བོད་ཀྱི་རིག་གནས་ལ་ཞིབ་འཇུག་དང་ལག་ལེན་བྱ་བ་གལ་ཆེ་ཚུལ།

ནང་དོན་གནད་བསྡུས། བོད་ཀྱི་རིག་གནས་ཞིབ་འཇུག་དང་ལག་ལེན་བྱ་བ་གལ་ཆེ་ཚུལ་མདོར་བསྡུས་གླེང་བ་ཞེས་པའི་དཔྱད་རྩོམ་འདིའི་ནང་དུ། དང་པོ་རིག་གནས་ཞིབ་འཇུག་དང་ལག་ལེན་ཐེབས་དགོས་པ་གལ་ཆེ་ཚུལ་བཤད་དགོས་པའི་གླེང་གཞི་དང་། གཉིས་པ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་ཞིབ་འཇུག་བྱ་བའི་དགོས་པ་བཤད་པ། གསུམ་པ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྣམས་ལག་ལེན་དུ་ཐེབས་དགོས་པའི་ཚུལ་སོགས་མདོར་བསྡུས་བརྗོད་པའི་རྩོམ་ཞིག་གོ། །

གནད་ཆེའི་ཐ་སྙད།  རིག་གནས། ཞིབ་འཇུག ལག་ལེན།

དང་པོ། རིག་གནས་ཞིབ་འཇུག་བྱ་བ་དང་། །ལག་ལེན་བྱ་བའི་གླེང་གཞི་འདྲེན། །

རིག་གནས་སྤྱི་དང་བྱེ་བྲག་ལ་ཞིབ་འཇུག་བྱེད་པར་ལུང་རིགས་དཔེ་གསུམ་གྱིས་དགག་སྒྲུབ་མཛད་ནས་ཞིབ་འཇུག་བྱ་བ་གལ་ཆེ་བའི་ཚུལ་སྤྱིར་བཤད་ན།      རིག་པའི་གནས་གསར་རྙིང་གང་ཞིག་ལ་ཞིབ་འཇུག་བྱ་བ་ནི་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལུང་རིགས་དཔེ་སོགས་ཀྱིས་དགག་སྒྲུབ་མཛད་ནས།གང་ཡང་དག་ཡིན་པ་དང་གང་ཞིག་ཡང་དག་མིན་པའི་ཁྱད་པར་འབྱེད་དགོས་པ་ལས། དགོངས་དོན་གྱི་གནད་དོན་ཆེ་ཆུང་གང་ཞིག་གླེང་ཚུལ་ཙམ་ཡོད་པ་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་ཆེད་མིན་པར་ཤེས་པ་གལ་ཆེ་བར་སེམས་སོ། །

