སྐྱེས་ཆེན་དམ་པ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་སྐུ་གཤེགས་རྐྱེན་སྐོར་ལ་ངེས་ཤེས་འདྲོངས་པ།

དང་པོ། སྐྱེས་ཆེན་དམ་པ་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་རིགས་རུས་དང་འཁྲུངས་འདས་ཀྱི་སྐོར།

བོད་སིལ་ཐོར་གྱི་དུས་སྐབས་མཇུག་རྫོགས་ཏེ་སླར་ཡང་བོད་གཅིག་གྱུར་གྱི་དབུ་བརྙེས་པའི་སྐབས་དེར། ས་སྐྱའི་གདུང་རབས་ཀྱིས་ཧོར་གྱི་སྟབས་ཤུགས་ལ་བརྟེན་ནས་བོད་ཡོངས་གཅིག་གྱུར་གྱི་ལམ་ལ་བཀོད་པའི་ཁྲོད་མཛད་འཕྲིན་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་ལ། ཁོང་ཉིད་ལ་ཧོར་སེ་ཆེན་གོང་མས་བོད་ཆོལ་ཁ་གསུམ་དང་ཁྲི་སྐོར་བཅུ་གསུམ་སོགས་དབང་ཡོན་དུ་གནང་པ་ནས་བཟུང་བོད་སླར་ཡང་གཅིག་གྱུར་གྱི་དབུ་བརྙེས་པའམ་བོད་ཡོངས་ལ་ས་སྐྱས་དབང་མཛད་པའི་འགོ་བཟུང་བ་ཡིན་པས་ཁོང་ནི་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་སྐྱེས་ཆེན་དམ་པ་ཞིག་ཡིན།

འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་ནི་འཁོན་རིགས་ས་སྐྱ་བ་ཞེས་པའི་རྒྱུད་ལ་འཁྲུངས་པ་ཡིན་ཞིང་། དེ་ཡང་འཁོན་རིགས་སྐྱ་བར་གྲགས་པའི་ཐོག་མ་ནི་གནམ་ནས་ལྕེ་རིང་གཡུ་རིང་། གཡུ་བསེ་མཆེད་གསུམ་ལས། གཡུ་རིང་གིས་རྨུའི་བུ་མོ་ཟ་ལྡེམ་ཁབ་ཏུ་བཞེས་པས་སྲས་མ་སངས་སྤུན་བདུན་བྱུང་བའི་ཆེ་བ་དྲུག་དང་ཡབ་ལྷ་ཡུལ་དུ་བྱོན། ཆུང་བའི་སྲས་ཐོག་ཚད་དཔའ་བོ་སྟག་བྱུང་བར་མོ་ཟ་མཚོ་རྒྱལ་བསུས་པ་ལ་སྲས་གཡའ་སྤང་སྐྱེས་འཁྲུངས།སྲིན་པོ་སྐྱ་རིང་ཁྲག་མེད་བསད། གཡའ་གྲུམ་སིལ་མ་འཕྲོག་སྟེ་ཁབ་ཏུ་བཞེས་པས་སྲས་བཞི་བྱུང་བ་སྲིན་པོ་དང་འཁོན་པའི་བར་སྐྱེས་པས་འཁོན་བར་སྐྱེས་སམ་འཁོན་པ་སྐྱེས་ཞེས་གྲགས་པ་ནས་བཟུང་འཁོན་གྱི་གདུང་རྒྱུད་ཞེས་གྲགས་ལ། ཆུ་མོ་གླིང་གི་ལོའི་(༡༠༧༣)ཟླ་བརྒྱད་པ་ལ་འཁོན་དཀོན་མཆོག་རྒྱལ་པོས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཐོག་མར་བཏབ། དགོན་པ་དེ་ཉིད་ནི་དཀར་པོ་རིའི་སྟེང་ནས་བཞེངས་པས་ན་ས་སྐྱ་དགོན་ཞེས་ཐོགས་ཤིང་། དེ་ལ་བོད་ཀྱི་ཆོས་ལུགས་ལོ་རྒྱུས་སྨྲ་བ་པོ་དག་གིས་དགོན་པ་བཏབ་པའི་ལོ་དེ་ནི་ས་སྐྱའི་གྲུབ་མཐའི་སྲོལ་ཕྱེ་བའི་ལོ་རབས་སུ་བཞེད་པ་ཡིན། ཡང་ལོ་འདི་ཉིད་ནས་དབུ་བརྩམས་ཏེ་འཁོན་རུས་ཀྱི་རྒྱུད་པ་དེ་དང་ས་སྐྱ་ཞེས་པའི་ཡུལ་གྱི་མིང་གཉིས་གཅིག་ཏུ་བསྡོངས་ཏེ་ས་སྐྱ་འཁོན་གྱི་གདུང་རྒྱུད་ཅེས་སུ་གྲགས་པའོ།།འཁོན་དཀོན་མཆོག་རྒྱལ་པོ(༡༠༣༤-༡༡༠༢)སྲས་སུ་ས་ཆེན་ཀུན་དགའ་སྙིང་བོ(༡༠༩༢-༡༡༦༨)་འཁྲུངས་པ་ཡིན། ས་ཆེན་ཁོང་ལ་སྲས་དཀོན་མཆོག་བཟང་པོ་དང་། བསོད་ནམས་རྩེ་མོ(༡༡༤༢-༡༡༨༢)། གྲགས་པ་རྒྱལ་མཚན(