞུང་རྒྱལ་བོ་ནི་ཟླ་བ་ཕྱི་ཏ་ལ། སུམ་པ་གླང་གི་གྱིམ་ཤོད་དུ།  སྐུ་རྐྱེན་དང་ཆས་ནས་མདུན་མ་བཞུད་གྱིས(ཀྱིས།)  དེར་སྒུགས་ལ་ཀྲོངས་མཛོད་ཅིག ”(17)ཅེས་པ་ལྟར་སྐབས་དེའི་ཞང་ཞུང་དང་སྤུ་རྒྱལ་གྱི་དམག་གི་སྟོབས་ཤུགས་ནི་“ས་ཁེབ་པ”དང་“བ་བྲེ་མོའི་གཞུང་བ”་བསྡུར་བ་ཙམ་དུ་གནས་ན་ཡང་།   སྲོང་བཙན་ལ་ལྷ་ལྕམ་གྱི་མགུར་གླུ་དང་ཞུ་རྟེན་གྱིས་སྤོབས་པ་བསྐྱེད་པ་ལ།  ཞང་ཞུང་ཆབ་འོག་འཇུག་པ་ནི་“མངོན་དུ་བཏུལ་མི་ཐུབ་”པ་ཤེས་ནས་ལྷ་ལྕམ་སད་མ་ཀར་གྱིས་ལྐོག་ཏུ་ནང་ཇུས་ཤིག་རྙེད་པ་ནི་ལིག་མི་རྐྱས་ཤུད་ཀེ་བཟའ་མ་གཏོགས་བཙུན་མོ་གཞན་ལ་ཐུགས་གཅེས་མི་གནང་བ་དེ་བེད་སྤྱོད་གནང་སྟེ། ལོ་ན་ཆུང་བའི་བཙུན་མོ་གུ་རབ་ཟ་སྣང་སྒྲོན་ལེགས་མོར་བློན་པོ་སྣང་ནམ་ལེགས་གྲུབ་མངགས་ནས་མགོ་སྐོར་བཏང་སྟེ་གསང་ཇུས་བཤད་དུ་བཅུག་པ་ནི་གོང་གི་ལུང་ཚིག་ལ་ཅུང་ཟད་དཔྱད་པས་ཤེས་ལ།  དེ་བཞིན་ལིག་མི་རྐྱ་སུམ་པར་འདུན་མ་ལ་གཤེགས་པའི་ལམ་བར་དུ་“སུམ་པ་གླང་གྱིམ་ཤོད་”དུ་བོད་དམག་གིས་འཇབ་སྒུག་བྱས་ཏེ་གྲོངས་ནས་ཞང་ཞུང་ཆབ་འོག་ཏུ་བཅུག་ནི་“<<རྫོགས་པ་ཆེན་པོ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས>>ལས། རྒྱལ་བོ་སྔུན་ལ།   ལས་བཙས་ཀྱི་ཁར་བྱོན་ནས་བལྟས་པས།  ཆུ་སླ་ང་གང་གི་ནང་ན།  གསེར་ཆུང་གཅིག  དུང་ཆུང་གཅིག དུག་མདེལ་གཅིག་དང་གསུམ་གདའ་འོ།། བོད་ཀྱི་རྒྱལ་བོའི་ཞལ་ནས།  ཆུ་སླ་ང་གང་གི་ཟླ་བ་ཕྱི་མ་ཉ་ལ་འོང་བྱ་བ་ཡིན།  གསེར་ཆུང་དང་དུང་ཆུང་ནི་དྭང་རའི་གསེར་ཕུག་དུང་ཕུག་གཉིས་དམག་ཆོས་ལ་སྒུགས་ཤིག་བྱ་བ་ཡིན།  དུག་མདེལ་ནི་བརྣག་པ་སྐྱེད་ལ་སྒུགས་ལ་སོད་ཅིག་བྱ་བ་ཡིན་ཟེར་ཏེ།  