དེང་སང་མི་རེ་ཟུང་ཞིག་གིས་ལྟ་བ་གསར་པ་ཞིག་བཤད་པ་དེ་ལ་རྒྱུ་མཚན་ནམ་གནས་ལུགས་ཡོད་ན་བཤད་མ་དགོས་མོད། དེ་ལ་ཡང་དག་པའི་ལྟ་བ་ཕར་ཞོག  སྒྲུབ་བྱེད་ཙམ་དུ་འགྱུར་བའི་རྒྱུ་མཚན་འདྲེན་རྒྱུ་གང་ཡང་མེད་པ་ལ། དེའི་ལྟ་བ་དག་པར་རློམ་ནས་རྗེས་སུ་འབྲང་བ་ནི་རི་བོང་ཅལ་འདྲོགས་ཀྱི་དཔེ་དང་གཉིས་སུ་མེད་པས་ན། རིག་གནས་ཞིབ་འཇུག་པ་ཞིག་ཡིན་ནས་བཟུང་སྟེ་དེའི་སྐོར་ལ་ཤིན་ཏུ་གཟབ་དགོས་པ་ནི། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས། ཁྱད་པར་ལྟ་བ་སྙིགས་མའི་གནས་སྐབས་འདིར། །དམ་བཅའ་ཙམ་གྱིས་མཁས་རློམ་སྐྱེ་བོ་ཡི། །སྔོན་མེད་ལེགས་བཤད་སྐད་ཀྱི་འཆལ་གཏམ་ཡང་། །བསོད་ཆུང་ཤེས་འཆལ་རྣམས་ཀྱི་རྣར་འགྲོ་བས། །རི་བོང་ཅལ་གྱི་རྗེས་སུ་མ་རྒྱུག་ཨང་། །[①]ཞེས་གསུངས་པའི་དགོངས་དོན་ངེས་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་སྣང་སྟེ།རི་བོང་ཅལ་གྱི་རྗེས་སུ་མི་རྒྱུག་པ་དགོས་ན་ཐོག་མར་ཞིབ་འཇུག་ཡང་དག་པ་ཞིག་དགོས་ཤིང་། ཞིབ་འཇུག་ཡང་དག་པ་ཞིག་ཡོད་ན་ཕྱི་ནང་གིས་བསྡུས་པའི་ཆོས་དང་འཇིག་རྟེན་གྱི་ལེགས་ཉེས་ཁྱད་པར་འབྱེད་ཅིང་།བླང་དོར་གྱི་གནས་མ་ནོར་བ་ལ་འཇུག་ལྡོག་བྱ་བའི་ལྟ་བ་དང་སྤྱོད་པ་ཚུལ་མཐུན་ཞིག་ཆགས་ཤིང་འབྱུང་བར་འགྱུར་བ་དང་། བྱ་བ་ཆེན་པོ་ཞིག་ལོས་ཡིན་དང་། བྱ་བ་ཆུང་ངུ་ཞིག་ལ་ཐུག་ཚེའང་ཐོག་མར་བྱ་བ་དེའི་ལེགས་ཉེས་ཀྱི་ཁྱད་པར་འབྱེད་པར་བརྟག་དཔྱད་དང་ཞིབ་འཇུག་བྱས་ན། ད་གཟོད་དེ་ལ་བླང་དོར་ཚུལ་བཞིན་བྱ་བའི་འཇུག་ལྡོག་བྱ་ཚུལ་འཁྲུལ་མེད་ཅིག་འབྱུང་བར་འགྱུར་ཚུལ་ནི་འཕགས་བོད་གཉིས་ཀྱི་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་བསྟན་བཅོས་སྤྱི་དང་བྱེ་བྲག་ཏུ་ལན་གཅིག་མ་ཡིན་པར་གསུངས།དེས་ན་རིག་གནས་ཞིབ་འཇུག་བྱ་བར་སྨོས་དགོས་ཤིང་། འཇིག་རྟེན་གྱི་བྱ་བ་ཆེ་ཆུང་གང་འདྲ་ཞིག་སྒྲུབ་ཀྱང་ཐོག་མར་ཞིབ་འཇུག་གམ།ཡང་ན་བརྟག་དཔྱད་ཅིག་དགོས་པ་ནི་ཤིན་ཏུ་གལ་ཆེའོ། །

སྤྱིར་རྒྱལ་བའི་གསུང་རབ་དང་། རྗེས་འཇུག་མཁས་པའི་བསྟན་བཅོས་སྤྱི་དང་བྱེ་བྲག་གི་དགོངས་དོན་དྲི་མ་མེད་པ་འགྲེལ་པའི་བསྟན་བཅོས་རྣམས་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་མཛད་པའི་ཐོག་མཐའ་བར་གསུམ་དུ་བརྟག་དཔྱད་དང་ཞིབ་འཇུག་བྱ་བ་ནི་ཤིན་ཏུ་གལ་ཆེ་ཞིང་། གལ་སྲིད་བརྟག་དཔྱད་དང་ཞིབ་འཇུག་སོགས་ལ་ཕ་རོལ་ཏུ་ཕྱིན་པ་ཞིག་ཡོད་ན་གཞུང་ལུགས་ཀྱི་གོ་བ་དང་།ལྟ་གྲུབ་ཀྱི་གནད་དོན། རིགས་ལམ་གྱི་ཁྱད་པར་སོགས་གང་ལ་ཐུག་ཀྱང་། གཞན་གྱི་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲང་མི་དགོས་པར་རང་སྟོབས་ཀྱིས་འཇུག་པའི་མཐུ་ལྡན་པར་འགྱུར་ཞིང་། བརྟག་དཔྱད་དང་ཞིབ་འཇུག་སོགས་གང་ཡང་མ་སོང་བའི་སྔོན་དུ་དམ་བཅའ་ཆེན་པོ་གང་འདྲ་ཞིག་ཨུ་ཚུགས་ཀྱིས་བཟུང་ན། ཚད་མས་གྲུབ་པའི་གོ་བ་ཡང་དག་པ་ཞིག་ཆགས་ཐུབ་དཀའ་བ་ལའང་། ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས། གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱིས། །ཚད་མས་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་པར། །འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །[②]ཞེས་གསུངས་པ་སོགས་ཀྱི་དགོངས་དོན་ནི་གནད་ཆེ་བའི་ཕྱིར་ན། ང་ཚོས་སློབ་སྦྱོང་དང་ཞིབ་འཇུག་གང་གི་སྐབས་སུའང་དེ་དག་གི་དོན་ངེས་པར་བྱས་ནས་ལག་ལེན་བྱ་བ་ནི་ཤིན་ཏུ་གལ་ཆེ་བར་སེམས་སོ། །

བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་ཡོན་ཏན་ནི། ལུང་རིགས་དཔེ་གསུམ་ལ་བརྟེན་ནས་དཔྱད་གསུམ་རྣམ་པར་དག་པས་དགག་གཞག་སྤང་གསུམ་གྱི་ལམ་ནས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡང་དག་པ་གསལ་བར་བྱེད་པའི་ཐབས་སུ་གྱུར་པ་ཞིག་ཡིན་དགོས་པར་གྲུབ་ཅིང་། གལ་སྲིད་དེ་ལས་ལྡོག་ཏེ་ལུང་རིགས་དཔེ་གསུམ་ལ་མ་བརྟེན་པར་དཔྱད་གསུམ་རྣམ་པར་དག་པ་ཞིག་མ་བརྒྱུད་པར་དགག་གཞག་སྤང་གསུམ་བྲལ་བའི་བརྟག་དཔྱད་དང་ཞིབ་འཇུག་བྱ་བ་ནི་ཤིན་ཏུ་ཉེས་པར་གྱུར་པའི་ཚུལ་ནི་འཕགས་བོད་བསྟན་བཅོས་དག་གི་གཞུང་ལས་ལུང་རིགས་ཀྱི་ཚད་མས་གྲུབ་པོ། །

གཉིས་པ། རིག་གནས་སྤྱི་དང་བྱེ་བྲག་ལ། ། ཞིབ་འཇུག་བྱ་བའི་དགོས་པ་བཤད། །

རིག་པའི་གནས་སྤྱི་དང་བྱེ་བྲག་གང་འདྲ་ཞིག་ལ་ཞིབ་འཇུག་བྱ་བ་ལ་ཐོག་མར་ལུང་རིགས་རྣམ་པར་དག་པའི་སྒོ་ནས་དཔྱད་པ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དཔྱད་པ་ཡང་དག་པ་ཞིག་བྱུང་ན་ཞིབ་འཇུག་གི་གྲུབ་འབྲས་ཀྱང་ཡང་དག་པ་ཞིག་འབྱུང་སྲིད་ལ། གལ་སྲིད་དཔྱད་པ་ཡང་དག་པ་ཞིག་མེད་ན་དེ་ལ་ཞིབ་འཇུག་གི་གྲུབ་འབྲས་ཡང་དག་པ་ཞིག་འབྱུང་བར་སྨོན་པ་ནི་ནམ་མཁའི་མེ་ཏོག་ལྟ་བུའི་དཔེ་རུ་འགྱུར་བར་ངེས། དེས་ན་དུས་རབས་རིམ་བྱུང་གི་འཕགས་བོད་མཁས་གྲུབ་དང་ལོ་པཎ་རྣམས་ཀྱིས་དཔྱད་པ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འཛིན་པའང་རྒྱུ་མཚན་དེ་ལ་ཐུག་པར་སྙམ་ཏེ། དཔེར་ན་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས། རིགས་པས་བརྡར་ཤ་མ་བཅད་གཞུང་དོན་ལ། །ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་གྱུར་ཀྱང་། །བརྒལ་ཞིང་བརྟགས་ན་བྱེ་མའི་ཆངས་བུ་ལྟར། །འགྱུར་ཕྱིར་རིགས་པའི་གནད་གསང་ཞིབ་ཏུ་སློབས། །ཞེས་གསུངས་ཏེ། བོད་ཀྱི་གྲྭ་ས་ཆེ་ཆུང་གི་བཤད་སྒྲུབ་ཀྱི་སྡེ་དག་ཏུ་བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་རྩོད་པའི་རིགས་པ་ནི་བསྟན་པ་འཛིན་པའི་ཐབས་མཆོག་ཏུ་གྱུར་དང་འགྱུར་བཞིན་པའི་དམིགས་ཡུལ་མཐར་ཐུག་པའང་བསྟན་པའི་བཤད་སྒྲུབ་ལ་ཞིབ་འཇུག་ཡང་དག་པ་བྱ་བའི་དགོས་པ་ཁོ་ན་ཡིན་ཞིང་། ད་ལྟའི་བོད་ཀྱི་སློབ་གསོ་ཡར་རྒྱས་གོང་འཕེལ་གཏོང་བར་བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་དགོས་པའང་དེ་ལས་མ་འདས་པར་སེམས་སོ། །

