ལྡེའུ་གྱི་གཞུང་ཆེན《ཀ་ཁོལ་མ་དང་བསྟུན་པའི་བོད་ཀྱི་ཤིས་ཚིག་༼བཀྲ་ཤིས་བདེ་ལེགས་ཕུན་གསུམ་ཚོགས་༽ཞེས་པ་ལ་རོབ་ཙམ་འཇུག་པའི་གཏམ་སྟོན་ཀའི་པད་མ་བཞུགས་སོ།།

  ཨེ་མ་ཧོ། འདི་ལྡེའུ་ཡི་བསྟན་བཅོས་ཆེན་མོ་《བཀའཆེམས་བཀའ་ཁོལ་མ་》ལས། “ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པ་གོ་བར་བྱ་བའི་ཕྱིར་གཡུ་རུང་གི་བོན་བསྟན།”ཞེས་དང་། “དེ་ལ་སྒྲུང་ནི་གྲགས་པ་མཐའ་ཡས་ཡང་ཟེར། རྒྱལ་པོ་སྤྱི་བོ་སྐྱེས་...ར་སའི་གློ་འབུར་གོང་མ་ན་གཟུགས་བརྙན་དུ་བཀོད་ནས་ཡོད་དོ།།”ཅེས་དང་། “ལྡེའུ་ཡང་སྟེང་ན་དབུ་ཉི་མ་བ། འོག་ན་ཆུ་ཆར་ཅི་ཡིན་...ནུབ་བྱང་མཚམས་ཀྱི་པང་ན་གཟུགས་བརྙན་དུ་བཀོད་ནས་ཡོད་དོ།།”ཞེས་དང་། “བོན་ཡང་ཤ་བ་ནམ་མཁའ་ལ་འགྲོ་ཤེས་པས་སྣ་དྲངས་པ་ལ་སོགས་པ་དང་...ཀ་བ་ཤིང་ལོ་ཅན་གྱི་འོག་ན་གཏེར་རུ་སྦས་ནས་ཡོད་དོ།། ”ཞེས་སོ།། ཐོག་མར་ལེགས་བཤད་འདིས་མདུན་བསུས་ཏེ་བོད་ཀྱི་༼བཀྲ་ཤིས་བདེ་ལེགས་ཕུན་གསུམ་༽ཞེས་པའི་སྨོན་ཚིག་བཟང་པོ་འདི་ཀ་ཁོལ་མའི་བཀོད་པ་ལྟར་དུ་ཅུང་ཙམ་འགྲེལ། སྤྱི་བཀྲ་ཤིས་བདེ་ལེགས་ལ་ཕྱོགས་མང་པོ་ནས་འགྲེལ་ལུགས་དུ་མ་ཞིག་ཡོད་མོད། ཡིན་ནའང་། སྨོན་ཚིག་འདིའི་ཆེས་ལེགས་པའི་འགྲེལ་སྟངས་དེ་ལྡེའུ་ཡི་རིས་འགྲེལ་དུ་བྱེད་ཐུབ་ན་ཤིན་ཏུ་འཐུས་སྙམ། 

    བོད་ཀྱི་སྨོན་ཚིག་ལས་༼བཀྲ་༽ ནི་འོད་འཚེར་བ་དང་ཤར་བ་དང་། རྣམ་པར་བཞད་པའི་དོན་ཏེ། འཇིག་རྟེན་དུ་བཀྲ་བ་ནས་མཛེས་པར་བྱེད་པ་དང་། གསལ་བར་བྱེད་པ། དྲོད་དང་ལྡན་པར་བྱེད་པ། མདངས་གཡོ་བར་བྱེད་ཐུབ་པ། དེའི་བདག་པོ་ནི་ནམ་མཁའི་ཉི་མའོ།། དེ་བཞིན་དུ་འགྲོ་བའི་སེམས་ལ་འོད་གསལ་བར་བྱེད་པ་དང་། དྲོད་དང་ལྡན་པར་བྱེད་པ། མཛེས་པར་བྱེད་པ། མཛངས་པར་བྱེད་ཐུབ་པའི་བདག་པོ་ནི་ལམ་སྟོན་གྱི་