ཏུན་ཧོང་ཡིག་རྙིང་དུ་ཡོད་པའི་བོད་ཀྱི་མགུར་སྔ་ཤོས་ལས་འཕྲོས་ཏེ་དེའི་ལོ་རྒྱུས་རྒྱབ་ལྗོངས་དང་སྒྱུ་རྩལ་མཚོན་ཐབས་སྐོར་གླེང་བ།

---བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་སྐབས་སུ་བྱུང་བའི་མགུར་མ་འ་བ་ཉི་ཉེ་བ་ཉིད་ཅེས་པ་གཙོར་བཟུང་ནས་དཔྱད་རྒྱུ།

   ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོ་བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་སྐབས་སུ་བྱུང་བའི་འ་བ་ཉི་ཉེ་བ་ཉིད་ཅེས་པའི་མགུར་གཙོར་བཟུང་ནས་སྐབས་དེའི་བོད་ཀྱི་རིག་གནས་ལོ་རྒྱུས་དང་གོམས་སྲོལ།ཆབ་སྲིད་སོགས་ལ་དཔྱད་པ་བགྱི་ཁུལ་ཙམ་བྱས་ཡོད་པའི་ཁར།གཞན་ཡང་མགུར་མ་འདི་ལས་འཕྲོས་པའི་གདོད་མའི་བོད་ཀྱི་སྙན་ཚིག་གི་སྒྱུ་རྩལ་ཁྱད་ཆོས་ཀྱང་ཟུར་ཙམ་གླེང་ཡོད།

གནད་ཚིག  མགུར།  ཡིག་ཐོག་གི་མགུར་སྔ་ཤོས།  ལོ་རྒྱུས་རྒྱབ་ལྗོངས།  སྒྱུ་རྩལ་ཁྱད་ཆོས།

གླེང་གཞི།

དེ་ཡང་ཇི་སྐད་དུ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་ཞལ་ནས་བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅེས་གསུངས་པ་ལྟར། རང་རེའི་ཡབ་མེས་རྣམས་ཀྱིས་གདོད་མའི་དུས་ནས་བཟུང་སྟེ། རང་གི་བློ་གྲོས་དང་ཐབས་ཤེས་ཟུང་ལ་བརྟེན་ནས་རང་བྱུང་ཁམས་ཆེན་མོར་ངོས་འཛིན་དང་བསྒྱུར་བཀོད་སོགས་བྱས་མཐར། ལྷོ་འཛམ་བུ་གླིང་གི་སྒལ་སྟེང་དུ་རང་ཉིད་ལ་དབང་བའི་ཁྱིམ་གཞི་ཐོག་མ་བཙུགས་པ་མ་ཟད། ད་དུང་མི་རིགས་གཞན་དང་ཐུན་མོང་མ་ཡིན་པའམ་གཞན་དང་ཁ་གཏད་དུ་ལངས་བའི་རིག་གནས་མང་པོ་ཞིག་གསར་སྐྲུན་བྱས་པ་ཡིན། རླབས་ཆེན་གྱི་དངོས་གཙོ་རིག་པ་སྨྲ་བ་མར་ཁེ་སུ་ཡིས་ངལ་རྩོལ་གྱིས་མིའི་རིགས་གསར་སྐྲུན་བྱས་པ་དང་ངལ་རྩོལ་གྱིས་མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་དུ་བསྐྲུན་པ་རེད་ཅེས་གསུངས་པ་ལྟར། བོད་ཀྱི་མགུར་འདི་ཡང་ཐོག་མར་ཐུན་མོང་གི་ངལ་རྩོལ་ལས་བྱུང་བར་མངོན་ཏེ། མཁས་དབང་དོན་གྲུབ་རྒྱལ་གྱི་གསུང་འབུམ་ལས། མགུར་ཞེས་པ་ནི་འདོད་རྒྱལ་གྱི་ཐ་སྙད་ཅིག་ཡིན་པ་དང་། གླུ་ཡི་གོ་དོན་དང་ཡོངས་སུ་མཚུངས་ཤིང་། ངལ་རྩོལ་དང་འབྲེལ་བ་དམ་པོ་ཡོད། ཅེས་གསུངས་ཡོད་པ་དང་། ཆབ་འགག་རྟ་མགྲིན་གྱི《བོད་བཙན་པོའི་དུས་ཀྱི་རྩོམ་རིག》ཅེས་པ་ལས“བོད་ཀྱི་གླུ་ཡང་གདོད་མའི་བོད་རིགས་ཀྱི་ཐུན་མོང་གི་ཐོན་སྐྱེད་ངལ་རྩོལ་བྱེད་དུས་རང་རང་གི་ཡིད་འགྱུར་སྣ་ཚོགས་ཀྱི་ངག་ཏུ་འཁྲོལ་བར་བྱེད་པ་དང་། བློ་རྩེ་གཅིག་ཏུ་བསྒྲིམས་ནས་ངལ་རྩོལ་གྱི་སྟངས་སྟབས་དང་སྟོབས་ཤུགས་སྙོམ་པ། ཕན་ཚུན་སྐུལ་ལྕག་གཏོང་བ་བཅས་ཀྱི་དོན་དུ་ཐོག་མར་ངག་ལས་ཚིག་མེད་པའི་ང་རོ་ཙམ་སྒྲོག་པ་དང་། རིམ་བཞིན་འཕེལ་རྒྱས་སུ་སོང་ནས་ཚིགས་མཚམས་ལྡན་པའི་སྒྲ་གདངས་སུ་གྱུར། ཕྱིས་སུ་སྐད་ཆ་བྱུང་ནས་དབྱངས་དེ་ལ་ཚིག་སྤྱར་ནས་གདོད་མའི་སྙན་ངག་སྟེ་གླུ་གྲུབ་ལ། དུས་ཡུན་རིང་བའི་སྤྱི་ཚོགས་ཀྱི་ལག་ལེན་བརྒྱུད་ནས་བཙན་པོའི་དུས་སྐབས་སུ་སླེབས་ཚེ། མགུར་གླུའི་ནང་དོན་བྱེད་ནུས། ལུས་ཀྱི་རྣམ་པ། སྒྲིག་གཞི། ཚིག་རྒྱན་སོགས་ལ་འཕེལ་འགྱུར་ཆེན་པོ་བྱུང་ནས་ཆོས་ཉིད་ཅན་དང་ངེས་གཏན་ཅན། ཚད་ལྡན་ཅན་བཅས་སུ་གྱུར”ཞེས་གསུངས་ཡོད་པས། མགུར་གླུའི་ནང་དུ་བོད་རིགས་ཐུན་མོང་གི་ངལ་རྩོལ་དགོས་མཁོ་དང་། དེ་དང་བསྟུན་པའི་ལོ་རྒྱུས་རྒྱབ་ལྗོངས། རིག་གནས་སེམས་ཁམས་སོགས་མང་པོ་ཞིག་འདུས་ཡོད་པ་གདོན་མི་ཟ། མགུར་ནི་བོད་ཀྱི་གདོད་མའི་སྙན་ངག་གི་གྲུབ་གཟུགས་དང་པོ་ཡིན་ལ། འདི་ནི་བོད་རིགས་ཡབ་མེས་རྣམས་ཀྱིས་ངག་ཐོག་ནས་གསར་རྩོམ་བྱས་ཤིང་ངག་ཐོག་ནས་བརྒྱུད་སྤེལ་བྱས་མཐར། ཡིག་ཐོག་ཏུ་བཀོད་པ་ཤ་སྟག་ཅིག་ཡིན་པས། གདོད་མའི་བོད་ཀྱི་འདུ་ཤེས་འཛིན་སྟངས་དང་ལོ་རྒྱུས་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པའི་ལག་ཆ་རྣལ་མ་ཞིག་ཡིན།

ས་བཅད་དང་པོ། མགུར་གྱི་གོ་དོན་བཤད་པ།

གཅིག མགུར་གྱི་གོ་དོན།

མཁས་དབང་དོན་གྲུབ་རྒྱལ་ལྟར་ན“མགུར་ཞེས་པ་ནི་འདོད་རྒྱལ་གྱི་ཐ་སྙད་ཅིག་ཡིན་པ་དང་། གླུ་ཡི་གོ་དོན་དང་ཡོངས་སུ་མཚུངས་ཤིང་། ངལ་རྩོལ་དང་འབྲེལ་བ་དམ་པོ་ཡོད”ཅེས་གསུངས་ཡོད་པ་དང་། གོ་ཤུལ་གྲགས་པ་འབྱང་གནས་ཀྱི《བོད་ཀྱི་རྩོམ་ལུས་རྣམ་བཤད》ལས། མགུར་ནི་“དབྱངས་རྟ་སྙན་མོ་ལ་དྲངས་ཏེ། འགྱུར་ཁུག་ལྡན་པའི་ཚུལ་གྱིས་མགུར་ཚིག་རྣམས་གསལ་པོར་འདོན་ཐུབ་པ་བདེན་མོད། དེའི་རྩོམ་ཆོས་ནི་ཆོས་ཕྱོགས་ཁོ་ན་ཡིན་པའི་ངེས་པ་མེད། ཐོག་མར་ངལ་རྩོལ་ཁྲོད་ནས་ཁ་འབུས། བར་དུ་ངལ་གསོའི་དཀྱིལ་ལ་ཉམས་ཤར། ཐ་མར་ཆོས་ཀྱི་ཕྱོགས་སུ་ནར་སོན། མི་ཆོས་ཐད་དུ་སྟོབས་རྒྱས། དེ་ལ་ཚིག་རྐང་བཞི་རེས་དོན་རེ་མཚོན་པ་དང་། ཚིག་རྐང་རེ་ལ་ཡིག་འབྲུ་དྲུག་རེ་ཡོད་ཀྱང་། མཐའ་གཅིག་གི་ངེས་པ་མེད། མགུར་ཚིག་འགའ་རེའི་ནང་དུ་ཚིག་རྐང་གི་གཏན་འཁེལ་དེ་འདྲ་མེད་མོད། ཚིག་འབྲུ་ནི་དོ་མི་མཉམམ་པ་འཐེང་པོའི་རྒྱན་ཡང་མཐོང་རྒྱུ་ཡོད”ཅེས་བཀོད་ཡོད། གཞན་ཡང《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། མགུར་ནི་དབྱངས་སུ་གྱེར་ཆོག་པའི་ཆོས་ཕྱོགས་ཀྱི་གླུ་ཚིག་བྱེ་བྲག་པ་ཞིག་ཅེས་འཁོད་འདུག གང་ལྟར་ཀྱང་བོད་ཀྱི་མཁས་པ་རྣམས་ཀྱིས་མགུར་ལ་གོ་དོན་སྣ་ཚོགས་བཞག་ཡོད་པ་མ་ཟད། མགུར་ལ་མགུར་གླུ་དང་གླུ། མཆིད། གཞས། མགུར་མ་ལ་སོགས་པའི་གོ་དོན་ཕལ་ཆེར་འདྲ་མཚུངས་སུ་གནས་བའི་མིང་མང་པོ་ཞིག་འབྱུང་ཡོད་རུང་།སྤྱིར་མགུར་ནི་ཐོག་མར་ངལ་རྩོལ་ཁྲོད་བྱུང་ཞིང་དེ་ནི་དབྱངས་རྟ་ངེས་ཅན་ཞིག་ལ་བརྟེན་དགོས་ལ་ལས། གཞན་ཡང་བརྗོད་ཀྱི་དོན་དེ་ངེས་པར་དུ་དབྱངས་རྟ་དང་སྡེབ་ཏེ་རང་ཉིད་ཀྱི་འདོད་དོན་མཚོན་པར་བྱེད་པའི་གདོད་མའི་སྙན་ངག་གི་རྣམ་པ་ཞིག་ཡིན་པར་འདོད།