༡༡༤༧-༡༢༡༦)། དཔལ་ཆེན་འོད་པོ་ཆེ(༡༡༥༠-༡༢༠༣)བཅས་འཁྲུངས་པར་གྲགས། དེ་ལས་དཔལ་ཆེན་འོད་པོ་ཆེ་ལ་ཡུལ་གངས་ཅན་གྱི་ལྗོངས་འདིར་བཅུ་ཕྲག་རིག་པའི་གནས་ལ་མཁས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ། བོད་ཀྱི་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན(༡༡༨༢-༡༢༥༡)་ཞེས་བོད་མི་ཡོངས་ཀྱི་ཁ་ན་རླུང་ལྟར་གྲགས་པ་དེ་དང་། གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན(༡༡༨༢-༡༢༣༩)་གཉིས་འཁྲུངས། གཅུང་ཟངས་ཚ་ཁོང་གིས་ཇོ་མོ་ལྔ་ཁབ་ཏུ་བཞེས་པའི་དང་པོ་ནི། ཡུལ་མདོག་གི་ཚ་སྣའི་འདབས་སུ་ཟུར་ཁང་རྒྱ་མཚོ་བའི་ཞང་རྒྱལ་བ་དཔལ་གྱི་སྲས་མོ་མ་གཅིག་ཀུན་སྐྱིད་ཞུ་བ་དེ་ཡིན་ཅིང་། དེ་ལ་སྲས་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག(༡༢༣༥-༡༢༨༠)དང་ཕྱག་ན་རྡོ་རྗེ(༡༢༣༩-༡༢༦༧)གཉིས་འཁྲུངས་པ་ཡིན་ནོ།། དེ་ལྟར་ས་སྐྱའི་གདུང་རབས་དག་རིམ་པར་བྱོན་པ་ཡིན་ལ། འདིར་ས་སྐྱ་གོང་མ་རྣམ་ལྔ་གཙོ་བྱས་ས་སྐྱའི་གདུང་རབས་ཁྲོད་མཛད་པ་ཆེ་ཤོས་ཀྱི་མི་སྣ་སྐོར་ཅིག་གི་འབྲེལ་བ་ལ་ངེས་ཤེས་འདྲོངས་པ་ཡིན།

གཉིས་པ། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་གི་མཛད་རྣམ་ཆེ་ལོང་ཙམ་བརྗོད་པ།

གོང་དུ་བརྗོད་པའི་ས་སྐྱའི་གདུང་རབས་དེ་དག་ལས་འདིར་སྐབས་སུ་བབས་པ་འགྲོ་མགོན་འཕགས་པ་མཆོག་གི་འཁྲུངས་རབས་རགས་ཙམ་བརྗོད་པ་ལ། སྐྱེས་ཆེན་ཁོང་ཉིད་ནི་བོད་རབ་བྱུང་བཞི་བའི་ཤིང་མོ་ལུག་གི་ལོ(༡༢༣༥)ཟླ་གསུམ་པའི་ཚེས་དྲུག་ལ་ཡབ་ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་(ཡབ་དགུང་ལོ་ལྔ་གཉིས་ཡིན།)དང་ཡུམ་མ་གཅིག་ཀུན་སྐྱིད་གཉིས་ཀྱི་སྲས་སུ་གཙང་ངམ་རིང་གི་ཀླུ་ཁུང་དུ་སྐུ་འཁྲུངས་པ་ཡིན། དེ་ཡང་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་མཆོག་འཁྲུངས་མ་ཐག་ས་པཎ་གྱིས་འདི་གཞན་ལས་ཁྱད་པར་འཕགས་པ་ཡོང་། ལུག་ལོར་སྐྱེས་འཕགས་པ་ལུག་སྐྱེས་ཞེས་ཐོགས་གསུང་ལ། དང་པོ་ནས་སྦྱངས་པ་དང་། སྐྱེས་སྟོབས་ཀྱི་ཐུགས་རབས་དཔག་ཏུ་མེད་པ་མངའ་བས། གཞོན་ནུའི་དུས་ནས་ཀློག་ཡིག་དང་། སློབ་གཉེར་གསན་སྦྱོངས་མཛད་པ་གང་ལའང་མཐོང་བ་ཙམ་གྱིས་མཁྱེན་པ་ཁོ་ན་བྱུང་བས། ཐམས་ཅད་ཀྱིས་འདི་ལྟ་བུ་ཁྱད་འཕགས་ཟེར་ལ། མཚན་ཡང་འཕགས་པ་ཞེས་གྲགས་པ་ཡིན། འགྲོ་མགོན་འཕགས་པ་མཆོག་སྐུ་ན་ཆུང་དུས་ནས་བཟུང་ས་པཎ་དང་ལྷན་དུ་ཧོར་ཡུལ་སོགས་ས་ཆ་གང་མང་ལ་བྱོན་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐད་ལ་མཛད་རྗེས་བླ་མེད་གནང་བ་ཡིན། མཛད་རྣམ་དེ་དག་གི་སྐོར་རྒྱས་པ་ཞིག་དང་གསལ་བོ་ཞིག་མཁྱེན་འདོད་ན་<<ཡོན་རྒྱལ་རབས་ཀྱི་