[ནང་དོན་གནད་བསྡུས] སྒྲུང་གཏམ་བློས་སློང་བྱེད་སྐབས། ཐོག་མར་བརྗོད་བྱ་རྫོགས་པར་སྟོན་པའི་དགོས་མཁོ་ལ་དམིགས་ཏེ། མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ་གཏན་དབབ་དགོས་ཤིང་། མི་སྣའི་བར་ལ་འགལ་བ་རྙོག་དྲ་ཅན་ཞིག་བྱུང་རྗེས། འགལ་བ་རྣམས་ནི་བྱུང་རིམ་གྱི་རྣམ་པར་བསྒྱུར་ཏེ་ཐང་མར་བརྡལ་དགོས་འདུག
[བརྡ་ཆད་གཙོ་བོ།] སྒྲུང་གཏམ། མི་སྣ། འགལ་བ། འབྲེལ་བ།
གཅིག མི་སྣའི་འགལ་བ་དང་འབྲེལ་བ་གཏན་ལ་འབེབས་པ།
ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་རྣམས་ནི་ཁྱིམ་མཚེས་གཡས་གཡོན་གྱི་འགལ་བ་དང་འབྲེལ་བ། ཁྱོ་ཤུག་བར་གྱི་འགལ་བ་དང་འབྲེལ་བ། ཕ་མ་བུ་ཕྲུག་གི་འགལ་བ་དང་འབྲེལ་བ། སློབ་གྲོགས་བར་གྱི་འགལ་བ་དང་འབྲེལ་བ། དགེ་སློབ་བར་གྱི་འགལ་བ་དང་འབྲེལ་བ། མཛའ་གྲོགས་ཀྱི་འགལ་བ་དང་འབྲེལ་བ། མགོ་ཁྲིད་དང་མང་ཚོགས་བར་གྱི་འགལ་བ་དང་འབྲེལ་བ་སོགས་ཀྱི་དྲ་རྒྱར་ཚུད་འདུག་པ་དང་། སྒྲུང་གཏམ་གྱི་བརྗོད་བྱ་ནི་མིའི་འཚོ་བ་ཡིན་པ་ན། རྩོམ་པ་པོ་རྣམས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས་མི་དང་མིའི་བར་གྱི་འགལ་བ་དང་འབྲེལ་བར་གཞའ་ཐབས་གཟུར་ཐབས་གཏན་ནས་མེད་པས། སྒྲུང་གཏམ་གང་དང་གང་ཞིག་བློས་སློང་བྱེད་སྐབས། མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བར་དང་དོད་མི་བྱེད་ཀ་མེད་དུ་གྱུར་པ་ཡིན། གཞན་གྱི་ཟེར་སྒྲོས་དང་རང་གི་ཉམས་མྱོང་ལྷན་དུ་བསྡེབས་ནས་དཔྱད་ན། སྒྲུང་གཏམ་བློས་སློང་གི་དུས་སུ་མི་སྣ་དང་མི་སྣ་བར་གྱི་འགལ་བ་འབྲེལ་བ་གཏན་ལ་འབེབས་སྐབས། བརྗོད་སྙིང་ལེགས་པར་སྟོན་པ་དང་། བརྗོད་བྱ་རྫོགས་པར་སྟོན་པ། མི་སྣའི་སྣང་བརྙན་གསར་སློང་ངམ་མི་གཤིས་མངོན་པར་མཚོན་པ་བཅས་ལ་བསམ་བློ་གཏང་དགོས་འདུག
ཀ བརྗོད་སྙིང་ལ་དམིགས་པ།
སྒྲུང་གཏམ་ཐམས་ཅད་གསར་རྩོམ་བྱེད་སྐབས། བྱུང་རིམ་ནི་བརྗོད་སྙིང་གཞིར་བཟུང་ནས་གཏན་ལ་དབབ་དགོས་པ་མ་ཟད། བྱུང་རིམ་གྱི་རྒྱས་བསྡུས་ཀྱང་བརྗོད་སྙིང་དམིགས་སུ་བཟུང་ནས་ཐག་གིས་གཅད་དགོས་པ་ན། སྒྲུང་གཏམ་བློས་སློང་བྱེད་སྐབས་བརྗོད་སྙིང་ལ་བསྟུན་ཏེ་མི་སྣ་དང་མི་སྣའི་བར་གྱི་འབྲེལ་བ་གཏན་ལ་མི་འབེབས་ཀ་མེད་ཡིན། དཔེར་ན་ཁོ་བོས་སྒྲུང་གཏམ《རླུང》ཞེས་པ་དེ་བློས་སློང་བྱེད་སྐབས། འདུན་པ་མི་བརྟན་རླུང་དང་འདྲ་བ། འཚོ་བའི་ཁ་ཕྱོགས་མི་བརྟན་རླུང་དང་འདྲ་བའི་སློབ་ཆེན་པ་ཞིག་གི་འཚོ་བ་འབྲི་གྲབས་ཡོད་པས། སྒྲུང་གཏམ་བློས་སློང་བྱེད་སྐབས་རང་གིས་བརྗོད་པར་འདོད་པ་དེ་མངོན་པར་འགྱུར་བར་དམིགས་ཏེ། ཐོག་མར་མི་སྣ་གཙོ་བོ་སྟེ་བསོད་ནམས་རྒྱ་མཚོའི་རླུང་དང་འདྲ་བའི་འཚོ་བ་རོལ་སྟངས་དང་རླུང་དང་འདྲ་བའི་གཤིས་ཀའི་གྲུབ་རྐྱེན་གཞིར་བཟུང་ནས་བསོད་ནམས་རྒྱ་མཚོ་དང་ཁོ་རང་གི་སློབ་གྲོགས། བསོད་ནམས་རྒྱ་མཚོ་དང་ཁོ་རང་གི་ཕ་མ་སོགས་ཀྱི་འགལ་བ་དང་འབྲེལ་བ་གཏན་ལ་ཕབ་པ་དང་། རྗེས་སུ་འབྲེལ་བ་དེ་དག་མཚོན་བྱེད་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་སྐོར་ཞིག་ལྷན་དུ་བསྡེབས་ཏེ། རང་གིས་བརྗོད་པར་འདོད་པ་དེ་ཉིད་རྫོགས་པར་སྟོན་པའི་ལས་ལ་འབད་པ་ཡིན།