གཉིས། མགུར་གྱི་བྱུང་འཕེལ་ལོ་རྒྱུས་སྐོར་ཅུང་ཙམ་གླེང་བ།

གངས་རིའི་ལྗོངས་འདིར་འགྲོ་བ་མིའི་རིགས་བྱུང་བ་དང་མཉམ་དུ་ཟས་གོས་གནས་མལ་ལ་སོགས་པའི་འཚོ་གནས་ཀྱི་དགོས་མཁོ་ཐོག་མ་དེ་བྱུང་བ་དང་། དེ་དང་བསྟུན་ཆུ་ཚད་མི་འདྲ་པའི་ངལ་རྩོལ་གྱི་གོ་རིམ་རབས་དང་རིམ་པ་ཞིག་བརྒྱུད་མཐར། དེང་རབས་ཀྱི་བརྡ་འཕྲིན་དུས་རབས་འདིར་སླེབས་པ་སྨྲོས་མེད་ཡིན། གདོད་མའི་མི་རྣམས་ལ་མཚོན་ན་ཡང་དུས་དང་མཐུན་པའི་ངལ་རྩོལ་གྱི་གོ་རིམ་བརྒྱུད་ནས་རང་ཉིད་ཀྱི་འཚོ་གནས་ལ་རེག་པའི་སྟོང་ཆ་དེ་ཁ་བསྐངས་པ་མ་ཟད། ངལ་རྩོལ་གྱི་གོ་རིམ་ཁྲོད་དུ་ཉམས་མྱོང་གསོག་འཇོག་དང་ལེགས་ཆ་བསྡུ་སྒྲིག་བྱས་ནས་ངོ་མཚར་ཞིང་ཧ་ལས་པའི་གདོད་མའི་རིག་གནས་སྣ་ཚོགས་གསར་སྐྲུན་བྱས་ཡོད། མགུར་ཡང་གདོད་མའི་ངལ་རྩོལ་ལས་བྱུང་བ་ཞིག་ཡིན་ཞིང་། ངལ་རྩོལ་ཁྲོད་ནར་སོན་པའི་གདོད་མའི་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་དང་ཆོས་ཀྱི་ངོས་འཛིན་སོགས་ལ་འཕེལ་རྒྱས་བྱུང་བ་དང་མཉམ་དུ་མགུར་གླུའི་རྣམ་གྲངས་ཀྱང་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་ནི། ཆབ་འགག་རྟ་མགྲིན་གྱི《བོད་བཙན་པོའི་དུས་ཀྱི་རྩོམ་རིག》ལས། མི་རྣམས་ཀྱི་ཤེས་རིག་དང་རིགས་ལམ། མགུར་གླུའི་དགོས་པ། སྤྱི་ཚོགས་ཀྱི་ཆ་རྐྱེན་སོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མགུར་གླུའི་རྣམ་གྲངས་ཀྱང་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་རེད”ཅེས་གསུངས་ཡོད་པ་ལས་ཀྱང་རྟོགས་ཐུབ། དཔེར་ན། མགུར་གྱི་ནང་དོན་དེ་ཡང་ངལ་རྩོལ་གྱི་དགོས་མཁོ་ལས་འདའ་སྟེ། བརྗོད་བྱ་སྣ་མང་ཅན་དུ་གྱུར་པ་སྟེ། དམག་འཁྲུག་སྐབས་དགྲ་བོ་ཚར་བཅད་ནས་ཤ་འཁོན་གླན་རྗེས་བླངས་པའི་འ་བ་ཉི་ཉེ་པ་ཉིད་ཅེས་པ་དང་རྒྱལ་བློན་གྱིས་ལྷན་དུ་བྲོ་མནའ་བོར་བའི་སྐོར་ལ《བཙན་པོ་སློན་བཙན་སློན་ཀོལ་མཆེད་གཉིས་དང་མྱང་དབའས་མནོན་གསུམ་ཀྱིས་བྲོ་བོར་བའི་མགུར》དང་། ལེགས་པ་གཟེངས་བསྟོད་བྱས་པའི་མགུར་ནི། ཟིང་པོ་རྗེའི་རྒྱལ་སྲིད་མྱང་ཙེང་སྐུ་དང་། དབའ་དབྱི་ཚབ། མནོན་འདྲོན་པོ་གསུམ་གྱིས་བཙན་པོ་གནམ་རི་སྲོང་བཙན་གྱི་ཕྱག་ཏུ་ཕུལ་བ་དང་། མྱང་དབའ་མནོན་གསུམ་ལ་བྱས་རྗེས་ཆེ་སྟབས། གནམ་རི་སྲོང་བཙན་གྱིས་ཁོ་ཚོའི་དྲིན་ལན་གསལ་ཆེད་བྱ་དགའ་བསྩལ་བའི་མགུར《མོན་ཀའི་ནི་སྟག་ཆིག་པ……》ཅེས་པའི་མགུར་དང་། ངན་པ་ལ་སུན་འབྱིན་བྱས་པའི་མགུར་ནི་ཁྲི་འདུས་སྲོང་གིས་མགར་གྱིས་བུ་རྣམས་ཀྱི་རྗེའི་གོ་ས་འཐོབ་པའི་རེ་བ་བཅངས་ཡོད་མོད། དོན་དུ་དེ་ནི་སྟོང་བསམ་ཡིན་པའི་ཚུལ་བརྗོད་པའི《ཤམ་པོ་ནི་གངས་དྲུང་དུ……》ཅེས་པ་ལྟ་བུ་དང་། འཚོ་བའི་རེ་འདུན་དང་ཆབ་སྲིད་ཀྱི་ཕུགས་བསམ་བརྗོད་པ། གཡུལ་དང་འཐབ་མོ་བཀྱེས་ནས་རྒྱལ་ཁ་བླངས་པ། ཆབ་སྲིད་ཀྱི་མངའ་ཐང་དང་རྒྱལ་པོའི་མཛད་སྤྱོད་ལ་བསྔགས་པ། རང་བསྟོད་གཞན་སྨད་ཀྱི་ཁེངས་དྲེགས་ཀྱི་གཏམ་དང་ཡང་ན་ཞེ་འགྲས་ཡུལ་དྲན་གྱི་སྡུག་ཡུས་བརྗོད་པ་སོགས་བརྗོད་དོན་མི་འདྲ་བའི་མགུར་སྣ་ཚོགས་ཤིག་བྱུང་ཡོད་པ་རིགས་བསྒྲེས་ནས་ཤེས་པ་བྱ།⑦གཞན་ཡང་མཁས་དབང་དོན་གྲུབ་རྒྱལ་གྱིས“མགུར་དང་། གླུ། མཆིད་ཅེས་པའི་ཐ་སྙད་གསུམ་པོ་ནི་གོ་དོན་ཡོངས་སུ་མཚུངས་པའི་མིང་གི་རྣམ་གྲངས་ཙམ་ཡིན”ཞེས་གསུངས་ཡོད་རུང་། དོན་དུ་དེ་གསུམ་ནི་མགུར་ཡི་འཕེལ་རྒྱས་ཀྱི་གོ་རིམ་ནང་དུ་མིའི་ཐོབ་ཐང་དང་བསྟུན་ནས་གྲལ་རིམ་གྱི་རྣམ་པ་མཚོན་པའི་ཞེ་སའི་མིང་གསུམ་ཡིན་པར་འདོད་དེ། ཏུན་ཧོང་ཡིག་རྙིང་དུ“བཙན་པོ་ཞལ་སྔ་ནས་མགུར་བླངས”ཞེས་པ་དང་། “དབའས་དབྱི་ཚབ་ཀྱིས་མཆིད་བླངས་པ”ཅེས་བྲིས་ཡོད་པ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ཀྱི་དགའ་སྟོན་ལོ་བཅུ་གཉིས་ལ་བྱེད་ཚེ། “ནམ་མཁའ་སྙིང་པོ་བྱས་པའི་གླུ་ལྔ་བླངས”ཞེས་མིང་མི་འདྲ་བ་དུ་མ་བཀོད་ཡོད་པ་ལས་མཚོན་ནོ། །སྒོས་སུ་བོད་གངས་ཅན་གྱི་ཡུལ་འདིར་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཐོན་མི་འཁྲུངས་ནས་བོད་ཡིག་གསར་བཟོ་བྱས་པ་དང་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་བ། བསྟན་པ་སྔ་དར་ཕྱི་དར་གྱི་དབྱེ་མཚམས་བྱུང་པ་ནས། མགུར་གྱི་མིང་འདོགས་སྟངས་དང་བརྗོད་དོན་སྔར་ལས་ཀྱང་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་སྟེ། དམ་པའི་ལྷ་ཆོས་གཙོ་བོར་སྟོན་པའི་མགུར་མའམ་ཆོས་མགུར་དང་།འཇིག་རྟེན་མི་ཆོས་གཙོ་བོར་སྟོན་པའི་གླུའམ་དམངས་གླུ། ཕོ་མོའི་བརྩེ་དུང་སྟོན་པའི་ལ་གཞས། ད་དུང་མཁས་དབང་དོན་གྲུབ་རྒྱལ་གྱིས་གསུངས་པ་ནང་བཞིན། “གུས་པའི་ཆ་ནས་བཏགས་པའི་གསུང་མགུར”དང“སེར་སྐྱའི་དབྱེ་བ་དགར་བའི་ཆ་ནས་རྣམ་མགུར”“གཞན་ལ་སྒྲོག་ཏུ་མི་རུང་བའི་ཆ་ནས་གསང་མགུར།”“ལྟ་བ་ངན་པ་རྣམས་ཟིལ་གྱི་གནོན་ཅིང་རང་གི་རྟོགས་པ་གོང་ནས་གོང་དུ་འཕེལ་བའི་རྡོ་རྗེ་ཕ་ལམ་བཞིན་སྲ་ཞིང་མཁྲེགས་པའི་ཆ་ནས་རྡོ་རྗེའི་གླུ”“མང་པོའི་ཆ་ནས་མགུར་འབུམ་ཞེས་བཏགས་ཡོད་པ་དང་། ”ཆབ་འགག་རྟ་མགྲིན་གྱིས“རིགས་ཀྱི་ཆ་ནས་སྟེང་ཕྱོགས་ལྷ་ཡི་གླུ་དང་། བར་མི་ཡི་གླུ། འོག་མ་ཀླུ་ཡི་གླུ་བཅས་རིགས་གསུམ་དུ་དབྱེ་བ། བྱེད་ལས་སམ་ཐོབ་ཐང་གི་ཆ་ནས་རྗེ་བོར་རྗེ་གླུ། ཁུ་བོ་ལ་ཁུ་གླུ། ཞང་པོ་ལ་ཞང་གླུ་སོགས་ཡོད”ཅེས་གསུངས་ཡོད་ནའང་ཕྲན་གྱི་གླུ་དེ་དག་གི་གྲུབ་གཟུགས་སམ་སྐྱེད་ཡུམ་ནི་གདོད་མའི་མགུར་ལས་འཕེལ་བ་ཡིན་པར་འདོད་དོ།།