ཏི་ཤྲི་འགྲོ་མགོན་འཕགས་པའི་མཛད་རྣམ།>>དང་། <<དེབ་ཐེར་དམར་པོ།>><<རྒྱ་བོད་ཡིག་ཚང་ཆེན་མོ།>><<ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད།>><<ཐུའུ་བཀྭན་གྲུབ་མཐའ།>><<ཆོས་འབྱུང་མཁས་པའི་དགའ་སྟོན།>><<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།>>སོགས་དེབ་ཐེར་ཁག་ལ་མཇལ་བར་འཚལ། འདི་ལས་ཁོང་གི་མཛད་རྣམ་ཆེ་ལོང་ཙམ་བརྗོད་པ་ནི་གཤམ་ལྟར། འགྲོ་མགོན་འཕགས་པ་མཆོག་དགུང་ལོ་གསུམ་པའི་དུས་སྒྲུབ་ཐབས་མཚོ་སྐྱེས་ཐུགས་ཐོག་ནས་གསུངས་པས་ཐམས་ཅད་ངོ་མཚར་ཏེ། འདི་ནི་ངེས་པར་འཕགས་པའོ་ཞེས་ཕྱོགས་ཀུན་ཏུ་གྲགས། དགུང་ལོ་བརྒྱད་པ་ལ་སྐྱེས་རབས་དང་། དགུ་བ་ལ་བརྟག་གཉིས་གསུངས་ཤིང་ཚོགས་ཀྱི་གཏམ་བཤད་མཛད་པས། མཁས་པ་རྣམས་ཀྱི་ང་རྒྱལ་ཆག་ཅིང་ཕྱོགས་ཀུན་ཏུ་གྲགས་པས་ཁྱབ། དེ་ནས་ས་པཎ་མཆོག་དགུང་ལོ་དྲུག་ཅུ་རེ་གསུམ་པའི་སྐབས་ཧོར་གྱི་བཀའ་ལུང་ལྟར་ས་པཎ་ཧོར་ཡུལ་གོང་མའི་བླ་མཆོད་དང་། ལྷག་པར་བསྟན་འགྲོ་སྤྱི་དང་བོད་སྤྱིའི་དོན་དུ་འབྱོན་པར་ཞལ་གྱིས་བཞེས། དེ་ལྟར་འཕགས་པ་དགུང་ལོ་བཅུ་དང་། ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ལས་མ་སོན་པ་དེ་གཉིས་ཁྲིད་གནང་ནས་སྤྱི་ལོ༡༢༤༤བོད་ཤིང་འབྲུག་ལོའི་ལོ་མཇུག་ཏུ་ས་སྐྱ་ནས་ཆིབས་བསྒྱུར་གནང་། ས་པཎ་ཁུ་དབོན་གྱིས་སྐུ་ངལ་ཁྱད་དུ་བསད་དེ་ལེ་དབར་སྟོང་ཕྲག་དུ་མའི་ཤུལ་ལམ་རིམ་གྱིས་བྱོན་མཐར་སྤྱི་ལོ༡༢༤༦ལོའི་ཟླ་བརྒྱད་པར་ལིང་གྲུར་འབྱོར། སྤྱི་ལོ༡༢༤༧ལོའི་ཟླ་དང་པོར་གོ་དན་རྒྱལ་པོ་ཕྱིར་ལིང་གྲུར་ཕེབས་ནས་ས་པཎ་དང་མཇལ་འཕྲད་གནང་། དེ་ལྟར་ལོ་མང་མ་འགོར་བར་སྤྱི་ལོ༡༢༥༣ལོའི་ཟླ༡༡པའི་ཚེས༡༤ཉིན་ས་པཎ་མཆོག་ལིང་གྲུ་སྤྲུལ་བའི་སྡེར་སྐུ་མྱ་ངན་ལས་འདས། དེ་བཞིན་དུ་དགུང་ལོ་བཅུ་བདུན་ཙམ་བཞེས་པའི་འགྲོ་མགོན་འཕགས་པ་ཉིད་ས་སྐྱའི་རིང་ལུགས་ཀྱི་གདན་ས་གསར་དུ་འཛིན་མཁན་དུ་གྱུར། དེ་ལྟར་སྤྱི་ལོ་༡༢༥༣ལོ་བོད་རབ་བྱུང་བཞི་བའི་ཆུ་གླང་ལོར་སེ་ཆེན་ཧུ་པེ་ལི་དང་འགྲོ་མགོན་འཕགས་པ་དངོས་སུ་མཇལ། དེ་ནས་འགྲོ་མགོན་འཕགས་པས་སེ་ཆེན་རྒྱལ་པོར་ས་སྐྱ་བའི་ཁྱད་ཆོས་དཔའ་ཀྱེ་རྡོའི་དབང་ཡོངས་སུ་རྫོགས་པ་ལན་གསུམ་གྱི་བར་དུ་བསྐུར་བ་ལས། ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེག་པའི་དབུ་བརྙེས་པ་ཡིན་ཞིང་། དེའི་དབང་ཡོན་དང་པོ་ནི་བོད་ཡུལ་ཁྲི་སྐོར་བཅུ་གསུམ་དང་། ཐེངས་གཉིས་པ་ལ་བོད་ཡུལ་ཆོས་ཁ་གསུམ་དང་། ཆོས་དུང་དཀར་པོ་རྒྱང་གྲགས་མ། ཐེངས་གསུམ་པར་རྒྱའི་མི་ཡུར་ཆེན་པོ་བཅས་ཕུལ་བར་ཡོངས་སུ་གྲགས་པ་དེའོ།།