ཁ། བརྗོད་བྱར་དམིགས་པ།
སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། རྩོམ་པ་པོས་རྩོམ་གྲབས་ཡོད་པའི་སྒྲུང་གཏམ་དེ་ཉིད་ཀྱི་བརྗོད་བྱ་རྫོགས་པར་སྟོན་པའི་དགོས་མཁོ་ལ་དམིགས་ཏེ། མི་སྣ་གཏན་ལ་འབེབས་པ་དང་མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ་གཏན་ལ་མི་འབེབས་ཀ་མེད་ཡིན་པར་འདོད། ཁོ་བོ་གསར་རྩོམ་ལ་བྱང་ཆ་ཅུང་ཟད་བྱུང་རྗེས། སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས་མི་སྣ་དང་མི་སྣའི་འགལ་བ་དང་འབྲེལ་བ་ནི་བརྗོད་བྱ་རྫོགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ནས་གཏན་ལ་ཕབ་པ་ཡིན། དཔེར་ན་སྒྲུང་ཐུང《མེ་ལོང》ལ་ཆ་མཚོན་ན་བརྗོད་བྱ་ནི་གྲུབ་མཐའ་ཕྱོགས་རིས་ཀྱི་རྒྱ་ལ་ཚུད་པའི་ཆོས་ལུགས་པ་ཞིག་གི་འཆི་བའི་འཇིགས་སྣང་ཡིན་ལ། བརྗོད་བྱ་དེ་ཉིད་རྫོགས་པར་སྟོན་ཆེད། མི་སྣ་གཙོ་བོ་བསྟན་འཛིན་འཇིགས་མེད་སྨན་ཁང་དུ་སྡོད་སྐབས། ཁོ་རང་ལ་ནད་གྲོགས་གཉིས་ཏེ་ཁ་ཆེ་བ་ཞིག་དང“བོན་དགོན་གྲགས་ཅན”གི་གྲྭ་པ་དེ་བཀོད་སྒྲིག་བྱས་པ་མ་ཟད། བསྟན་འཛིན་འཇིགས་མེད་ཀྱིས་ནད་ཁང་གི་མེ་ལོང་བརྒྱུད་དེ“ཡུལ་གྲུ་འདིའི་ཚོང་ཁྲོམ་གྲགས་ཅན”དེ་མཐོང་བ་ལ་བརྟེན་ནས“རལ་ཐུམ་དམར་པོ་ཅན། ཨག་ཚོམ་གྲོ་བོ་ཅན། ལུས་ལ་སེར་སྐྱ་གཉིས་ཀའི་གྱོན་གོས་བསྡེབས་ནས་གྱོན་འདུག་པའི་སྔགས་པ”དང་། “ནམ་རྒྱུན་ཚོགས་དྲུག་རང་གྲོལ་གྱི་མགུར་གླུ་དབྱངས་སུ་གྱེར་ནས་ལེན་བཞིན་ཡོད་པའི་སློང་མོ་བ”གོས་ཧྲུལ་ཅན་སོགས་དགོས་མཁོ་ལྟར་དྲངས་པ་ཡིན། སྒྲུང་ཐུང《དཔལ་འབྱོར》གྱི་བརྗོད་བྱ་ནི་སྒོར་མོའི་འཁོར་རྒྱུགས་ལ་བརྟེན་ནས་བྱུང་བའི་དཔལ་འབྱོར་གྱི་སྣང་ཚུལ་ཡ་མཚར་བ་དེ་ཡིན་ལ། བརྩམས་ཆོས་ལས་བརྗོད་བྱ་འདི་ཉིད་རྫོགས་པར་སྟོན་ཆེད། སྒྲུང་གཏམ་བློས་སློང་བྱེད་སྐབས་སྒོར་མོ་ཆིག་ཁྲི་ཁུངས་སྣེ་བྱས་ཏེ་མཆོག་སྤྲུལ་མཁའ་ལྡིང་རིན་པོ་ཆེ་དང་། ཀླུ་རྒྱལ་ཕོ་བྲང་གི་སྤྱི་གཉེར་བ་ཆེན་མོ་བཀྲ་ཤིས། སྟེ་དཔོན་སྐྱབས་ལོ། ལུག་མང་ཆོས་རྒྱལ། གྲུ་བ་རྟ་མགྲིན་རྣམས་རིམ་པ་བཞིན་དུ་དྲངས་ཏེ། དེ་དག་གི་བར་དུ་བྱུང་བའི་དཔལ་འབྱོར་གྱི་འགལ་བ་དང་འབྲེལ་བ་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་སྐོར་དང་རིམ་པ་ཞིག་ལ་བརྟེན་ནས་སྟོན་པར་འབད་པ་ཡིན་ནོ།།
ག མི་སྣར་དམིགས་པ།