གསུམ། བོད་ཀྱི་ཡིག་ཐོག་ཏུ་ཡོད་པའི་མགུར་སྔ་ཤོས་ལ་ངོས་འཛིན་བྱེད་པ།

བོད་གངས་ཅན་གྱི་ལྗོངས་འདིར་གནའ་བོའི་སྤྲ་མི་རྣམས་དུས་ཡུན་ཧ་ཅང་རིང་པོའི་ནང་སྣོད་བཅུད་ཀྱི་ཆ་རྐྱེན་དུ་མའི་འགྱུར་ལྡོག་ལ་བརྟེན་ནས་འཕེལ་འགྱུར་རབས་དང་རིམ་པ་བྱུང་སྟེ། སྤྲ་ལས་སྤྲ་མི་དང་། དེ་ནས་གནའ་མིར་གྱུར་པ་ཡིན་ལ། རང་རེའི་ཡབ་མེས་རྣམས་ཀྱིས་ལོ་རྒྱུས་གསར་སྐྲུན་གྱི་གོ་རིམ་ཁྲོད་དུ་མཚར་སྡུག་འོད་སྟོང་འབར་བའི་ཤོག་ལྷེ་མང་པོ་ཞིག་བྲིས་ཡོད་པ་རེད། ཁོང་ཚོའི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་རང་བྱུང་ཁམས་ལ་ངོས་འཛིན་དང་འཐབ་རྩོད། བསྒྱུར་བཀོད་ཀྱི་གོ་རིམ་མང་པོ་ཞིག་བརྒྱུད་མཐར། རང་ཉིད་ཀྱི་ཆེས་ཐོག་མའི་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བ་དང་། གཞན་ཡང་འཚོ་གནས་ཀྱི་དོན་དུ་ཕན་ཚུན་ལ་འབྲེལ་འདྲིས་དང་ཡང་ན་ངལ་རྩོལ་ཉམས་མྱོང་བརྗེ་རེས་སོགས་གོ་བརྡ་སྤྲོད་པའི་ཀུན་སློང་བྱུང་སྟབས། རྒྱུན་བུ་དང་ཐག་པས་ཁྲམ་བུ་དང་རུས་པའི་བུ་ག་སྟར་ལ་རྒྱུས་པ། སྤྱིར་བཏང་གི་རི་མོ་ཞིག་དང་ཐག་པ་སོགས་ལ་འདུད་རྒྱག་པ་སོགས་ལས་བརྗོད་འདོད་ཀྱི་ཀུན་སློང་མངོན་པ་སོགས་གདོད་མའི་བོད་ཀྱི་བརྡ་སྤྲོད་ཀྱི་ལག་ཆ་ཐོག་མ་བྱུང་བར་འདོད། དེ་དང་བསྟུན་མིའི་རིགས་ཤེས་རིག་གི་འཕེལ་རྒྱས་དང་རིགས་ལམ་གྱི་འཕེལ་ཕྱོགས་ལ་བསྟུན་ནས་མི་རིགས་རང་གི་བསམ་བློ་འདུ་ཤེས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་མཐུན་པའི་སྐད་དེ་བྱུང་བར་འདོད་མོད། འོན་ཏེ་སྐད་དང་ཡི་གེ་གང་ཞིག་ལ་མཚོན་ནའང་དེ་ནི་སྤྱི་ཚོགས་འཕེལ་བའི་དུས་རིམ་ངེས་ཅན་ཞིག་གི་ཐོན་དངོས་ཡིན་སྟབས། བོད་ལ་མཚོན་ནའང་གདོད་མའི་དུས་ནས་བཟུང་འཚོ་བ་ནང་ཁུལ་དུ་ཕན་ཚུན་ལ་གོ་བརྡ་སྤྲོད་པའི་སྐད་བྱུང་བའི་རྨང་གཞི་སྟེང་དུ་བོད་ཡིག་གསར་སྐྲུན་བྱས་པ་ཡིན་པས། 《ཐོན་མིའི་ཞལ་ལུང》ལས།⑧“བོད་རང་གི་སྐད་ཀྱི་ཐ་སྙད་སོ་སོ་དང་གདངས་ཀྱི་ང་རོ་རྣམས་ལ་ཐུགས་གཞིགས་ལེགས་པར་བཅུག་པའི་མཐར་བོད་ཡིག་གསར་དུ་བཟོ་བའི་གཞི་ལེགས་པར་བཏིངས”ཞེས་གསུངས་པས་ཀྱང་ཤེས། དེ་བས་བོད་ལ་གནའ་སྔ་མོ་ཞིག་ནས་མི་རིགས་ཐུན་མོང་གི་སྤྱོད་པའི་སྐད་ཡོད་ཕྱིན། དེ་དག་གི་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་རི་དྭགས་རྔོན་སྟངས་དང་ངལ་རྩོལ་གྱི་ཉམས་མྱོང་བརྗེ་རེས། ཕན་ཚུན་ལ་ཁ་ཏ་སློབ་གསོ་བྱེད་པ། དཔའ་བོའི་མཛད་རྗེས་ལ་མངོན་པར་བསྟོད་པ་སོགས་དང་། གཞན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་གྲུབ་ཚུལ་སོགས་ཉམས་མྱོང་མང་པོ་ཞིག་ངག་ནས་ངག་བརྒྱུད་དེ་བུ་རབས་ཚ་རྒྱུད་རྣམས་ལ་སྤེལ་བཞིན་ཡོད་པས། སྐབས་དེར་ངག་ཐོག་གི་རྩོམ་རིག་གསར་རྩོམ་ཐད་དུ་ཆ་རྐྱེན་ལེགས་པོ་བསྐྲུན། ཡིན་ནའང་དུས་དེར་ངག་ཐོག་རྩོམ་རིག་དེ་དག་ཐོ་འགོད་བྱེད་པའི་ཡི་གེ་དང་ཤོག་བུའི་ཆ་རྐྱེན་མ་འཛོམས་པས། ཁོང་ཚོའི་མི་རབས་ནས་མི་རབས་སུ་ངག་ཐོག་ནས་བརྒྱུད་སྤེལ་དང་ཉར་ཚགས་བྱས་ནས་ཡོང་པ་ཡིན། དེ་ལྟར་འཕྲུལ་གྱི་ལྷ་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་སློབ་དཔོན་ཐོན་མིས་སྒྲ་སྦྱོར་གྱི་ཡི་གེ་འདི་གསར་དུ་བཟོས་པ་ནས་བཟུང་། རང་རེའི་བོད་ལ་ཡང་མེས་པོ་དང་མེས་མོ་རྣམས་ཀྱི་ངག་ཐོག་ནས་གསར་རྩོམ་བྱས་པའི་ཉམས་མྱོང་ངམ་བསླབ་བྱ་དེ་དག་ཐོ་འགོད་བྱེད་པའི་སྲོལ་ཐོག་མ་བྱུང་བ་ཡིན། སྐབས་སུ་བབས་པ་ནི་ང་ཚོའི་བོད་ཀྱི་ཡིག་ཐོག་དུ་བཀོད་ཡོད་པའི་མགུར་སྔ་ཤོས་ལ་ངོས་འཛིན་བྱེད་དུས། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་མགུར་ཐོག་མ་ལ་ངོས་འཛིན་མི་རུང་བར། བོད་ཀྱི་ཡུལ་འདིར་འགྲོ་བ་མིའི་རིགས་བྱུང་ནས་ངལ་རྩོལ་བྱེད་ཤེས་པ་ནས་མགུར་བྱུང་ཡོད་པའི་ངེས་ཤེས་འདྲོངས་དགོས། རྒྱུ་མཚན་ནི་སྐབས་དེར་ཡི་གེ་མེད་པས་ངག་ཐོག་གི་མགུར་མང་པོ་ཞིག་ཉམས་ཉེས་སུ་ཕྱིན་པས་ཡི་གེར་བཀོད་མ་ཐུབ་པ་མ་གཏོགས་མགུར་གཏན་ནས་མེད་པ་མིན། ཡིན་ནའང་ང་ཚོའི་དེང་སང་མིག་གི་མཐོང་ལམ་དུ་གྱུར་ཞིང་ཡིག་ཐོག་ཏུ་བཀོད་ཡོད་པའི་མགུར་སྔ་ཤོས་ནི་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་རྒྱལ་སྤུ་དེ་གུང་རྒྱལ་གྱིས་ལོ་ངམ་འཁོར་བཅས་ཚར་བཅད་དེ་རང་གི་ཕ་བསད་པའི་ཤ་འཁོན་གླན་རྗེས་སྙིང་ནད་སངས་པའི་མགུར་བཞེངས་པ་དེ་ཡིན་པར་འདོད།

ས་བཅད་གཉིས་པ། མགུར་གྱི་ལོ་རྒྱུས་ལོ་རྒྱུས་རྒྱབ་ལྗོངས་སྐོར་གླེང་པ།

གཅིག  ལོ་རྒྱུས་རིག་པའི་ངོས་ཐད་ནས་མགུར་གླེང་བ།

དེང་སྐབས་ཀྱི་མཁས་པ་རྣམས་ཀྱིས་རྩོམ་རིག་ལ་ཆེ་ས་ནས་ངག་རྩོམ་དང་ཡིག་རྩོམ་གཉིས་སུ་དབྱེ་ཡོད། ངག་རྩོམ་དང་ཡིག་རྩོམ་གང་ལ་མཚོན་ནའང་དེ་ནི་སྤྱི་ཚོགས་འཚོ་བ་ངེས་ཅན་ཞིག་གི་ནང་དུ་ཚུར་སྣང་བྱུང་བ་ཡིན་པས། དེའི་ནང་དུ་སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་འདུ་ཤེས་འཛིན་སྟངས། ཆབ་སྲིད་དཔལ་འབྱོར་སོགས་མང་པོ་ཞིག་འདུས་ཡོད་པ་སྨོས་མེད་ཡིན། དེ་བས་མཁས་དབང་དོན་གྲུབ་རྒྱལ་གྱིས་ཀྱང⑨“རྩོམ་རིག་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་རིགས་ཤིག་ཡིན་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་མིའི་རིགས་ཀྱི་ཀླད་པའི་ནང་ཚུར་སྣང་བའི་ཐོན་དངོས་ཤིག་རེད”ཅེས་གསུངས་ཡོད་པ་མ་ཟད། དགེ་ཆོས་ཀྱིས་སྙན་ངག་ཚད་ལྡན་དེ་ཚོའི་རང་བཞིན་ནི་ཆོས་ཉིད་ཀྱི་གཤིས་དང་འགྲོགས་ཆེ་བའི་སྟོབས་ཀྱིས་ཡིན་པ་འདྲ་ཞེས་གསུངས་ཡོད། མགུར་མ་མཚོན་ནའང་བོད་ཀྱི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པས།སྐབས་དེའི་བོད་ཀྱི་འདུ་ཤེས་འཛིན་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་སྣ་མང་ཞིག་གཅིག་བསྡུས་སུ་མཚོན་བཞིན་ཡོད། དེས་ཕྱིར་ཁོ་བོའི་སྐབས་སུ་བབས་པའི་མགུར་འདིའི་བརྗོད་བྱར་བལྟས་ནས་སྐབས་དེའི་བོད་སྤྱི་ཚོགས་ཡོངས་ཀྱི་ལོ་རྒྱུས་དང་གནས་བབས་ལ་དཔྱད་པ་བགྱི་ཁུལ་ཙམ་མོ།

གཉིས། མགུར་ལས་མངོན་པའི་ལོ་རྒྱུས་རྒྱབ་ལྗོངས་ལས་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་སྐོར།