བརྟག་དཔྱད་དང་ཞིབ་འཇུག་གི་བྱ་བར་འབྲེལ་བའི་རིགས་པ་གལ་ཆེན་པོར་འཛིན་དགོས་པའི་རྒྱུ་མཚན་ནི། རྗེ་དོན་ཡོད་མཁས་གྲུབ་པས། རིགས་པ་ལ་མ་སྦྱངས་པའི་འཇིག་རྟེན་པ་སོགས་ཀྱི་ཡོན་ཏན་དེ་ཇི་ཙམ་བཟང་ཡང་སོབ་སོབ་ཅིག་ཡོང་། ཞེས་གསུངས་པའང་། བརྟག་དཔྱད་དང་ཞིབ་འཇུག་བྱ་བར་རིགས་པ་གལ་ཆེ་བར་བསྟན་ཞིང་། དེ་སྔར་བོད་ཀྱི་ཆོས་དང་རིག་གནས་ཀྱི་བཤད་སྒྲུབ་སྤྱི་དང་བྱེ་བྲག་གང་དུའང་བརྟག་དཔྱད་དང་ཞིབ་འཇུག་གི་རྩོད་པའི་རིགས་པ་གལ་ཆེན་པོར་འཛིན་པའི་ཕྱིར་ན། དུས་ཕྱིས་དུས་རབས་རིམ་པར་བོད་ཀྱི་རིག་གནས་སློབ་གསོ་གོང་འཕེལ་གཏོང་བར་བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་རྩོད་པའི་རིགས་པ་ཤིན་ཏུ་དར་བའི་རྒྱུ་མཚན་ཡང་དེ་ལ་ཐུག་པར་སྙམ་མོ། །