སྤྱི་ལོ༡༢༥༥ལོར་འགྲོ་མགོན་འཕགས་པ་དགུང་ལོ་ཉེར་གཅིག་པར་བཞེས་ཏེ་བསྙེན་རྫོགས་ཀྱི་དུས་ལ་སླེབས་ཤིང་། ཁོང་གིས་སྙེ་ཐང་པ་གྲགས་པ་སེང་གེ་དང་ཕྱ་པ་སེང་གེ། གཙང་ནག་པ་བརྩོན་འགྲུས་སེང་གེ། འཚུར་གཞོན་ནུ་སེང་གེ། མཁན་པོ་གྲགས་པ་སེང་གེ། བྱང་ཐང་པ་ཇོ་གདོན་བསོད་ནམས་རྒྱལ་མཚན། ནེ་པ་མཁན་པོ་བློ་གྲོས། ཡར་ལུང་བླ་མ་བྱང་ཆུབ་རྒྱལ་མཚན་བཅས་དབུས་གཙང་གི་ཡུལ་གྲུ་ཀུན་ཏུ་གྲགས་པས་ས་སྟེང་ཁྱབ་པའི་བླ་མ་མང་པོ་ཞིག་བསྙེན་རྫོགས་པར་གདན་ཞུ་མཛད། ཟླ་བ་ལྔ་བའི་ཚེས་བཅུ་གཅིག་ཉིན་རྒྱ་ཡུལ་གྱི་ཧེ་ཅེའུ་དང་ཉེ་བའི་སར། དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པའི་དབུས་སུ་བསྙེན་པ་རྫོགས་པ་མཛད་དོ།། བསྙེན་རྫོགས་ཚར་རྗེས་ཁོང་ཉིད་ཕྱིར་སེ་ཆེན་གྱི་གནས་སྐབས་ཙམ་གྱི་བཞུགས་ཡུལ་ཐི་ཚི་ཅེས་པའི་ཡུལ་ལ་བྱོན།

སྤྱི་ལོ༡༢༦༠ལོའི་ཟླ༡༢པར་སེ་ཆེན་རྒྱལ་བོས་འགྲོ་མགོན་འཕགས་པར་གོ་ཤྲིའི་ཆོ་ལོ་དང་གཡང་ཊིའི་ཐམ་ཀ་བཅས་གནང་སྟེ་ནང་ཆོས་ལ་མངའ་བསྒྱུར་བའི་བཀའ་བསྩལ་ཏེ། རྒྱལ་ཡོངས་ཀྱི་ནང་བསྟན་ཆོས་ལུགས་གཙོ་འཛིན་གྱི་གོ་གནས་སུ་བསྟད། སྤྱི་ལོ་༡༢༦༥ལོར་ཐེངས་དང་པོར་ཕྱིར་ས་སྐྱར་ཕེབས་ཏེ་བོད་དུ་སྲིད་འཛིན་ལམ་ལུགས་བཙུགས་པ་སོགས་ཀྱི་མཛད་པ་གནང་བ་ཡིན། སྤྱི་ལོ༡༢༦༧ལོར་དཔའ་ལྡན་ས་སྐྱ་ནས་མེས་རྒྱལ་ནང་སར་ཆིབས་ཞལ་བསྒྱུར། སྐབས་དེར་ས་སྐྱའི་སྲིད་དབང་གི་བསྒྲགས་ཡིག་ལྟར་འདམ་གཞུང་དུ་གདན་ཐོག་གཅིག་ལ་འདུས་ཏེ་སྐྱེལ་མ་གནང་བ་འདི་ལྟ་བུ་ནི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་ནས་ཀྱང་ཐོག་དང་པོ་རུ་ཟད། དེ་ནས་ཕྱིར་སོག་ཡུལ་ལ་འབྱོར་རྗེས་སེ་ཆེན་གོང་མ་དང་མཇལ་འཕྲད་གནང་བ་དང་། ཧོར་ཡིག་གི་ཡིག་ཕུད་བརྡ་སྤྲོད་པའི་གཞུང་གསར་དུ་བརྩམས་ཏེ་འབུལ་གནང་མཛད། གོང་མ་ཤིན་ཏུ་དགྱེས་པ་གྱུར།འགྲོ་མགོན་འཕགས་པ་དགུང་ལོ་སོ་དྲུག་བཞེས་པ་སྤྱི་ལོ༡༢༧༠ལོར་སླར་ཡང་གོང་མར་དབང་བསྐུར་ཞུས་པའི་ཚེ། གོང་མས“གནམ་གྱི་འོག་སའི་སྟེང་། རྒྱ་གར་གྱི་ལྷའི་སྲས་པོ། ཡི་གེ་རྩོམ་མི། སྤྲུལ་པའི་སངས་རྒྱས། རྒྱལ་ཁམས་འཇགས་སུ་འཇུག་མི། སྙན་ངག་གི་རྒྱུ། པཎ་ཊི་ཏ་འཕགས་པ་ཏི་ཤྲི”ཞེས་མཚན་གསོལ་ཞེས་ལོ་རྒྱུས་དེབ་ཁག་ན་རིམ་པ་བཞིན་གླེང་གི་འདུག་པ་དེའོ།།

སྤྱི་ལོ༡༢༧༦ལོར་འགྲོ་མགོན་འཕགས་པ་མཆོག་ཡང་བསྐྱར་ས་སྐྱར་ཞབས་སོ་འཁོད་པ་དང་། གོང་མ་ཡང་ཐུགས་བྲལ་མི་ཕོད་པ་ལྟ་བུའི་སྣང་བ་འཁྲུངས་ནས་སྐྱེལ་མ་རྒྱ་ཆེན་བྱས་པ་དང་། མཚོ་སྔོན་གྱི་རྨ་ཆེན་སྤོམ་རའི་འདབས་ཞོལ། རྨ་ཆུའི་ཁུག་པའི་སར་སྐྱེལ་བར་གྲགས་ཤིང་། ད་དུང་རྒྱལ་སྲས་ཇིམ་གྱིམ་འཁོར་དང་བཅས་པ་གདན་ས་ས་སྐྱ་རང་དུ་ཕེབས་སྐྱེལ་དུ་མངགས་པར་མཛད་དོ།། དེའི་ཕྱིར་ལོ༡༢༧༧ལོར་གོང་མའི་སྲས་ཇིམ་གྱིམ་གྱིས་སྦྱིན་བདག་བྱས་ནས། གཙང་གི་ཆུ་མིག་རིང་མོའི་ཆོས་སྡེ་ཆེན་པོར་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་ཞིག་བསྐོར་བར་དེ་ལ་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་ཆུ་མིག་ཆོས་འཁོར་ཞེས་བརྗོད་དེའོ།།