འ་བ་ཉི་ཉེ་པ་ཉིད་ཅེས་པའི་ཚིག་གི་འགྲེལ་སྟངས་ལ་མཁས་དབང་དོན་གྲུབ་རྒྱལ་གྱིས་ཨ་ཕ་ནི་ཉེ་བོ་ཁོ་ན་ཉིད་ཅེས་པ་གཞིར་བཟུང་ནས་དཔྱད་ན། སྤྱིར་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཕ་མ་གཉིས་ཀྱི་དྲིན་ལན་ལ་ཆེ་ཆུང་དང་གྲལ་རིམ་གྱི་དབྱེ་བ་ཕྱེས་པའི་སྲོལ་ཆགས་མེད་པ་དང་། བོད་མི་རིགས་ལ་མཚོན་ནའང་དེ་དང་མཚུངས་ཕྱིར། ཏུན་ཧོང་གཏེར་ཡིག་ཏུ“ཕ་མྱེད་ན་ནི་མྱི་སྐྱེའོ། མ་མྱེད་ནི་མྱི་སོས་སོ།”ཞེས་ཕ་མ་གཉིས་ཀྱི་དྲིན་ལན་འདྲ་མཚུངས་སུ་བརྗོད་པ་དང་། གཞན་ཡང་དམངས་ཁྲོད་དུ་དར་བའི་གཏམ་དཔེ“དྲིན་ཆེན་ཕ་མ་ཡ་བཞི”སོགས་ལ་གཞིགས་ན་ཡང་ཤེས་ཐུབ། འོན་ཀྱང་སྐབས་འདིར་བོད་རྒྱལ་སྤུ་དེ་གུང་རྒྱལ་གྱིས་ཨ་ཕ་ནི་ཉེ་བོ་ཁོ་ན་ཉིད་ཅེས་ཨ་མ་ལས་དམིགས་སུ་བཀར་ནས་བརྗོད་དགོས་པ་ཡིན་ཅེ་ན། སྐུ་ཞབས﹙黄奋生﹚གྱིས“གནམ་གྱི་ཁྲི་བདུན་གྱི་དུས་གདོད་མའི་མ་རྒྱུད་སྤྱི་ཚོགས་སུ་བཞེད་ཅིང་། དེའི་ཤེས་བྱེད་གཅོ་བོ་ནི་མུ་ཁྲི་བཙན་པོ་ནས་སྲིབ་ཁྲི་བཙན་པོ་བར་གྱི་བཙན་པོ་རིམ་བྱོན་གྱི་མཚན་ལ་རང་ཉིད་ཀྱི་ཡུམ་གྱིས་མཚན་ཟུར་ཆག་ཡོད་པ་ནི་གདོད་མའི་མ་རྒྱུད་སྤྱི་ཚོགས་ཀྱི་ཁྱད་རྟགས་སུ་སྨྲས་ཤིང་། གྲི་གུམ་བཙན་པོའི་དུས་སུ་ཁྲབ་དང་མདའ་གྲི་མདུང་གསུམ། མེ་ལོང་བཅས་མཆིས་པ་ནི་དུས་དེར་ཟངས་ཀྱི་ཡོ་བྱད་སྤྱོད་པར་མངོན་པས་ཞིང་ཕྱུགས་ལས་བགོས་བྱུང་སྟེ། སྐྱེས་པ་དག་གིས་དཔལ་འབྱོར་ཐད་སྐྱེས་མ་ལས་ཁྱད་དུ་འཕགས་པའི་གོ་གནས་བཟུང་བས་ཕ་རྒྱུད་སྤྱི་ཚོགས་སུ་སླེབས།”ཞེས་གསུངས་ཡོད། བོད་ཀྱི་ལོ་རྒྱུས་སྟེང་ཕ་རྒྱུད་དང་མ་རྒྱུད་སྤྱི་ཚོགས་ཀྱི་དབྱེ་བ་བྱུང་ཡོད་མེད་གང་ལྟར་ཡིན་རུང་། གནམ་གྱི་ཁྲི་བདུན་གྱི་མཚན་ལ་ཡུམ་གྱི་མཚན་ལེན་པ་དང་།གྲི་གུམ་བཙན་པོར་མིང་འདོགས་དུས་ཀྱང་མ་མ་གྲོ་ཞལ་སྐྱི་བརླིང་མར་བློ་དྲིས་པ་དེ་ཡང་ང་ཚོའི་དཔྱད་དགོས་པའི་གནས་ཤིག་ཡིན་པར་འདོད། གོང་དུ་སྨྲོས་པ་བཞིན་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སུ་བོད་དུ་ཁྲལ་དང་མདའ་གྲི་མདུང་གསུམ་དར་པ་དེས་ཐོན་སྐྱེད་བྱེད་ཕྱོགས་ཀྱང་འགྱུར་བ་བྱུང་སྟེ་སྐྱེས་པ་རྣམས་ཀྱིས་རང་ཉིད་ཀྱི་ལག་ཆར་བརྟེན་ནས་རི་དྭགས་རྔོན་རྗེས། དེའི་ཤ་ནི་ཟ་མ་གཙོ་བོ་དང་པགས་པ་ནི་གོས་ཀྱི་གཙོ་བོར་ལྟ་བུ་་གྱུར་པ་རེད། མདའ་གྲི་མདུང་གསུམ་གྱི་ལག་རྩལ་བྱུང་པ་དེས་ཐོག་མའི་མ་རྒྱུད་ཚོ་བའི་ཐོན་སྐྱེད་བྱེད་ལུགས་ལ་བཅོས་སྒྱུར་གྱི་ཆ་རྐྱེན་གསར་དུ་བཏོན་པ་དང་། རྔོན་ལས་ལ་ཞུགས་པའི་སྐྱེས་པོ་རྣམས་དུས་རྒྱུན་གྱི་འཚོ་བའི་བྱེད་པོ་ལྟ་བུར་གྱུར་པས་ཕ་རྣམས་ཀྱི་ཐོབ་ཐང་མ་ལས་ཆེས་ཆེར་བརྒལ་པའི་ཐོག་མའི་ཆ་རྐྱེན་བསྐྲུན་པ་རེད། གཞན་ཡང་དུས་འདིར་རྒྱལ་པོས་མངའ་ཐང་ཇེ་ཆེར་གཏོང་འདོད་ཀྱི་འདུན་པ་བྱུང་སྟབས་ལོ་ངམ་རྟ་རྫི་གཙོ་བྱས་པའི་རྒྱལ་ཕྲན་མང་པོ་ཞིག་གི་བར་དུ་དམག་འཁྲུག་གི་ལས་བྱུང་བ་ཕྱོགས་སྟོན་གྱི《བོད་ཀྱི་ལོ་རྒྱུས་ལ་དབྱེ་ཞིབ་བྱས་པའི་ཐོག་མའི་དཔྱད་གཏམ》ཞེས་པར་“བཙན་པོས་ལ་གྱི་ཁ་ཆེ་ཡུལ་དུ་དཔུང་འཇུག་བྱས་ཏེ་མངའ་ཁོངས་རྒྱ་བསྐྱེད་”ཅེས་པ་ལས་ཀྱང་ཤེས་ཐུབ། དམག་འཁྲུག་ལ་ཞུགས་པའི་མི་རྣམས་ཀྱང་སྐྱེས་པ་ཁོ་ན་ཡིན་པས་ཕ་རྣམས་ཀྱི་ཐོབ་ཐང་སྔར་ལས་ཀྱང་ཇེ་མཐོར་ཕྱིན་པས་སྐབས་འདིར་ཨ་ཕ་ནི་ཉེ་བོ་ཁོ་ན་ཉིད་ཅེས་པའི་འདུ་ཤེས་འཛིན་སྟངས་ཞིག་བྱུང་བར་འདོད། ཡང་འདིར་བསམ་བློ་གཏོང་དགོས་པ་ཞིག་ནི་སྐུ་ཞབས་གངས་འཚོས་བྲིས་པའི་《ཆོ་ལོ་མིག་དགུ》ཅེས་པ་ལས།“གནམ་གྱི་ཁྲི་བདུན་སོགས་ཀྱི་སྐབས་སུ་ཕ་རུས་དེད་དེ་ཕ་ཤུལ་བུ་འཛིན་བྱེད་པའི་སྲོལ་ལུགས་དར་ཡོད”ཅེས་གསུངས་ཡོད་པར་བལྟས་ན་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་ཕ་གཤེགས་རྗེས་རྒྱལ་སྲིད་བུས་འཛིན་པའི་སྲོལ་ལུགས་དར་ཡོད་པ་དང་། རྒྱལ་པོ་སྤུ་དེ་གུང་རྒྱལ་ཁོང་ལ་མཚོན་ན་ཕ་ཤུལ་གྱི་རྒྱལ་སྲིད་འཛིན་མ་ཐུབ་པ་མ་ཟད། ལོ་མང་རྟ་རྫིས་ས་མཐར་སྤྱུགས་པ་དང་ཁོང་གིས་ནམ་ཡང་ཕ་ནས་བརྒྱུད་པའི་སྲིད་ཀྱི་ཆོ་ལོ་འཛིན་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་པས་ཕ་ནི་ཉེ་བོ་ཁོ་ན་ཉིད་ཅེས་པའི་བསམ་བློ་བྱུང་བར་འདོད། བརླ་བརྡུངས་ཞེས་པར་མཁས་དབང་དོན་གྲུབ་རྒྱལ་གྱིས་ཕས་རྒོལ་གྱི་དགྲ་བོའི་བརླ་ཡང་བརྡུངས་ཞེས་འགྲེལ་རྒྱབ་ཡོད་པ་གཙོ་བོར་བཟུང་ནས་དཔྱད་རྒྱུ་ནི། འདི་ཡང་སྐབས་དེའི་བོད་ཀྱི་འདུ་ཤེས་འཛིན་སྟངས་ཞིག་ལས་འཕྲོས་པ་ཡིན་སྙམ་སྟེ། དེ་ཡང་རྒྱལ་མོ་འབྲུག་པས《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ལས“བོད་རྗེ་གཉས་ཁྲི་བཙན་པོ་ནས་བོད་ཡུལ་དུ་གདོད་མའི་ཆོས་ལུགས་བརྡོལ་བོན་བྱ་བ་ཐོག་མར་བྱུང་ཞིང་། དེ་ནས་རིམ་གྱིས་རྒྱལ་རབས་ཕྱི་མ་དྲུག་གི་རིང་ལ་གོང་འཕེལ་དུ་སོང་སྟེ། བཙན་པོ་འདིའི་སྐབས་སུ་སླེབས་དུས་བོན་ལུགས་སྔར་ལས་དར་རྒྱས་བྱུང”ཅེས་གསུངས་པ་དང་བོན་ལུགས་འཕེལ་རྒྱས་བྱུང་བ་དང་མཉམ་དུ་སྐབས་དེའི་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ལའང་འཕོ་འགྱུར་ཆེན་པོ་བྱུང་། དཔེར་ན། ཡུལ་ལྷ་གཞི་བདག་གནས་པའི་འདུ་ཤེས་བྱུང་བ་དང་རང་གི་ཡོད་ཚད་དེ་ལ་བཅོལ་བ་མ་ཟད། ཡུལ་ལྷ་གཞི་བདག་གི་ཐུགས་དགྱེས་པའི་ཕྱིར་ཕྱུགས་ཟོག་མང་པོ་མཆོད་སྤྱིན་བྱེད་པའི་སྲོལ་བྱུང་བའི་ཁར། བླའམ་བརླ་ཡི་རིག་གནས་ཀྱང་དེ་དང་འབྲེལ་ནས་བྱུང་བར་མངོན་ཏེ། སྔོན་དུས་ཀྱི་མི་རྣམས་དམག་འཁྲུག་ལ་ཞུགས་དུས་རང་གི་སྲོག་གམ་བླ་དེ་གཞི་བདག་ཆེན་པོ་ཞིག་གི་གནས་རི་ལ་བཅོལ་ཏེ་དེ་ལ་བླ་རི་ཞེས་འདོད་པ་དང་། བླ་རི་ལ་གནོད་པ་མ་བྱུང་ན་རང་གི་ཚེ་སྲོག་ལའང་གནོད་པ་མི་འབྱུང་བའི་འདུ་ཤེས་འཛིན་སྟངས་བྱུང་བ་ལྟ་བུའོ། །སྐབས་འདིའི་མགུར་ལས་བྱུང་བའི་བརླ་བརྡུངས་ཞེས་པ་ཡང་། བླ་ཡི་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་དེ་འཕེལ་རྒྱས་བྱུང་སྟེ་གནའ་བོའི་དམག་འཁྲུག་གི་ལས་ལས་མངོན་པར་འདོད་དེ། རྒྱ་ཡེ་བཀྲ་བྷོས་བྲིས་པའི་དཔྱད་རྩོམ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲོད་ཀྱི་བརླ་བརྡུངས་ཞེས་པར་དཔྱད་པ་ཅེས་པ་ལས“གནའ་བོའི་མིའི་བློ་གྲོས་ཀྱིས་སྐྱེས་པོའི་སྲོག་རྟེན་གྱི་བླ་དང་ཡན་ལག་གི་བརླ་གཉིས་སྒྲ་མཚུངས་པར་ཤེས་ཤིང་། དེ་ནས་གཡུལ་འགྱེད་དང་འཐབ་འཛིང་སོགས་ཀྱི་དུས་ལ་བབས་ཚེ། ཕ་རོལ་པོ་གཅིག་དང་དུ་མ་གང་ཡིན་ཀྱང་བསད་པ་དང་མཉམ་དུ་ཅིས་ཀྱང་བརླ་བརྡུངས་ནས་གཅོག་པ་དང་།དེ་ཕ་རོལ་དེའི་བླ་དང་བླ་གནས་ལྷན་དུ་མེད་པར་བཟོས་པའི་རྟགས་མཚན་བྱེད་པའི་སྲོལ་བྱུང་ཞེས་གསུངས་ཡོད་པ་དང་། གཞན་ཡང《མཁས་པའི་དགའ་སྟོན》ལས། ལོ་ངམ་རྟ་རྫིས་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་རྗེས། ཟངས་ཀྱི་གའུར་སྤུར་བཅུག་ལྕགས་གཟེར་བཏབ། ཉང་ཆུ་སྐྱ་མོའི་ནང་དུ་བོར་བར་གྱུར་ཞེས་གསུངས་ཡོད་པར་བརྟག་ན་ཡང་ལོ་ངམ་གྱིས་རྒྱལ་པོའི་བླ་ནམ་ཞིག་རང་ངོས་ནས་གནས་འཕོས་ཏེ་དུས་ནམ་ཞིག་ལ་སླར་རྒྱལ་ས་འཛིན་པའི་དོགས་པ་བྱུང་སྟབས། བླ་དེ་གནས་མི་འཕོ་བའི་ཆེད་དུ་ཟངས་ཀྱི་གའུར་སྤུར་བཅུག་སྟེ་ལྕགས་གཟེར་བཏབ་པར་འདོད། གཞན་ཡང་ཏུན་ཧོང་ཡིག་རྙིང་ལས་དྲངས་པའི་ལུང་ཚིག་ནང“གྲི་གུམ་བཙན་པོའི་བང་སོ་ཐོག་མ་དེ་གྱང་ཏོ་བླ་འབུབས”ཞེས་པའི་གྱང་ཏོ་ནི་པུར་འདེབས་སའི་ས་ཆའི་མིང་དང་བླ་འབུབས་ཀྱི་དོན་ཡང་སྐབས་དེའི་མི་རྣམས་ཀྱི་བླ་འབོད་དང་། བླ་འགུགས་དང་། བླ་བླུ་སོགས་ཀྱི་ཆོ་ག་སྤེལ་བའི་དོན་ཡིན་པར་འདོད།