དེང་སང་ལ་ལ་ཞིག་གིས་བསམ་པ་ལ། བོད་ཀྱི་རྩོད་པའི་རིགས་པ་ནི་གཞན་ཕ་རོལ་པོ་དང་ཤགས་འགྱེད་པ་སོགས་ཀྱི་ཚེ་རིག་པའི་རྩེད་མོ་གཏོང་བ་ཙམ་དང་། ཚིག་རྣོ་བ་ལ་སོགས་པའི་སྒོ་ནས་ཕ་རོལ་པོའི་སྨྲ་བ་འགོག་པའི་ཐབས་ཙམ་ལས་གཞུང་ལུགས་ཀྱི་གོ་དོན་རྟོགས་པ་དང་། ཞིབ་འཇུག་སོགས་ལ་ཆེར་མི་ཕན་པ་དང་། ཁྱད་པར་དུ་ཆོས་ཉམས་ལེན་གྱི་སྐབས་སུ་མི་མཁོ་བའི་ཁར་ང་རྒྱལ་དང་ཁ་སྤོབས་ཇེ་འཕེལ་གྱིས་རྒྱུད་མ་རུངས་པར་བྱེད་པའི་རྒྱུར་ཤེས་པ་དག་ནི་ལོག་རྟོག་གིས་བརླབས་པ་ཁོ་ནར་གནས་པ་དང་། ཡང་ལ་ལས་རྩོད་པའི་རིགས་པས་གནས་སྐབས་སུ་གཞུང་ལུགས་ཀྱི་གོ་དོན་ཙམ་ལ་ཕན་ཞིང་། སྒོས་རྩོད་པ་ལ་ལན་འདེབ་པ་སོགས་ཀྱི་ཚེ་ན་རིག་པ་རྣོ་ཞིང་མྱུར་བ་དང་། དམ་བཅའ་བརྟན་པ་སོགས་ཀྱི་ཕན་པ་ཅུང་ཙམ་རེ་ཡོད་ཀྱང་མཐར་ཐུག་གི་དོན་སྒྲུབ་པའི་ཉམས་ལེན་ལ་ཕན་མི་ཐོགས་སྙམ་པའི་སྐྱེ་བོ་རྣམས་ཀྱིས་རྩོད་པའི་རིགས་པའི་དགོས་པ་དང་གནོད་དོན་མ་རྟོགས་པས་ལན་པ་ཡིན་ལ། འོ་ན་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཁྱད་ཆོས་སུ་གྱུར་པའི་བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་རྩོད་པའི་རིགས་པའི་དམིགས་ཡུལ་དང་དགོས་པ་ནི། ཕ་རོལ་པོའི་རྒོལ་བ་ཚར་གཅོད་ཁོ་ན་སོགས་ཀྱི་ཆེད་ཙམ་ཞིག་ཏུ་ངེས་པ་མ་ཡིན་ཏེ། ཕྱི་ནང་གིས་བསྡུས་པའི་ཆོས་མདོ་སྔགས་རིག་གནས་དང་བཅས་པ་སོགས་ཀྱི་རང་གཞན་གྱི་གཞུང་ལུགས་ཆེ་ཆུང་ཐམས་ཅད་ཀྱི་གནད་དོན་ཕྲ་རགས་ཇི་ལྟར་ཡོད་པ་རྣམས་ལ་འོལ་སྤྱི་དང་། གཡམ་ལ་རྒྱུག་པའི་གོ་བ་ཙམ་མ་ཡིན་པར་དཔྱིས་ཕྱིན་པར་རྟོགས་པའི་ཐབས་སུ་མེད་དུ་མི་རུང་བ་ཡིན་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་གཙོས་པའི་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་དང་། བོད་གངས་རིའི་ལྗོངས་སུ་རྗེ་བཙུན་འཇམ་དཔལ་དབྱངས་མིའི་གཟུགས་སུ་བྱོན་པའི་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་གཙོས་པའི་གངས་ཅན་འཇམ་དབངས་རྣམ་གསུམ་སོགས་གཙོ་བོར་གྱུར་པའི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་རྩོད་པའི་རིགས་པ་རྒྱས་པར་མཛད་པའི་ཚུལ་ནི།སྐྱེས་བུ་དམ་པ་དེ་དག་གི་རྣམ་ཐར་གྱི་ཟུར་ཙམ་ལ་གཟིགས་ནའང་བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་རྩོད་པའི་རིགས་པའི་དམིགས་ཡུལ་དང་དགོས་པ་ནི་ངེས་པར་འགྱུར་རོ།།