དེ་ལྟར་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དཔའ་བཟང་བོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་པ་རླབས་ཆེན་བསྐྱངས་མཐར། སྤྱི་ལོ་༡༢༨༠ལོའི་ཟླ༡༡པའི་ཚེས་༢༢ཉིན་ས་སྐྱའི་ལྷོ་དགོན་གྱི་ལྷ་ཁང་བླ་བྲང་དུ་དགུང་ལོ་བཞི་བཅུ་ཞེ་དྲུག་བཞེས་པའི་སྒང་ལ་སྐུ་མྱུ་ངན་ལས་འདས་སོ། །འདི་ཙམ་གྱིས་སྐྱེས་ཆེན་ཁོང་གི་མཛད་རྣམ་ཆེ་ལོང་ཙམ་བརྗོད་པ་ཡིན་ལ་སྐུ་མྱུ་ངན་ལས་འདས་པའམ་བཀྲོངས་པ་གང་ཡིན་སོགས་ཀྱི་སྐོར་ལེའུ་ཕྱི་མར་གླེང་རྒྱུ་ཡིན་ནོ།།

གསུམ་པ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་སྐུ་གཤེགས་པའི་ཐད་ཀྱི་བཞེད་ཚུལ་དག་གླེང་བ།

དེ་ཡང་འགྲོ་མགོན་འཕགས་པ་མཆོག་དགུང་ལོ་ཞེ་དྲུག་བཞེས་པའི་ལྕགས་འབྲུག་ལོའི་(༡༢༨༠)ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ། ཉི་ཤུ། ཉེར་གཅིག་བཅས་ལ་གཟིམ་ཁང་དུ་བཞུགས། ཚེས་ཉེར་གཉིས་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་དཔལ་ས་སྐྱའི་ལྷ་ཁང་བླ་བྲང་དུ་སྐུ་མྱ་ངན་ལས་འདས་པ་ཡིན་ཞེས་ཡོངས་གྲགས་ལྟར་ཡིན་མོད། ཡང་དེབ་ཐེར་ཁག་ལ་ལར་བཞེད་པ་མི་མཐུན་པ་འགའ་བྱུང་ཡོད།ས་སྐྱའི<<གདུང་རབས་རིན་ཆེན་བང་མཛོད།>>ལས་“དེ་ནས་སྐུ་གདུང་བཞུ་ལ་ཕུལ་བས་བླ་མ་འདི་མངའ་ཐང་ཤིན་ཏུ་ཆེ་བ་ལ་བརྟེན་ནས་གཙུག་ལག་ཁང་མང་དུ་བཞེངས་པ་དང་། རྒྱ་བོད་ཀྱི་བར་ལ་ཡང་འབྱོན་འགྲུལ་སོགས་ལུགས་གཉིས་ཀྱི་གནང་སྐྱོང་ཆེ་བས་ཁྲལ་འུ་ལག་སོགས་ལ་མི་སྡེ་སྐལ་དམན་རྣམས་མ་དད་པའི་དམ་ཚིག་གི་ཉེས་པ་ཅུང་ཟད་ཀྱི་རྣམ་པས་གདུང་རུས་ཕལ་ཆེར་ནག་པོར་་བྱུང་།”ཡང་དེ་ལས“དེ་ནས་པུར་རུས་ནག་པོར་བྱུང་བ་དང་། ལྷག་པར་གཤེགས་པའི་གཏམ་རྒྱལ་ཡུལ་དུ་སྐྱེལ་བར་ཕྱིན་ན་ཆད་པ་འོང་ཟེར་ནས་སུས་ཀྱང་འགྲོ་མ་འདོད་པ་ལ།གདུང་རུས་རྣམས་བ་སོ་བརྡུངས་ནས་བསྲེས་ཏེ་ཏི་ཤྲི་འོད་ཟེར་བདག་ཉིད་ཆེན་པོའི་མཆོད་དཔོན་ཡིན་པས་དེ་ན་རེ། ད་ཆད་པ་བྱུང་ཡང་བླ་མའི་ཆེད་དུ་ཡིན་པས་ང་ཕྱིན་ཆོག་་་”ཅེས་གསུང་ནས་བྱོན་པར་གྲགས། འདི་ལས་འགྲོ་མགོན་འཕགས་པ་ཁོ་རང་ཉིད་སྐུ་གཤེགས་པའི་རྗེས་གདུང་རུས་ནག་པོར་འགྱུར་བ་དང་བླ་མ་གཤེགས་པའི་དོན་དེ་ཧོར་ཧོར་གོང་མར་ཞུས་ན་ཆད་པ་ཕོག་ཅེས་པ་དག་ལས་ཅུང་ཙམ་ཤེས་རྟོགས་ཤིག་ཆོག་པ་ནི་འགྲོ་མགོན་འཕགས་པ་ཁོ་རང་ཉིད་ཆུང་དུས་ནས་བཟུང་ས་པཎ་