གསུམ། མགུར་ལས་མངོན་པའི་ལོ་རྒྱུས་རྒྱབ་ལྗོངས་ལས་ཡུལ་སྲོལ་གོམས་གཤིས་སྐོར།

བྱ་རོ་རོ་ན་མདུང་གི་རྩེ་རང་ནིག་ཅེས་པར་མཁས་དབང་དོན་གྲུབ་རྒྱལ་གྱིས་བྱ་ཆེ་ཆེ་ན་མདུང་གི་རྩེ་ནས་ཤི་ཞེས་འགྲེལ་རྒྱབ་ཡོད་པ་གཙོ་བོར་བཟུང་སྟེ་དཔྱད་རྒྱུ་ནི། གོང་དུ་སྨྲས་པ་བཞིན་རྒྱལ་པོ་འདིའི་རིང་ལ་མདའ་གྲི་མདུང་གསུམ་བྱུང་བ་དེས་སྐབས་དེའི་རྔོན་ལས་དང་དམག་འཁྲུག་གི་ལས་ལ་ཕན་ནུས་ཆེན་པོ་ཐོན་པ་བཞིན། མི་རྣམས་ཀྱི་དུས་རྒྱུན་གྱི་ངལ་རྩོལ་གྱི་གོ་རིམ་ཁྲོད་དུ་ཉམས་མྱོང་མང་པོ་གསོག་འཇོག་བྱས་པར་བརྟེན། རྗེས་སུ་མདའ་གཞུ་ལ་མ་བརྟེན་པར་ལག་ཏུ་ཐོགས་ཡོད་པའི་མདུང་དང་རྡོ་ལ་སོགས་པ་འཕངས་ནས་རི་དྭགས་གསོད་པའི་གོམས་སྲོལ་ཞིག་ཀྱང་དར་བ་ཡིན་ནམ་སྙམ། གང་ལྟར་ཀྱང་མདུང་དང་རྡོ་ལ་བརྟེན་ནས་རི་དྭགས་རྔོན་པའི་གོམས་སྲོལ་དེ་མི་རིགས་ཀྱི་ལོ་རྒྱུས་ལས་ཀྱང་མཐོང་ཐུབ་པ་བཞིན་ནོ། །ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག་ཞེས་པར་མཁས་དབང་དོན་གྲུབ་རྒྱལ་གྱིས་ཡོས་བུ་ཆེ་དྲགས་ན་ལྷམ་གྱི་ཡུ་བ་བྱེད་ཅེས་འགྲེལ་རྒྱབ་ཡོད་པ་གཙོ་བོར་བཟུང་ནས་དཔྱད་རྒྱུ་ནི། རང་རེའི་བོད་ཀྱི་ལོ་རྒྱུས་ལའང་སྔོན་གྱི་ཟས་སུ་མ་རྨོས་ལོ་ཏོག་ཟ་བ་དང་གོས་སུ་ཤིང་ལོ་གྱོན་པའི་དུས་ནས་འཕེལ་རྒྱས་བྱུང་སྟེ། རིམ་བཞིན་ཟས་སུ་ཤ་དང་གོས་སུ་པགས་པ་གྱོན་པའི་སྲོལ་བྱུང་སྟབས། ཤ་གཟན་གདོང་དམར་བོད་ཅེས་པའི་མིང་ཡང་བྱུང་བར་མངོན་ཏེ། རྒྱལ་མོ་འབྲུག་པས17《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ལས། “བོད་ཀྱི་ཡུལ་གྲུ་འདི་དག་ཏུ་བག་ཡངས་སུ་རྒྱུ་བའི་རི་དྭགས་དང་གཡུང་དྭགས་ཀྱི་བྱེ་བྲག་ཤིན་ཏུ་མང”ཅེས་པ་གསུངས་ཡོད་པར་གཞིགས་ན་བོད་ཀྱི་ཡུལ་འདིར་འདི་ལྟ་བུའི་ཁོར་ཡུག་གི་ཆ་རྐྱེན་འཛོམས་རྐྱེན་ཐུན་མོང་གི་ཐོན་སྐྱེད་བྱེད་ལུགས་ཏེ། རི་དྭགས་རྔོན་པའམ་ཕྱུགས་ཟོག་འཚོ་སྐྱོང་གི་བྱ་བ་དེ་རིམ་གྱིས་དར་བར་འདོད། དེ་ཡང་རི་དྭགས་སམ་གཅན་གཟན་གྱི་ཤ་བཟའ་བའམ་པགས་པ་གྱོན་པའི་སྲོལ་དེ་མི་རིགས་ནང་ཁུལ་དུ་འཕེལ་རྒྱས་སུ་སོང་བས། དེ་དང་མཐུན་པའི་ཡུལ་སྲོལ་གོམས་གཤིས་ཤིག་བྱུང་ཡོད་པ་ནི། ཁོང་ཚོའི་གཅན་གཟན་གཏུམ་པོའི་པགས་པ་དེ་དཔའ་བོའི་མཚོན་བྱེད་ཀྱི་རྟགས་དང་ཝ་མོའི་པགས་པ་ནི་སྐྲག་ཤོར་སྡར་མའི་མཚོན་བྱེད། ཡོས་བུ་པགས་པ་ནི་འབངས་མིའི་ཕལ་བའི་མཚོན་བྱེད་དུ་གྱུར་པ་སོགས་ནི་བོད་ཀྱི་དམངས་ཁྲོད་གཏམ་དཔེ་ལས“དཔའ་བོའི་ངོ་སོ་སྟག་གིས་བསྟོད”ཞེས་པ་དང་། “གཡོ་ཅན་སྡར་མ་ཝ་མོ་བཞིན”“ཁྱོད་རི་བོང་པགས་པ་མཉེས་ན་སླ། མཉེས་ན་སླ་རུང་ཐལ་ཁ་སླ།”ཞེས་པ་སོགས་ལས་ཀྱང་ཤེས་ཐུབ། གཞན་ཡང་སྤུ་དེ་གུང་རྒྱལ་གྱི་ལོ་ངམ་རྟ་རྫི་ཡོས་བུ་ཞིག་ལ་དཔེ་ལེན་པ་ལ་བལྟས་ན། སྐབས་དེར་བོད་ཀྱི་སྐད་ཆའི་སྒྱུ་རྩལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། མི་རྣམས་ཀྱི་ཕན་ཚུན་ལ་ཟུར་ཟ་དང་ཤགས་འགྱེད་པའི་སྲོལ་བྱུང་ཡོད་པ་ཤེས་ཐུབ། འདིར་ཆེད་དུ་བརྗོད་རྒྱུ་ནི་མགུར་ཚིག་འདི་ལས་མངོན་པའི་གདོད་མའི་བོད་ཀྱི་ལྭ་བའི་གྱོན་སྟངས་ཤིག་སྟེ། ཡོས་བུའི་པགས་པ་ལྷམ་གྱི་ཡུ་བྱེད་པའི་སྲོལ་དེ་ཡིན། མི་རིགས་གང་ཞིག་ལ་མཚོན་ནའང་རང་ཉིད་འཚོ་སའི་ཡུལ་དུས་ཀྱི་ཆ་རྐྱེན་དང་བསྟུན་ནས་དེ་དང་མཐུན་པའི་ཡུལ་སྲོལ་གོམས་གཤིས་དང་འདུ་ཤེས་འཛིན་སྟངས་སོགས་བྱུང་བར་མངོན་ཏེ། དཔེར་ན། རྒྱ་གར་དུ་བཞེངས་ཡོད་པའི་སངས་རྒྱས་ཀྱི་སྐུ་དང་བོད་དུ་བཞེངས་ཡོད་པའི་སངས་རྒྱས་ཀྱི་སྐུ་གཉིས་སངས་རྒྱས་ཀྱི་སྐུ་ཡིན་པ་འདྲ་ཡང་། སྐུ་བཞེངས་དུས་རང་རང་གི་ཡུལ་དུས་ཀྱི་ཆ་རྐྱེན་དང་བསྟུན་ནས་འགྱུར་བ་ཆེན་པོ་འབྱུང་གི་ཡོད་དེ། སྤྱིར་རྒྱ་གར་དུ་ཚ་བ་ཧ་ཅང་ཆེ་བས་སྟོན་པའི་སྐུ་བཞེངས་དུས་སྐུ་ལྭ་དང་དབུ་ཞྭ་ཕུལ་བའི་སྲོལ་ཡོད་ལ། བོད་ནི་རྒྱ་གར་དང་མི་འདྲ་བར་ནངས་དགོང་གཉིས་འཁྱགས་ཤིང་། དུས་བཞིར་དྲོད་གྲང་མི་སྙོམས་པའི་ཁྱད་ཆོས་ལྡན་ཕྱིར། སྟོན་པའི་སྐུ་བཞེངས་དུས་སྐུ་ལྭ་དང་དབུ་ཞྭ་མནབས་ཡོད་ཅན་བཞེངས་རྒྱུར་དགའ་བ་སོགས་ཀྱིས་མཚོན་ནོ། །བོད་ཀྱི་ཡུལ་འདིར་ཆར་བ་མང་པའམ་ཆུ་དང་ཆུ་ཕྲན་མང་པས་གདོད་མའི་མི་རྣམས་ཀྱི་འགྲོ་འོངས་ལ་དཀའ་ངལ་ཆེན་པོ་བཟོ་གི་ཡོད་པས། ཁོང་ཚོའི་ཡུས་བུའི་པགས་པ་ལྷམ་གྱི་གོང་ར་བྱས་ཏེ་རྩྭའི་སྟེང་གི་ཟིལ་བ་འགོག་པའི་སྲོལ་བྱུང་བ་དང་། རྗེས་སུ་ཀོ་གྲུ་བཟོས་ནས་ཕན་ཚུན་གྱི་འགྲོ་འོངས་ལ་སྟབས་བདེ་བཟོས་པ་རེད། གཞན་ཡང་བོད་མིའི་རྒྱན་གྱི་གཙོ་ཤོས་སུ་གྱུར་བའི་སྲམ་དེ་ཡང་གདོད་མིའི་མི་རྣམས་ཀྱི་ཆར་ཞོད་ཀྱི་ལྭ་འམ་རྩྭའི་སྟེང་གི་ཟིལ་བ་འགོག་བྱེད་ཀྱི་སྤྱིར་བཏང་གི་པགས་པ་ཞིག་ལས་འཕེལ་རྒྱས་བྱུང་སྟེ་ད་ལྟའི་རྒྱན་དུ་གྱུར་བ་རེད། སྤུར་བཏབ་ཞེས་པར་མཁས་དབང་དོན་གྲུབ་རྒྱལ་གྱིས་ཡབ་ཆེན་གྱི་ཨ་ཕར་བང་སོ་བརྩིགས་ཞེས་འགྲེལ་རྒྱབ་ཡོད་པ་གཙོ་བོར་བཟུང་སྟེ་དཔྱད་རྒྱུ་ནི། བཙན་པོ་འདི་ནས་བཟུང་བོད་དུ་རྒྱལ་པོ་རྣམས་ལ་སྤུར་འདེབས་པའི་སྲོལ་ཐོག་མ་བྱུང་། དེ་ན་བཙན་པོ་འདིའི་གོང་གི་གནམ་གྱི་ཁྲི་བདུན་གྱི་བང་སོ་གང་དུ་བཏབ་པ་ཡིན་ཅེ་ན། རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས། རི་བྲག་མི་ཐོགས་མཁའ་ལ་གཤེགས་བཞུད་བྱེད། །ཉིན་བཞིན་སར་བྱོན་མཚན་བཞིན་མཁའ་ལ་གཤེགས། །སྲས་ཀྱིས་ཆིབས་ཁ་ཐོབ་པར་གྱུར་བ་ན། །རྨུ་ཐག་ལ་འཇུས་ནམ་མཁར་གཤེགས་སོ་སྐད། །ལྷ་ལ་རོ་མེད་འཇའ་ཚོན་ལྟར་ཡལ་བས། །གྲོངས་ཀྱི་བང་སོ་གནམ་ལ་བཏབ་ཅེས་གྲགས། །ཞེས་གསུངས་ཡོད་པ་འདི་ནི་བོན་གྱི་འདོད་ལུགས་ཤ་སྟག་ཡིན་པར་འདོད། བོན་གྱི་ལུགས་མཐའ་དག་གི་ཕྱི་མོའམ་སྐྱེད་ཡུམ་ལྟ་བུ་ནི་གནམ་ཡིན། རྒྱུ་མཚན་ནི་བོན་པོ་གནམ་ལ་དགའ་བས་གཉའ་ཁྲི་བཙན་པོའི་ཁུངས་གནམ་ནས་བབས་པར་བཤད་པ་དང་། བོན་གྱི་བསང་མཆོད་ལས་གནམ་ས་ཨ་ནེ་གོང་མ་རྒྱལ་མོ་ཞེས་གནམ་གྱི་ཆེ་བ་བརྗོད་པ་དང་། མི་ཤི་རྗེས་དུར་ས་ལས་དམུ་ཐག་དཀར་མོ་ཞིག་གནམ་ལ་འཐེན་པ་སོགས་ལས་ཀྱང་བོན་གནམ་ལ་དགའ་བ་ཤེས་ཐུབ། དེ་བས་གནམ་གྱི་ཁྲི་བདུན་གཤེགས་དུས་བེམ་པོ་སྤྱིན་སྲེག་བྱས་རྗེས་ཀྱི་དུ་བ་ནམ་མཁར་སོང་བ་དེར་ཁོང་ཚོའི་བོན་གྱི་ཆོས་ལུགས་སྤྲགས་ཏེ་རྒྱལ་པོ་རྣམས་རྨུ་ཐག་ལ་འཇུས་ནས་ནམ་མཁར་གཤེགས་སོང་བའི་འུད་སྒྲོག་པ་དང་བསྟུན་བཙན་པོ་གོང་མ་རྣམས་ལ་སྤུར་འདེབས་པའི་སྲོལ་མ་བྱུང་བ་རེད། རྒྱལ་པོ་སྤུ་དེ་གུང་རྒྱལ་གྱིས་རང་ཉིད་ཀྱི་ཡབ་ཆེན་ལ་བང་སོ་བརྩིགས་པ་དེས་བོད་དུ་རྒྱལ་པོ་རྣམས་ལ་སྤུར་འདེབས་པའི་སྲོལ་ཐོག་མ་བཙུགས་པ་དང་མཉམ་དུ། འདི་ལས་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཀྱང་མངོན་འདུག་པར་འདོད་དེ། རྒྱལ་པོ་གྲི་གུམ་བཙན་པོའི་རིང་ལ་བོན་བསྣུབས་པས་རྒྱལ་པོའི་ཕོ་བྲང་ནང་ཁུལ་གྱི་བོན་ལ་དད་པ་བྱེད་པའི་བློན་པོ་རྣམས་དང་ལྷག་པར་དུ་སྐབས་དེར་བོན་ལ་དད་པ་བྱེད་མཁན་གྱི་མང་ཚོགས་རྣམས་ལ་ཕོག་ཐུག་བཟོས་པས་ཁོང་གི་རྒྱལ་སྲིད་བརླགས་པ་དང་། སྤུ་དེ་གུང་རྒྱལ་སྔོན་གྱི་ལོ་རྒྱུས་ལས་ཡབ་ཆེན་གྱི་ཕམ་ཁ་ཉོས་པའི་བསླབ་བྱ་བླངས་ཏེ། ཡབ་གྱི་བང་སོ་བརྩིགས་སྐབས་བོན་པོ་མང་པོ་ཞིག་གདན་དྲངས་ནས་གྲི་བཤད་བྱས་པ་དང་ཆོ་ག་སྒྲུབ་པ་དེས་རྒྱལ་པོའི་ཕོ་བྲང་དུ་སླར་ཡང་བོན་གྱི་བསྟན་པ་དང་ལེན་བྱས་པའི་མཚོན་རྟགས་སུ་གྱུར་པ་དང་ཆབས་ཅིག སྐབས་དེའི་བོན་ལ་དད་པ་ཆེ་བའི་བློན་པོ་དང་མང་ཚོགས་རྣམས་རང་ཕྱོགས་ལ་འཁོར་བའི་ཕྱོགས་ལ་ནུས་པ་ཐོན་པ་མ་ཟད། བང་སོ་བརྩིགས་པའི་མཛད་སྒོ་རྒྱ་ཆེར་སྤེལ་པ་དེས་བཙན་པོ་སྲིད་གཞུང་གི་སྲིད་ཤུགས་མངོན་པ་དང་དམག་མི་རྣམས་ཀྱི་འཐབ་འཛིང་གི་སྙིང་སྟོབས་ཆེས་ཆེར་བསྐྱེད་པའི་ཕྱོགས་ལ་ནུས་པ་གལ་ཆེན་ཐོན་པོ་འདོད། འོ་དེ་མྱེད་སྤུ་དེ་མྱེད་ཅེས་པར་མཁས་དབང་དོན་གྲུབ་རྒྱལ་གྱིས་གཅན་གཟན་དེ་ལུས་མེད་རོ་མེད་བྱས་ཞེས་འགྲེལ་རྒྱབ་ཡོད་པ་གཙོ་བོར་བཟུང་ནས་དཔྱད་རྒྱུ་ནི། བོད་མི་རྣམས་ནི་གནའ་ནས་རི་དྭགས་དང་གཅན་གཟན་རྔོན་པའི་ལས་ལ་བརྟེན་ནས་ནར་སོན་པའི་མི་རིགས་ཤིག་ཡིན་སྟབས། ཁོང་ཚོ་གཅན་གཟན་གཏུམ་པོ་ལ་འཕྲད་ཚེ་འདུལ་དཀའ་བའི་གནས་སུ་ལྷུང་མྱོང་བ་གདོན་མི་ཟ། དེ་བས་ཁོང་ཚོས་ནམ་རྒྱུན་འཚོ་བའི་ཁྲོད་དུ་བློན་པོ་བྱས་རྗེས་ཅན་དང་དཔའ་མཛངས་ཅན་ལ་སྟག་གམ་སེང་གེ་སོགས་གཅན་གཟན་གཏུམ་པོ་རྣམས་ཀྱི་དཔེ་རུ་འཇོག་བཞིན་ཡོད། སྐབས་དེའི་ལོ་ངམ་རྟ་རྫི་ལ་མཚོན་ནའང་མདའ་རྩལ་དང་གྲི་རྩལ་སོགས་འཛོམས་པའི་སྐྱེས་བུ་ཞིག་ཡིན་ཕྱིན། མི་རྣམས་ཀྱི་གཅན་གཟན་གཏུམ་པོ་ཞིག་གི་དཔེ་རུ་འཇོག་སྲིད་ལ། ཁོང་གི་རྒྱལ་སྲིད་འཛིན་དུས་ཟིལ་ཤུགས་ཧ་ཅང་ཆེ་སྟབས་གྲི་གུམ་བཙན་པོའི་བེམ་པོ་ཆུ་ལ་བསྐྱུར་པ་དེ་མི་རྣམས་ཀྱི་ལེན་མ་ཐུབ་པར་ལོ་ངོ་བཅུ་གསུམ་ཙམ་འགོར་སོང་བ་དེས་ཀྱང་མཚོན་ཐུབ། གཞན་ཡང་ཁོ་བཙན་པོ་གདུང་རྒྱུད་མ་ཡིན་ཡང་བཙན་པོ་ཚང་གི་རྒྱལ་སྲིད་འཕྲོག་པས་མི་འདོད་ཧམ་ཅན་གྱི་དཔེ་མཚོན་དུ་མི་རྣམས་ཀྱི་གཅན་གཟན་གྱི་གཟུགས་སུ་བཀོད་ངེས་པ་ཞིག་རེད། གཅན་གཟན་དེ་ལུས་མེད་རོ་མེད་བྱས་ཞེས་པར་གོ་བ་ལེན་སྟངས་གཞན་ཞིག་ཡོད་པ་ནི། བཙན་པོ་འདིའི་རིང་ལ་བོན་གྱི་བསྟན་པ་རྒྱ་ཆེར་དར་བས། བོན་ཆོས་ཀྱི་གཞུང་ལུགས་དེ་མི་རྣམས་ཀྱི་སེམས་སུ་ཟུག་ཡོད་པ་དང་། བོན་ཆོས་ལ་སངས་རྒྱས་ཆོས་ལུགས་ཀྱི་བྱམས་དང་སྙིང་རྗེ་ལྟ་བུའི་ཀུན་ཁྱབ་བསམ་བློ་མེད་པར། མི་དང་དུད་འགྲོ་གང་རུང་གི་ཚེ་སྲོག་ལ་འཚེ་བར་བྱེད་སྟེ། དེ་ནི་བོན་ལུགས་ལས་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་ཕྱུགས་ཟོག་སྟོང་ཁྲག་མང་པོ་མཆོད་སྤྱིན་བྱེད་པ་དང་མི་མང་པོ་གསོན་དུར་བྱེད་པའི་གདུག་རྩུབ་ཀྱི་སྤྱོད་པ་དག་ལས་ཀྱང་ཤེས་ཐུབ། དེ་ལྟ་བུའི་ཆོས་གཞུང་སྐབས་དེའི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་སྟེང་མངོན་པར་ཆགས་ཡོད་སྟབས། ཁོ་ཚོ་དམག་འཁྲུག་ལ་ཞུགས་དུས་ཀྱང་བྱམས་དང་སྙིང་རྗེ་སྤུ་ཙམ་མེད་པར་ཕ་རོལ་པོ་རྨེག་མེད་དུ་གཏོང་ངེས་པས། སྤུ་དེ་གུང་རྒྱལ་གྱིས་ཀྱང་སྐབས་དེར་ལོ་མང་རྟ་རྫིས་བཟུང་ཡོད་པའི་རྒྱལ་ཕྲན་དེ་རྨེག་མེད་དུ་བཅོམ་སྟེ་ལུས་མེད་རོ་མེད་དུ་བཏང་པར་ངོས་འཛིན་བྱས་ན་ཆོག་པར་སྙམ། ཡང་བོད་བཙན་པོའི་སྐབས་སུ་དམག་འཁྲུག་མང་པོ་བརྒྱབ་ཏེ་རྒྱལ་ཁ་མི་ཉུང་བ་ཞིག་བླངས་ཡོད་པ་ནི་བྱམས་དང་སྙིང་རྗེའི་བསམ་བློའི་ཟུར་ཙམ་ཡང་མ་ཟིན་པའི་བོན་པའི་ཆོས་ལུགས་དེ་ལ་རག་ལས་པར་འདོད།།

