ཆག་ལོ་ཙཱ་བ་དང་འགྲོགས་ནས་རྒྱ་གར་དུ་གནས་སྐོར་ལ་ཆས་པའི་མཐོང་ཐོས།

—— ཆག་ལོ་ཙཱ་བའི་ལམ་ཡིག་བཀླགས་པའི་མྱོང་ཚོར། 

ཉིན་འདི་དག་ལ་རྩྭ་སྐྱ་མེ་ལ་ཤོར་བ་ལྟ་བུའི་རིམས་ནད་ཀྱི་འཇིགས་པས་ཁྱིམ་ནས་སྒོ་རུ་འགྲོ་མི་ཐུབ་ནའང་།   ” གོམ་མཐའི་ས་ལས་གོམ་གཅིག་མ་བརྒལ་བར།། འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་” ཞེས་པ་ལྟར།   ཆག་ལོ་ཙཱ་བའི་ལམ་ཡིག་ལས་ཁོང་གི་སྐུ་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པ་དང་ལམ་བར་གྱི་གནས་ཚུལ་དག་ཁོང་དང་མཉམ་དུ་འགྲོགས་ནས་དངོས་སུ་མཐོང་བ་དང་གཉིས་སུ་མ་མཆིས་ལ། ལམ་ཡིག་གི་ཁ་ཕྱེས་ནས་བལྟས་པ་ན་ང་རང་གློ་བུར་དུ་ཡུལ་དུས་ཀྱི་བར་ཐག་མང་པོ་ཞིག་ཐོལ་བརྒལ་བྱས་ཏེ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཞིག་དང་མཉམ་དུ་གནས་སྐོར་ལ་ཆས་སོང་།   ཁོང་ཉིད་རྒྱ་གར་གྱི་སྐད་དང་རིག་གནས་ལ་རྒྱུས་མངའ་ཆེ་བས་ཡུལ་ཁམས་སོ་སོའི་གནས་འགང་ཆེན་དང་རྟེན་ཁྱད་པར་བ་དག་རེ་རེ་བཞིན་རིག་གནས་ཀྱི་རྒྱབ་ལྗོངས་དང་གཏམ་རྒྱུད་སྣ་ཚོགས་ལ་འབྲེལ་ཏེ་མཚམས་སྤྱོར་ལེགས་པོ་གནང་ཞིང་། ཁོང་ནི་དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ་དང་གཅན་གཟན་དུག་སྤྲུལ་གྱི་གནོད་འཚེ།  ནད་ཡམས་གདོན་འགེག་གི་བར་ཆད་སོགས་ཅི་ཙམ་ལ་ཕྲད་ནའང་ནམ་ཡང་ཕྱིར་མི་ལྡོག་པའི་དམ་བཅའ་བརྟན་ལ་དཔའ་ངར་ཆེ་བའི་སྐྱེས་བུ་སྙིང་སྟོབས་ཅན་ཞིག་རེད།   ལར་ད་ཐེངས་ཀྱི་གནས་སྐོར་ཁྲོད་ངོ་མཚར་བ་ཧ་ཅང་མང་པོ་ཞིག་མཐོང་སོང་མོད། འོན་ཏེ་ལམ་ཡིག་གི་མཐའ་མཇུག་གི་ཤོག་ལྷེ་དེ་ཟད་པ་དང་མཉམ་དུ་གནས་སྐོར་གྱི་མཇུག་ཀྱང་རྫོགས་སོང་བས་རེ་རེ་བཞིན་དྲན་འཛིན་གྱི་རྩིག་ངོས་ན་ཆ་ཚང་ཞིག་མི་གསལ་ན་ཡང་། བརྗེད་དཀའ་བའི་བགས་ཆགས་ཀྱི་རི་མོ་འགའ་ཞིག་རྗེས་དྲན་གྱི་ཟིན་ཐོ་རུ་དགོད་ན་འདོད། 

གཅིག ཕར་ལམ།

དེ་ཡང་ཐོག་མར་ཆག་ལོ་ཙཱ་བ་ལ་ཆོས་རྗེ་གོང་མ་རྣམས་ཀྱིས་རྒྱ་གར་དུ་བཞུད་པར་བསྐུལ་བ་དང་རང་ཉིད་ཆུ་འགོ་གངས་ལ་ཐུག་པ་ལྟ་བུའི་ཤེས་རིག་གི་ཁུངས་གཏུགས་སའི་རྒྱ་གར་རྡོ་རྗེ་གདན་ལ་ཕེབས་འདུན་ཀྱི་ཀུན་སློང་དང་བཅས་” ལྟེའུ་རའི་ཤར་གྱི་སྒོའི་ཐེམ་པ་ལ་ཞབས་གཏད་ནས་རྡོ་རྗེ་གདན་མ་མཐོང་བར་དུ་ལྡོག་རི་དབུ་སྙུང་བཞེས་”ཏེ་རང་གི་བསམ་དོན་མ་འགྲུབ་བར་དུ་བོད་དུ་ཕྱིར་མི་ལྡོག་པའི་དམ་བཅའ་མཛད་ནས་ཕ་ཡུལ་ལྟེའུ་ར་དང་ཁ་བྲལ་ཏེ་ལམ་ལ་ཆས་ཤིང་ཁོང་གི་བློ་ཐག་རྦད་ཆོད་ཀྱི་སྙིང་སྟོབས་ལ་ང་རང་ཧ་ལས་སོང་།

དེ་ནས་གཙང་དུ་ཕེབས་ནས་མཁས་བཙུན་མང་པོ་ལས་ཆོས་མང་དུ་གསན་ནས་ལོ་ངོ་བཅུའི་རིང་ལ་ཐོས་བསམ་གནང་རྗེས་བལ་ཡུལ་དུ་ཕེབས་ནས་འཕགས་པ་ཤིང་ཀུན་དུ་བླ་མ་རཏྣ་རཀྴི་ཏ་སྟེ་རིན་ཆེན་འཚོ་ཞེས་པའི་སྤྱན་སྔར་དྲིལ་བུ་ལེགས་པོ་ཞིག་ཕུལ་ཞིང་། དེ་ན་བོད་ཀྱི་མི་ཁམས་པའི་དགེ་བཤེས་སྟོན་གྲགས་སོགས་ཀྱིས་དབང་ཞུ་བ་ལ་ལོ་ཙཱ་མཛད། སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ཉིན་འཕགས་པ་འབུ་ཁེང་གི་གཙུག་ལག་ཁང་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཤིང་ཙནྡན་ལ་རང་བྱོན་བྱིས་པ་ལོ་བཅོ་ལྔ་ལོན་པ་ཙམ་སྐུ་མདོག་དམར་པོར་བཞུགས་པ་དེ་ཕྱི་རོལ་དུ་སྤྱན་དྲངས་ནས་མཆོད་པ་རྒྱ་ཆེར་བྱས་པའི་ལྟད་མོ་མང་པོ་མཐོང་སོང་ལ་བོད་ཀྱི་བྱམས་པ་གླིང་སྐོར་དང་ཅུང་ཆ་འདྲ་བར་འདུག་སྙམ་བྱུང་།   ཇོ་བོ་རྗེས་མཆོད་རྟེན་གཅིག་ལ་འོད་ནུབ་རེ་བཞིན་འབར་བ་གཟིགས་པའི་ལྷ་ཁང་དང་ཇོ་བོ་མི་འཇིགས་སྦྱིན་པ་སོགས་སྐུ་བརྙན་མང་པོ་ལ་མཇལ་ཞིང་། བལ་ཡུལ་དུ་ལོ་ཧྲིལ་བོ་བརྒྱད་ལ་བཞུགས་ནས་ཐོས་བསམ་མང་དུ་མཛད་ཅིང་དེ་དུས་རྒྱ་གར་ནའང་སྒྲ་ལ་ང་བའི་མཁས་པ་མེད་སྙམ་པའི་གདེང་ཡོད་གསུངས།  