སྒུགས་སོ།།  དེར་རྒྱལ་བོ་གཉིས་མཇལ་ནས།  བོད་ཀྱི་དམག་མིས་ཞང་ཞུང་གི་རྒྱལ་བོ་བཀྲོངས་སོ།།  ”(18)ཞེས་པ་ལས་ཞིབ་ཤིང་གསལ་ལ། སྨན་ཤེར་བློ་གྲོས་ཀྱི་<< སྲོང་བཙན་ཞིབ་འཇུག>>་ལས་ཀྱང་།  “  དེ་འཕྲལ་བཙན་པོ་སྲོང་བཙན་སྒམ་པོས་གློ་བུར་དུ་དམག་སྡེ་ཁག་བསྡུས་ཏེ་ཞང་ཞུང་གི་རྒྱལ་བོ་ལིག་མི་རྒྱ་གྲ་སྒྲིག་ཅི་ཡང་མེད་པར་སུམ་གླང་མ་ཤོད་དུ་འདུམ་པ་ལ་ཆས་པའི་སྐབས་ཁོང་མི་སྟོང་སྡེ་མང་བོ་དང་བློན་སྣ་ནམ་ལེགས་གྲུབ་དང་བཙན་པོ་སོགས་དྭངས་རིའི་གསེར་ཕུག་དང་དངུལ་ཕུག་གཉིས་སུ་བསྐུང་སྟེ་ཞང་ཞུང་ཕམ་པར་བརྒྱབས་ནས་བོད་ཁོངས་སུ་བཅུག་གོ།  ”(19)ཞེས་པ་སོགས་ཀྱིས་ཀྱང་ལི་མི་རྐྱ་བརླག་སྟེ་ཞང་ཞུང་ཆབ་འོག་ཏུ་བཅུག་ཚུལ་ཐད་དུ་དེ་ཙམ་གྱི་འགལ་བ་མེད་པས།  དེ་ལྟར་ཞང་ཞུང་ཆབ་འོག་ཏུ་བཅུག་ནས་རྒྱལ་ཁ་ཐོབ་པ་ནི་ལྷ་ལྕམ་སད་མ་ཀར་གྱིས་གོ་སྐབས་བསྐུལ་བ་དང་ཕྱི་ནང་མཉམ་འབྲེལ་གྱི་འཐབ་ལ་བརྟེན་ནས་བྱུང་བ་ནི་“བོད་དམག་སྟོང་སྡེ་བཞི་བཅུ་རྩ་གཉིས་”ཙམ་གྱིས་“ཞང་ཞུང་དམག་སྡེ་དགུ་ཁྲི་དགུ་འབུམ་”ཕམ་འོག་ཏུ་བསྡུས་པས་ཀྱང་ཤེས་ལ།   རྒྱལ་ཁ་དེ་ནི་བོད་ཀྱི་བཙན་པོའི་ཆབ་སྲིད་ཐད་ཀྱི་གནད་འགག་ཅིག་ཡིན་ཚུལ་ནི་མཁས་དབང་ནམ་མཁའི་ནོར་བུས་“བོད་ཀྱི་རྒྱལ་རབས་གོང་མ་རྒྱལ་བོ་གྲི་གུམ་བཙན་པོ་སོགས་ཀྱིས་ཀྱང་ཐུགས་འཁུར་གནང་མྱོང་བའི་རྒྱལ་ཁ་ཞིག་ཡིན་པ་གསལ་བོར་བསྟན་གྱི་ཡོག་རེད། ”(20)ཅེས་པ་ལྟར།  མདོར་ན་བོད་བཙན་པོའི་གཅིག་གྱུར་དང་མངའ་ཐང་གི་ཆེད་དུ་ལྷ་ལྕམ་སད་མ་ཀར་གྱིས་རང་ཉིད་ཀྱི་སྤོབས་པ་དང་ཤེས་རབ་ལ་བརྟེན་ནས་མཛད་རྗེས་རླབས་ཆེན་བཞག་ཡོད་པའོ།།