ས་བཅད་གསུམ་པ། མགུར་གྱི་སྒྱུ་རྩལ་མཚོན་ཐབས་སྐོར་བཤད་པ།

གཅིག སྙན་ཚིག་རིག་པའི་ངོས་ཐད་ནས་མགུར་གླེང་པ།

  ཏུན་ཧོང་ཡིག་རྙིང་དུ་བཀོད་ཡོད་པའི་བོད་ཀྱི་མགུར་སྔ་ཤོས་དག་ལ《སྙན་ངག་མེ་ལོང》གི་ཤན་མ་ཞུགས་ཤིང་། མགུར་རང་སྟེང་དུ་སྙན་ཚིག་རིག་པའི་ཁྱད་ཚོས་དུ་མ་འདུས་པས། དེ་ལ་བོད་ཀྱི་གདོད་མའི་སྙན་ཚིག་ཅེས་འབོད་ཆོག་པར་འདོད། སྐབས་སུ་བབས་པ་ནི་སྤུ་དེ་གུང་རྒྱལ་གྱི་སྐབས་སུ་བྱུང་བའི་མགུར་འ་བ་ཉི་ཉེ་པ་ཉིད་ཅེས་པ་ཡིན་པས། གཙོ་བོར་མགུར་འདི་ལས་བྱུང་བའི་སྙན་ཚིག་གི་ཁྱད་ཆོས་དག་ཆེད་དུ་བརྗོད་ཁུལ་བྱ་རྒྱུ་ཡིན། སྤྱིར་མགུར་ལ་མཚོན་ན་དེ་ནི་བོད་མི་རྣམས་ཀྱི་སྐད་ཆའི་ནུས་པ་འཕེལ་རྒྱས་བྱུང་སྟེ་ཅུང་མཐོ་ཤོས་སུ་སླེབས་པའི་མཚོན་རྟགས་ཡིན་ལ། དེ་ནི་སྐབས་དེའི་མི་རྣམས་ཀྱི་དགོས་མཁོ་གང་རུང་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པས། དེ་ནི་བོད་མི་རིགས་ཐུན་མོང་གི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། འདུ་ཤེས་འཛིན་སྟངས་སོགས་གཅིག་བསྡུས་སུ་མཚོན་ཡོད་པའི་ངག་ཐོག་གི་རྩོམ་རིག་ཅིག་ཡིན། ཡིན་ནའང་དེ་ཐོག་མར་བྱུང་དུས་རྩོམ་རིག་སྒྱུ་རྩལ་གྱི་དགོས་མཁོ་ཅི་ཡང་མེད་པར་མི་རྣམས་ཀྱི་རང་ཉིད་ཀྱི་སེམས་འདུན་གང་ཞིག་མི་གཞན་ལ་ཤེས་སུ་འཇུག་པའི་ཆེད་དུ་ཐོལ་བྱུང་དུ་བླངས་པ་ཞིག་ཡིན་པས། ང་ཚོས་དེང་སྐབས་འདི་ལ་རྩོམ་རིགས་གཞུང་ལུགས་ཀྱི་ངོས་སམ་སྙན་ཚིག་རིག་པའི་ངོས་ཐད་ནས་དཔྱད་པ་གཏོང་དུས་དེ་དག་གི་སྒོམ་གཞི་དང་ཡོངས་སུ་མི་མཚུངས་ནའང་ཅུང་རྗེས་མཐུན་གྱི་སྒོ་ནས་དཔྱད་པ་བཏང་ན་ཆོག་སྙམ།