དེ་ལྟར་ཕ་ཡུལ་དང་བྲལ་ཏེ་ལོ་ངོ་མང་ཙམ་ཞིག་ཕྱིན་ནའང་ད་དུང་ཡང་རྒྱ་གར་ལ་དངོས་སུ་སླེབ་མ་ཐུབ་པས། བལ་ཡུལ་ནས་ལམ་གྱི་ཟླ་བོ་འགའ་དང་བསྡེབས་ནས་ཏི་ར་ཧུ་ཏི་ལ་བྱོན་པ་དང་ཡུལ་དེའི་ལྷོ་ནུབ་མཚམས་ཀྱི་བུ་རམ་གྱི་ནགས་ཚལ་ཆེན་མོ་ཞིག་བརྒྱུད་ནས་སོང་ཙ་ན་གྲོང་ཁྱེར་གྱི་མིང་ལ་པ་ཊ་བྱ་བའི་ལྕགས་རི་བདུན་གྱིས་བསྐོར་ཞིང་ལྕགས་རི་མཐོ་བ་ལ་བོད་ཀྱི་མཁར་ཙམ་པ་ཞིག་ཡོད། དེའི་ཕྱི་རོལ་ཏུ་ཆུ་དང་ཤིང་ལ་སོགས་པའི་འོབས་ཉི་ཤུ་རྩ་གཅིག་གིས་བསྐོར་ཞིང་དབུས་ན་རྒྱལ་བོའི་ཕོ་བྲང་ཡོད། དེ་ལ་ཤར་ནུབ་ལྷོ་ན་སྒོ་མོ་གསུམ་གསུམ་དང་བྱང་ན་གཉིས་བཅས་སྒོ་མོ་ཆེ་བ་བཅུ་གཅིག་ཡོད་ཅིང་སྒོ་རེ་རེའི་འདུན་ན་ཟམ་པ་ཡོད་ལ་ཟམ་པའི་ཕྱི་ན་ཟོན་བྱེད་མཁན་གྱི་གོ་མཚོན་མདུན་ན་བཞག་ཅིང་མེ་མདའ་ཐོགས་པའི་སོ་དམག་བཅུ་ལྷག་སྒོ་མདུན་རེ་རེ་ན་ཡོད། དེ་ལ་གར་ལོག་གི་དམག་གིས་ལོ་སྐོར་གཅིག་ལ་དམག་དྲངས་ཀྱང་ཕབ་མ་ཐུབ་པར་སྐད།  གྲོང་ཁྱེར་འདི་མཐོང་རྗེས་ངའི་མིག་ལམ་དུ་ཐོག་མར་ཤར་བ་ནི་དེང་སང་གི་རྒྱ་གར་གྱི་གནའ་བོའི་ལོ་རྒྱུས་མཚོན་པའི་གློག་བརྙན་ནང་གི་རྔམ་བརྗིད་ཆེ་བའི་མཁར་གྲོང་དག་རེད་ལ་ད་ཐེངས་ཆག་ལོ་ཙཱ་བའི་བཀའ་དྲིན་ལས་དངོས་སུ་མཐོང་ཐུབ་སོང་བས་དགའ་སྤྲོ་ཚད་མེད་སྐྱེས་སོ།།  དེ་ན་མུ་སྟེགས་ཀྱི་ལུགས་འཛིན་མཁན་ཕའི་རུས་པ་ཆུ་བོ་གངྒཱ་རུ་སྐྱེལ་ན་ཕའི་སྡིགས་སྒྲིབ་དག་པར་འདོད་པའི་རུས་པ་ཆུ་བོ་གངྒཱར་སྐྱེལ་བ་སུམ་བརྒྱ་ཙམ་དང་རྡོ་རྗེ་གདན་དུ་འགྲོ་བ་བཅུ་དྲུག་དང་བསྡེབས་ནས་སོང་ཞིང་གྲོང་ཁྱེར་པ་ཏ་ནས་ཟླ་བོ་རྣམས་དང་ཁ་འཐོར་ནས་དཀའ་ཁག་མང་པོ་བྱུང་ཞིང་ཆོས་རྗེའི་ཞབས་ལ་སྨྱུག་མའི་ཚལ་པ་གཅིག་ཟུག་ནས་པགས་པ་ལག་མཐིལ་ཙམ་ཞིག་ལྷོགས་པས་ཁྲག་མང་པོ་བཞུར། གྲོང་དུ་ཟླ་བོ་རྣམས་ལ་འདྲི་ཞོར་དུ་སོང་བ་ན་ནམ་ཕྱེད་ཙམ་ན་ཁོང་ཚོ་རྙེད་དོ།།  དེ་ནས་ཉིན་ལམ་མང་པོ་སོང་བའི་ལམ་བར་ཅིག་ནས་འཇིགས་སུ་རུང་བའི་མ་ཧེ་ཞིག་དང་ཕྲད་ཅིང་མ་ཧེ་དེས་ཁ་སང་ཡང་མི་གསུམ་བསད་སོང་ཅེས་བཤད་ན་ཡང་ཆོས་རྗེ་འཁོར་དང་བཅས་པ་ལ་ཅུང་ཙམ་ཡང་མ་ཉེན་པར་ནགས་ཁྲོད་དུ་བུད་སོང་།  ཆོས་རྗེའི་ཞལ་ནས་མ་ཧེ་ཞེས་པ་བོད་སྐད་དུ་གཡག་རྒོད་ཅེས་པར་བསྒྱུར་ན་མ་གཏོགས་གཞན་སྐད་ལ་དོན་མེད་ཅེས་གསུངས་ལ། 《སྒྲ་སྦྱོར་བམ་གཉིས》ལས་ཀྱང་ལོ་ཙཱའི་རྩ་དོན་དུ་རང་ཡུལ་ན་མེད་པའི་སྲོག་ཆགས་སོགས་ཀྱི་མིང་བོད་སྐད་དུ་མི་བསྒྱུར་བར་རང་སོར་འཇོག་དགོས་པའི་དཔེ་རུ་མ་ཧེ་བཞག་ཡོད་ལ་ད་བར་དེ་བོད་སྐད་དངོས་ལྟ་བུ་ཞིག་ཏུ་གྱུར་ནས་བསྟན་བཅོས་དང་ཚིག་མཛོད་དག་ནའང་གྲགས་ཆེའོ།།

དེ་ནས་གྲོང་མེད་པའི་མཐའ་འཁོབ་ནས་ཉིན་ལམ་དྲུག་ཙམ་ལ་སོང་བ་ན་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་སླེབས་ཤིང་དེ་གའི་མི་ཐམས་ཅད་གར་ལོག་གི་དམག་གི་འཇིགས་པ་ལ་སྐྲག་ནས་འབྲོ་བཞིན་ཡོད་པས་ལམ་གྲོགས་དག་ཀྱང་འབྲོས་པར་འདུག་མོད། ཆོས་རྗེ་དང་ཁོང་གི་ཟླ་བོ་གཉིས་མ་བྲོས་པར་བསྡད་ནའང་སྟབས་ལེགས་པ་ཞིག་ལ་གར་ལོག་གི་དམག་རྒྱ་གར་ནུབ་ཕྱོགས་སུ་བུད་སོང་བས་འཇིགས་པ་ལས་ལྡོག་ཐུབ་པ་བྱུང་།  ལྗོངས་ཡངས་པ་ཅན་གྱི་ཡུལ་ན་འཕགས་མ་སྒྲོལ་མའི་རྡོ་སྐུ་ཞལ་མཐོང་བ་ཙམ་གྱིས་ཀྱང་བར་ཆད་སེལ་བའི་བྱིན་རླབས་ཤིན་ཏུ་ཆེ་བ་གཅིག་བཞུགས་ཤིང་། མི་ཁ་ཅིག་ན་རེ། གར་ལོག་གི་དམག་བུད་སོང་ངོ་ཟེར་བའི་བུད་མེད་དེ་ཡང་ལྷ་མོ་སྒྲོལ་མའི་སྤྲུལ་བ་རང་རེད་ཟེར་ནས་དགའ་ཚོར་ཆེན་པོ་བྱུང་།ཡངས་པ་ཅན་ནས་ལྷོ་ཕྱོགས་སུ་ཉིན་ལམ་བརྒྱད་ལ་ཕྱིན་པ་ན་ཆུ་བོ་གངྒཱའི་ཁར་སླེབས་ཤིང་དེ་ནས་མི་སུམ་བརྒྱ་ཙམ་ཤོང་བའི་གྲུ་ལ་བསྡད་དེ་ཕྱིན་ཅིང་ཆུ་སྲིན་ན་ཀྲ་ཞེས་པ་གཡག་ཙམ་གཅིག་བྱུང་ནས་རེས་འགར་གྲུ་རྡིབ་ཏུ་འཇུག་ལ་རེས་འགར་གྲུའི་ནང་ནས་མི་བཟུང་ནས་འཁྱེར་འགྲོ་བས་ཤིན་ཏུ་འཇིགས་ཆེ།  

གཉིས། རྡོ་རྗེ་གདན།

རྡོ་རྗེ་གདན་དུ་འབྱོར་བ་ན། ཡིད་སྐྱོ་བ་ཞིག་ལ་མི་ཀུན་གར་ལོག་གི་དམག་གིས་ཉེན་ཏེ་བྲོས་ནས་གཅིག་ཀྱང་མི་འདུག་ལ། བྱང་ཆུབ་ཆེན་པོའི་སྐུ་དེའི་ལྷ་ཁང་ཡང་མུ་སྟེགས་ཀྱིས་མི་བཤིག་པའི་ཐབས་སུ་སྒོ་སོ་ཕག་གིས་བརྩེགས་པ་ཞལ་ཞལ་བྱས་ནས་དེའི་རྩར་སྐུ་ཚབ་ཏུ་རྫུས་མ་གཅིག་བཞག་འདུག་ལ། ཕྱི་སྒོ་ལའང་འདམ་ཞལ་བརྒྱབ་ནས་དེར་དབང་ཕྱུག་ཆེན་པོའི་སྐུ་གཅིག་བྲིས་འདུག་ལ་ཡུལ་ཁམས་ཐམས་ཅད་སྟོང་སང་ངེ་བར་གྱུར་འདུག་པས་རང་རེ་ཡང་སྡོད་མ་ནུས་པར་ནགས་སུ་བྲོས།  མཚམས་འདིར་ཐོན་རྗེས་ངའི་སེམས་སུ་དགའ་སྐྱོ་འདྲེས་མའི་མྱོང་ཚོར་ཞིག་ཀྱང་སྐྱེས་འོངས་ལ།  ཆག་ལོ་ཙཱ་བས་ལམ་གྱི་དཀའ་བ་གྲངས་མེད་ཁྱད་བསད་ནས་ཐོག་མར་གང་ལ་དམ་བཅའ་མཛད་པའི་གནས་རྡོ་རྗེ་གདན་དངོས་སུ་མཐོང་སོང་ནའང་།  ཁོང་གི་སེམས་ཁོང་གི་དག་ཞིང་ལྟ་བུའི་གནས་མཆོག་འདི་ད་ལྟ་གར་ལོག་གི་བཙན་འཛུལ་གྱིས་མྱ་ངན་ཐང་ལྟ་བུ་ཞིག་ཏུ་བསྒྱུར་ཟིན་པས་ན་དེ་ལ་ཕངས་སེམས་དང་སྐྱོ་བ་མི་སྐྱེས་མཁན་སུ་ཞིག་ཡོད།  ལོ་རྒྱུས་ཀྱི་འཕོ་འགྱུར་ཀློང་ནས་རྒྱ་གར་གྱི་ནང་བའི་ཕ་ཁྱིམ་ལྟ་བུའི་གནས་གཞི་ཆེན་པོ་དག་ལ་གོད་ཆགས་དང་རྒྱལ་བའི་བསྟན་པ་ལ་ཉམས་དམས་ཤོར་བ་མཐོང་ཚེ་དགེ་འདུན་ཆོས་འཕེལ་ལའང་ཐུགས་ལ་སྐྱོ་ཤས་སྐྱེས་པ་ཁག་མི་འདུག་སྙམ་བྱུང་། 