དགེ་བའི་བཤེས་གཉེན་སྟེ། དེས་ན་ཀ་ཁོལ་མའི་བདག་པོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དེ་ཡང་《ཀ་ཁོལ་མ་》ལས་གསུངས་པ་ལྟར་ཕྱོགས་སུ་༼བཀྲ་༽བའི་ལུང་དང་པོ་ནི། “དང་པོ་སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གི་དྲུང་དུ་འདི་ལྟར་སེམས་བསྐྱེད་དོ།...” ཞེས་ཚིག་འདིས་འོད་དཔག་ཏུ་མེད་པ་བཀྲ་བ་དང་། ཉི་མ་བཀྲ་བ་གཉིས་ཚིག་དོན་ནས་ཐད་ཀར་གདན་དྲངས་སོ།། བཀྲ་བ་འདིས་ཆ་རྐྱེན་པས་བོད་ཁ་བ་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བ་ཤུགས་སུ་འདྲེན། དེར་བརྟེན། ཚིག་འདི་ནི་སྨོན་ཚིག་གི་འགོ་མ། རྟེན་འབྲེལ་གྱི་གཞི་མ། མཛེས་པོའི་སྣེ་འདྲེན་དུ་བཀོད་ཅིང་། དེའི་བརྗོད་སྙིང་ནི་སངས་རྒྱས་འོད་དཔག་ཏུ་མེད་པའང་ནམ་མཁའི་ཉི་མའི་ཞལ་ལ་གོ་ཆོག་སྟེ། འདི་འགོ་མ་ཡིན་པ་ནི་ཞོགས་པའི་ཉི་མ་ཤར་ནས་འཇིག་རྟེན་ཀུན་གསལ་བར་བྱེད་པས་སོ།། འདི་བཀྲ་བ་<འོད་དཔག་མེད་> ལས་ཤེས་པའམ་ཤིས་པར་གྱུར་བ་ནི་《ཀ་ཁོལ་མ་》ལས།“..བདག་གི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་། སྐད་ཅིག་མ་རེ་རེ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མཛད་པའི་རྣམ་འཕྲུལ་བྱུང་ནས། སེམས་ཅན་གཅིག་ཀྱང་མ་ལུས་པར་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱའོ།། དེ་མ་བཀོད་པར་རང་རེ་གཅིག་པུ་བདེ་བ་འདོད་པའི་བློ་བྱུང་ན། ངའི་མགོ་ཨ་རྫ་ཀའི་དོག་པ་བཞིན་དུ་ཚལ་བ་བཅུར་འགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། ” ཞེས། ཚིག་འདི་ནི་འོད་དཔག་མེད་ལས་༼ཤིས་༽པ་ཐོབ་པའི་༼ཤེས་༽པའི་མཆོག་སྟེ། བཀྲ་ཤིས་དང་བཀྲ་ཤེས་ཞེས། ༼བཀྲ་ཤིས་༽ནི་བཀྲ་གཞི་གང་རུང་ལས་བྱིན་རླབས་ཐོབ་པ། ༼བཀྲ་ཤེས་༽ནི་བྱིན་རླབས་དེ་རང་ཉིད་བརྒྱུད་དེ་གཞན་ཕ་རོལ་པོར་སྟེར་བ། རང་འདོད་བོར་ནས་གཞན་དོན་རྙེད་པའི་བློ་འཁོར་བ། འདིར་བཀྲ་བའི་གཞི་ཆེན་མོ་འོད་དཔག་མེད་ལ་སོགས་པས། “..