⑴མགུར་ལས་མངོན་པའི་སྙན་ཚིག་རིག་པ་ལས་སྒྲ་རྒྱན་གྱི་སྐོར།

དེ་ཡང་ཨ་ལགས་དུང་དཀར་ཚང་གི་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། སྒྲ་རྒྱན་གྱི་ངོ་བོ་ནི“རྗོད་བྱེད་ཚིག་གང་ཡིག་གཟུགས་དང་། །སྒྲ་གདངས་མཚུངས་པར་སྤྱར་བ་ལས། །ཚིག་སྤྱོར་མཛེས་ཤིང་བརྗོད་དོན་ཡང་། །ལེགས་པར་སྟོན་ནུས་སྒྲ་ཡི་རྒྱན། །”ཞེས་གསུངས་ཡོད་པ་དང་། མགུར་ལས་མངོན་པའི་སྒྲ་རྒྱན་ལ་འདི་ལྟ་བུའི་ཆ་རྐྱེན་ཡོངས་སུ་ཚང་བ་ཞིག་མིན་ཡང་། སྒྲ་རྒྱན་གྱི་ངོ་བོ་མང་པོ་ཞིག་ཚང་བ་མ་ཟད། སྙན་ངག་མེ་ལོང་གི་ཤན་མ་ཞུགས་ཤིང་བོད་རང་ས་རང་ཡུལ་ནས་ཐོན་པ་ཤ་སྟག་ཡིན་པས། ངེས་པར་དུ་དཔྱད་པ་གཏོང་དགོས་པ་ཞིག་ཡིན་པར་འདོད། མགུར་གྱི་ཚིག་རྐང་གཉིས་པ“བྱ་རོ་རོ་ན་མདུང་གི་རྩེ་རང་ནིག”ཅེས་པ་དང“ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག”ཅེས་པའི་ཚིག་རྐང་གཉིས་ཀྱི“རོ་རོ”“རོ་རོ”“ནིག”“ནིག”བཞི་ལས། སྙན་ངག་གི་རྗེས་སུ་མཐུན་པའི་སྒྲ་རྒྱན་དེ་མངོན་ཡོད་པར་འདོད་ལ། དེ་ནི《སྙན་ངག་མེ་ལོང》ལྟར། སྒྲ་རྒྱན་གྱི་གོ་དོན་ཡོངས་སུ་མཚུངས་པ་ཞིག་མ་ཡིན་ནའང་། སྤྱིར་སྙན་ངག་གི་ལུས་བཟང་པོ་ལ་སྲོག་གི་བཟུང་ཡོད་པ་མ་ཟད། “སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད”ཅེས་པ་ལྟར། རྒྱན་གྱི་གོ་དོན་ནམ་ངོ་བོ་ཡོངས་སུ་ཚང་འདུག་པར་སྙམ། རྒྱུ་མཚན་ནི་ཚིག་རྐང་གཉིས་པ་དང་གསུམ་པར“རོ་རོ”དང་“ནིག”གཉིས་བེད་སྤྱད་པ་དེས་མགུར་ལེན་དུས་ཀྱི་གདངས་ཀྱི་འགྱུར་ཁུག་གསལ་ཁ་དོད་པོ་ཐོན་པའི་ཕྱོགས་དང་ཁ་ལ་བདེ་བ། རྣ་བར་སྙན་པའི་ཕྱོགས་སུ་ནུས་པ་བླ་ལྷག་ཏུ་ཐོན་པ་མ་ཟད། ཞོར་དུ་ཚིག་སྤྱོར་མཛེས་ཤིང་བརྗོད་དོན་ལེགས་པར་ཐད་དུའང་ནུས་པ་ཐོན་ཡོད། གཞན་ཡང་མགུར་གྱི་ཚིག་རྐང་དྲུག་པ་“འོ་དེ་མྱེད་སྤུ་དེ་མྱེད”ཅེས་པའི་ནང་དུ“དེ་མྱེད”“དེ་མྱེད”ཅེས་མིང་གཉིས་འདྲ་མཚུངས་སུ་སྤྱར་བ་ལས་ཚིག་སྤྱོར་མཛེས་ཤིང་བརྗོད་བྱའི་དོན་ཡང་འགལ་བ་དང་འབྲེལ་བ་མ་ཆགས་པ་སོགས་མིན་པའི་སྒོ་ནས་ལེགས་པར་བསྟན་པ་མ་ཟད། ཚིག་གི་གཅོད་མཚམས་བདེ་ཞིང་རྩོམ་རིག་གི་དབྱངས་ཀྱི་སྒྱུ་རྩལ་ཐད་དུ་ནུས་པ་གལ་ཆེན་ཞིག་ཐོན་ཡོད།

མགུར་ལས་མངོན་པའི་སྙན་ཚིག་རིག་པ་ལས་འཁྱོག་བརྗོད་རྒྱན་གྱི་སྐོར།

དེ་ཡང་མཁས་དབང་དོན་གྲུབ་རྒྱལ་གྱིས“སྤྱིར་སྙན་ངག་དང་མགུར་གླུའི་རྒྱན་ཟེར་བ་ནི་རྗོད་བྱེད་ཚིག་གི་ལུང་དེ་མཛེས་པར་བྱེད་པའི་ཆོས་རྣམས་ལ་གོ་དགོས། དེ་ཡང་རང་བཞིན་བརྗོད་པའི་རྒྱན་དང་འཁྱོག་བརྗོད་ཀྱི་རྒྱན་ཞེས་རྣམ་པ་ཆེན་པོ་གཉིས་སུ་འདུ་ཞིང་། རང་བཞིན་བརྗོད་པའི་རྒྱན་ནི་གང་བརྗོད་པར་བྱ་བའི་ཡུལ་དེའི་རང་བཞིན་དང་དེའི་གནས་ཚུལ་དེའི་ཁྱད་ཆོས་རྣམས་ལ་སྒྲོ་སྐུར་ཅི་ཡང་མི་བྱེད་པར་དྲང་བོར་བརྗོད་པ་ཞིག་ཡིན་ཏེ། དཔེར་ན། ཟླ་བ་དཀར་ཞིང་ཉི་མ་གསལ། ས་གཞི་ཆེ་ཞིང་ནམ་མཁའ་ཡངས། ཞེས་པ་སོགས་ལྟ་བུ་ཡིན། དེ་ལའང་ནང་གསེས་དབྱེ་ན། རིགས་དང་བྱ་བ་ཡོན་ཏན་རྫས་ཞེས་སྙན་ངག་གི་གཞུང་དུ་འབྱུང་བ་ལྟར་མགུར་གླུ་ལའང་རིགས་བསྒྲེས་ཆོག འཁྱོག་བརྗོད་ཀྱི་རྒྱན་ནི་གོང་དང་ལྡོག་པ་ཡིན་ཏེ། བརྗོད་པར་བྱ་བའི་ཡུལ་དེའི་རང་བཞིན་དང་དེའི་གནས་ཚུལ་དེའི་ཁྱད་ཆོས་རྣམས་དཔེ་ཡིས་སྟོན་པ་དང་། གཟུགས་སུ་འགོད་པ། བརྗོད་བྱའི་དོན་ངོ་མ་བསྡུས་པའམ་ཅུང་ཟད་གབ་པ། ཤིན་ཏུ་གབ་པ་ལ་སོགས་པའི་སྒོ་ནས་མཚོན་པར་བྱེད་པ་ཞིག་ཡིན།”ཞེས་གསུངས་པ་ལྟར་ན། མགུར་འདི་ཡང་འཁྱོག་བརྗོད་ཀྱི་རྒྱན་གྱི་ཁོངས་སུ་འདུ།རྒྱུ་མཚན་ནི་རྒྱལ་པོ་སྤུ་དེ་གུང་རྒྱལ་གྱི་ལོ་ངམ་རྟ་རྫི་དེ་ཁེངས་དྲེགས་ཆེ་ཞིང་མི་འདོད་ཧམ་ཅན་ཞིག་ཡིན་པས། མཐའ་མར་རྒྱལ་པོ་རང་གི་ལག་ནས་ཕམ་པ་དེ་ཐད་ཀར་དུ་མ་བརྗོད་པར། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག །ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག །ཞེས་བྱ་དང་ཡོས་བུ་ལ་དཔེ་བླངས་སྟེ། བརྗོད་བྱའི་དོན་ངོ་མ་བསྡུས་པའམ་གབ་པའི་ཚུལ་གྱིས་བརྗོད་པ་ལས་འཁྱོག་བརྗོད་ཀྱི་རྒྱན་གྱི་ཁོངས་སུ་འདུ་བ་ཤེས་ཐུབ།

མགུར་ལས་མངོན་པའི་སྙན་ཚིག་རིག་པ་ལས་བསྡུས་བརྗོད་རྒྱན་གྱི་སྐོར།

ཨ་ལགས་དུང་དཀར་ཚང་གི་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། བསྡུས་བརྗོད་རྒྱན་གྱི་ངོ་བོ་ནི། བརྗོད་པར་འདོད་པའི་དཔེ་ཅན་དེ་ལ་བསམས་ནས། དེ་མཚོན་པར་བྱེད་པའི་དཔེ་དངོས་སུ་བརྗོད་དེ་དཔེ་ཅན་ཤུགས་བསྟན་གྱི་ཚུལ་དུ་བསྡུས་ནས་གོ་བར་བྱེད་པ་དེ་འདྲ་ཞིག་ཡིན་ཞེས་གསུངས་ཡོད་པས། མགུར་འདི་ལ་ཡང་བསྡུས་བརྗོད་རྒྱན་གྱི་ངོ་བོ་མང་པོ་ཞིག་ཚང་འདུག་སྙམ། རྒྱུ་མཚན་ནི་སྤུ་དེ་གུང་རྒྱལ་གྱི་བླངས་པའི་མགུར་ཚིག་ལས“བྱ་རོ་རོ་ན་མདུང་གི་རྩེ་རང་ནིག །ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག །”ཅེས་པའི་མགུར་ཚིག་གི་བསྟན་བྱ་གཙོ་བོ་ནི་བྱ་ཆེ་ན་མདུང་གི་རྩེ་ནས་ཤི་བ་དང་ཡོས་བུ་ཆེ་ན་ལྷམ་གྱི་གོང་ར་བྱེད་པ་དེ་མ་ཡིན་པར། ཁོང་གིས་དཔེ་ཅན་ལོ་ངམ་རྟ་རྫི་ཁེངས་དྲེགས་དང་འདོད་ཧམ་ཆེ་བས་རང་གི་མདུང་ཁ་ཤི་བའི་ཚུལ་དེ་སྐབས་དེའི་མང་ཚོགས་རྣམས་ལ་གོ་རུ་འཇུག་པའི་ཆེད་དུ་དཔེ་བྱ་ཆེ་ཆེ་ན་མདུང་གི་རྩེ་ནས་ཤི་བ་དང་ཡོས་་བུ་ཆེ་ཆེ་ན་ལྷམ་གྱི་ཡུ་བ་བྱེད་པའི་ཚུལ་དེ་དངོས་སུ་བརྗོད་ནས་ཤུགས་བསྟན་ལོ་ངམ་རྟ་རྫི་མཚོན་པར་བྱེད་པའོ།

མགུར་ལས་མངོན་པའི་སྙན་ཚིག་རིག་པ་ལས་དྲག་ཤུལ་ཉམས་ཀྱི་སྐོར།

དེ་ཡང་ཨ་ལགས་དུང་དཀར་ཚང་གི་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། སྒེག་པ་དང་དགའ་བ་སོགས་པའི་ཉམས་བརྒྱད་པོ་གང་རུང་གི་རྣམ་འགྱུར་མཚོན་པར་བྱེད་པའི་ཚིག་རྒྱན་ཞིག་ལ་ཉམས་ལྡན་གྱི་རྒྱན་ཞེས་བརྗོད་པ་ཡིན་ཞེས་གསུངས་པ་གཞིགས་ན་མགུར་འདི་ལའང་ཉམས་ལྡན་གྱི་རྒྱན་ལས་དྲག་ཤུལ་རྒྱན་གྱི་གོ་དོན་ཅུང་ཚང་པར་འདུག་སྙམ། རྒྱུ་མཚན་ནི་མགུར་ཚིག་ལས་མངོན་པའི“བརླ་བརྡུངས། ། སྤུར་བཏབ། ། འྭོ་དེ་མྱེད་སྤུ་དེ་མྱེད”ཅེས་པར་ཁྲོས་པའི་ཉམས་དང་ལྡན་པས་ཕྱི་རོལ་ཏུ་དྲག་ཤུལ་ཆེ་བའི་རྣམ་འགྱུར་སྟོན་པར་བྱེད་པའོ།