ནགས་སུ་བྲོས་ནས་ཞག་བཅུ་བདུན་ཙམ་འགོར་བ་ན་གར་ལོག་གི་དམག་ཐག་རིང་པོ་ཞིག་ཏུ་སོང་ནས་མེད་ཟེར་བའི་གཏམ་སྙན་པོ་བསྒྲགས་པས། སླར་ཡང་རྡོ་རྗེ་གདན་དུ་ཕྱིན་ནས་བྱང་ཆུབ་ཆེན་པོའི་སྐུ་ལ་གསོལ་བ་བཏབ་ཅིང་སྐོར་བ་མཛད།   ལམ་བར་ཅིག་ནས་རྒྱལ་པོ་སངས་རྒྱས་སྡེ་བྱ་བ་འཁོར་དང་བཅས་པ་ནགས་ཁྲོད་ནས་ཕེབས་བཞིན་པ་དང་ཕྲད་ཅིང་རྒྱལ་པོས་ལོ་ཙཱ་བ་དང་ལམ་གྱི་ཟླ་བོ་དག་གཟིགས་པ་ན་དེ་མ་ཐག་ཏུ་དར་གྱི་ཞྭ་དེ་ཕུད་ནས་གླང་བོ་ཆེའེ་སྟེང་ནས་མར་བབས་ཏེ། ཀྱེ་ཇོ་བོ་ལ་ཕྱག་འཚལ་ཟེར་ནས་ཕྱག་འཚལ། ཆོས་རྗེས་རྒྱ་གར་གྱི་རྒྱལ་བོ་ཆེན་པོ་དེ་འདྲ་བས་ཀྱང་རབ་བྱུང་བ་ལ་དད་གུས་བྱེད་ན་ཡང་བོད་བ་ལང་ཡིན་པས་དེ་འདྲ་མི་ཤེས་གསུངས་ནས་ཞོར་དུ་བོད་པ་ཚོའི་སྤྱོད་ལམ་སྐྱོན་བརྗོད་ཅིག་ཀྱང་གནང་སོང་། 

རྡོ་རྗེ་གདན་ན་ངོ་མཚར་ཆེ་བ་དུ་མ་ཡོད་དེ། བྱང་ཆུབ་ཀྱི་ཤིང་དང་། བྱང་ཆུབ་ཆེན་པོའི་སྐུ། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་བའི་གན་དྷོ་ལ་སོགས་ཡོད་ལ། ཀླུའི་རྒྱལ་པོའི་དྲོ་དུང་གཏོང་བ་ཞེས་པ་ཞིག་འདུག་པ་དེ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ན་ཚ་ཚའི་ཁུང་བུ་འདྲ་བའི་ལོགས་ལ་བུག་པ་མགོ་ཤོང་བ་ཙམ་ཞིག་ཡོད་པ་དེར་རྣ་གཏད་ནས་ཉན་ན་དུང་སྐད་ལྟ་བུའི་སྒྲ་འུར་འུར་འདྲ་ཞིག་འོང་ཟེར་ཞིང་། བོད་ཀྱི་གཙུག་ལག་ཁང་དང་གནས་རི་གྲགས་ཆེན་དག་ནའང་དེ་ལྟ་བུའི་བུག་པ་རེ་ནས་སྒྲ་ལ་ཉན་ན་ངན་སོང་ལ་འགྲོ་མི་དགོས་ཟེར་བ་སོགས་དང་འདྲའམ་སྙམ། 

གན་དྷོ་ལའི་ལྷ་ཁང་ནང་ན་བྱང་ཆུབ་ཆེན་པོའི་སྐུ་ཞལ་ལ་ཆེ་ཆུང་ཁྲི་དོ་ཡོད་པ་དེ།  ལྟ་བས་ཆོག་མི་ཤེས་ལ་གམ་དུ་ཕྱིན་ཚེ་གཞན་དུ་འགྲོ་སྙིང་མི་འདོད་པ། སྐུ་དེའི་མདུན་ནས་ཇི་ལྟར་དད་པ་ཆུང་བ་ཅན་ཞིག་ཡིན་ཡང་མོས་གུས་མི་སྐྱེས་པ་དང་མཆི་མ་མི་འཆོར་བ་མི་སྲིད་པ་ལྟ་བུ་ཞིག་རེད།   སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ན་བྲམ་ཟེ་ཁྱེའུ་གཅུང་བྱ་བས་བཞེངས་བའི་སྤྲུལ་བའི་སྐུ་ཞིག་བཞུགས་ཤིང་།  དེ་དང་འབྲེལ་བའི་བྲམ་ཟེའི་ཁྱེའུ་སྤུན་གསུམ་གྱིས་ཕྱི་ནང་གི་བཟང་ངན་བརྩད་ཕྱིར་ཁོང་ཚོའི་ཨ་མས་གདམས་པ་བཞིན་རྐང་པ་ལ་རྐང་མགྱོགས་རྩི་བྱུགས་ནས་བྱང་ཕྱོགས་ཀྱི་རི་བོ་གངས་ཅན་དུ་དབང་ཕྱུག་ཆེན་པོ་ལ་དངོས་སུ་འདྲི་རུ་སོང་བས་ནང་བའི་གྲུབ་མཐའ་བཟང་བ་ཤེས་ཏེ་སྤུན་གསུམ་ཀ་དགེ་བསྙེན་དུ་ཞུགས་ནས་རེ་རེས་རྟེན་རེ་རེ་བཞེངས་པ་དང་། སྤུན་ཆུང་བས་གནས་ཁྱད་དུ་འཕགས་པ་བྱང་ཆུབ་ཤིང་དྲུང་དུ་སྤྲུལ་བའི་སྐུ་བཞེངས་བའི་ལྷ་བཟོ་དང་རྒྱུ་ཆ་སོགས་ཨ་མས་ཐབས་བཀོད་གདམས་པ་བཞིན་འཚོལ་ཚུལ་དང་། མ་དེས་སངས་རྒྱས་ཀྱི་སྐུ་དངོས་མཐོང་མྱོང་བས་སྐུ་འདྲའམ་མི་འདྲ་བལྟས་ཤིང་རིན་པོ་ཆེ་མར་གད་ཕུལ་ནས་སྐུའི་སྤྱན་དང་སྨིན་མཚམས་སུ་བརྒྱན་པས་འོད་ཆེན་འཕྲོས་ནས་ལྷ་ཁང་དུ་སྲོད་ལའང་དཔེ་ཆ་ཀློག་ཐུབ་ཡོད་ཅེས་པ་སོགས་ཀྱི་གཏམ་རྒྱུད་མཚར་ལ་རིང་བ་ཞིག་འདུག་ལ་ཞིབ་དུ་ཤེས་འདོད་ཡོད་ཚེ་ལམ་ཡིག་བཀླགས་ནས་ལོ་ཙཱ་བ་དང་མཉལ་དུ་སོང་ན་ངོ་མཚར་བ་ཤིན་ཏུ་མང་ངོ་།། ཕྱིས་སུ་གར་ལོག་གི་དམག་མི་གཅིག་ཐེམ་སྐས་ལ་འཛེགས་ནས་སྤྱན་བཏོན་པས་དམག་མི་དེ་སྐས་ལས་ལྷུང་སྟེ་སྤྱན་གཉིས་ཆག་ནས་དུམ་བུར་གྱུར་བས། འོད་ཉམས་ནས་དཔེ་ཆ་ཀློག་ཐུབ་པ་མེད་ཀྱང་ད་དུང་ཡང་འོད་དཀར་ལམ་མེ་བ་ཞིག་མཇལ་རྒྱུ་འདུག

དེར་སྐོར་ཁང་གསུམ་དང་། གཎ་དྷོ་དང་།  བྱང་ཆུབ་ཤིང་བཅས་ཁྱམས་རྡོའི་དྲ་མིག་ཟླུམ་པོ་ཅན་གྱིས་བསྐོར་ཞིང་ཁྱམས་ཀྱི་ནང་དུ་བོད་ཀྱི་ཤཱཀྱ་མུ་ནེའི་བཞུགས་ཁྲི་འདུག་ལ་དེའི་སྟེང་དུ་ཅི་ཡང་མེད་ན་ཡང་མདུན་དུ་མར་མེ་རེ་མ་ཆག་པར་འབུལ་ནས་དད་པ་བྱེད། ལྷོ་བལ་ནས་བོད་ཀྱི་ཤཱཀྱ་མུ་ནེའི་ཞལ་མཐོང་བ་ཙམ་གྱིས་ཀྱང་ངན་སོང་ལ་མི་འགྲོ་ཞེས་གྲགས། ཡང་དེ་བཞིན་གཤེགས་པའི་ཚེམས་ཆེ་བ་གཅིག་གསེར་གྱི་གའུ་ནང་བཞུགས་པ་དེ་དུས་བཟང་པོ་ལ་ཁྱམས་ཀྱི་སྟེང་དུ་སྤྱན་དྲངས་ཏེ་དཀར་གསུམ་སོགས་ཀྱིས་ཁྲུས་གསོལ་ནས་མཆོད་པ་བྱེད། གཞན་ཡང་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་འོངས་བའི་དབང་བོ་རྟུལ་བོ་རྣམས་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་ནམ་མ་བྱོན་སྙམ་པའི་ཐེ་ཚོམ་ཟ་བར་འོང་བས། ཐེ་ཚོམ་གཅོད་ཕྱིར་རྡོ་ལ་ཞབས་རྗེས་གཉིས་བཞག་ཡོད་པའི་རྡོ་བ་དེ་ད་ལྟ་ཡོད་ཅིང་། ཞབས་རྗེས་དེ་ལ་སྔོན་མཆོད་ཁང་བརྩིགས་ཟེར་བ་ལ། པཎྜི་ཏ་མཁས་པ་དག་ན་རེ། འདི་མ་འོངས་བའི་དུས་ཀྱི་སེམས་ཅན་དབང་པོ་རྟུལ་པོས་མཐོང་བར་བྱ་བ་ལ་དགོངས་པ་ཡིན་པས། མཆོད་ཁང་བྱས་ན་སྒོ་ཡོང་། དེ་ལ་དཀོན་གཉེར་འོང་།  དེས་རྔན་པ་ཟར་འོང་བས་མིས་ཀྱང་མཐོང་བ་ཉུང་དུ་འགྲོ་ཟེར་ནས་མ་བརྩིགས་པ་འདུག འདི་ནི་དངོས་གནས་བསྟན་པ་དང་འགྲོ་བ་ལ་སེམས་པའི་པཎྜི་ཏ་མཁས་པའི་ཐུགས་དགོངས་རླབས་ཆེན་ཞིག་ཏུ་མཐོང་ལ། ད་བར་ལྷ་ཁང་དང་འདུ་ཁང་གིས་དཔལ་འབྱོར་གཉེར་བཞིན་པའི་ང་ཚོ་ལ་གནང་བའི་ལུང་བསྟན་ཞིག་ཀྱང་རེད་སྙམ། རྡོ་རྗེ་གདན་ན་སྒོ་ལྷོར་བསྟན་པ་གཅིག་ཀྱང་མེད་ལ་བོད་ཀྱི་གཙུག་ལག་ཁང་ཆེན་པོ་རྙིང་བ་རྣམས་ལའང་སྒོར་ལྷོར་བསྟན་པ་མེད་དོ།།

རྡོ་རྗེ་གདན་དུ་དགེ་འདུན་གྱི་གཙུག་ལག་ཁང་ཞེས་པ་རུ་ཆག་ལོ་ཙཱ་བས་བརྒྱད་སྟོང་བའི་དཔེ་ཆ་ཞིག་ཁུར་ནས་བྱོན་པས། དཀོན་གཉེར་ཉན་ཐོས་པ་ཞིག་ན་རེ། ཆོས་ཅི་ཡིན་ཟེར། ལོ་ཙཱ་བས་པྲཛྙཱ་པཱ་ར་མི་ཏ་ཧོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཡིན་གསུངས་པ་ན། དེ་ན་རེ། ཁྱོད་དགེ་སློང་ལེགས་པོ་གཅིག་འདུག་པ་ལ།  ཐེག་པ་ཆེན་པོའི་ཆོས་རྒྱབ་ཏུ་ཁུར་བ་དེ་མ་ལེགས།  དེ་བོར་ལ་ཆུ་ལ་སྐྱུར་ཅིག་ཟེར་ནས་སྣ་འབེབས་བྱས་ཤིང་། ཡང་ཁོ་ན་རེ། ཐེག་པ་ཆེན་པོ་བྱ་བ་སངས་རྒྱས་ཀྱི་གསུང་མ་རེད། ཀླུ་སྒྲུབ་ཟེར་བའི་དབང་པོ་རྣོ་བ་ཞིག་གིས་བཅོས་པ་ཡིན་ཟེར།  ཡང་སྒྲོལ་མའི་སྐུ་ལ་ཕྱག་མཛད་པས་ཁྱོད་དགེ་སློང་ལེགས་པ་ཞིག་འདུག་པ་ལ། ཁྱིམ་པ་ལ་ཕྱག་བྱེད་པ་མ་ལེགས་སོ་ཟེར། ལོ་ཙཱ་བ་ནི་ཚེམས་ལེགས་ཤིང་སཾསྐྲྀཏའི་སྐད་ལ་བྱང་བ་ཆེ་བས་དེ་གའི་དགེ་འདུན་རྣམས་ལ་བོད་ཡིན་གསུངས་པས་ཡིད་མ་ཆེས་ཤིང་ས་སྐྲྀཏའི་སྐད་ལ་འདི་ཙམ་བྱང་བ་ཞིག་བོད་ན་ཡོད་པ་ཅི་ཡིན་ནམ་ཞེས་ཧ་ལས་སོང་ངོ་།། 

སྒྲོལ་མའི་ལྷ་ཁང་ཞིག་འདུག་པ་དེའི་ནང་ན་ཞལ་འགྱུར་ཏཱ་རཱ་ཞེས་པའི་རྡོའི་སྐུ་ཞིག་བཞུགས་ཤིང་སྔོན་ཇོ་བོ་རྗེ་ལྷ་ཁང་དེར་བྱོས་དུས་སྒོ་དབྱེ་མ་དགོས་པར་ཕྱེས་ནས་ཞལ་འགྱུར་ཏཱ་རཱའི་ཞལ་ནས་རྒྱུ་སེམས་ཅན་གྱི་ས་ནས་འབྲས་བུ་སངས་རྒྱས་ཀྱི་སར་འགྲོ་འདོད་ན་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་ཅེས་གསུང་དངོས་སུ་འབྱོན་པར་གྲགས། ཡང་ལྷ་ཁང་དེ་ན་ཆུ་ཀློང་སྒྲོལ་མ་ཞེས་པ་ཞིག་བཞུགས་ལ་སྔོན་ཉན་ཐོས་པ་ཞིག་ཆུས་ཁྱེར་བའི་འཇིགས་པ་ལས་བསྐྱབས་པས་དེ་ལྟར་ཐོགས་པ་དང་གཞན་ཡང་ཧུ་ལུ་ཏཱ་རཱ་ཞེས་པའི་སྒྲོལ་མའི་སྐུ་ཞིག་ཀྱང་ཡོད་ལ། དེ་དག་རེ་རེ་ལ་གཏམ་རྒྱུད་ངོ་མཚར་བ་རེ་རེ་འདུག་པས་རྒྱས་པར་ཤེས་འདོད་ན་ལམ་ཡིག་ལ་གཟིགས་པར་འཚལ། 