རྒྱུགས་ཆེ་བའི་རྩོམ་རིག་གཞུང་ལུགས་ལྟར་ན། སྒྲུང་གཏམ་གྱི་སྲོག་ཤིང་ནི་མི་སྣ་ཡིན་པ་དང་། སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ་མི་གཤིས་ཀྱི་དགེ་སྡུག་གི་ཆ་དེ་མཚོན་དགོས་པ་ན། མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ་དེ་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ་མི་གཤིས་མཚོན་པའི་དགོས་མཁོར་དམིགས་ནས་གཏན་ལ་དབབ་དགོས་འདུག་ལ། སྦྱོར་བ་འདི་ནི་རྩོམ་པ་པོ་རྣམས་སྒྲུང་གཏམ་བློས་སློང་གི་ལས་ལ་འཇུག་སྐབས་དང་དོད་བྱེད་སྲིད་པ་དང་། དང་དོད་བྱེད་འོས་པའི་གནད་དམ་པ་ཞིག་ཡིན་པ་འདྲ། ཁོ་བོའི་སྒྲུང་གཏམ་སྐོར་ཞིག་ལ་ལ་ཆ་མཚོན་ན། བརྩམས་ཆོས་བློས་སློང་བྱེད་སྐབས་མི་སྣའི་འགལ་བ་འབྲེལ་བ་གཏན་ལ་འབེབས་ལུགས་ནི་མི་སྣ་གཙོ་བོའི་སྣང་བརྙན་ནམ་མི་གཤིས་མཚོན་པའི་དགོས་མཁོ་དང་བསྟུན་པར་འབད་པ་ཡིན་ཏེ། དཔེར་ན་སྒྲུང་ཐུང《འཕྲིན་ལས་རྒྱ་མཚོ》བློས་སློང་བྱེད་སྐབས། མི་སྣ་གཙོ་བོ་འཕྲིན་ལས་རྒྱ་མཚོ་དང་རིག་ལོག་བར་གྱི་འགལ་བ་དང་འབྲེལ་བ། འཕྲིན་ལས་རྒྱ་མཚོ་དང་དབང་སྒྲོན་བར་གྱི་འགལ་བ་འབྲེལ་བ། འཕྲིན་ལས་རྒྱ་མཚོ་དང་ན་ཆུང་རྩེ་རའི་སྐྱེས་པ་དར་མ་བར་གྱི་འགལ་བ་དང་འབྲེལ་བ། འཕྲིན་ལས་རྒྱ་མཚོ་དང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་གཉིས་ཀའི་འགལ་བ་དང་འབྲེལ་བ་དམིགས་སུ་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱས་པ་ན། གསར་རྩོམ་ལ་འཇུག་སྐབས་འཕྲིན་ལས་རྒྱ་མཚོའི་དབུལ་ཕོངས། ཉམ་ཆུང་། ནུས་མེད་ཀྱི་སྣང་བརྙན་གྱི་བསླངས་སོང་བ་མ་ཟད། ད་དུང་དེ་ཉིད་ཀྱི་འདོད་སྲེད་ཆེ་ཞིང་ཚུལ་འཆོས་ལ་གོམས་པའི་གཤིས་ཀའི་ཟུར་ཞིག་ཀྱང་མཚོན་ཐུབ་པར་གྱུར་པ་ལྟ་བུའོ།།
གསལ་འདེབས་ཕྲན་བུ། སྒྲུང་གཏམ་བློས་སློང་བྱེད་སྐབས་མི་སྣའི་འགལ་བ་དང་འབྲེལ་བ་ལེགས་པར་གཏན་ལ་འབེབས་ན་ཡིད་འཇོག་བ་དགོས་འདུག་སྟེ། གཅིག སྒྲུང་གཏམ་ཁྲོད་ཀྱི་མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ་ནི་རྩོམ་མཁན་གྱིས་གང་འདོད་འདོད་དུ་བཀོད་སྒྲིག་བྱས་པ་ཞིག་ནི་གཏན་ནས་མིན་ཏེ། སྐབས་འདིའི་དམིགས་པ་གཙོ་བོ་ནི་མི་སྣའི་འགལ་འབྲེལ་ཡོད་ཚད་ཀྱིས་བརྗོད་སྙིང་ལེགས་པར་མཚོན་ཐུབ་མིན་ནམ། བརྗོད་བྱ་རྫོགས་པར་སྟོན་ཐུབ་མིན་ནམ། མི་སྣའི་སྣང་བརྙན་ནམ་གཤིས་ཀ་མཚོན་ཐུབ་མིན་ལ་བསམ་བོ་གཏང་དགོས། གཉིས། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་དང་མི་སྣའི་བར་གྱི་འགལ་བར་གཙོ་ཕལ་གྱི་དབྱེ་བ་ཡོད་པ་ན། བྱུང་རིམ་བཀོད་སྒྲིག་བྱེད་སྐབས་བྱུང་རིམ་གྱི་རྒྱས་བསྡུས་ནི་འགལ་བའི་གཙོ་ཕལ་དང་བསྟུན་དགོས། གསུམ། གཏམ་རྒྱུད་ཡིད་དབང་འཕྲོག་པའི་སྒོ་ནས་རྫོགས་པར་སྟོན་པའམ། འཚོ་བའི་རྣམ་པ་བདེན་པ་བདེན་དྲང་གིས་མཚོན་ཆེད། སྐབས་རེར་སྒྲུང་གཏམ་ཁྲོད་དུ་འགལ་འབྲེལ་མཚོན་མི་ནུས་པའི་མི་སྣ་རེ་གཉིས་སམ་དུ་མ་མི་འདྲེན་ཀ་མེད་ཡིན།
གཉིས། མི་སྣའི་འགལ་བ་ཐང་མར་བརྡལ་བ།
སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་འགལ་བ་དང་འབྲེལ་བ་ཕྱོགས་བསྡུ་བྱས་ནས་མཚོན་པ་དང་། འགལ་བ་དང་འབྲེལ་བའི་ཁྲོད་ནས་མི་སྣ་སྣ་ཚོགས་ཀྱི་སྣང་བརྙན་གསར་སློང་བྱས་ཏེ། མི་གཤིས་ཕེག་རྡེབ་ལ་བརྟེན་ནས་བྱུང་བའི་སྤྲོ་གར་དང་སྐྱོ་གར་ཡི་གེ་རྣམ་པར་སྤེལ་བ་ནི་སྒྲུང་གཏམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ལ། ཉམས་མྱོང་ཅན་གྱི་རྩོམ་པ་པོ་ཞིག་ཡིན་ན། འགལ་བའི་ཕེག་རྡེབ་ལ་བརྩི་མཐོང་ཆེན་པོ་བྱེད་པར་ངེས་ཏེ། ཅི་ཡིན་ཞེ་ན། སྒྲུང་གཏམ་ལ་ཛ་དྲག་ཆེ་ཞིང་ལུགས་དང་མཐུན་པའི་འགལ་བ་ཡོད་ན། མི་སྣའི་བར་གྱི་འགལ་བའི་རྣམ་པ་གསལ་བ་དང་། མི་སྣའི་སྣང་བརྙན་ལ་གཟུགས་རིས་ལྡན་པའི་སྒོ་ནས་བྱུང་རིམ་མདུན་ནས་མདུན་ལ་འདེད་ནུས་པ་མ་ཟད། མཛེས་དཔྱོད་ཀྱི་ཐད་ནས་བརྗོད་ན། མི་སྣའི་འགལ་བར་སྒྱུ་རྩལ་གྱི་ཉམས་སྣང་ཆེན་པོ་ལྡན་པས། ཀློག་པ་པོའི་ཡིད་སེམས་སྒྲུང་གཏམ་ཁྲོད་ལ་འདྲེན་ཐུབ། དེར་བརྟེན། སྒྲུང་གཏམ་ལ་འགལ་བ་མེད་པ་དང་། དོགས་གཞི་མེད་པ་དང་། ཆག་སྒོ་མེད་པར་འགྱུར་བ་ན། བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་འབྱུང་དཀའ་བ་དང་། སྒྲུང་གཏམ་གྱི་བརྗོད་བྱས་ཀློག་པ་པོའི་ཡིད་སེམས་ལ་མངའ་དབང་སྒྱུར་མི་ཐུབ། རིག་གཞུང་ཞིབ་འཇུག་པ་རྣམས་ཀྱི་ཞིབ་འཇུག་གྲུབ་འབྲས་དང་རང་ཉིད་ཀྱི་གསར་རྩོམ་ཉམས་མྱོང་ལྟར་ན། སྒྲུང་གཏམ་ཁྲོད་ཀྱི་འགལ་བ་ལ་མི་སྣ་དང་མི་སྣ་བར་གྱི་འགལ་བ་དང་། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་དང་། མི་སྣ་རང་ཉིད་ཐད་ཀྱི་འགལ་བ་བཅས་རིགས་མི་འདྲ་བ་གསུམ་ཡོད་པ་འདྲ།
ཀ མི་སྣ་དང་མི་སྣའི་བར་གྱི་འགལ་བ་ཐང་མར་བརྡལ་བ།
མི་སྣ་དང་མི་སྣ་བར་གྱི་འགལ་བ་ནི་སྒྲུང་གཏམ་གྱི་བརྗོད་བྱའི་ཁྲོད་ཀྱི་འགལ་བ་གཙོ་བོ་དེ་ཡིན་ལ། དེ་ལ་ནང་གསེས་སུ་དབྱེ་ན་འདུན་པའི་ཐད་ཀྱི་འགལ་བ་དང་། བྱ་སྤྱོད་ཐད་ཀྱི་འགལ་བ་བཅས་གཉིས་ཡོད་པ་འདྲ་ཞིང་། སྒྲུང་གཏམ་བློས་སློང་གི་སྐབས་སུ། གལ་སྲིད་འགལ་བ་དེ་དག་ཡིད་དབང་འཕྲོག་པའི་བྱུང་རིམ་མམ་བྱུང་རིམ་ཕྲ་མོའི་རྣམ་པར་བསྒྱུར་ཏེ་བརྩམས་ཆོས་སུ་འདྲེན་པར་ནུས་ན། སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་འབྱུང་བ་ལ་རྨང་གཞིའི་ཆ་རྐྱེན་ལྡན་པར་གྱུར་པ་ཡིན་ནོ།།
1.འདུན་པའི་ཐད་ཀྱི་འགལ་བ།
འདུན་པ་ནི་རེ་བ་དང་། སྨོན་པ། འདོད་པ་སོགས་ཀྱི་མིང་ཡིན་ལ། འཚོ་བ་དངོས་ལ་གཞིགས་ན་ལས་ཀ་རིགས་གཅིག་ལ་འཇུག་པའམ་དོན་དག་ཅིག་ལ་འཕྲད་སྐབས། མི་རྣམས་ཀྱི་རེ་བ་དང་། སྨོན་པ། འདོད་པ་སོགས་ནི་མི་གཅིག་ཁ་ཁ་ཡིན་པ་མ་ཟད། གནས་སྐབས་ལ་ལར་རེ་བ་ལ་སོགས་མི་གཅིག་པའི་དབང་གིས་འགལ་བ་ཆེ་ཆུང་སྣ་ཚོགས་ཀྱང་འབྱུང་སྲིད་པ་དང་། སྒྲུང་གཏམ་ལས་འཚོ་བའི་བདེན་མི་འཆོར་ཞིང་མི་སྣའི་སྣང་བརྙན་ནམ་གཤིས་ཀ་གསལ་བའི་ངང་ནས་འགལ་བ་དང་འབྲེལ་བ་མཚོན་པའི་བྱུང་རིམ་མདུན་ལ་འདེད་དགོས་པ་ན། བརྩམས་ཆོས་བློས་སློང་བྱེད་པའི་དུས་སུ། མི་སྣའི་འདུན་པ་དམིགས་སུ་བཟུང་སྟེ་མི་སྣ་གཙོ་ཕལ་རྣམས་ལས་གང་ཞིག་ལ་འཇུག་པའམ། དོན་དག་གང་ཞིག་ལ་འཕྲད་སྐབས་ཀྱི་འདུན་པ་ལ་བརྟེན་ནས་བྱུང་བའི་འགལ་བ་རྣམས་བྱུང་རིམ་དང་བྱུང་རིམ་ཕྲ་མོའི་རྣམ་པར་བསྒྱུར་དགོས་འདུག ཁོ་བོའི་སྒྲུང་གཏམ་རྣམས་ལས《ཧ་ཅང་ཧ་ཅང》དང་། 《གནས་རི》དང་། 《དྲེད་མོང》དང་། 《བུ་མོ་ལེབ་ལེབ་མའི་བརྩེ་དུང་ལེབ་ལེབ》སོགས་ཀྱི་བྱུང་རིམ་ནི་མི་སྣ་དང་མི་སྣའི་བར་གྱི་འདུན་པའི་ཐད་ཀྱི་འགལ་བ་དམིགས་སུ་བཟུང་ནས་མདུན་ལ་དེད་ཡོད་ཅིང་། སྒྲུང་གཏམ་དེ་དག་ལས《ཧ་ཅང་ཧ་ཅང》ལ་ཆ་མཚོན་ན། མི་སྣ་གཙོ་བོ་ཐར་ལོ་ནི་མི་སྣ་འདོད་སྲེད་ཆེན་པོ་ཅན་ཞིག་ཡིན་པ་དང་། འདོད་སྲེད་ཆེ་བའི་དབང་གིས་ནམ་རྒྱུན་འདོད་སྲེད་ཀྱིས་དེད་དེ་སྨད་འཚོང་ཁང་ལ་འགྲོ་བཞིན་ཡོད་མོད། འོན་ཏེ་ཐར་ལོ་ལ་སེར་སྣ་ཧ་ཅང་ཆེ་བས་འཕྱོན་མ་དང་དགའ་མགུར་རོལ་པའི་གྲོན་དངུལ་གཏོང་མ་ཕོད་དེ་འགྲོ་གྲོན་མེད་པར་དགའ་མགུར་རོལ་པར་འབད་པ་དང་། འཕྱོན་ལས་གཉེར་མཁན་རྣམས་ཀྱིས་འགྲོན་པོར་སྣེ་ལེན་བྱེད་པའི་དམིགས་ཡུལ་ནི་ཡོང་འབབ་ཡིན་པ་ན། ཐར་ལོ་དང་འཕྱོན་ལས་གཉེར་མཁན་གྱི་འདུན་པ་ནི་འགལ་བ་ལྟག་སྡོད་དུ་གྱུར་འདུག་པས། སྒྲུང་གཏམ་འདི་ཉིད་བློས་སློང་བྱེད་སྐབས་འདུན་པའི་ཐད་ཀྱི་འགལ་བ་འདི་ཉིད་དམིགས་སུ་བཟུང་སྟེ་བྱུང་རིམ་མདུན་ལ་དེད་པ་ན། བྱུང་རིམ་གྱིས་ཡིད་དབང་འཕྲོག་པ་དང་མི་སྣའི་སྣང་བརྙན་གསལ་བའི་བརྩམས་ཆོས་ཅུང་ཚད་ལྡན་ཞིག་འབྱུང་བ་ལ་རྨང་གཞིའི་ཆ་རྐྱེན་བྱུང་བ་རེད།
2. བྱ་སྤྱོད་ཐད་ཀྱི་འགལ་བ།
འཚོ་བ་དངོས་ལ་གཞིགས་པའི་མཐའ་འབྲས་ལྟར་ན། མི་རྣམས་ཀྱི་རིག་གནས་ཆུ་ཚད་དང་འཚོ་བའི་དགའ་ཕྱོགས་མ་འདྲ་བ་ན་བྱ་སྤྱོད་མི་འདྲ་བ་དང་། མི་རྣམས་ཀྱི་སྤྱི་ཚོགས་གོ་གནས་དང་དཔལ་འབྱོར་ཆ་རྐྱེན་མ་འདྲ་བ་ན་བྱ་སྤྱོད་མི་འདྲ་བ་དང་། མི་རྣམས་ཀྱི་ཆོས་ལུགས་དད་མོས་དང་འཚོ་བའི་མོས་འདུན་མ་འདྲ་བ་ན་བྱ་སྤྱོད་མི་འདྲ་མོད། འོན་ཏེ་བྱ་སྤྱོད་ལ་མངའ་དབང་སྒྱུར་མཁན་གཙོ་བོ་ནི་མི་སྒེར་གྱི་གཤིས་ཀ་དང་འདུན་པ་ཡིན་པ་དང་། མི་སྒེར་རེ་རེའི་གཤིས་ཀ་མི་གཅིག་ཁ་ཁ་ཡིན་པ་མ་ཟད། ལས་སོ་སོར་འཇུག་པའི་འདུན་པའང་མི་འདྲ་སོ་སོ་ཡིན་པ་ན། རིག་གནས་ཆུ་ཚད་དང་འཚོ་བའི་དགའ་ཕྱོགས་གཅིག་ཀྱང་བྱ་སྤྱོད་ལ་མི་སྒེར་གྱི་ཁྱད་ཆོས་ལྡན་པར་གྱུར། དེར་བརྟེན། སྒྲུང་གཏམ་བློས་སློང་བྱེད་སྐབས། རྩོམ་པོ་པོས་མི་རྣམས་ཀྱི་བྱ་སྤྱོད་མི་འདྲ་བ་ལ་དམིགས་པ་གཏད་དེ། མི་སྣ་གཉིས་སམ་དུ་མ་དོན་དག་བྱེ་བྲག་པ་ལ་འཇུག་སྐབས་ཀྱི་སྤྱོད་སྟངས་ཐད་ཀྱི་འགལ་བ་དེ་བྱུང་རིམ་མམ་བྱུང་རིམ་ཕྲ་མོའི་རྣམ་པར་བསྒྱུར་ནས་མཚོན་བཞིན་ཡོད། ད་ལྟ་ཞིབ་ཏུ་དཔྱད་ན་ངོས་ཟིན་འདི་འདྲ་འབྱུང་བ་ཡིན་ཏེ། ཁོ་བོས་སྒྲུང་གཏམ《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང་། 