གཉིས། མགུར་གྱི་སྒྱུ་རྩལ་ཁྱད་ཆོས་སྤྱིར་བཤད་པ།

འདིར་སྐབས་སུ་བབས་ཅིང་བརྗོད་པར་བྱ་བ་ནི་ཏུན་ཧོང་ཡིག་རྙིང་དུ་ཐོན་པའི་བོད་ཀྱི་ཡིག་ཐོག་གི་མགུར་སྔ་ཤོས་ལས་བྱེ་བྲག་ཏུ་བོད་རྒྱལ་སྤུ་དེ་གུང་རྒྱལ་གྱིས་བླངས་པའི་མགུར་འ་བ་ཉི་ཉེ་པས་ཉིད་ཅེས་པའི་སྒྱུ་རྩལ་ཁྱད་ཆོས་ཀྱི་སྐོར་ཡིན། སྤྱིར་མགུར་ཐོག་མ་ནས་བྱུང་དུས་རྩོམ་རིག་སྒྱུ་རྩལ་གྱི་དགོས་མཁོ་ཅི་ཡང་མེད་ལ། དེ་ནི་གནའ་བོའི་མི་རྣམས་ཀྱི་ཐུན་མོང་གི་ངལ་རྩོལ་ཁྲོད་འདུས་ཤིང་། རྗེས་སུ་མི་རྣམས་ཀྱི་སྐད་ཆའི་ནུས་པ་འཕེལ་རྒྱས་སུ་སོང་བས། རང་ཉིད་ཀྱི་བསམ་འདུན་དེ་མི་གཞན་ལ་བརྒྱུད་སྒྲོག་བྱེད་ཆེད་ངག་ནས་ཐོལ་བྱུང་དུ་བླངས་པ་ཤ་སྟག་ཡིན། ཡིན་ནའང་ད་ལྟ་ང་ཚོས་རྩོམ་རིག་གཞུང་ལུགས་ཀྱི་ལག་ཆ་འཁྱེར་ནས་གདོད་མའི་བོད་ཀྱི་སྙན་ངག་གི་མཚོན་བྱེད་དུ་གྱུར་པའི་མགུར་གྱི་སྒྱུ་རྩལ་ཁྱད་ཆོས་དེ་གླེང་དགོས་པ་ཡིན།

མགུར་འདི་ལ་མཚོན་ན་ལུས་ནི་རྐང་བར་བཅད་པ་ཤ་སྟག་ཡིན་ལ། སྐབས་འདིར་མགུར་ལ་ཆ་ཡ་སྡེབ་སྟངས་དང་ཚེག་བར་དོ་མཉམ་ཚུལ་སོགས་གཞུང་ལུགས་ཀྱི་བཀག་རྒྱ་ཅི་ཡང་མེད་པས། བརྗོད་དོན་གང་ཞིག་དབྱངས་ཀྱི་འགྱུར་ཁུགས་དང་རྗོད་བྱེད་ཚིག་གི་མང་ཉུང་ལྟར་རྐང་བར་བཅད་པ་ཤ་སྟག་ཡིན་པས། ཚེག་བར་དོ་མི་མཉམ་པའི་མགུར་གྱི་ལུས་འདི་ལྟ་བུ་བྱུང་བར་མངོན། མགུར་འདི་ཚིག་རྐང་དྲུག་གི་གྲུབ་པ་ཡིན་ལ། རྐང་བ་དང་པོར་ཚེག་ཁྱིམ་དྲུག  རྐང་བ་གཉིས་པ་དང་གསུམ་པ་ལ་ཚེག་ཁྱིམ་དགུ་རེ།  བཞི་བ་དང་ལྔ་བ་ལ་ཚེག་ཁྱིམ་གཉིས་རེ། དྲུག་པ་ལ་ཚེག་ཁྱིམ་དྲུག་བཅས་ཡོད། འདི་ལྟ་བུའི་བཀྱེད་ཡངས་ཤིང་རང་དབང་ཆེ་བའི་རྩོམ་ཚུལ་གྱིས་བོད་ཀྱི་རང་མོས་སྙན་ངག་གི་བྱུང་བ་ལ་སྐུལ་འདེད་བྱས་ཡོད་པ་གདོན་མི་ཟ། ཡིན་ནའང་མི་རྣམས་ཀྱི་རིགས་ལམ་དང་བློ་གྲོས་དང་ཡང་ན་འཚོལ་སྙེག་གི་རིམ་ཚད་དེ་ཅུང་མཐོ་གྲས་སུ་ཕྱིན་པས། རྗེས་སུ་ལུས་འདི་ཡང་གཅིག་གྱུར་གྱི་ལམ་དུ་འཕེལ་མགོ་བརྩམས་ཤིང་། ཚེག་བར་དོ་མི་མཉམ་པའི་མགུར་དེ་དག་རིམ་གྱིས་སྤངས་ནས་ཚེག་བར་དོ་མཉམ་པའི་མགུར་གྱི་ལུས་སུ་འཕེལ། གཞན་ཡང་ཆེད་དུ་བརྗོད་རྒྱུ་ཞིག་ནི་མགུར་འདི་ལ་སྙན་ངག་མེ་ལོང་དང་སངས་རྒྱས་ཆོས་ལུགས་ཀྱི་ཤན་མ་ཞུགས་པས། རྗོད་བྱེད་ཚིག་གི་ཉམས་འདོན་ཚུལ་དང་བརྗོབ་བྱའི་དོན་གྱི་བཀག་རྒྱ་ཅི་ཡང་མེད་ལ། སྐབས་བབས་ཀྱི་དོན་དེ་ཉིད་དབྱངས་རྟ་ངེས་ཅན་ཞིག་ལ་དྲངས་ནས་ཐོལ་བྱུང་དུ་བླངས་པ་ཡིན་པས། དེའི་ནང་དུ་གདོད་མའི་བོད་ཀྱི་ཆོས་ལུགས་དད་མོས་དང་འདུ་ཤེས་འཛིན་སྟངས། ཡུལ་སྲོལ་གོམས་གཤིས། ཆབ་སྲིད་དཔལ་འབྱོར། རིག་གནས། སྐད་བརྡ་སོགས་གཅིག་བསྡུས་སུ་མཚོན་ཡོད་པའི་སྤྱི་འདུས་ཀྱི་ཕུང་པོ་ཞིག་རེད། མགུར་འདི་ལ་མཚོན་ན་སྙན་ངག་མེ་ལོང་ལྟར་རྗོད་བྱེད་ཚིག་གི་ཉམས་འདོན་ཚུལ་དེ་གཙོ་བོར་མི་འཛིན་ལ། དེ་ནི་མི་རྣམས་ཀྱི་ཁ་སྐད་དང་བསྟུན་ནས་བླངས་པ་ཤ་སྟག་ཡིན་པས། མངོན་བརྗོད་དང་བརྡ་རྙིང་། ཚིག་རྒྱན་སོགས་ཀྱིས་ཅི་ཡང་མ་སྤྲོས་ཤིང་། མི་དམངས་བྱིངས་ཀྱི་གོ་སླ་བའི་ཁྱད་ཆོས་ལྡན། བརྗོད་བྱ་དོན་གྱི་ཆ་ནས་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་པའི་རྩོམ་རིག་ལྟར་བརྗོད་བྱ་ཐམས་ཅད་ཐར་བའམ་བྱང་ཆུབ་སྒྲུབ་པའི་གོ་རིམ་དང་། ཕར་ཕྱིན་དྲུག་གི་ཉམས་ལེན་ལ་སྤྱར་བ་ཤ་སྟག་མ་ཡིན་པར། མགུར་འདི་ལས་བརྗོད་བྱ་སྣ་ཚོགས་ཤིག་འདུས་ཡོད་དེ། རྒྱལ་བློན་བར་གྱི་འགལ་བའི་སྐོར། ཡུལ་སྲོལ་གོམས་གཤིས་སྐོར། དམག་དང་སྲིད་ཀྱི་སྐོར། མདོར་ན་སྐབས་དེའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། རྒྱལ་སྟོབས་བཅས་ཀྱི་སྐོར་ཏེ་དངོས་ཡོད་སྤྱི་ཚོགས་ཀྱི་རྣམ་པ་ཐམས་ཅད་བརྗོད་བྱར་བྱས་ཡོད།

  རྒན་ཟླ་བ་ལགས་ཀྱིས་བྲིས་པའི་བོད་བཙན་པོའི་སྐབས་ཀྱི་རྩོམ་རིག་ལས་མགུར་མ་རྩོམ་རིག་རགས་ཙམ་གླེང་བ་ཞེས་པ་ལས། “བོད་བཙན་པོའི་སྐབས་ཀྱི་མགུར་མ་ལ་བོད་གདོད་མའི་ཁྱད་ཆོས་ལྷག་ཏུ་ལྡན་པས་བཀླགས་པ་ཙམ་གྱིས་བོད་མཐོ་སྒང་གི་བྲོ་བ་སླ་མོའི་ངང་མྱོང་ཐུབ། ཅིའི་ཕྱིར་ཅེ་ན། བོད་བཙན་པོའི་སྐབས་ཀྱི་མགུར་མ་ལས་བྱུང་བའི་ཐ་སྙད་རྣམས་ནི་བོད་རང་ཉིད་ལ་རྒྱུས་ཡོད་ཅིང་འདྲིས་ཆེ་བའི་འབྲོང་དང་ཤ་བོ། བྱ་རྒོད། ཁྲ། བྱ་སོགས་ཡིན་པའི་རྐྱེན་ནོ།”ཞེས་གསུངས་པ་བཞིན། མགུར་འདིའི་ནང་དུའང་བོད་རང་ལ་འདྲིས་ཆེ་བའི་བྱ་དང་ཡོས་བུ་སོགས་ཀྱི་ཐ་སྙད་བྱུང་ཡོད་པ་ལྟ་བུའོ། གཞན་ཡང་མགུར་འདི་སྤྱིར་བཏང་གི་རྩོམ་རིག་བརྩམས་ཆོས་དང་མི་འདྲ་བར་འདི་ལ་རྩོམ་རིག་གི་རོ་བཅུད་ལེགས་པོ་ཞིག་འཛོམས་པའི་ཁར་དབྱངས་ཀྱི་འགྱུར་ཁུགས་ངེས་ཅན་ཞིག་ལྡན་པས་དེ་ནི་སྒྱུ་རྩལ་གྱི་ཆེས་མཐོ་གྲས་སུ་ཆགས་ཡོད་པའི་རྩོམ་རིག་བརྩམས་ཆོས་ཞིག་ཡིན་ནོ། །སྐབས་དེར་མི་རྣམས་ཀྱི་བརྗོད་འདོད་ཀྱི་དོན་གང་ཞིག་སྐད་ཆའི་ལམ་ནས་མ་བརྗོད་པར་མགུར་གྱི་ལམ་ནས་བླངས་པ་དེས་བརྗོད་འདོད་ཀྱི་དོན་དེ་ཉིད་མང་ཚོགས་ཅན་དུ་འགྱུར་བའི་ཕྱོགས་ལ་ནུས་པ་ཐོན་པ་མ་ཟད། མི་རྣམས་ཀྱི་སྐད་ཆའི་ནུས་པ་འཕེལ་རྒྱས་སུ་ཕྱིན་པའི་མཚོན་རྟགས་ཤིག་ཀྱང་རེད། མགུར་འདི་ལས་ལོ་ལམ་རྟ་རྫི་བྱ་དང་ཡོས་བུ་སོགས་མཐོ་སྒང་གི་ཆེས་སྤྱིར་བཏང་གི་སྲོག་ཆགས་ནུས་མེད་དེ་དག་ལ་དཔེ་བླངས་པ་དེས་གདོད་མའི་བོད་ཀྱི་སྙན་ཚིག་ལས་བསྡུས་བརྗོད་རྒྱན་གྱི་ཟུར་ཞིག་ཀྱང་མངོན་འདུག་སྙམ་མོ། །

མཇུག་བསྡུ་བའི་གཏམ།

མགུར་ནི་བོད་རིགས་མི་དམངས་ཀྱི་ཐུན་མོང་གི་ངལ་རྩོལ་ཁྲོད་བྱུང་བ་ཡིན་པས། དེའི་ནང་དུ་བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས། བསམ་བློ་འདུ་ཤེས། ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་གཅིག་བསྡུས་སུ་མཚོན་ཡོད་པའི་ངག་ཐོག་གི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པས། དེ་ལ་རྩོམ་རིག་གཞུང་ལུགས་དང་སྐད་བརྡ་རིག་པ། དམངས་སྲོལ་རིག་པ། ལོ་རྒྱུས་རིག་པ། མིའི་རིག་རིག་པ་སོགས་ཀྱི་ཞིབ་འཇུག་གི་རིན་ཐང་ལྡན་པ་མ་ཟད། བོད་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ང་ཚོས་དེ་ལ་གདེང་འཇོག་དང་ཞིབ་འཇུག་བྱས་ནས་བོད་ཀྱི་རྩོམ་རིག་འདི་ཉིད་མེས་རྒྱལ་ནང་ཁུལ་ནས་འཛམ་གླིང་ཤེས་རིག་གི་སྐྱེད་ཚལ་དུ་སྡུག་གུར་བཞད་པའི་མེ་ཏོག་ཅིག་ཏུ་འགྱུར་བའི་ཕྱོགས་ལ་འབད་པ་བྱེད་དགོས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།