ལམ་ཡིག་ལས་ཨ་ཤོ་ཀའི་མཆོད་རྟེན་ལ་མཇལ་དུས་ཆེས་ཡིད་འགུག་པ་ཞིག་ནི་ཁོང་གིས་འཛམ་གླིང་ན་མཆོད་རྟེན་བྱེ་བ་གཅིག་བཞེངས་བའི་ལོ་རྒྱུས་དེ་རེད།  དེ་ཡང་སྔོན་གྱི་ཚེ་ན་སྟོན་པ་མཉན་ཡོད་ན་བསོད་སྙོམས་ལ་ཕེབས་པ་ན་བུད་མེད་ཅིག་གིས་འཕྲས་ཐུག་ཕུལ། མོའི་བུ་བྱིས་པ་ཞིག་ཡོད་པ་དེས་སྟོན་པ་ལ་བྱེ་མ་སྙིམ་པ་གང་ཕུལ་ཞིང་སྟོན་པས་ཀྱང་ལྷུང་བཟེད་སྨད་ནས་བཞེས་སོ།། མ་དེས་བུ་ལ་དེ་ལྟར་བྱེད་མི་རུང་ཞེས་རྒོལ་ན་ཡང་། སྟོན་པས་བུ་འདི་ལ་དང་བའི་དད་པ་ཡོད་པས་བསོད་ནམས་ཆེན་པོར་འགྱུར་རོ་ཞེས་གསུངས་ནས་བྱེ་མ་རྣམས་ཀུན་དགའ་བོ་ལ་གཏད་དེ་བགྲང་དུ་བཅུག་པ་ལ། གྲངས་བྱེ་བ་གཅིག་བྱུང་བ་དང་།  སྟོན་པས་ཀུན་དགའ་བོ་ལ་ང་རང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན།  བུ་འདི་གྲོང་ཁྱེར་མེ་ཏོག་ཅན་ཞེས་བྱ་བར་རྒྱལ་བོ་མྱ་ངན་མེད་ཅེས་པར་གྱུར་ནས། མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱེ་བ་ཕྲག་གཅིག་ནུབ་གཅིག་ལ་བཞེངས་པར་འགྱུར་རོ་ཞེས་ལུང་བསྟན།  དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྱིན་པ་ན་བྱེ་མ་ཕུལ་བའི་བྱིས་པ་དེ་རྒྱལ་བོ་མྱ་ངན་མེད་དུ་སྐྱེས་ཤིང་།  དང་པོ་རྒྱལ་པོ་དེ་རིགས་དྲུག་གི་སྤྱོད་པ་ཚང་བར་གནས་པའི་ཧ་ཅང་གཏུམ་དྲག་ཆེ་བ་ཞིག་ཡིན་ནའང་། ཉིན་ཞིག་ལ་རྒྱལ་པོའི་ཡུལ་ཁམས་སུ་གསེར་གླིང་གི་དགེ་ཚུལ་ཞིག་འོངས་བ་ན། རྒྱལ་པོའི་བཙུན་མོས་ཁྲུས་བྱེད་པའི་སྐབས་སུ་རྒྱན་བྱ་རོག་གིས་ཁྱེར་བ་དེ་རྙེད་ནས་ཁྲོམ་དུ་ཁྱེར་ཏེ་སུའི་ཡིན་དྲིས་པས། ཁྱོད་ཀྱིས་རྐུས་ཟེར་ནས་ཆད་པ་ཕོག་ནས་བློན་པོ་རྣམས་ཀྱིས་མར་ཁུ་ཁོལ་མའི་ནང་དུ་ཞག་གསུམ་ལ་བཙོས་ཀྱང་མ་ཤི་བར་ཟིལ་བ་ཁྲོམ་མེ་འདུག་པས་རྒྱལ་བོ་དད་པ་སྐྱེས་ཏེ།  སྡིག་པ་བཤགས་པའི་ཐབས་ཤིག་བསྟན་རོགས་ཞེས་ཞུས་པ་ན། དགེ་ཚུལ་གྱིས་ངས་ཐབས་མི་ཤེས་མོད། ངའི་མཁན་པོ་ལ་ཞུ་དགོས་ཟེར་ཏེ་དགྲ་བཅོམ་པ་སྤྱན་དྲངས་ནས་ཞུས་པས། དེ་ན་རེ། རྒྱལ་པོ་ཁྱོད་ཀྱིས་ནུབ་གཅིག་ལ་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱེ་བ་གཅིག་བཞེངས་ཤིག་དང་སྡིག་པ་དག་པར་འགྱུར་རོ་ཞེས་གསུངས་པས། མྱ་ངན་མེད་ཀྱིས་རྒྱལ་པོ་མ་སྐྱེས་དགྲའི་དུས་སུ་མ་ག་དྷའི་བྲེ་དྲུག་གསེར་གྱི་བུམ་པར་བཅུག་ནས་འོད་མའི་ཚལ་ན་སྦས་ཡོད་པའི་རིང་བསྲེལ་དེ་བཏོན་ཞིང་། དགྲ་བཅོམ་པ་དེའི་གསུང་བ་བཞིན་གནོད་སྤྱིན་བསྒྲུབས་པས། གནོད་སྤྱིན་ཆེན་པོ་ཤིང་རྟ་ཞེས་པ་དཀར་པོ་ལ་དགའ་བ་དེ་གྲུབ་ནས་བཀའ་བསྒོས་པ་ཙམ་གྱིས་ནུབ་གཅིག་ལ་འཛམ་བུ་གླིང་གི་སའི་ཆ་ཀུན་དུ་རིང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་གཅིག་བཞེངས་པ་དང་གསེར་དངུལ་གྱི་བཆོད་པ་དང་རྒྱན་ཕུལ་ཏེ་དགེ་བའི་རྩ་བ་འདི་བླ་ན་མེད་པའི་སངས་རྒྱས་འཐོབ་པའི་རྒྱུ་རུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་། ལོ་བརྒྱད་ཅུ་རྩ་བདུན་གྱི་བར་དུ་མཆད་རྟེན་རྣམས་མཆོད་པར་བྱས་ཏེ་དགུང་ལོ་བརྒྱ་དང་ལྔ་བཅུ་ལ་བཞུགས་ནས་འདས་སོ་ཞེས་གསུངས།  སྤྱིར་ལོ་རྒྱུས་འདི་ལ་རྟོག་བཏགས་དང་སྒྲོ་སྐུར་ཆ་འདྲེས་ན་ཡང་ཆག་ལོ་ཙཱ་བ་སྐུ་དངོས་ཀྱིས་འདི་འདྲའི་དང་དོད་དོད་ཆེན་པོས་གསུངས་བས་ཁོ་བོའི་ཡིད་ཀྱི་དང་བའང་དབང་མེད་དུ་དྲངས་སོང་ངོ་།།

གསུམ། ཕྱི་ནང་གི་རྟེན་ལ་མཇལ་ཚུལ།

རྡོ་རྗེ་གདན་ནས་ཤར་དུ་དཔག་ཚད་གཅིག་ཙམ་ན་ཆུ་བོ་ནེཉྫན་དགའ་ཞེས་པ་ལྷོ་ནུབ་མཚམས་ནས་བྱང་ཤར་དུ་འབབ་པ།  དབྱར་ཀོ་བའི་གྲུ་དགོས་ལ་དགུན་གྲུ་མེད་ཀྱང་ཐར་ཙམ་ཡོད། ཆུ་བོ་དེའི་འགྲམ་ནས་མདའ་རྒྱང་དོ་ཙམ་ན་སྔོན་བཅོམ་ལྡན་འདས་ས་ཆ་དེ་རང་དུ་དཀའ་ཐུབ་མཛད་པའི་དུས་ཀྱི་སྐུ་རུད་པའི་ཚུལ་གྱི་རྡོ་སྐུ་བྱིན་རླབས་ཅན་ཞིག་བཞུགས།  མ་ག་དྷའི་བྲག་ཅིག་གི་ཤོད་ན་《མདོ་སྡེ་སྐྱེས་རབས》་ནས་གསུངས་པའི་སྔོན་ཐུབ་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཚེ་སྟག་མོ་ལུས་སྦྱིན་བཏང་བའི་ཚུལ་གྱི་རྡོའི་སྐུ་བཞུགས་ཤིང་དེ་ལ་སྟག་མོའི་གཙུག་ལག་ཁང་ཞེས་གྲགས།  ཡང་མ་ག་དྷ་ན་མུ་སྟེགས་ཀྱི་ལྷ་སྟེ།  ལྷ་མོ་ནག་མོ་ཞེས་གྲགས་པ་རྡོའི་སྐུ་མི་ཙམ་ཞིག་ཡོད་ཅིང་། ལྷ་མོ་དེ་ནི་སྔོན་སློབ་དཔོན་ནག་མོའི་ཁོལ་གྱིས་གསོལ་བ་བཏབ་པས་དངོས་གྲུབ་གནང་མཁན་དེ་ཡིན་འདུག་ལ། ནག་མོའི་ཁོལ་ལ་ལྷ་མོའི་གྲུབ་པ་ཐོབ་རྗེས་ “བདག་གི་ལག་པ་གཡས་ན་པདྨ་ཞིག། གཡོན་ནའང་དེ་བཞིན་ཨུཏྤལའི་མེ་ཏོག། འཇམ་པོའི་ཡུ་བའམ་རྩུབ་མོའི་ཡུ་བ་ཅན།། གང་འདོད་སྨོས་ཤིག་པདྨའི་མིག་ཅན་མ།།”ཞེས་རྒྱལ་བོའི་བུ་མོ་ལ་སྤྲིངས་བའི་འཕྲིན་སོགས་ལྷ་མོའི་སྐུ་དེ་མཐོང་རྗེས་ཆག་ལོ་ཙཱ་བའི་ཞལ་ནས་སློབ་དཔོན་ནག་མོའི་ཁོལ་གྱི་གཏམ་རྒྱུད་ཡིད་འགུལ་ཐེབས་པ་དེ་ལ་ཡང་བསྐྱར་ཐེངས་གཅིག་གསན་པའི་སྐལ་བ་ལྡན་སོང་།  དེ་ནས་ན་རོ་བའི་སྒྲུབ་གནས་ཕུ་ལ་ཧ་རི་དང་དུར་ཁྲོད་ཆེན་པོ་བསིལ་ཚལ་སོགས་ལ་མཇལ།   དུར་ཁྲོད་དེ་ནི་ནགས་ཚལ་ཆེན་པོ་ཞིག་གི་དཀྱུལ་ན་ནགས་མེད་པའི་སྟོང་ཆེ་བ་ཅིག་ན་འདུག་ལ། ནགས་ཁྲོད་དེ་ན་དུག་སྤྲུལ་ཡང་མང་སྟེ།  ལུས་མདོག་ཁྲ་བོ་དང་ཁ་ནག་པོ། ཆེ་ཆུང་ལ་མའི་བརླ་ཤ་ཙམ་ཡོད་པ་དང་། ཤིང་འགོ་རུ་འགྱུས་ན་ཤིང་གི་རྩེ་མོ་རྣམས་ཀྱང་འགུལ་བར་བྱེད་པའི་འཇིགས་སུ་རུང་བ་ཞིག་འདུག 

