ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐོར་གོ་བདེར་ཕབ་པ།

མཁར་ཕྱིང་བ་སྟག་རྩེ་༼ལྷོ་ཁ༽ན་རྒྱལ་སྟག་བུ་གཉན་གཟིགས་བཞུགས།ཉེན་དཀར་རྙིང་བ༼ལྷ་སའི་ཕྱོགས༽ན་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས།སྔུར་བའི་ཡུ་སྣ༼མལ་གྲོ་གུང་དཀར༽ན་ཟིང་པོ་རྗེ་ཁྲི་པངས་སུམ་མཆིས། དེ་ནས་ཟིང་པོ་རྗེ་སྟག་སྐྱ་བོ་ལྟ་བུ་ནི་ཅི་ལ་ཡང་ཕྱི་ཅི་ལོག་པ་ཤ་སྟག་བྱེད་དེ། ཉེས་པ་ནི་ལེགས་པར་བཅུག ལེགས་པ་ནི་ཉེས་པར་བཅུག་གོའཛངས་ཤིང་སྙིང་ཉེ་བས་ལེགས་པའི་སྲིད་བྱས་ཤིང་བློ་བསྟན་པ་ལ་མི་ཉན་པར་མི་ཁ་ཡག་ངོ་དགའ་བྱེད་པ་ལ་ཉན་ཞིང་མི་འདི་ལྟ་བུ་ནི་བདེན་པར་འདུག་གོ་ཞེས་བསྟོད། མི་འཛངས་ཤིང་གཞུང་དྲང་བྱེད་པ་དང་དཔལ་ལ་སྙིང་སྟོབས་ལྡན་པ་ལ་སྡང་སྟེ་གོ་གནས་ཕབ་སྟེ་མ་འོས་པའི་ཆད་པ་ནན་ཆེ་བྱས་པ་སོགས་མི་མཁོ་བའི་ལས་ནི་མང་ངོ་།། དེ་ལྟར་ཟིང་པོ་རྗེ་སྟག་སྐྱ་བོའི་ཆོས(ལུགས་སྲོལ) ལོག་ཅིང་སྲིད་གྱུར་བས། རྒྱལ་བོས་ཉེས་དགུ་བྱས་པ་མི་གཅིག་གིས་མཐོང་ཡང་། བློ་ཉེ་བར་བྱས་ཏེ་རྒྱལ་པོའི་ཉེས་པ་ཞུ་གཏུགས་བྱས་པའི་ཆད་པ་ནན་ཆེས་བས་ཉེས་པ་ཇི་བཞིན་དུ་སུས་ཀྱང་ཞུ་མ་ཕོད་དོ། །རྒྱལ་པོ་ནི་གོང་ན་གཏུམ་ཞིང་འབངས་མི་ནི་འོག་ན་སྐྲག་གོ །རྒྱལ་པོ་ནི་གོང་ན་སྨྱོ་ཞིང་འབངས་མི་ནི་འོག་ན་ཐོར་བས་གཅིག་སེམས་གཅིག་ལ་མི་བསྟན་པར་ཐ་དད་དུ་སེམས་སོ། །ཟིང་པོ་རྗེ་ཅི་ལ་ཡང་ལོག་པ་ལྡོག་ཕྱོགས་སུ་ཉེས་དགུར་བྱས་པས་ཡུལ་གྱི་སྲིད་ཀྱང་ཉམས་སོ། །མི་ཡོངས་ཀྱང་རྒྱལ་པོ་ལ་ཡིད་ཆད་དོ། །དེའི་འོག་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་གཉན་འཛི་ཟུང་ནག་པོས་རྒྱལ་བོ་ལ་གསོལ་པ། རྒྱལ་པོ་ཅི་ལ་ཡང་ལོག་པར་མཛད་པས་འོ་སྐོལ་གྱི་སྲིད་ནི་སྲིད་དུ་མི་རུང་། ཆོས་ནི་ཆོས་སུ་མི་རུང་སྟེ། ནམ་ཞིག་བརླག་ཟིན་ན་ཇི་ནོངས་ཞེས་གསོལ་བ། ཟིང་པོ་རྗེ་སྟག་སྐྱ་བོ་ཉན་དུ་མ་རུང་སྟེ་འདི་སྐད་ཟེར་བ་ཉེས་སོ་ཞེས་གཉན་འཛི་ཟུང་ནག་པོ་བློན་པོའི་གོ་གནས་ལས་ཕྱུང་ངོ། །དེའི་རྗེས་གཉན་འཛི་ཟུང་མ་རངས་བས་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་ངོ་ལ་བལྟས་ཏེ། གཉན་འཛི་ཟུང་ནག་པོ་ངོ་ལོག་སྟེ་སྟག་སྐྱ་བོ་བསད། དྲེའུས་སྒུལ་སྟེ་གསེར་སྒ་བཅག་གོ །སྟག་སྐྱ་བོའི་ཡུལ་ཡེལ་རབ་སྡེ་བཞི་དང་ཀླུམ་ཡ་གསུམ་རྒྱལ་བོ་ཁྲི་པངས་སུམ་གྱི་འོག་ཏུ་འདུས་སོ། །དེའི་བྱ་དགའ་མཁར་སྔུར་བས་བཅད་དེ་ཀླུམ་ཡ་སུམ་གྱི་སྨད་གཉན་འཛི་ཟུང་གི་བྲན་དུ་བྱིན་ནོ། །བྲན་གྱི་ས་རིས་ཀྱི་ནང་དུ་མྱང་ནམ་ཏོ་རེ་ཁྲུ་གྲུ་དང་སྨོན་ཏོ་རེ་ཙེང་སྐུ་ཕ་སྤད་ཀྱང་་འཛི་ཟུང་གི་བྲན་དུ་བཅད་དོ། །དེའི་རྗེས་འཛི་ཟུང་གི་ཆུང་མ་པ་ཙབ་ཟས་བྲན་མྱང་ཙེང་སྐུ་ལ་བརྙས་བྱེད་དེ་སྡིག་བསྣོལ་སྟུ་བསྟན་པས་མྱང་ཙེང་སྐུ་མ་དགའ་བས་ཟིང་པོ་རྗེ་ཁྲི་པང་སུམ་ལ་མཉན་འཛི་ཟུང་གི་བྲན་བྱེད་མི་ཕོད་ཅེས་ཡིད་ཆད་དེ་གསོལ་ཏོ། །ཟིང་པོ་རྗེ་ན་རེ། མཉན་འཛི་ཟུང་ལས་ང་ལ་སྙིང་ཉེ་བ་མེད་པས་དེའི་བྲན་དུ་ཁྱོད་འདྲ་མ་རན་པ་མེད་དོ། །ཆུང་མས་སྡིག་བསྣོལ་སྟུ་བསྟན་པ་བས་ཁར་གླན་ཡང་ཆུང་མར་དབང་བས་ཉེས་པ་མེད་དོ་ཞེས་བསྒོ་སྟེ་མྱང་ཙེང་སྐུས་གསོལ་བ་བཞིན་མ་གནང་ངོ། །གཏམ་དེར་ཙེང་སྐུ་ཤིན་ཏུ་མ་རངས་ཏེ་ཡིད་ཆད་དོ། །དེའི་རྗེས་ལ་ཟིང་པོ་རྗེའི་མངན་དཔོན་དབའ་བཤོས་ཏོ་རེ་ཁྲུ་གུ་དང་གཤེན་ཁྲི་བཞེར་འདྲོན་ཀོང་གཉིས་འཕྲེན་པའི་རྫིང་ཀར་འཐབས་ནས་གཤེན་གྱིས་དབའ་བསད་དོ། །དབའི་ཕུ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས་ཟུང་པོ་རྗེ་ལ་ནུ་བོ་གཤེན་གྱིས་བསད་པའི་མི་སྟོང་ཇི་གནང་ཞེས་གསོལ་ན། ཟིང་པོ་རྗེས་གཤེན་ཁྲི་བཞེར་ནང་བློན་བྱེད་པའི་ངོ་མ་ཆོད་པས་དགེ་བས་མི་དགེ་བ་བསད་ན་བསད་དུ་རུང་ངོ་ཞེས་བསྒོའོ། །གཏམ་དེས་དབྱི་ཚབ་ཤིན་ཏུ་མ་རངས་ཏེ་ཡིད་ཆད་དོ། །དེ་ནས་མྱང་དབའ་གཉིས་ཡིད་ཆད་དེ་འགྲོགས་ནས་ཁྱིམ་དུ་ཡོང་། དབྱི་ཚབ་སྔོན་དང་ཙེང་སྐུ་ཕྱི་ན་འགྲོ་བ་ལས་མྱང་ཙེང་སྐུ་གཅིག་པུས་ཕྱི་ན་ཆིག་ལབ་སྨྲས་ཏེ།

ཆུ་བོ་ཆུ་བོའི་ཕ་རོལ་ན།།ཡར་ཆབ་གཙང་བོའི་ཕ་འགྲམ་ན།།

མི་ནི་མི་ཡི་བུ་ཡིན་ཡང་།།དོན་ལ་ལྷ་ཡི་སྲས་པོ་བཞུགས།།

བདེན་པའི་རྒྱལ་པོས་གཡོག་ཏུ་བཀོལ་ན་དགའ།།

བདེན་པའི (བཟང་པོ) ་སྒ་ནི་རྒྱབ་ཏུ་བསྟད་ན་དགའ།།

ཞེས་སྙིང་ལ་བསམ་པ་ཁར་ཤོར་བས་དབྱི་ཚབ་སྔོན་ལ་འགྲོ་བའི་རྣ་བར་ལྷུངས་པ་དབྱི་ཚབ་ཀྱིས་ཚིག་དེ་འཕྲལ་གྱིས་བླངས་ནས། ཙེང་སྐུ་ཁྱོས་ཟེར་བ་ལས་བདེན་པ་མེད་དོ། །ཁོ་བོ་ཡང་འདི་ལས་མ་རངས་པ་མེད་པས་ཁྱོའི་བསམ་པ་དང་མི་འདྲ་ན་ཞེས་མནའ་བསྐྱལ་ལོ། །དེ་ནས་མྱང་དབའ་གཉིས་ཟིང་བོ་རྗེ་ཁྲི་པངས་སུམ་ལ་ངོ་ལོག་སྟེ་བཙན་པོ་སྤུ་རྒྱལ་ལ་བློ་བ་ཉེ་བར་བྱས་ནས་མནའ་བསྐྱལ་ཐོ་ཡང་ཆེར་བཅད་དོ། །དེའི་འོག་ཏུ་དབའ་དབྱི་ཚབ་ཀྱིས་ཞང་པོ་མནོན་བཟང་ཏོ་རེ་སྲོན་ལ་གྲོགས་བྱས་ཏེ་མནའ་ཐོ་བཅད་ཀྱང་བཟང་ཏོ་རེ་ཤི་བས་བུ་པང་སུམ་འདྲོན་པོ་ཟིང་པོ་རྗེའི་ནང་འཁོར་བྱེད་པ་ལ་གྲོགས་བྱས་ཏེ་མནའ་ཐོ་བཅད་དོ། །དེ་ནས་མྱང་དབའ་མནོན་དང་གསུམ་གྱིས་ཚེས་པོང་ནག་སེང་ལས་འཕྲིན་གྱིས་ཏེ་སྤུ་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྙན་དུ་གསོལ། བཙན་པོའི་ཞལ་ནས་ངའི་སྲིང་མོ་ཞིག་ཀྱང་ཟིང་པོ་རྗེའི་གམ་ན་འདུག་མོད་ཁྱོད་ཀྱི་ཟེར་བ་བཞིན་བྱའོ་ཞེས་བཀའ་སྩལ་ནས་མྱང་དབའ་མནོན་དང་གསུམ་མནའ་བསྐྱལ་བར་མཁར་ཕྱིང་བར་མཆིས།ཉིན་དཀར་ནགས་ཚལ་གྱི་ཕག་ན་སྐུང་། མཚན་མོ་མཁར་ཕྱིང་བར་མཆིས་ཏེ་བཙན་པོ་དང་དབུ་སྙུང་བྲོ་མནའ་གཅོད་པའི་ཚེ། ཡར་མི་འབངས་ཀྱིས་དེ་ལྟར་འགྲོ་བ་མཐོང་ནས་དགྲ་གྲོགས་གང་ཡིན་མ་ཤེས་པར་དཔྱད་པའི་གླུ་བླངས་པ།