ལེགས་སོ་ལེགས་སོ།” ཞེས། ལེགས་སོའི་ཚིག་ནས་ཤིས་པ་སྩོལ་དང་བཀྲ་ཤིས་རྣམ་པར་སྤེལ་བའི་དོན་རྣམས་གྲུབ་པ་མཚོན། ལམ་སྟོན་གྱི་དགེ་བའི་བཤེས་གཉེན་བཀྲ་བའི་མདངས་ལས་སློབ་མའི་རྒྱུད་གསལ་བ་དང་ཤེས་ཐུབ་པའི་ཤིས་པ་མཆོག་ལ་རེག་པ། དེ་ནི་《ཀ་ཁོལ་》ལས་“..མགོ་བོ་ཚལ་བ་བཅུར་གས་པ་དེ་ཞལ་བཅུར་གྱུར་ཏོ།། ” ཞེས་སོ།། ཚིག་འདིས་ལྷ་ཆེན་སྤྱན་རས་གཟིགས་ངོ་མ་དེ་དངོས་སུ་གྲུབ་པ་བསྟན། དེས་ན་༼བཀྲ་བ་༽ནི་མཐོ་ནམ་མཁའི་དབྱིངས་སུ་ཤར་བའི་ཉི་མ་དེའོ།། ཉི་མ་ཤར་བ་ནི་འཇིག་རྟེན་རྟེན་འབྲེལ་གྱི་ཐོག་མ་ཡིན། གལ་ཏེ། བཀྲ་ལ་རྟགས་ཤིག་དགོས་ན་ཉི་མ་དམར་པོ་དེའོ།། དཔེར་ན། སྟོད་མངའ་རིས་སྤུ་རངས་ཡུལ་གྱི་གནའ་གླུ་༼བཀྲ་ཤིས་གྲལ་གླུ་༽ཞེས་པ་ལས། “བཀྲ་ཤིས་སྟེལ་ན་དགའ། དགུང་སྔོན་མཐོན་པོ་རུ་སྟེལ། བཀྲ་ཤིས་མཇལ་ན་དགའ། ཉི་ཟླ་ཉི་འོད་དུ་མཇལ། བཀྲ་ཤིས་འཛོམས་ན་དགའ། སྐར་ཕྲན་ཆོས་འཛོམས་དུ་འཛོམས། ..བཀྲ་ཤིས་འཛོམས་ན་དགའ། དཔལ་ཁང་གྲུ་བཞི་རུ་སྟེལ། ..” ཞེས་དང་། ཡང་༼བཀྲ་ཤིས་གསོལ་བ་༽ལས། “དགུང་སྔོན་མཐོན་པོ་ཞིག་གི་བཀྲ་ཤིས་གསོལ་བ་ལ། ཉི་ཟླ་ཉི་འོད་ཅིག་གི་བཞུགས་སྡོད་མཐོ་བ་ལ།..” ཞེས་དང་། ༼བཀྲ་ཤིས་བྱིན་ཆགས་༽ལས་“དགུང་སྔོན་མཐོན་པོ་བཀྲ་རེ་ཤིས། ཉི་ཟླ་ཉི་འོད་གཡང་རེ་ཆགས། ..” ཞེས། རིམ་གྱིས་༼ཤིས་༽ཞེས་པ་ནི་ཉི་མའི་འོད་གཟེར་ལ་བརྟེན་པའི་ཤེས་པ་ལས་འབྱུང་སྟེ། དོན་དུ་གསལ་རིག་ཡིན་ཕྱིར། དེའི་རྟགས་ནི་ཆེ་དང་མང་པོ་རུ་ཕྱེ་བཞིན་པའི་མིག་ཅིག་སྟེ། དེར་བརྟེན། ཀ་ཁོལ་མའི་བཀྲ་བ་ལས་སད་པའི་ཤིས་པ་ནི་སྤྱན་རས་གཟིགས་ཞེས་ ༼སྤྱན་གྱིས་གཟིགས་༽པ་དེ་གཙོ་དོན་དུ་གཏན་ལ་ཕབ་ཡོད། སྤྱན་ནས་འཇིག་རྟེན་དང་རང་ཉིད་སོགས་གསལ་ལམ་མེར་མཐོང་དགོས་པ་དེའོ།། གཞན་ཡང་། ཏུན་ཧོང་ཤོག་དྲིལ་གྱི་《བཀྲའ་ཤིས་སུ་བྱ་བའྀ་ཚིགས་སུ་བཅད་པཱ་》Pe1.tib.0109 ཞེས་པ་ལས། “ཁྱེད་ཀྱྀ་བཀྲའ་ཤིས་ཐམས་ཆད་སྒྲུབ་པར་བྱེད་འདི་དག། །རབ་ཏུ་བརྗོད་ཀྱིས། དེ་ཕྱྀར་མྱི་རྣམས་སྒྲྀམས་སྟེ་ཉོན་། །སངས་རྒྱས་པད་མ་རྒྱས་པའྀ་འདྲའ་..འྀ་༼སྤྱན་༽མངའ་བ།། ..བཀྲའ་ཤིས་ཙུགས་མང་པོས་ཉེ་བར་གཡོགས།། དབུ་ལ་འོད་དཔག་མྱེད་པ་བཞུགས།། འོད་ཟེར་དག་ནྀ་རྣམ་པར་འཕྲོ།། འོད་འཕྲོ་འདོམ་གང་རབ་ཏུ་འབར།། གསེར་གྱི་རི་འདྲ་གྲགས་པས་ཁྱབ།། གཟིའ་བརྗིད་དག་ཀྱང་རབ་ཏུ་ཆེ།། ཤརད་ཀྱྀ་རི་ལས་འཚར་པ་ཡྀ།། ཉི་མའྀ་གཙུག་ཏོར་དང་ཡང་ལྡན།།..” ཞེས་སོ།། འདི་ཡང་བཀྲ་སྟེ་སྤྱན་མངའ་བའང་སྤྱན་མིག་ཐོབ་པ་དང་། ཤེས་རབ་རྙེད་པའི་དོན་ནོ།། 

    གཞན་ཡང་། ཐམས་ཅད་གསལ་བར་མཐོང་བའི་སྤྱན་ཚད་ལྡན་ལ་《ཀ་ཁོལ་མ་》ལས་ “...དེ་དུས་དེའི་ཚེ་ན་...བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་ཀྱི་སྐུ་ཡི་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་བརྗོད་པ། ༼སྤྱན་རས་གཟིགས་༽ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཅིག་ཡོད་པ་དེས་...” ཞེས། རང་གཞན་ཐམས་ཅད་ལ་གཟིགས་ཐུབ་པའི་སྤྱན་གྱི་མཆོག་ལ་སྤྱན་བསྟོད་མཛད་པ། གཞན་དུ་ ༼སྤྱན་ཚད་ལྡན་༽དེ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པར་བརྗོད་པའི་ཡུལ་དུ་གྱུར་རོ་ཞེས་པའི་དོན། 