རིགས་ངན་གྱི་མིས་རིགས་བཟང་བ་ལ་ལག་པ་རེག་ཏུ་མི་རུང་ལ།  ཟས་བཟའ་བ་ལ་རིགས་ངན་གྱི་མིག་གིས་བལྟས་ནའང་ཟས་འཕྲོ་འབོར་དགོས།   ལམ་བར་ཅིག་ནས་ཆོས་རྗེ་ཆུ་གཅིག་ལ་བརྒལ་བས་ཆུས་ཁྱེར་བ་ལས་ཕ་གིར་ཐར་ཙམ་བྱུང་དུས། མི་ནག་པོ་ཅིག་ཡོད་པ་དེ་ལ་ཆུ་ལས་སྒྲོལ་དང་ཞུས་པས། ” ཁོ་ན་རེ། ང་རིགས་ངན་ཡིན་ཟེར་ཏེ་སྒྲོལ་བར་མ་བྱུང་། ” གནས་ཚུལ་འདི་མཐོང་རྗེས་ངའི་སེམས་སུ་ཤེས་རིག་གི་འོད་སྟོང་འབར་བའི་རྒྱ་གར་ལུང་པ་ནའང་རིགས་རྒྱུད་ཀྱི་འདུ་ཤེས་ཧ་ཅང་ཐལ་ཆེ་བ་འདི་བློ་ཕམ་པ་ཞིག་པ་རེད་བསམ་བྱུང་།

དེ་ནས་བྱ་རྒོད་ཕུང་པོའི་རི་ལ་མཇལ། རི་དེའི་མིང་རྒྱུན་དུ་མི་རྣམས་ཀྱིས་མདོ་ཁ་འདོན་བྱེད་སྐབས་མང་པོ་ཐོས་མྱོང་ཞིང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དང་དགེ་འདུན་ཆོས་འཕེལ་གྱི་《གཏམ་རྒྱུད་གསེར་ཐང》་སོགས་ནས་ཀྱང་ཅུང་ཙམ་རེ་མཐོང་མྱོང་ལ། ད་ཐེངས་ཆག་ལོ་ཙཱ་བའི་ལམ་ཡིག་ནས་ཡང་བསྐྱར་ཐེངས་གཅིག་ལ་མཇལ་ཐུབ་སོང་། བྱ་རྒོད་ཕུང་པོའི་རི་ནི་མཐོན་པོ་མེད། སྤྱིར་རྒྱ་གར་ན་རི་མེད་ཅིང་བྱ་རྒོད་ཕུང་པོའི་རི་དེ་བོད་ཀྱི་རི་འབྲིང་ཙམ་ཞིག་གི་ཕྱེད་ཙམ་ཡོད་པ། རྩེ་མོ་ཟླུམ་འཁྱིལ་ལེ་བ། ཕྱོགས་ཐམས་ཅད་ནགས་ཀྱིས་ཁེངས་པ།  རི་སུལ་ལ་ལ་ནས་ཆུ་འབབ་པ་དང་ལ་ལ་ན་བྲག་ཡོད་པ། སྟག་དང་། དོམ་དང་། དྲེད་སོགས་གཅན་གཟན་མང་པོ་གནས།  ལམ་ཡིག་འདི་རུ་གསལ་བའི་བྱ་རྒོད་ཕུང་པོའི་རི་དང་མི་གཞན་དག་གི་མཐོང་སྣང་གཉིས་ལ་ཁྱད་པར་འདུག་ནའང་དེ་ནི་དུས་སྐབས་སོ་སོ་གནས་ཚུལ་དང་གང་ཟག་མི་འདྲ་བ་དག་གི་དག་སྣང་མ་འདྲ་བ་ལས་བྱུང་བ་ཡིན་ནམ་སྙམ།  གཞན་ཡང་རྒྱལ་བོའི་ཁབ་ཅེས་པའི་གནས་དེར་སོང་ནས་ལྟ་སྐོར་ཅིག་བྱས་ཀྱང་མང་པོ་མ་བྲིས་པར་བཞག

རྡོ་རྗེ་གདན་ནས་ལྷོ་ནུབ་ཏུ་ཕྱིན་ན་ནཱ་ལེནྡྲ་རུ་སྔ་དྲོ་སྔ་སླེབས་བྱེད་ཐུབ།  དེ་ན་རྒྱལ་པོ་དང་བློན་པོ། བཙུན་མོ་སོགས་ཀྱིས་བཞེངས་བར་གྲགས་པའི་གཙུག་ལག་ཁང་མོང་པོ་འདུག་ལ། གར་ལོག་གིས་ཉམས་དམས་བྱས་པས་ཞབས་ཏོག་བྱེད་པ་དང་མཆོད་པ་འབུལ་མཁན་ཉུང་ཙམ་ལས་མེད། དེ་ན་བླ་མ་པཎྜི་ཏ་ཆེན་པོ་རཱ་ཧུ་ལ་ཤྲི་བྷ་དྲ་སྟེ་དཔལ་སྒྲ་གཅན་འཛིན་བཟང་པོ་བྱ་བ་མཁས་གྲུབ་བཙུན་པའི་དགེ་སློང་དགུང་ལོ་དགུ་བཅུ་ལྷག་བཞེས་པ་ཞིག་བཞུགས་ཤིང་། མ་ག་དྷ་ཡི་རྒྱལ་པོ་བུད་དྷ་སེ་ནས་བླ་མ་དེ་ལ་སོགས་པའི་པཎྜི་ཏ་བཞི་ཙམ་དང་བནྡེ་བདུན་བཅུ་ཙམ་རེ་ལ་ཞབས་ཏོག་བྱེད། རྒྱལ་བའི་ལྷ་ཞེས་ཕྱ་བའི་ཕྱུག་པོ་གཅིག་གིས་རིན་པོ་ཆེའི་ཁྲི་བཤམས་ཡོད།  རྟེན་ཁྱད་པར་དུ་འཕགས་པ་ཇོ་བོ་ཁ་སར་པ་ཎའི་རྡོ་སྐུ་རང་བྱོན་དང་། འཇམ་དཔལ་འཇིང་ཡོན་དང་། ཡེ་ཤེས་མགོན་པོའི་རྡོ་སྐུ་རང་བྱོན་དང་། སྒྲོལ་མ་རྒྱན་མེད་ཅེས་བྱ་བ་བཞི་བཞུགས།  སྔ་མ་གསུམ་ནི་རེ་རེ་བཞིན་སློབ་དཔོན་ཟླ་བ་གྲགས་པ་དང་ཙན་དྲ་གོ་མཱི་གཉིས་ཀྱིས་བགྲོ་གླེང་མཛད་པ་དང་། སློབ་དཔོན་ཟླ་བ་གྲགས་པས་ཙན་དྲ་གོ་མཱི་ལ་བསུ་བ་མཛད་ཚུལ་དང་། ཙན་དྲ་གོ་མཱིས་སྒྲོལ་མའི་སྐུ་བྲིས་པ་ཅིག་ལས་སྐུ་རྒྱན་རྣམས་སྦྱིན་པ་བཏང་ཚུལ་སོགས་སྐུའི་བྱུང་བ་དང་འབྲེལ་བའི་གཏམ་རྒྱུད་ཡིད་འཕྲོག་པ་མང་པོ་ཡོད། ཡེ་ཤེས་མགོན་པོའི་སྐུ་དེ་ནི་དུར་ཁྲོད་བསིལ་བའི་ཚལ་དུ་རྡོ་ལ་རང་བྱོན་དུ་ཡོད་པ་ལ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྙེད་ནས་འདིར་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ཡིན་ལ། གར་ལོག་གི་དཔོན་གཅིག་གི་འཇིགས་པ་ལ་གཡོལ་ཆེད་ཆག་ལོ་ཙཱ་བས་བླ་མ་རཱ་ཧུ་ལ་ཤྲི་བྷ་དྲ་ཁུར་ནས་མགོན་ཁང་དེ་ན་བཞུགས་ཤིང་ར་མདའ་བྱེད་པའི་གར་ལོག་གི་དམག་སུམ་བརྒྱ་ཙམ་མཚོན་ཆ་ཟིང་ངེ་བ་བྱུང་ནས་བཀྲོངས་ངེས་པར་འདུག་ཀྱང་མ་རྙེད་པར་སྐྱེངས་ནས་ལོག་སོང་ངོ་།། མགོན་པོའི་སྐུ་དེ་ཞལ་གཅིག་ཕྱག་བཞི་པ། ཆེ་ཆུང་མི་བས་ཆེ་ཙམ་པ། མིས་སྣུམ་མཉེད་བྱས་པས་སྔོ་ཀྲེད་ཀྲེད་པ། ལྟེ་བའི་ཐད་ཀར་མགོལགཏུགས་ནས་བྱིན་རླབས་ཞུས་པས་ཟད་པ་ལ་རྡོ་སྲན་ཟན་མདོག་ཏུ་སྣང་།  