གསུམ་པ།  མཇུག་བསྡུ་བ།

ལྷ་ལྕམ་སད་མ་ཀར་ནི་བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་བུད་མེད་ཀྱི་མཚོན་བྱར་འོས་ཤིང་། བོད་ཀྱི་བུད་མེད་ཀྱི་མཚོན་བྱ་ལྟ་བུའང་རེད། ཁོ་མོས་རང་ཉིད་ཀྱི་བདེ་སྡུག་ཡོད་ཚད་རྒྱབ་ཏུ་དོར་ནས་བོད་བཙན་པོའི་ཆབ་སྲིད་ཀྱི་སླད་དང་རང་ཉིད་ཀྱི་ནུ་བོའི་དོན་དུ་རྒྱུས་མེད་ཀྱི་ཡུལ་གྲུར་གཤེགས་ཤིང་། གནས་དེ་རུ་རང་ཉིད་ཁེར་རྐྱང་ཡིན་ནའང་ཁོ་མོས་བླ་ན་མེད་པའི་སྙིང་སྤོབས་དང་རང་ཚུགས་ལ་བརྟེན་ནས་ལིག་མི་རྐྱའི་བརྩེ་བ་དང་བྱམས་སྐྱོང་འཐོབ་པར་ཁ་ཡག་དང་གཅམ་ཚིག་གིས་ངོ་ཚ་དོར་མྱོང་མེད་པར།  ལིག་མི་རྐྱ་དང་ཁ་ཁར་བུད་ནས་མཚོ་མ་ཕམ་དུ་གཤེགས་པར་མ་ཟད།  ལྷག་པར་རྒྱང་རིང་དུ་བཞུགས་པའི་ལོ་ན་ཆུང་ཞིང་རྒྱལ་སྲིད་ལ་བཞུགས་མ་ཐག་པའི་ནུ་བོའི་ཆབ་སྲིད་ཀྱི་ཐུགས་རྐྱེན་རེ་རེ་ཞེ་ལ་བཅངས་ནས་མི་ལོ་༡༥རིང་ལ་ཕ་ཡུལ་དྲན་པའི་ན་ཟུག་དང་གཉེན་ཉེའི་མེད་པའི་སྡུག་བསྔལ་འཁུར་ནས་བཞུགས། ད་དུང་ལྷ་ལྕམ་གྱིས་དཔག་པར་དཀའ་བའི་ཤེས་རབ་ལས་བྱུང་བའི་མགུར་གླུ་དང་ཞུ་རྟེན་ལ་བརྟེན་ནས་ཞང་ཞུང་གི་རྒྱལ་བོ་འདུལ་བའི་སྐབས་སུ་བབས་ཚུལ་ནུ་བོ་སྲོང་བཙན་ལ་ལྡེའུའི་ལམ་ནས་བསྐུལ་བ་མཛད་པར་མ་ཟད།  ལིག་མི་རྐྱའི་ཕྱི་ནང་གི་འགལ་ཟླ་སྣ་ཚོགས་བེད་སྤྱོད་དང་འཇབ་རྒོལ་གྱི་འཐབ་ཇུས་འཐེན་ཏེ་ཞང་ཞུང་ཆབ་འོག་ཏུ་བཅུག་ཐུབ་པ་སོགས་ཀྱིས་བོད་བཙན་པོའི་རྒྱལ་ཁབ་ཆེན་པོ་འདི་གཅིག་གྱུར་དང་དར་རྒྱས་བྱུང་ཐུབ་པར་གྱུར།  དེ་བས་ལྷ་ལྕམ་སད་མ་ཀར་གྱི་སྙིང་སྟོབས་དང་ཤེས་རབ། རང་ཚུགས། རིགས་ཞེན་སོགས་ལ་བོད་ཀྱི་བུད་མེད་ཡོངས་དང་ང་ཚོའི་མི་རིགས་འདིས་སློབ་སྦྱོང་དང་གུས་བཀུར་བྱ་ཡུལ་དུ་འོས་ཤིང་། ང་ཚོས་གཏན་ནས་གཏན་དུ་མི་ཚེའི་འདུན་མ་དོར་ནས་མི་རིགས་ཀྱི་ཆེད་དུ་རང་ཉིད་ཡོད་ཚད་དོར་མྱོང་བའི་བཙན་པོའི་དུས་རབས་ཀྱི་ལྷ་ལྕམ་འདི་བརྗེད་མི་རུང་ངོ་།།

ཟུར་མཆན།  ལུང་འདྲེན་ཡིག་ཆ།

(1)(8) (11)(12)(13)ཏུན་ཧོང་ཡིག་རྙིང་ལས་བྱུང་བ། 《བཙན་པོའི་རྒྱལ་རབས།》 འབྲི་གུང་སྐྱབས་མགོན་ཆེ་ཚང་། སྤྱི་ལོ་༢༠༡༠ཟླ་༦པའི་ཚེས་༡ལ་སྤེལ།

(2)(5)(7) (17)(18)《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》 ནམ་མཁའི་ནོར་བུ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༡༥ལོའི་ཟླ་༤བར་པར་དུ་བསྐྲུན།

(3)(4)《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།།》 ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༢ཟླ་༡༡ཚེས་༣༠ལ།

(6)《ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང་། 》 ནམ་མཁའི་ནོར་བུ།  ཅང་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༡༩༠ལོའི་ཟླ་༤བར་པར་དུ་བསྐྲུན།

(9)( 10)(16)《ལོ་རྒྱུས་གླེང་བའི་གཏམ །》དག་བཅོས་མ།  རྒྱལ་མོ་འབྲུག་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ་༡བོར་པར་ཐེངས་གཉིས་པ་བཏབ།

(14)《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོ། 》 དགེ་འདུན་ཆོས་འཕེལ།  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་༡༢་པརཔར་དུ་བཏབ།

(15)《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།》 གཉིས་པ།  འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ།

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ་༡༡པར་པར་ཐེངས་དང་བོ་བཏབ།

(19)《སྲོང་བཙན་ཞིབ་འཇུག》 སྨན་ཤེར་བློ་གྲོས། བོད་ཀྱི་དཔེ་མཛོད་ཁང་།  ཕྱི་ལོ་༢༠༡༠ལོར་པར་ཐེངས་དང་བོ་བསྐྲུན།

(20 )《 ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། 》

ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། 1994ལོའི་ཟླ་12པར་དཔར་ཐེངས་དང་བོ་བཏབ།

དཔྱད་གཞིའི་ཡིག་ཆ།

[ 1 ]ཏུན་ཧོང་ཡིག་རྙིང་ལས་བྱུང་བ། 《བཙན་པོའི་རྒྱལ་རབས།》 འབྲི་གུང་སྐྱབས་མགོན་ཆེ་ཚང་། སྤྱི་ལོ་༢༠༡༠ཟླ་༦པའི་ཚེས་༡ལ་སྤེལ།

[ 2 ] 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》 ནམ་མཁའི་ནོར་བུ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༡༥ལོའི་ཟླ་༤བར་པར་དུ་བསྐྲུན།

[ 3 ]《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།།》 ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༢ཟླ་༡༡ཚེས་༣༠ལ།

[ 4 ]《ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང་། 》 ནམ་མཁའི་ནོར་བུ།  ཅང་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༡༩༠ལོའི་ཟླ་༤བར་པར་དུ་བསྐྲུན།

[ 5 ]《ལོ་རྒྱུས་གླེང་བའི་གཏམ །》དག་བཅོས་མ།  རྒྱལ་མོ་འབྲུག་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ་༡བོར་པར་ཐེངས་གཉིས་པ་བཏབ།

[ 6 ]《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོ། 》 དགེ་འདུན་ཆོས་འཕེལ།  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་༡༢་པརཔར་དུ་བཏབ།

[ 7 ]《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།》 གཉིས་པ།  འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ་༡༡པར་པར་ཐེངས་དང་བོ་བཏབ།

[ 8 ]《སྲོང་བཙན་ཞིབ་འཇུག》 སྨན་ཤེར་བློ་གྲོས། བོད་ཀྱི་དཔེ་མཛོད་ཁང་།  ཕྱི་ལོ་༢༠༡༠ལོར་པར་ཐེངས་དང་བོ་བསྐྲུན།

[ 9 ]《 ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། 》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། 1994ལོའི་ཟླ་12པར་དཔར་ཐེངས་དང་བོ་བཏབ།

[ 10 ] 《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ།》སྟོད་ཆ། གོ་ཤུལ་གྲགས་པ་འབྱུང་གནས། མི་རིགས་དཔེ་སྐྲུན་ཁང་།  ༢༠༡༢ལོའི་ཟླ་༤པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།

[ 11 ]  《ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་མགུར་གླུའི་ཞིབ་འཇུག》  རིག་འཛིན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།   ༢༠༡༨ལོའི་ཟླ་༡༠པར་དཔར་ཐེངས་༡བཏབ།  

[ 12 ]《དཔལ་དོན་གྲུབ་རྒྱལ་གྱི་གསུང་རྩོམ་འབུམ།》པོད་གསུམ་པ།  མི་རིགས་དཔེ་སྐྲུན་ཁང་།  1997ལོར།

[ 13 ] 《དུང་དཀར་ཚིག་མཛོད།》དུང་དཀར་བློ་བཟང་འཕྲིན་ལས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་༤པར་པར་ཐེངས་དང་བོ་བཏབ།

[ 14 ] 《བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག》ཐུབ་བསྟན་ཕུན་ཚོགས། མི་རིགས་དཔེ་སྐྲུན་ཁང་།   ༢༠༠༦ལོའི་ཟླ་༩པར་པེ་ཅིན་དུ་པར་ཐེངས་དང་བོ་བཏབ།

[ 15 ] 《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོའི་ཟིན་བྲིས་དཔྱོད་ལྡན་སྨྲ་བའི་འབབ་སྟེགས།》 ལྡོང་ཡོན་ཏན་རྒྱ་མཚོ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་། ༢༠༡༠ལོའི་ཟླ་༦པར་དཔར་ཐེངས་དང་བོ་དཔར།

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།