མདོར་ན་དཔྱད་གསུམ་རྣམ་པར་དག་པས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་བརྟག་དཔྱད་དང་ཞིབ་འཇུག་བྱ་བ་ནི་བོད་ཀྱི་མི་རིགས་སུ་སྐྱེས་པའི་ཕྱོགས་ཞེན་ཁོ་ནས་ཀུན་ནས་བསླངས་པ་མིན་པའི་ཚུལ་ལ་ཇི་ལྟར་བསམ་དགོས་ན། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཞིང་། །གང་ཞིག་རིགས་པར་ལྡན་པའི་ཚིག  །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །[③]ཞེས་གསུངས་པའི་དགོངས་དོན་གྱི་རྗེས་སུ་འབྲངས་ཏེ། ཕྱོགས་འཛིན་བྲལ་བའི་ལྟ་བའི་སྒོ་ནས། རིག་པའི་གནས་སྤྱི་དང་བྱེ་བྲག་ལ་བརྟག་དཔྱད་དང་ཞིབ་འཇུག་བྱ་དགོས་པའི་ཕྱིར་ན། རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཀྱང་། མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས། །ཡིད་ཕྱོགས་སུ་ལྷུང་བར་མ་བྱེད་པར། ། བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས། །ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས། །ཞེས་གསུངས་པ་བཞིན། བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་ཐོག་མཐའ་བར་གསུམ་དུ་ཕྱོགས་ལྷུང་སྤངས་པའི་དྲང་པོའི་བློས་ཡོངས་སུ་བརྟགས་ནས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག  ཁྱད་པར་དུ་བོད་ཀྱི་བན་བོན་གྱིས་བསྡུས་པའི་བསྟན་པའི་བཤད་སྒྲུབ་ཀྱི་གྲུབ་མཐའི་འགྲོ་ལུགས་དང་། ཟབ་མོའི་གནད་དོན། ཆོས་སྐད་ཀྱི་རྣམ་གཞག་སོགས་ལ་སློབ་སྦྱོང་དང་། ཞིབ་འཇུག  ལག་ལེན་ཡང་དག་པ་བྱས་ན་འདྲ་མིན་གྱི་བསྲེ་ལྷད་དང་།རང་བཟོའི་རྟོག་བཅོས། མི་ཤེས་པའི་བབ་ཚོལ་གྱིས་བསླད་པ་ཞུགས་པར་མི་འགྱུར་རོ། །

གསུམ་པ། ཞིབ་འཇུག་བྱ་བའི་གྲུབ་འབྲས་རྣམས། ། ལག་ལེན་ཐེབས་པའི་དགོས་པ་བཤད། །

རིག་གནས་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྣམས་ལག་ལེན་དུ་ཐེབས་དགོས་པའི་ཆ་ནས་བཤད་ན། སློབ་དཔོན་རིན་པོ་ཆེ་དོར་ཞིས། རིག་གནས་ལ་སློབ་གཉེར་བྱེད་པའི་དགོས་པ་ནི། ལག་ལེན་གྱི་གནད་ཤེས་ཤིང་། ལག་ལེན་ལ་ཐེབས་པ་ཡིན་དགོས་པའི་ཕྱིར། [④]ཞེས་གསུངས་པ་ལྟར། དེ་བཞིན་དུ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་བརྟག་དཔྱད་དང་ཞིབ་འཇུག་བྱ་བའི་དགོས་པའང་། བརྟག་དཔྱད་དང་ཞིབ་འཇུག་གི་གྲུབ་འབྲས་རྣམས་ལག་ལེན་བྱས་ཏེ་སྲིད་འབྱོར་རིག་གསུམ་གྱིས་མཚོན་པའི་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་གཏོང་བར་ནུས་པ་འཐོན་དགོས་སོ།།

འཛམ་གླིང་སྤྱི་དང་བྱེ་བྲག་གི་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཆ་ནས་བལྟས་ན།ལག་ལེན་དུ་ཐེབས་པའི་དགོས་པར་རིག་གནས་ལ་ཞིབ་འཇུག་བྱས་པ་ཡིད་པར་གྲུབ་ཅིང་། ལག་ལེན་གྱི་དགོས་པ་དང་བྲལ་བའི་རིག་གནས་ལ་ཞིབ་འཇུག་བྱས་པ་ཞིག་མེད་པར་མངོན་ཞིང་གྲུབ། དེང་སང་གི་དུས་ཀྱི་ཆ་ནས་བལྟས་ན། ཚན་རིག་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་རེད་ཅེས་པའི་དོན་ནི་ཚན་རིག་གསར་གཏོད་ལས་པའི་གྲུབ་འབྲས་དེ་སྤྱི་ཚོགས་ཐོག་ལག་ལེན་བཏང་བས་གཟོད་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་རེད་མ་གཏོགས་ཚན་རིག་ཅེས་པ་སྤྱི་ཚོགས་ཀྱི་ཐོན་སྐྱེད་དུ་ངོས་འཛིན་པ་ནི་ཚན་རིག་ནས་ཐོན་སྐྱེད་དུ་འགྱུར་བའི་རིམ་པ་མ་རྟོགས་པའོ། །