དང་ལྷན་དུ་སོག་ཡུལ་དུ་བྱོན་ནས་ས་སྐྱའི་གདུང་རབས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཆེད་དུ་མཛད་པ་མི་དམད་པ་བསྐྱངས་བ་མ་ཟད། ལྷག་པར་དུ་ས་པཎ་སྐུ་མ་གཤེགས་སྔོན་བོད་ཡོངས་ནས་ཧོར་གོ་དན་ལ་དཔྱའ་ཁྲལ་འཇལ་བ་དང་། དེའི་རྗེས་སེ་ཆེན་གོང་མར་བཀུར་བ་དང་། ས་པཎ་སྐུ་གཤེགས་རྗེས་འགྲོ་མགོན་འཕགས་པ་མཆོག་སེ་ཆེན་གྱི་བླ་མཆོད་ལ་བརྟེན་ནས་སྔར་ལྟར་མཆོད་ཡོན་གྱི་འབྲེལ་བའི་རྒྱུན་བསྲིངས་པ་ཡིན་ལ། སེ་ཆེན་གོང་མས་འགྲོ་མགོན་འཕགས་པ་ལ་དབང་ཡོན་ལན་གསུམ་གནང་བ་སོགས་བྱས་ནས་བོད་ཡོངས་ཀྱི་བདག་དབང་སྤྲད་པ་མ་ཟད། སྐབས་དེ་ནས་བཟུང་བོད་ཡོངས་ནས་ས་སྐྱའི་སྲིད་གཞུང་ལ་དཔྱའ་ཁྲལ་འཇལ་དགོས་བྱུང་བ་དང་། དེ་མིན་འགྲོ་མགོན་འཕགས་པའི་སྐབས་ས་སྐྱའི་ལྷ་ཁང་ཆེན་མོ་བཞེངས་དུས་དཔོན་ཆེན་ཤཱཀྱ་བཟང་པོས་འདམ་སོག་ཡན་དབུས་གཙང་གི་མི་སྡེ་ཁྲི་སྟོང་རྣམས་ལ་བཀའ་ཤོག་བཀྲམས་ནས་འུ་ལག་བསྐུལ་ཏེ་ས་སྐྱའི་ལྷ་ཁང་ཆེན་མོའི་རྨང་བཏིངས། གཞན་ཡང་རིན་ཆེན་བླ་བྲང་དང་ལྷ་ཁང་བླ་བྲང་སོགས་ཀྱང་རིམ་བཞིན་བཞེངས་བ་སོགས་ཀྱི་གནས་ཚུལ་འོག་ཁྲལ་འུ་ལག་མང་ཙམ་བསྡུས་པ་སོགས་ཀྱིས་འབངས་མི་ཕལ་བ་དག་ལ་དཀའ་ངལ་ཕྲད་པའི་སྣང་ཚུལ་འབྱུང་སྲིད་ངེས་དང་། ས་སྐྱའི་སྲིད་དབང་ལ་སྡང་མཁན་ནམ་གྲུབ་མཐའི་ཕྱོགས་རེས་ཀྱིས་ཀརྨ་པ་དང་འབྲི་གུང་པ་སོགས་ཀྱིས་སྐབས་དེར་ས་སྐྱའི་སྲིད་གཞུང་ལ་མི་དགའ་བའི་ཚིག་ཟུར་དག་ལས་འགྲོ་མགོན་གྱི་གདུང་རུས་ནག་པོ་བྱུང་བ་དང་པུར་ནག་པོར་འགྱུར་བ་སོགས་ཀྱི་སྐད་ཆ་དག་བྱུང་བ་འེ་ཡིན་ན་སྙམ། ཡིན་ཡང་གདུང་རུས་ནག་པོ་བྱུང་བ་སོགས་དོན་དངོས་དང་མཐུན་དཀའ་ནའང་དེའི་ལྐོག་ན་དོན་ཞིག་ཡོད་པར་ཤེས་རྟོགས་བྱས་ཆོག་སྙམ་བྱུང་། གཞན་ཡང་འགྲོ་མགོན་འཕགས་པ་སྐུ་གཤེགས་པའི་གཏམ་དེ་གོང་མ་ལ་ཞུས་ན་ཆད་པ་ཕོག་པའམ་ཡར་ཞུ་མི་ཕོད་པ་ལའང་རྒྱུ་མཚན་ཞིག་ཡོད་པ་འདོད། དེ་ལ<<རྒྱལ་རབས་འཕྲུལ་གྱི་ལྡེ་མིག>>སོགས་ལས“སྐབས་དེའི་འགྲོ་འཕགས་པའི་ཉེ་གནས་ཆེན་མོ་དང་། དཔོན་ཆེན་ཀུན་དགའ་བཟང་པོ་གཉིས་དབང་ཆར་མ་འཆམས་པས་ཉེ་གནས་ཀྱིས་བླ་མ་ལ་སྙན་ཕྲ་ཡང་ཡང་ཞུས་ནས་དཔོན་ཆེན་དང་འགལ་ཟླ་བཟོས་པ་མ་ཟད། ཉེ་གནས་དེས་ད་དུང་གོང་མས་གནང་བ་ལྟ་བུའི་དཔོན་ཆེན་གྱི་ཉེས་པ་བགྲང་བའི་སྙན་ཞུ་རྫུན་མ་ཕུལ་བ་དང་། གོང་མས་དེ་མ་ཐག་ཁྲིམས་དཔོན་ཞིག་དཔུང་འབོར་དང་བཅས་པ་ཞིབ་གཅོད་བྱེད་པར་མྱུར་སྟབས་སུ་མངགས་ཤིང་། དཔོན་དམག་རྣམས་དབུས་གཙང་དུ་འབྱོར་ཉེའི་སྐབས་རང་གི་རྫུན་རྐུབ་བརྡོལ་བར་སྐྲག་ནས།ཉེ་གནས་དེས་བླ་མའི་གསོལ་ཟས་ལ་དུག་བཏབ་ནས་ཕུལ་ཏེ་བཀྲོངས་པ་མ་ཟད། དེ་རྗེས་སྡུག་མནོང་མ་བཟོད་པར་ཁོ་རང་ཡང་དུག་ཟས་ནས་ལྕེབས་”ཞེས་དང་། ཡང་རག་ར་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་<<རྒྱལ་རབས་ཤེལ་དཀར།>>ལས་“་་ཀུན་དགའ་བཟང་པོ་དཔོན་ཆེན་དུ་ཡོད་པ་ཉེ་གནས་ཀྱིས་བླ་མའི་ཐུགས་དང་འགལ་བ་བྱས་ཞེས་གོང་མར་ཕྲ་མ་ཞུས་པས་ཧོར་དམག་གིས་བྱ་རོག་རྫོང་ཕབ།དཔོན་ཆེན་བསད། འགའ་ཞིག་ཉེ་གནས་ཀྱིས་ཧོར་དམག་དྲངས་པ་བླ་མས་མཁྱེན་དོགས་ནས་ལྐོག་ཏུ་བཀྲོངས་ཀྱང་ཟེར།”<<རྒྱ་བོད་ཡིག་ཚང་ཆེན་མོའི་>>ནང་“ཀུན་དགའ་བཟང་པོ་ལ་བླ་མ་མཉེས་ནས། སེ་ཆེན་གྱི་ལུང་གིས།སང་གྟ་ཆིང་སང་གིས་འགོ་བྱས། རྩ་བའི་ཧོར་དམག་འབུམ་ཕྲག་གཅིག་གཏང་ནས་དམག་ལམ།སྟག་ཚང་ལུང་པ་ལ་བཞུགས། ཁང་དམར་གྱི་ས་མཁར་ལ་མཚོན་ཁ་བླངས། དེ་རྟིང་བྱ་རོག་ཚང་ལ་སྐོར་རྒྱག་ནས། ལྕགས་ཕོ་འབྲུག་ལོ་ལ་དཔོན་ཆེན་ཁྲིམས་ལ་བསྒྲལ། དེ་ནས་ཡུན་མི་རིང་པར། བླ་མ་འཕགས་པ་ཡང་ཞི་བར་གཤེགས་་”ཞེས་དེབ་ཐེར་ཁག་ལས་བཞེད་པ་དག་ཕྱོགས་གཅིག་ཏུ་གླེང་ན་འགྲོ་མགོན་འཕགས་པ་མཆོག་ཚེ་མཇུག་ལ་སྐུ་གཤེགས་པ་མ་ཡིན་པར་བཀྲོངས་བའི་གནས་ཚུལ་གྱི་ཟུར་ཙམ་ཐོན་འདུག་པ་དེ་ཡང་ཡིན་རྒྱུ་ནི། དཔོན་ཆེན་ཀུན་དགའ་བཟང་པོ་དང་འགྲོ་མགོན་འཕགས་པ། ཉེ་གནས་གསུམ་གྱི་ཕན་ཚུན་བར་མ་འཆམས་པར་མཐར་དཔོན་ཆེན་ཀུན་དགའ་བཟང་པོ་ཧོར་དམག་གིས་བཀྲོངས་པ་དང་། དེ་རྗེས་འགྲོ་མགོན་འཕགས་པ་ཡང་ཞི་བར་གཤེགས་པ་མ་ཡིན་པར་བཀྲོངས་པ་ལྟ་བུའི་གནས་ཚུལ་འདུག དེ་ལྟར་དེབ་ཐེར་ཁག་ལས་བྱུང་བའི་བཞེད་ཚུལ་དག་དཀྱུས་གཅིག་ཏུ་གོང་འོག་བསྒྲིགས་ནས་འགྲོ་མགོན་འཕགས་པ་མཆོག་སྐུ་བཀྲོངས་བའི་གནས་ཚུལ་ཅུང་ཙམ་བརྗོད་ན། དེ་ཡང་འགྲོ་མགོན་འཕགས་པ་དགུང་ལོ་ཞེ་གཅིག་པ་སྤྱི་ལོ༡༢༧༦ལོར་ཡང་བསྐྱར་གདན་ས་ས་སྐྱར་ཕེབས་པ་དང་། དེ་ནས་དེའི་ཕྱིར་ལོ༡༢༧༧ལོར་ཆུ་མིག་ཆོས་འཁོར་སོགས་གནང་། སྐབས་དེར་ཀུན་དགའ་བཟང་པོ་དཔོན་ཆེན་དུ་ཡོད་པ་དེ་དང་འགྲོ་མགོན་འཕགས་པའི་བར་ལ་ཉེ་གནས་ཤིག་གིས་འཁོན་དུ་བསླངས་བ་དང་། ཉེ་གནས་ཀྱིས་ཕྲ་མ་བཅུག་སྟེ་ལྐོག་ཏུ་སེ་ཆེན་གོང་མ་ལ་དཔོན་ཀུན་དགའ་བཟང་པོའི་ཉེས་པ་དག་ཞུས་པ་བརྒྱུད། སེ་ཆེན་གྱིས་དེ་མ་ཐག་བོད་དུ་ཧོར་དམག་བཏང་སྟེ་བོད་དུ་འབྱོར་ཉེའི་སྐབས་ཉེ་གནས་དེས་འགྲོ་མགོན་འཕགས་པས་ངའི་རྫུན་རྐུབ་བརྡོལ་བར་སྐྲག་ནས་འགྲོ་མགོན་འཕགས་པའི་ཞལ་ཟས་ལ་དུག་བཏབ་སྟེ་བཀྲོངས་པ་དང་། དེའི་རྗེས་ཉེ་གནས་རང་ཉིད་ཀྱང་བོད་ཀྱི་སྐྱེས་ཆེན་དམ་པ་ཞིག་བཀྲོངས་བའི་འགྱོད་པ་དྲག་པོས་མནར་ཏེ་མཐར་དུག་ཟས་ནས་ལྕེབས། དེ་ལྟར་ཧོར་དམག་བོད་དུ་འབྱོར་ནས་དཔོན་ཀུན་དགའ་བཟང་པོ་བཀྲོངས་བ་ཡིན་ལ། དེ་བཀྲོངས་པའི་དུས་ནི་ནོར་བྲང་ཨོ་རྒྱན་གྱི་དཔྱིད་ཀྱི་རྒྱལ་མོའི་འགྲེལ་པ་ལས་“དཔོན་ཆེན་ཀུན་དགའ་བཟང་པོ་བཀྲོངས་པའི་དུས་དེའི་སྔོན་མའི་ལོ་སྟེ་རབ་བྱུང་བཞི་བའི་ལྕགས་འབྲུག་སྤྱི་ལོ་༡༢༨༠ལོའི་ནང་བླ་མ་འཕགས་པ་གཤེགས་”ཞེས་པ་ལས་དཔོན་ཆེན་ཀུན་དགའ་བཟང་པོ་ནི་སྤྱི་ལོ༡༢༨༡་ལོར་བཀྲོངས་པའི་ཉིན་དེར་ཁྲིམས་ཀྱི་རྔ་བོ་ཆེ་བརྡུངས་ནས། ཁྲིམས་སར་འཁྲིད་ཡོངས་སྐབས་དཔོན་ཆེན་གྱིས་གོས་དཀར་པོ་དྲི་མ་མེད་པ་ཞིག་དང་། ཞྭ་ནག་པོ་ཞིག་གྱོན་ཏེ་འབྱོར། དེར་སོག་པོའི་དཔོན་གྱིས་ཉེས་པ་བསྒྲགས་ཏེ་སྐེ་གཅོད་པའི་སྐབས་ཐོག་མར་ཁྲག་དཀར་པོ་ཆུ་འདྲ་བ་ཞིག་སྐྱ་རྒྱང་ངེར་ཐོན་པའི་རྗེས་སུ་ངོ་བོ་ཁྲག་ཏུ་འགྱུར་ཞེས་གླེང་། དེ་ཡང་ཁོ་འཆི་ཁར་གོས་དཀར་པོ་ལ་ཞྭ་ནག་པོ་གཅིག་གྱོན་འདུག་པའི་གཏམ་གྱིས་ཕྱིས་སུ་རྒྱལ་པོས་གསན་ནས། ཉེས་པ་མེད་པའི་བརྡར་དགོངས་ནས་དམག་དཔོན་རྣམས་ལ་བཀྱོན་ཕེབས་འདུག་པས། དཔོན་ཆེན་ཀུན་དགའ་བཟང་པོ་ལ་འགྲོ་མགོན་འཕགས་པའི་ཉེ་གནས་ཤིག་གིས་ཕྲ་མ་བཅུག་པ་ནི་ཤེས་རྟོགས་བྱེད་ཐུབ་པ་ཞིག་ཡིན། དེ་མིན་ན་གོང་མས་ཀྱང་དམག་དཔོན་དག་ལ་བཀའ་བཀྱོན་ཕབ་དགོས་དོན་མེད། དེ་ལྟར་དཀྱུས་གཅིག་ཏུ་བཤད་ན་འགྲོ་མགོན་འཕགས་པ་མཆོག་ཚེ་མཇུག་ལ་ཁོ་རང་གི་ཉེ་གནས་ཤིག་གིས་སྐུ་བཀྲོངས་པ་དང་། དཔོན་ཀུན་དགའ་བཟང་པོ་ཡང་ཉེ་གནས་དེའི་གཡོ་ཐབས་ཀྱིས་ཧོར་དམག་གི་ལག་ནས་འཆི་རུ་བཅུག་པ་སོགས་ས་སྐྱའི་གདུང་རབས་ནང་དུ་ཡ་ང་བའི་སྐྱོ་གར་ཆེན་པོ་ཞིག་བྱུང་བ་བརྒྱུད། མཐར་འགྲོ་མགོན་འཕགས་པའི་གཅུང་ཕྱག་ན་རྡོ་རྗེའི་སྲས་དྷརྨ་མ་པཱ་ལ(༡༢༦༨-༡༢༨༧)་དང་། འགྲོ་མགོན་འཕགས་པ་དང་ཡབ་གཅིག་པའི་སློབ་དཔོན་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་མོ་བཟང་བོ་དཔལ(༡༢༦༢-༡༣༣༤)་སོགས་གདུང་རྒྱུད་འཛིན་པར་མ་འཆམས་པའི་འགལ་བ་སྣ་ཚོགས་བྱུང་ནས་མཐར་ས་སྐྱའི་གདུང་རབས་བླ་བྲང་ཁག་བཞིར་བགོས་པ་སོགས་ལས་ས་སྐྱའི་སྲིད་དབང་ཉམས་དམས་སུ་འགྱུར་བ་ཡིན་ནོ།།

མཇུག་གཏམ།

རྩོམ་འདི་ནི་དང་ཐོག་དཔྱད་རྩོམ་ཞིག་འབྲི་བའི་སྟ་གོན་བྱས་ཏེ་མཆན་འགྲེལ་སོགས་བཀོད་དེ་དཔྱད་རྩོམ་གྱི་འབྲི་ལུགས་ལྟར་དུ་བྲིས་པ་ཡིན་མོད་བར་སྐབས་སུ་སློབ་སྦྱོང་གི་བྲེལ་ཟིང་དང་རྒྱུ་ཆ་ཕོན་ཆེན་སོགས་ལ་ལྟ་ཁོམ་མ་བྱུང་བའི་རྐྱེན་དུ་མའི་དབང་གིས་དང་མའི་འདོད་དོན་བཞིན་ཡག་པོ་ཞིག་མ་འཁྱོངས་བས། འདིར་ཡིག་ཚོགས་སྐུང་ཕྱིར་མཆན་འགྲེལ་སོགས་གཅིག་ཀྱང་མ་བཀོད་པར་ཉུང་བསྡུས་ཀྱིས་བོད་ཀྱི་སྐྱེ་ཆེན་དམ་པ་འགྲོ་མགོན་འཕགས་པའི་གཤེགས་རྐྱེན་སྐོར་ལ་ཅུང་ཙམ་ངེས་ཤེས་འདྲོངས་ཡོད་པས།འདིར་མ་ཤེས་ཤེས་ཁུལ་དང་ལོག་པར་བཤད་པའི་གནད་དོན་རེ་ཡོད་ན་ཤེས་ནས་སྨྲ་མཁན་རྣམས་ཀྱིས་སྐྱོན་བརྗོད་གནང་རོགས་ཞུའོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།