    ༼བདེ་༽ནི་འོས་ཤིང་འཚམས་པའི་གཞི་ལམ་འབྲས་གསུམ་གྱི་བདེ་བ། ཆེས་ཐོག་མའི་བོད་མིའི་ཤིས་ཚིག་གི་༼བདེ་༽ནི་རྩྭ་ཆུ་འཛོམས་པའི་ལེགས་ས་དང་། ཞིང་ཁ་བཏབ་སའི་ས་དབྱིབས་གྲུ་བཞི་ཅན་དང་། ནོར་ལུག་འཚོ་སའི་ཐང་གྲུ་བཞི། མཁར་དང་ཁང་ཁྱིམ་ཆགས་སའི་དཔལ་གཞིས་གྲུ་བཞི་ཅན་རྣམས་སོ།། ཡང་ན་དམ་ཆོས་དང་ལེགས་བཤད་སྤེལ་སའི་བློ་ཡི་ཞིང་ཁ། འདི་ཀ་ཁོལ་མའི་༼བདེ་༽ནི་ལྷ་ཆེན་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བྱང་ཁ་བ་ཅན་ཞིང་ཁམས་འདིའོ།། འདི་བཀྲ་དང་ཤིས་པའི་ཡོན་ཏན་ནས་གདུལ་ཞིང་ཉིད་བདེ་བ་དང་བཟང་པོ་རུ་བསྒྱུར་བ། 《ཀ་ཁོལ་མ་》ལས་“..དང་པོ་ཟང་ཟིང་གིས་བསྡུས་ལ། དེ་ནས་བར་དུ་ཆོས་ཀྱིས་རྒྱུད་སྨིན་པ་གྲོལ་བར་གྱིས་ལ། དེ་ནས་མཐའ་མར་༼བདེ་༽བ་ཅན་གྱི་ཞིང་ཁམས་སངས་རྒྱས་ཀྱི་ཞིང་འདིར་ངའི་དྲུང་དུ་ཁྲིད་ལ་ཤོག་ཅིག” ཅེས་སོ།། འཕགས་མཆོག་༼སྤྱན་༽རས་གཟིགས་ཀྱིས་ཕ་སྤྲེའུ་སྒོམ་དང་མ་བྲག་སྲིན་མོ་གཉིས་བརྒྱུད་དེ་ཁ་བ་ཅན་གྱི་ཞིང་འདིར་འབྲུ་རིགས་སྣ་ལྔ་འཛོམས་པ། རིན་པོ་ཆེ་གསེར་ཡོད་པ། དམ་པའི་ལྷ་ཆོས་སྤྱོད་ཤེས་པའི་༼ཞི་བདེ་༽ཡི་ཞིང་དུ་བསྐྲུན་པ། དེ་ལ་ནི་༼བདེ་༽ཞེས་བསྟོད་དང་བཀུར་བས། འདི་ལས་ཀྱང་ཤུགས་སུ་༼བདེ་བར་གཤེགས་པ་༽ཞེས་པའི་དོན་ཡང་བསྟན་ཏོ། ཡང་《ཀ་ཁོལ་》ལས་“དེ་ནས་སྤྲེའུ་སྒོམ་གྱིས་འབྲུ་སྣ་ལྔ་བོ་ཁྱེར་ནས་ཁ་བ་ཅན་གྱི་དབུས་ཀྱི་ས་ལ་བརྟེན་པ། ས་གཞི་ཉམས་དགའ་བ། བཀྲ་ཤིས་པ། རང་བཞིན་གྱི་ཡོན་ཏན་ཐམས་ཅད་འབྱུང་བ། འབྲུ་སྣ་ཚོགས་སྐྱེ་བ། དྲོ་བ། བཞེད་པ་རྣམ་པ་དགུ་དང་ལྡན་པ།..” ཞེས་སོ། ། འདི་བཞིན་ནི་བདེ་བའི་འབྲས་བུ་༼ལེགས་པ་༽ཡིན་ཏེ། སྐུ་ལེགས་པ། གསུང་ལེགས་པ། ཐུགས་ལེགས་པ། ལོ་ལེགས་པ། དུས་ལེགས་པ། ཉིན་ལེགས་པ། མཚན་ལེགས་པ། སྐྱེས་པ་ལེགས་པ། བུད་མེད་ལེགས་པ། གནམ་ལེགས་པ། ས་ལེགས་པ། མི་རྣམས་ལེགས་པ། ཕྱུགས་རྣམས་ལེགས་པ། ལེགས་སྐྱེས་ཡོད། ལེགས་བཤད་ཡོད། ལེགས་ལམ་ཡོད། ཤིན་ཏུ་༼བདེ་༽བའི་ཞིང་ག་རུ་ཤིན་ཏུ་༼ལེགས་༽པའི་ལོ་ཐོག་སྐྱེ་བ། ཤིན་ཏུ་༼བདེ་༽བའི་སེམས་ཁམས་སུ་ཤིན་ཏུ་༼ལེགས་༽པའི་བསམ་པ་འཁྲུངས་བ། ཤིན་ཏུ་༼བདེ་༽བའི་ནམ་ཟླ་རུ་ཤིན་ཏུ་༼ལེགས་༽པའི་ཕུན་ཚོགས་འབུར་བའོ།། 