དེ་བཞིན་བོད་ཀྱི་རིག་གནས་སོགས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་པ་དེས་སྲིད་འབྱོར་རིག་གསུམ་གྱིས་མཚོན་པའི་བོད་ཀྱི་སྤྱི་ཚོགས་འཛུགས་བསྐྲུན་ལ་ཕན་མ་ཐོགས་ན། བརྟག་དཔྱད་དང་ཞིབ་འཇུག་བྱས་པའང་དོན་མེད་དུ་འགྱུར། ད་ལྟར་མདོ་དབུས་ཁམས་གསུམ་གཙོ་བོར་གྱུར་པའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཆ་ཆེ་ཆུང་གང་དུ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱ་བའི་ལས་ཁུངས་རེ་བཙུགས་ཤིང་།  དེ་དག་གི་ཞིབ་འཇུག་གྲུབ་འབྲས་ལས་བྱུང་བའི་དཔེ་ཆ་འགའ་རེ་དཔར་སྐྲུན་བྱེད་ཀྱིན་འདུག་ཀྱང་། དེའི་ནང་ན་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐབས་ཀྱི་དཔེ་ཆ་ཧ་ཅང་དཀོན་པ་དང་། ཡང་ན་གཅིག་ཀྱང་མི་སྣང་ཞེས་ཁ་ཚོན་བཅད་ན་ཐག་ཆོད་དམ། ང་ཚོས་རྒྱ་ཡིག་དང་དབྱིན་ཡིག་སོགས་སྦྱངས་ནས་ལག་ལེན་དུ་སྤྱོད་མ་ཐུབ་ན་སྦྱོང་བ་དོན་མེད་དུ་འགྱུར་བ་ལྟར་དང་། དེ་ལུགས་དང་གཅིག་མཚུངས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པ་དེ་བོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་དུ་བེད་སྤྱོད་མ་བཏང་ན་ཞིབ་འཇུག་བྱས་པ་དོན་མེད་དུ་མི་འགྱུར་རམ། དེས་ན་ང་ཚོ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་སྡེ་ཁག་སོ་སོ་ནས་འདས་པའི་ལོ་རྒྱུས་ཁོ་ན་ཞིག་གི་དོན་དུ་ཞིབ་འཇུག་མི་བྱ་བར་འབྱུང་འགྱུར་གྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དུ་གཏོང་བའིའཛུགས་བསྐྲུན་བྱེད་ཐབས་ཀྱི་ལམ་སྟོན་པའི་ཞིབ་འཇུག་གྲུབ་འབྲས་ཡོད་དགོས་པ་ཧ་ཅང་གལ་ཆེ་སྙམ།གལ་ཏེ་རིག་གནས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཀྱི་དཔེ་ཆའི་རྣམ་གྲངས་ཙམ་སྟོན་རྒྱུ་མང་ནའང་། རྒྱལ་ཁབ་དང་བོད་མི་རིགས་གྱི་སློབ་གསོ་དང་རིག་གནས་སོགས་ཚུད་པའི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ལས་དོན་ཡར་རྒྱས་གོང་འཕེལ་ལ་ཕན་མ་ཐོགས་ན་ཞིབ་འཇུག་གི་གྲུབ་འབྲས་ཡིན་ཟེར་བའི་གླེགས་བམ་གྱི་རྣམ་གྲངས་བརྒྱ་ནས་སྟོང་དང་། ཁྲི་བར་ཇི་ལྟར་མང་ཀྱང་ཚིག་སྐམ་པོའི་གླེགས་བམ་ཁོ་ནར་འགྱུར་སྙམ་མོ། །

བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པ་ཞིག་གི་ངོས་ནས་རྟག་པར་འདི་འདྲ་ཞིག་བསམ་གྱིན་ཡོད། གལ་སྲིད་ང་ཚོས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གི་སྐོར་ལ་བརྟག་དཔྱད་དང་ཞིབ་འཇུག་བྱ་བར་བྲིས་ པའི་རྩོམ་དག་ལ་གཞན་གྱིས་ཨེ་བལྟ། ལྟ་མཁན་གང་ཡང་མེད་ན་དེ་ལྟར་ལགས་ཀྱང་། གལ་ཏེ་ལྟ་མཁན་རེ་  ཟུང་ཡོད་ན་དེའི་དོན་ལག་ལེན་བྱེད་པ་ཨེ་ཡོད་སོགས་ཀྱི་སྐོར་ལ་འདང་མི་རྒྱག་ཀ་མེད་ཅིང་། ཡང་ན་ལྟ་  མཁན་ཡོད་ཀྱང་ལག་ལེན་མ་བྱས་ན། ང་ཚོས་བརྟག་དཔྱད་དང་ཞིབ་འཇུག་བྱས་ནས་བྲིས་པ་དེ་དག་དོན་  མེད་དུ་འགྱུར་བ་མ་ཡིན་ནམ། དེས་ན་དེང་སང་གི་དུས་སུ་སྤྱི་ཚོགས་འཕེལ་འགྱུར་དང་འབྱུང་འགྱུར་བོད་ཀྱི་དགོས་མཁོ་ལ་ལྟོས་ནས་རིག་གནས་དང་ལག་རྩལ་སོགས་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་དེས་ད་ལྟའི་བོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ལ་དངོས་ཤུགས་གཉིས་ཀྱི་ཐད་ནས་ཕན་ཐོགས་དགོས་པ་ནི། བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་སོགས་ལ་བརྟག་དཔྱད་དང་ཞིབ་འཇུག  ལག་ལེན་ཐེབས་དགོས་པ་སོགས་ཚིག་བརྒྱ་བཤད་པའི་མདོ་རྩ་ཡིན་ནོ། །

སྨྲས་པ།

དཔྱད་གསུམ་དག་པའི་ལུང་རིགས་ལ་བརྟེན་ཏེ། །

གངས་ཅན་མེས་པོའི་ཤུལ་བཞག་རིག་གནས་ལ། །

ཞིབ་འཇུག་གྲུབ་འབྲས་ལག་ལེན་སྙིང་པོའི་བཅུད། །

གངས་ལྗོངས་དཔལ་ཡོན་རྒྱས་པའི་རྒྱུར་གྱུར་ཅིག །

ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་སྨྲའི་ཁྲོད་དུ་རིག་པའི་ཁུ་བྱུག་ཅེས་པ་དང་། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་འབོད་པས་ཀྲུང་དབྱང་མི་རིགས་གཙུག་ལག་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་ཁུ་བྱུག་རྩེན་པའི་ལྡིང་ཁང་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྟེན་འབྲེལ་ཞུ་བའི་རིག་གཞུང་ཚོགས་འདུར་བྲིས་པ་ཀུན་ནས་དགེ་བ་འདིས་ཀྱང་རང་ཅག་བོད་ཁ་བ་ཅན་གྱི་ཆོས་དང་རིག་གནས་ཀྱི་དཔལ་ཡོན་རྣམས་ཀུན་ནས་རྒྱས་པར་ཡང་ནས་ཡང་དུ་སྨོན་པའོ། །

[①]བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ།(བར་ཆ།) ཤོག་ངོས་1387( བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག)  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1989ལོའི་ཟླ་8པར་པར་གཞི་དང་པོ་ཐེངས་པོར་དཔར།

[②] རྗེ་ཙོང་ཁ་པ་ཆེན་པོའི་སྙན་རྩོམ་གཅེས་བཏུས། ཤོག་ངོས་157མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་8པར་པར་གཞི་དང་པོ་ཐེངས་དང་པོར་དཔར།

[③] བསྟན་འགྱུར། ཀ་པོད། བསྟོད་ཚོགས། ཤོག་ངོས་44སྡེ་དགེའི་ཤིང་པར།

[④] དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས།ཤོག་ངོས་277ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1987ལོའི་ཟླ་6པར་པར་གཞི་དང་པོ་ཐེངས་དང་པོར་དཔར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།