《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》དང་། 《རླུང》དང་། 《བསོད་ནམས》ལ་སོགས་པ་བློས་སློང་བྱེད་སྐབས། བརྗོད་བྱ་རྫོགས་པར་སྟོན་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོར་དམིགས་ཏེ་མི་སྣའི་བྱ་སྤྱོད་ཐད་ཀྱི་འགལ་བ་སྣ་ཚོགས་སིལ་བུར་དྲངས་འདུག་པ་དང་། མི་སྣ་གཉིས་སམ་དུ་མའི་བྱ་སྤྱོད་ཀྱི་འགལ་བ་བརྩམས་ཆོས་ཡོངས་ལ་ཁྱབ་འདུག་པ་ནི་སྒྲུང་ཐུང《མ་གྱུར་སེམས་ཅན》དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་གསུམ་པ་སྟེ《སེམས་ཁོང་གི་ཟུག་གཟེར》དང་། 《སྒྲོལ་མ་ཉེར་གཅིག》གི་བཅུ་གསུམ་པ་སྟེ《བྲག་སྲིན་མོར་མངལ་ཆགས་པའི་གཏམ་རྒྱུད》སོགས་སྒྲུང་གཏམ་ཉུང་ཤས་ཤིག་ལས་མི་འདུག གོང་གི་སྒྲུང་གཏམ་དེ་དག་ལས《མ་གྱུར་སེམས་ཅན》བློས་སློང་བྱེད་སྐབས། ལྷ་རྗེ་ཐུབ་བསྟན་འབྱུང་གནས་ལ་ནད་པ་ཡོད་ཚད“མ་གྱུར་སེམས་ཅན”དུ་སྒོམ་པའི་གཤིས་ཀ་ཞིག་སྦྱར་བ་དང་། ཨ་ལགས་མཁའ་ལྡིང་གི་གསོལ་ཐབས་པ་བདེ་གྲོལ་ལ“བླ་མ་གྲགས་ཅན་དང་། དཔོན་པོ་མིང་ཅན། ཕྱུག་པོ་སྟོབས་ཅན། མདོར་ན་རང་ལས་ལྷག་པ་རྣམས”ལ་གཟོད“མ་གྱུར་སེམས་ཅན”གི་འདུ་ཤེས་འཛིན་པའི་གཤིས་ཀ་ཞིག་སྦྱར་རྗེས། མི་གཤིས་མི་གཅིག་པའི་མི་སྣ་གཉིས་ཀ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གིས་རང་གི་ཨ་ཅེ་ཁྲིད་དེ་མཁའ་ལྡིང་བཀྲ་ཤིས་ཆོས་སྒར་གྱི་གསོ་རིག་གླིང་ལ་སྨན་པར་བསྟེན་པར་སླེབས་པའི་གོ་རིམ་ཁྲོད་ལ་དྲངས་ཏེ། སྔ་ཕྱིར་ནད་པ་དང་། པུའུ་ཀྲང་བཀྲ་ཤིས་དང་ཨ་ལགས་མཁའ་ལྡིང་རྣམས་འཕྲད་པའི་གོ་རིམ་དེ་བྱུང་རིམ་མམ་བྱུང་རིམ་ཕྲ་མོའི་རྣམ་པར་བསྒྱུར་པ་ན། མི་སྣའི་སྣང་བརྙན་དེ་གཤིབ་བསྡུར་ལ་བརྟེན་ནས་གསར་སློང་བྱེད་པར་རྨང་གཞི་བཟང་པོ་ལྡན་པར་གྱུར། 《བྲག་སྲིན་མོར་མངལ་ཆགས་པའི་གཏམ་རྒྱུད》ནི་སྲིད་མིན་རིང་ལུགས་ཀྱི་རྩོམ་སྲོལ་ལྟར་བརྩམས་པའི་སྒྲུང་གཏམ་ཡིག་བརྒྱ་མ་ཞིག་ཡིན་ལ། རྒྱུན་ལྡན་གྱི་མི་རྣམས་ཀྱིས་གོམ་པ་མདུན་ལ་སྤོས་ཏེ་འབྱུང་འགྱུར་ཕྱོགས་སུ་འགྲོ་བཞིན་ཡོད་མོད། སྒྲུང་གཏམ་འདི་ཉིད་བློས་སློང་བྱེད་སྐབས་མི་སྣ་ཨ་ཡེ་སྒྲོལ་མར་རྒྱུན་ལྡན་མ་ཡིན་པའི་བྱ་སྤྱོད་ཅིག་སྦྱར་པས། ཁོ་མོས“རྫོགས་ལྡན”འཚོལ་ཆེད་གོམ་པ་རྒྱབ་ཕྱོགས་སུ་སྤོས་ཏེ་ཕྱིར་ནུར་བྱེད་བཞིན་འདས་པ་དམིགས་ནས་སོང་བ་ན། སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་དེད་པ་དང་བསྟུན་ནས། ཁོ་མོས“རྫོགས་ལྡན”རྙེད་པ་ཕར་ཞོག ཤེས་མེད་ཚོར་མེད་ཀྱི་ངང་ནས་བྲག་སྲིན་མོའི་མངལ་ལ་གཞུག་དགོས་བྱུང་བ་རེད།
ཁ། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་ཐང་མར་བརྡལ་བ།