དེ་ནས་དབྱར་དུ་འགྲོ་ཙ་ན་བླ་མས་ཞལ་ནས། འདིར་ཚད་པས་གྲོངས་འགྲོ་བས་ཁྱེད་རང་བལ་བོར་བཞུད་དགོས། འདིར་བོད་གཞན་སློབ་གཉེར་ལ་འོང་བ་རེ་ཡང་ན་ནིང་ཤི་བ་ཡིན།  ཁྱེད་སྔར་ཡང་ཆོས་མང་པོ་མཁྱེན་གདའ་བས་སྲོག་གི་བར་ཆད་བྱུང་ན་ཕངས་ཆེ། ཅིས་ཀྱང་བཞུད་དགོས་གསུངས་ཤིང་གྲོགས་པོ་དག་གིས་ཀྱང་དེ་སྐད་བསྙད་ན་ཡང་། ཤི་ཡང་འདིར་སློབ་གཉེར་བྱ་དགོས་སྙམ་ནས་བླ་མ་ལ་ཞུས་ནས་བཞུགས་པས།   དབྱར་དུས་ཤིག་ལ་སྐུ་ལ་ཤུ་བ་སུམ་བརྒྱ་བྱུང་ནས་འོ་བརྒྱལ་བྱུང་ནའང་སྡུག་བསྲན་བྱས། སྐབས་འདིར་ཐོན་དུས་ང་རང་གནའ་མྱི་འདི་ཚོའི་སྙིང་རུས་དང་བཟོད་བསྲན་ལ་ཡ་མཚན་ཞིང་། དཀའ་ཁག་ཏོག་ཙམ་རེ་ལ་ཕྲད་ནའང་ཨ་ཐང་ཆད་སླ་བའི་ང་ཚོའི་རང་གཤིས་དེ་དྲན་ན་མེས་པོ་ཚོའི་མདུན་ནས་ངོ་གནོང་བའི་རྒྱུ་ལས་མི་འདུག  

པ་ན་ཧཱི་ཞེས་པ་མཐིལ་ལྷམ་ཀོ་རི་དང་ཡུ་བ་མེད་པར་ཤིང་ངམ་ཀོ་བས་མཐིལ་བྱས་པ་རྐང་པའི་གོང་དུ་སྒྲོག་གིས་འཆིང་བ་རྒྱ་གར་པའི་ལུགས་ཡིན་ལ། རེས་འགའ་དེ་འདྲའི་ལྷམ་ཡང་མེད་ཅིང་། རྡོ་རྗེ་གདན་ནས་དཀོན་གཉེར་གཅིག་གིས་ཆག་ལོ་ཙཱ་བ་བོད་ཡིན་པ་ལྷམ་གོན་པའི་རྟགས་ཀྱིས་ཧ་གོ་བའང་འདི་འདྲའི་ལྷམ་དཀོན་པས་ཡིན་རྒྱུ་རེད། ཡུལ་ཅིག་ན་མུ་སྟེགས་པས་ཤིང་མང་པོ་ཚན་ཆེན་པོ་བརྩིགས་པའི་ནང་དུ་ཕྱུགས་མང་པོ་བཅུག་ནས་མེ་སྦར་ཏེ་དམར་མཆོད་བྱས་པ་མཐོང་།   

ནཱ་ལེནྡྲ་ནས་ཆོས་རྫོགས་པར་ཞུས་ནས་བླ་མ་ལ་བོད་དུ་འགྲོ་བར་ཞུས་པས་མ་གནང་། དེ་ནས་ཟླ་གཅིག་ཙམ་སོང་བ་ན་བླ་མས་ཞལ་ནས་ཁྱོད་ཀྱི་ཆོས་མང་པོ་མཁྱེན་པས་སེམས་ཅན་ལ་ཕན་ཐོགས་འོང་། ད་བོད་དུ་བཞུད་དགོས་གསུངས་པས། དེའི་ཉིན་མོར་བླ་མ་པཎྜི་ཏ་འདོ་ལི་ལ་བྱོན་ནས་སྐྱེལ་མ་གནང་ཞིང་།  ཁྱོད་དགེ་སློང་ལེགས་པོ་ཞིག་ཡོད་པས། བོད་དུ་བཞུད་གསུངས་ནས་སྤྱན་ཆབ་བསིལ། ང་ན་སོ་རྒས། བོད་ས་ཐག་རིང་། སྐྱེ་བ་འདིར་ད་འཕྲད་པ་མི་འོང་། བདེ་བ་ཅན་དུ་མཇལ་འོང་ཞེས་སླར་བཞུད། འདི་དུས་ངའི་སེམས་སུ་ཚོར་བ་སྐྱོ་དུང་ངེ་བ་ཞིག་དང་མཉམ་དུ་མར་བ་ལོ་ཙཱ་བ་དང་མི་ལ་རུས་པ།  ཆོས་རྗེ་དོན་འགྲུབ་རིན་པོ་ཆེ་དང་རྗེ་ཙོང་ཁ་པ་སོགས་སྐྱེས་ཆེན་གསེར་རི་འདྲ་བ་དག་གི་བླ་སློབ་བར་ཀྱི་ཐུགས་བརྩེ་དང་བཀའ་དྲིན་གྱིས་བསྐྱངས་བའི་རྣམ་ཐར་ཡང་དབང་མེད་དུ་དྲན་འོངས། 

  བཞི། ཚུར་ལམ།

ད་ནི་རྒྱ་གར་རྡོ་རྗེ་གདན་དངོས་སུ་མཐོང་ཞིང་ཐོས་བསམ་ཡང་མང་དུ་མཛད་ནས་ཕྱིར་ཕ་ཡུལ་ལ་ལོག་རན་སོང་བས་དགའ་འོས་པ་ཞིག་ཡིན་མོད། འོན་ཏེ་ལམ་ཐག་རིང་པོ་དེ་འདྲ་ཞིག་ནས་ཕྱིར་ལོག་རྒྱུ་ནི་ 《ནུབ་བསྐྱོད་ཟིན་ཐོ》་ནས་ཐང་གུར་བླ་མ་བླ་སློབ་ཚོ་དང་འདྲ་བར་ཐད་ཀར་གནམ་ནས་འཕུར་ཡོང་ན་ཆོག་པ་ལྟ་བུའི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ།  ཚུར་ལམ་ཟླ་བོ་མེད་པར་གཅིག་པུ་ཡོང་ཞིང་ཆུ་བོ་གངྒཱའི་གྲུ་ནང་ནས་གར་ལོག་གི་མི་གཉིས་ཀྱིས་” ཁྱོད་བོད་ཀྱི་མིར་འདུག  ཁྱོད་ལ་གསེར་འདོད་ཟེར་ “ནས་འཕྲོག་བཅོམ་བྱེད་རྩིས་ཀྱང་བྱས། དེ་ནས་ཏི་ར་ཧུ་ཏིའི་གྲོང་ཁྱེར་པ་ཊ་ལ་ཞེས་པ་དེར་སླེབས་པ་ན་ཡུལ་དབུས་ཀྱི་ཚད་པ་ཕྱིར་འབྲངས་ནས་ཟླ་བ་གཉིས་ལ་སྙུང་ནད་དྲག་པོས་མནར་ཞིང་།  ཡུལ་དེ་ན་མི་ངོ་ཤེས་པ་དང་གྲོགས་པོ་ནི་གཅིག་ཀྱང་མེད་པས། གསོལ་བའི་རྒྱགས་དང་སྙུང་བའི་ནད་གཡོག་ནི་མེད།  གནས་གཡར་བའི་བདག་པོ་དེས་ནི་རྟག་ཏུ་ཁྱོད་རང་ཅིས་ཀྱང་འཆི་བ་ཡིན་པས་འདིར་མ་སྡོད་སོང་ཟེར་བས། གནས་དེར་གྲོངས་ལ་ཁད་པ་ཤིན་ཏུ་འོ་བརྒྱལ་བྱུང་ངོ་།། དེ་ནས་སྙུང་གཞི་དྭངས་ནས་སྐུ་ལུས་སྔ་སོར་བཞིན་སོས་པ་ན་གྲོང་ཁྱེར་པ་ཊ་ལའི་རྒྱལ་པོ་རཱ་མ་སིང་ཧ་བྱ་བ་དེས་སྤྱན་དྲངས་པ་དང་ལོ་ཙཱ་བས་རྒྱལ་པོ་དེ་ལ་སཾསྐྲྀཏའི་ཚིགས་སུ་བཅད་པའི་ཤིས་ཚིག་བརྗོད་པས་རྒྱལ་པོ་ཤིན་དུ་མཉེས་ཏེ་གསེར་སོགས་ཀྱི་ཡོན་བཟང་པོ་གྱ་ནོམ་པ་ཕུལ་ནས་བླ་མཆོད་དུ་བཞུགས་པར་ཞུས་ན་ཡང་མ་བྱས་པར་ཞག་འགའ་ལ་བཞུགས་ནས་ཕེབས་སོ།།  

དེ་ནས་མདོ་ལི་ལ་སྤྱན་དྲངས་ནས་བལ་ཡུལ་དུ་བྱོན་ཞིང་དེ་གའི་ཕྱུག་པོ་རྣམས་ཀྱི་བསྙེན་བཀུར་རྒྱ་ཆེན་པོ་བྱས།   དེར་མང་ཡུལ་གུང་ཐང་དུ་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་གདན་ས་ཡང་ཏོག་བྱ་བ་རུ་བཞུགས་རོགས་ཞེས་ཞུ་བ་ཕུལ་ཡང་། ཆོས་རྗེས་ཞལ་ནས་ང་རང་གཉལ་གྱི་ལྟེའུ་ར་ཞེས་པར་མཁན་པོ་ལོ་ཙཱ་བ་གོང་མ་དེས་གདན་ས་སྐྱོང་དགོས་པས་སྡོད་མི་ཁོམ་གསུངས།  ཡང་དོག་ནས་གནས་གཞི་བརྒྱད་ཅུ་ཐམ་པ་ཡི་ལྡེ་མིག་ཉིན་གཅིག་ལ་ཕྱག་ཏུ་ཕུལ་ཞིང་། ཡོན་བདག་སོན་ཕྱུག་བཙན་གྲགས་ཀྱིས་གསེར་འབུམ་དང་ཡོན་བདག་དཀོན་མཆོག་རྟེན་གྱིས་གསེར་གྱི་ཉི་ཁྲི་སོགས་པོ་ཏི་མང་པོ་ཕུལ། པོ་ཏི་ནི་ཆོས་སྐད་དུ་པུ་སྟྀཀ  འཕྲད་སྐད་དུ་པོ་ཏི། བོད་སྐད་དུ་གླེགས་བམ་ཞེས་བྱ་བ་ཡིན་གསུངས། དེ་ནས་ཡང་དོག་ནས་དབུས་སུ་བྱོན་ཞིང་། གོང་གི་ཡོན་བདག་གཉིས་ཀྱིས་ཕུལ་བའི་གླེགས་བམ་རྣམས་ལྟེའུ་རར་གདན་དྲངས་སོ།། ཡོན་བདག་དེ་གཉིས་ལ་སྔོན་བུ་མེད་པ་ལ་བུ་གསུམ་སྐྱེས།  མི་ནོར་འཛོམས།  བདེ་སྐྱིད་དང་ལྡན་པར་གྱུར་ཏོ།།  

སྔོན་བལ་ཡུལ་ན་བཞུགས་པའི་དུས་སུ་ས་སྐྱ་པཎྜི་ཏས་མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩི་ཐིགས་པའི་དཔེ་ཆ་བསྐུར་གསུངས་བྱུང་བ་ལ། རྒྱ་དཔེ་བསྐུར་བས། ཁྱེད་རང་གིས་འགྱུར་མཛད་པའི་བོད་དཔེ་ལ་བལྟ་བ་ཡིན་གསུངས་བས།  ཡང་བསྐྱར་ཆག་ལོ་ཙཱ་བ་རང་གིས་བསྒྱུར་བ་དེ་བསྐུར་བ་གཟིགས་པས། ཤིན་ཏུ་མཉེས་ཏེ། ཕྱིས་སུ་ས་སྐྱ་ནས་མཇལ་ནས་གསུང་གླེང་མཛད་དུས། ཆོས་རྗེ་ས་པཎ་གྱི་ཞལ་ནས།  ལོ་ཙཱ་བ་རིན་ཆེན་བཟང་པོའི་རྟིང་ལ་ཁྱོད་བས་མཁས་པ་མ་བྱུང་ངེས་པ་ཡིན།  ང་ཡང་ཁྱེད་ཀྱི་འདི་ལྟར་མཁས་པ་ཞིག་བྱ་སྙམ་པ་ལ་ཡབ་མེས་ཀྱིས་ཀུན་གྱིས་རྒྱ་གར་དུ་མ་བཏང་བས་ལན།  ཞེས་བཅུ་ཕྲག་རིག་གནས་ཁོང་དུ་ཆུད་པའི་ས་སྐྱ་པཎྜི་ཏ་མཆོག་གིས་ཀྱང་ཐོ་རེངས་སྐར་ཆེན་ལྟ་བུའི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འཕྲོ་ནས་ཆག་ལོ་ཙཱ་བ་ཁྱོད་འདྲ་བ་མི་འདུག་ཅེས་ཁོང་གི་ཡོན་ཏན་ལ་སྨོན་པ་དང་བསྔགས་བརྗོད་ཚད་མེད་གནང་འདུག

དེ་ནས་གཉའ་ལྟེའུ་ར་པ་རྣམས་ཀྱིས་སྤྱན་དྲངས་ཤིང་གླེགས་བམ་རྣམས་མཛོ་མང་པོ་ལ་བཀལ་ནས་བྱོན་པས། མི་ལ་ལས་དཔེ་ཆ་དེ་འདྲའི་མང་པོ་ཡོད་མི་སྲིད་སྙམ་ནས། ཁོང་ཚོ་ན་རེ། དཔེ་དང་ཆོས་དེ་ཙམ་མི་སྲིད།  ཆོས་དང་བུ་རམ་མང་པོ་ཡོད་ཟེར་སྐད་འདུག  དེའི་དུས་སུ་ཆོས་རྗེ་ཆག་ལོ་ཙཱ་བའི་ཞབས་ཀྱིས་གང་དང་གང་དུ་བཅགས་སར་བཀྲ་ཤིས་ཤིང་ལོ་ལེགས་བདེ་སྐྱིད་ལྡན་པར་གྱུར་ཏོ།། ལྟེའུ་རའི་སློབ་དཔོན་དོན་ཞགས་པ་ལ་ཆོས་རྗེས་སྔོན་གཞོན་ནུའི་དུས་སུ་ལྷའི་ཞལ་གཟིགས་སོང་གསུངས་ཟེར་བ་ལ་ཡིད་མ་ཆེས་པར་དེ་བར་ཆད་རེད། རྒྱ་གར་དུ་སོང་ན་ཕྱིར་འོང་མི་ཐུབ་ཟེར་པ་ལ། ལོ་ཉི་ཤུ་རྩ་བཞི་ལ་མ་འཇལ་ཡང་། བར་ཆད་མེད་པར་བྱོན་པས་དད་གུས་གཞན་ལས་ཆེ་སྐད་འདུག་ལ་མཁས་གྲུབ་བཙུན་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ་པས། ཧོར་ཡུལ་ནས་ཀྱང་ཆོས་རྒྱལ་འཕགས་པ་དང་རྒྱལ་པོ་མོང་གོལ་གོ་པེ་ལ་ཡིས་གུས་པས་དཔོན་པོ་ཤིག་ཤ་ཏ་ལ་སོགས་པའི་གསེར་ཡིག་པ་འགའ་ཡང་དང་ཡང་དུ་བཏང་ནས་སྤྱན་འདྲེན་ཞུས་ཀྱང་ལམ་ནས་བར་ཆད་ཀྱིས་ཕེབས་མ་ཐུབ་པར་བོད་དུ་བཞུགས་ནས་འགྲོ་བ་མང་པོ་ཕན་བདེར་བཀོད་ཅིང་ལྟེའུ་རའི་གདན་ས་བསྐྱངས། 

དགུང་ལོ་དྲུག་ཅུ་རེ་གཅིག་པ་རྟའི་ལོ་ལ་ཐང་པོར་ཆེར་བྱོན་ནས་དཔྱིད་དབྱར་སྟོན་གསུམ་ལ་ཆོས་མང་པོ་གསུངས་པ་དང་། ལན་ཅིག་ཏུ་ཆོས་རྗེའི་ཞལ་ནས་ཁོ་བོ་ལྷོ་བལ་དུ་འགྲོ་ཙ་ན་རྡོ་རྗེ་གདན་མ་མཐོང་བར་དུ་མི་ལྡོག་པའི་དམ་བཅའ་བྱས། ལོ་བཅུ་བདུན་ལོན་ནས་བཞི་བཅུ་རྩ་ལྔའི་བར་དུ་སྣག་དང་མི་འབྲལ་བའི་དམ་བཅའ་བྱས། ད་ལྟའང་དགེ་སྦྱོར་གྱི་དམ་བཅའ་དང་། དཀོར་ལ་མི་འབག་པ་དང་། གཞིས་ཁ་མི་སྤྱོད་པ་དང་། གསེར་སེ་བ་གཅིག་གམ་བྲེ་གང་ཡང་བེད་འགྱུར་དུ་མི་གཏོང་བ་དང་། འཁོར་ལ་ཁྲལ་མི་སྡུད་དང་། མི་སྡེའི་དཔོན་མགོ་མི་བྱེད་པའི་དམ་བཅའ་སོགས་ཡོད་གསུངས། ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱིས།  ” དམ་པས་མང་པོ་ཁས་འཆེ་མི་བྱེད་ལ།། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།། རྡོ་ལ་རི་མོ་བྲིས་པ་ལྟ་བུ་ཡིས།། ཤི་ཡང་གཞན་དུ་བྱེད་པ་མི་འགྱུར་རོ།། ”  ཞེས་པ་བཞིན་དམ་བཅའ་བྲག་ལ་བརྐོས་པའི་དམ་པ་དེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

དེ་ལྟར་ལོ་གྲངས་དུ་མ་ལ་དཀའ་བ་སྤྱད་པའི་འབྲས་བུ་དེ་རང་ཡུལ་ཁ་བ་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་ཁོ་ན་ལ་ཕུལ་ཞིང་། དགུང་ལོ་དྲུག་ཅུ་རྩ་བདུན་ལ་བཞུགས་ནས་ཤིང་ཕོ་བྱི་བའི་ལོའི་དགུན་ཟླ་ར་བ་མགོའི་ཟླ་བ་ལ། རེས་གཟའ་ལྷག་པ། སྐར་མ་ནམ་གྲུའི་དུས། བྱེད་པ་ཁྱིམ་སྐྱེས། སྦྱོར་བ་ཤིན་ཏུ་མཆོག་ཅན་ཚེས་བཅུའི་ཉི་མ་ལྷན་དྲོས་པ་ལ་ཞི་བར་གཤེགས་སོ།།  དམ་པའི་ཞབས་རྗེས་གསལ་བའི་ལམ་ཡིག་ལས།། ངོ་མཚར་ལྟད་མོ་མང་པོས་མིག་འཕྲོག་ཅིང་།། རྨད་བྱུང་མཛད་རྣམ་ཉིན་བྱེད་སྣང་བ་ཡིས།། བདག་ཡིད་དད་པའི་པད་ཚལ་རྒྱས་པར་བྱས།།

༢༠༢༠ལོའི་ཟླ༢ཚེས༡༢ཉིན་བྲིས་ཚར།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།