    འདི་༼ཕུན་གསུམ་༽ཞེས་པ་ནི་ནོར་བུ་གསུམ་དང་ཁམས་གསུམ། མཐོ་ནམ་མཁའི་དབྱིངས་ཀྱི་ཉི་ཟླ་སྐར་གསུམ། ཁྱིམ་མི་ཚང་ནང་གི་ཕ་མ་གཉེན་བཤེས་གསུམ། འབྱོར་བའི་རྟ་ནོར་ལུག་གསུམ། དགོས་པའི་ཚེ་བསོད་དཔལ་འབྱོར་གསུམ། ལམ་སྟོན་གྱི་དཀོན་མཆོག་གསུམ། ཆོས་ལོངས་སྤྲུལ་གསུམ། སྒྲུང་ལྡེའུ་བོན་གསུམ། ཐབ་རྡོ་གསུམ། ལུས་ངག་ཡིད་གསུམ། དུས་གསུམ་སོགས་དེ་དག་གི་ཆེ་བ་དང་ནུས་པ་ཆ་ཚང་བ་དང་ཁོད་སྙོམས་པ། འདི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ནས་སྤྲེའུ་སྒོམ་དང་བྲག་སྲིན་མོ་གཉིས་བོད་ཀྱི་གཏམ་དཔེ་ལས་བཤད་པ་ལྟར་“འཚོ་གསར་འཇུ། རྡོ་མེ་འབུད།” ཅེས་ཁ་བའི་ཡུལ་དུ་ཁྱིམ་ཐབ་བྱས་ཞེས་ཐབ་རྡོ་༼གསུམ་༽ཐོག་མར་བཙུགས་ཤིང་། དེ་ནས་མེ་སྤར། རིགས་རྒྱུད་སྤེལ་བའོ།། དེའི་ལུང་ནི་《ཀ་ཁོལ་མ་》ལས་“...འཕགས་པ་ཨཱརྱ་པ་ལོའི་ཞལ་ནས་ཁྱིམ་ཐབ་གྱིས་ཤིག་གསུངས་ནས་བྱ་དགའ་༼གསུམ་༽གནང་ངོ་།། ”ཞེས་གསུངས་པའི་བྱ་དགའ་གསུམ་ནི་ཕུན་གསུམ་<སུམ> གྱི་རྣམ་པ་དང་པོ་དེའོ།། གཞན་ཡང་། འདི་ཁྱིམ་ཐབ་གྱིས་ཤིག་ལས་༼ཁྱིམ་༽ནི་ཕ་མ་བུ་རྒྱུད་གསུམ་ནས་གྲུབ་པ། ༼ཐབ་༽ནི་ཐབ་རྡོ་གསུམ་ནས་གྲུབ་པ། འདི་ནི་ཕུན་གསུམ་མམ་རྩ་གཞི་གསུམ་གདན་གཅིག་ཏུ་འཛོམས་པ་ཡིན་པས། འཛོམས་པ་ཤེ་ན་ཚོགས་པ་སྟེ་ཆད་ལྷག་མེད་པའི་དོན་ནོ།། དགེའོ།།

ཟུར་མཆན།

     ༼ཕུན་གསུམ་༽དང་༼ཕུན་སུམ་༽ནི་གཅིག་སྟེ། དཔེར་ན། ཏུན་ཧོང་ཤོག་དྲིལ་ལས་དུས་གསུམ་ལ་༼དུས་སུམ་༽ཞེས་བྲིས་ཡོད་པ་ལྟ་བུའོ།། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།