མི་མཛེས་ལ་རྟ་ཡང་མཛེས་པ་ཞིག།

ཉིན་རེ་བཞིན་ཕག་ཚལ་ནགས་ན་འདུག།།

མཚན་རེ་བཞིན་ཕྱིང་བའི་མཁར་དུ་འགྲོ།

དགྲ་དང་གྲོགས་གང་ཡིན་ཆ་མ་འཚལ།།

ཞེས་བླངས་སོ། །དེའི་རྗེས་ལ་ཟིང་པོ་རྗེ་ལ་དམག་མ་དྲངས་གོང་རྒྱལ་སྟག་བུ་གཉན་གཟིགས་དགུང་དུ་གཤེགས་སོ། །སྔོན་མ་རྒྱལ་སྟག་བུ་གཉན་གཟིགས་ཀྱི་སྙན་དུ་འཕྲིན་ཚེས་པོང་ནག་སེང་གིས་བགྱིས་སོ། །དེ་ཚུན་ཆད་དུ་ཚེས་པོང་ནག་སེང་གི་བྲན་སྤུག་གྱིམ་ཏང་རྨང་བུས་བགྱིས་སོ། །སྤུག་གྱིམ་ཏང་རྨང་བུ་གྲོགས་སུ་བྱས་པ་ན་སྤུག་གྱིམ་ཏང་རྨང་བུས་མཚན་མོ་གཉིད་ལོག་བྱས་ཏེ་གསང་འཕྲིན་ཕྱི་ལ་ཤོར་དོགས་ནས་ཆུང་མ་དང་ལྷན་དུ་མི་ཉལ་བར་རི་ལ་ཉལ་ཞིང་ནུབ་རེ་མལ་རེ་བརྗེའོ། །ཆུང་མ་ལ་ཡང་ང་ལ་ཡ་མཚར་གྱི་ཡི་དྭགས་ཤིག་བབ་འདུག་པས་གསང་ཐུབ་པར་གྱིས་ཤིག་ཅེས་གདམས་སོ། །དེ་བཞིན་བྱེད་བྱེད་པས་ཆུང་མ་དང་གཉིས་ཀ་འཐབས།ཆུང་མས་ཁྱོད་གཡོ་སྒྱུ་ཆེ་བ་ལ་ཡི་དྭགས་ཤིག་མ་བབ་ཀྱིས་གཡོ་སྒྱུའི་སྦྱོར་བར་ངེས་སོ་ཞེས་སྨྲས་པས།ཁོ་ཁྲོས་ཏེ་དེའི་ནུབ་མོ་ཆུང་མ་ལ་ངོ་དགའ་བྱས་ཏེ་སྙིང་ཉེ་བར་ནུབ་གཉིས་གསུམ་ལ་ལྷན་ཅིག་ཉལ་བར་བྱས་ཏེ་ཆུང་མའི་ལྕེ་ལ་སོ་བཏབ་སྟེ་དམུར་དམུར་ཏེ་བཅད་པས་ཆུང་མ་ཡང་ཤི། དེའི་རྗེས་སུ་ཟིང་པོ་རྗེ་ལ་དམག་མ་དྲངས་པར་གྱིམ་ཏང་རྨང་བུ་ནད་ཀྱིས་ཟིན་ཏེ་རབས་ཆད་དེ་ཤིའོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།