མི་སྣ་དང་ཁོར་ཡུག་བར་གྱི་འགལ་བའང་སྒྲུང་གཏམ་གྱི་བརྗོད་བྱའི་ཁྲོད་ཀྱི་འགལ་བ་གལ་འགངས་ཆེ་བ་ཞིག་ཡིན་ལ། སྒྲུང་གཏམ་གང་ཞིག་བློས་སློང་བྱེད་སྐབས། གལ་སྲིད་མི་སྣ་དང་ཁོར་ཡུག་གི་འགལ་བ་དེ་སྐབས་སུ་བབས་པའི་དགོས་མཁོ་ལྟར་སྤྱད་དེ་བྱུང་རིམ་མདུན་ལ་འདེད་ནུས་ན། སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་འབྱུང་བ་ལ་བྱུང་རིམ་ཐད་ཀྱི་རྨང་གཞིའི་ཆ་རྐྱེན་ལྡན་པར་གྱུར་པ་ཡིན། རྩོམ་རིག་གི་བརྡ་ཆད་དུ་གྱུར་པའི་ཁོར་ཡུག་ལ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ཡོད་པ་ན། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བའང་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་སུ་དབྱེ་རུང་བར་འདོད་དོ།།
1.མི་སྣ་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འགལ་བ།
མི་གང་དང་གང་ཞིག་ཡིན་རུང་། དེ་ཉིད་ནི་སྤྱི་ཚོགས་འབྲེལ་བ་དང་འབྲེལ་བ་ལས་གཏན་ནས་ཐར་ཐབས་མེད་པ་དང་། ལྷག་པར་སྤྱི་ཚོགས་འགལ་བ་དང་འབྲེལ་བ་ལ་སྤྱི་ཚོགས་ལམ་ལུགས་དང་། ཐོན་སྐྱེད་བྱེས་སྟངས། དཔལ་འབྱོར་འཕེལ་སྟངས། ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་མངའ་དབང་སྒྱུར་བཞིན་ཡོད་པས། རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འགལ་བ་དམིགས་སུ་བཟུང་སྟེ་ལུགས་དང་མཐུན་པ། འོས་ཤིང་འཚམ་པའི་སྒོ་ནས་བྱུང་རིམ་མདུན་ལ་དེད་ནུས་ན། རྩོམ་གྲབས་ཡོད་པའི་བརྩམས་ཆོས་ལས་བདེན་ཁ་མི་འཆོར་བའི་ངང་ནས་དུས་རབས་ཀྱི་རྣམ་པ་མཚོན་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་ཡིན། ཁོ་བོས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་དང་སྤྱི་ཚོགས་ཁོར་ཡུག་གི་འབྲེལ་བ་ལ་ཡིད་འཇོག་ཆེན་པོ་བྱས་པ་ཡིན་ཏེ། དཔེར་ན《གྲོང་ཁྱེར་གྱི་འཚོ་བ》དང་། 《དགེ་འདུན། དགེ་བཅུའི་ཁྲིམས། ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད》དང་། དེ་མིན《ཟླ་བ་དང་མེ་ལོང》དང《སྒྲོལ་མ་ཉེར་གཅིག》གི་བཅུ་དྲུག་པ་སྟེ《ཆུ་ལེན་བུ་མོ》ལ་སོགས་པ་བློས་སློང་བྱེད་སྐབས། བརྗོད་དོན་རྫོགས་པར་སྟོན་པ་དང་། བྱུང་རིམ་གྱིས་ཀློག་མཁན་གྱི་ཡིད་དབང་འཕྲོག་པ། རྒྱབ་ལྗོངས་ཡོད་པའི་སྒོ་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་ལ་དམིགས་ཏེ། སྐབས་རེར་མི་སྣ་དང་སྤྱི་ཚོགས་ཁོར་ཡུག་གི་འགལ་བ་སིལ་བུར་འདྲེན་པ་དང་། འཚམ་རེར་མི་སྣ་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འགལ་བ་དེ་མངོན་ལ་མི་མངོན་པའི་ངང་ནས་དྲངས་ཡོད་ལ། དཔེར་ན་སྒྲུང་ཐུང《དགེ་འདུན། དགེ་བཅུའི་ཁྲིམས། ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད》ཅེས་པ་བློས་སློང་བྱེད་སྐབས། ཡུལ་གྲུ་ལ་ལར་དགེ་བཅུའི་ཁྲིམས་ཟེར་བ་ཞིག་སྤེལ་ཏེ། འབྲོག་པ་རྣམས་ཀྱིས་རང་གི་སྒོ་ཕྱུགས་བཤས་མི་ཆོག་དང་བཙོང་མི་རུང་བའི་གནས་ཚུལ་བྱུང་རྗེས། འབྲོག་པ་རྣམས་ནི་དཔལ་འབྱོར་དང་འཚོ་བའི་ཐད་ཀྱི་དཀའ་ཁག་ལ་འཕྲད་པ་དེ་རྒྱབ་ལྗོངས་སུ་བཀོད་རྗེས། དགེ་བཅུའི་ཁྲིམས་དང་མི་སྣའི་བར་གྱི་འགལ་བ་གཞིར་བཟུང་སྟེ། མི་སྣ་དགེ་འདུན་གྱིས་རང་གི་ཆུང་མར་སྨན་ཡོན་གྲ་སྒྲིག་བྱེད་ཆེད་མཚན་མོ་གཡག་ཅིག་གསང་སྟབས་ཀྱིས་བཤས་རར་ཁྲིད་པའི་གཏམ་རྒྱུད་དྲངས་ཏེ་མི་སྣའི་ཉམ་ཆུང་ནུས་མེད་ཀྱི་སྣང་བརྙན་དང་དཀའ་སྡུག་གི་འཚོ་བ་མཚོན་པའི་ལས་ལ་འབད་པ་ཡིན།
2.མི་སྣ་དང་རང་བྱུང་ཁོར་ཡུག་བར་གྱི་འགལ་བ།
འགྲོ་བ་མིའི་རིགས་ཀྱིས་སྲིད་པའི་ཁྱོན་ནས་འཚོ་བ་རོལ་དགོས་ན། ཡུལ་ལམ་གནས་ཤིག་དང་འབྲེལ་ཐབས་གཏན་ནས་མེད་པ་མ་ཟད། སྐབས་མང་པོ་ཞིག་ལ་མི་ཡི་གཤིས་ཀ་དང་། མི་ཡི་སྤྱི་ཚོགས་གོ་གནས། མི་ཡི་འཚོ་བ་རོལ་སྟངས། འཇིག་རྟེན་ལྟ་ཚུལ་སོགས་ནི་ཡུལ་ལམ་གནས་ཀྱི་དབང་ལ་འགྲོ་སྲིད་པ་ན། རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་བློས་སློང་བྱེད་སྐབས། སྐབས་རེར་གལ་སྲིད་བརྗོད་དོན་རྫོགས་པར་སྟོན་པ་དང་། མི་སྣའི་སྣང་བརྙན་ནམ། མི་སྣའི་གཤིས་ཀའམ། མི་སྣའི་ལས་དབང་། མི་སྣའི་སྡོད་ལམ་མམ། བྱུང་རིམ་གྱི་འཕེལ་ཕྱོགས་སོགས་བདེན་ཁ་མི་འཆོར་བའི་ངང་ནས་མཚོན་དགོས་ཚེ། མི་སྣ་དང་རང་བྱུང་ཁོར་ཡུག་གི་འགལ་བ་དེ་བརྩམས་ཆོས་ཁྲོད་ལ་མི་འདྲེན་ཀ་མེད་ཡིན། ཁོ་བོས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་དང་རང་བྱུང་ཁོར་ཡུག་བར་གྱི་འགལ་བ་དེ་སྐབས་སུ་བབས་པའི་དགོས་མཁོ་ལྟར་བརྩམས་ཆོས་ཁྲོད་ལ་སིལ་བུར་དྲངས་ཡོད་ལ། དཔེར་ན《བྱེའུ་ཆུང་དམར་པོ》ཁྲོད་དུ་ཆུ་དགྲ་དང་མི་སྣ་བར་གྱི་འགལ་བ། ཐན་མུག་དང་མི་སྣ་བར་གྱི་འགལ་བ་དྲངས་པ་དང་། 《སྒྲོལ་མ་ཉེར་གཅིག》གི་བདུན་པ་སྟེ《སེམས་ཁོང་གི་ཚ་རྨུགས》ཁྲོད་དུ་མི་སྣ་གཙོ་བོའི་སེམས་ཁམས་དང་གནམ་གཤིས་བར་གྱི་འགལ་བ་དྲངས་པ་ལྟ་བུའོ།།
ག མི་སྣ་རང་ཉིད་ཐད་ཀྱི་འགལ་བ་ཐང་མར་བརྡལ་བ།
སྒྲུང་གཏམ་སྐོར་དང་རིམ་པ་ཞིག་ལ་ཆ་མཚོན་ན། མི་སྣའི་སེམས་ཁམས་གནད་དུ་བཟུང་སྟེ་རང་ཉིད་དང་རང་ཉིད་ཐད་ཀྱི་འགལ་བ་མཚོན་པ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་གལ་འགངས་ཆེ་བ་ཞིག་ཡིན་པ་ན། སྒྲུང་གཏམ་འདིའི་རིགས་བློས་སློང་གི་ལས་ལ་འཇུག་སྐབས། མི་སྣ་གང་ཞིག་གི་འདོད་པ་དང་ཆ་རྐྱེན་བར་གྱི་འགལ་བ། རྩོལ་བ་དང་མཇུག་འབྲས་བར་གྱི་འགལ་བ། མི་སྣར་འགལ་བ་ཅན་གྱི་དོན་དག་གཉིས་ལས་གང་ཞིག་གདམ་དགོས་པ་མི་ཤེས་པའི་བྱུང་རིམ་ཞིག་བཀོད་སྒྲིག་བྱས་ཏེ། འགལ་བ་ཅན་གྱི་དོན་དག་ལས་ཕྱོགས་གང་བདམས་པ་ལ་བརྟེན་ནས་མི་སྣའི་གཤིས་ཀ་མཚོན་བཞིན་ཡོད།
1.འདོད་པ་བཙལ་ཀྱང་མི་རེད་པའི་འགལ་བ།
སྲིད་པའི་ཁྱོན་གྱི་མི་ཕལ་བ་རྣམས་ལ་ཆ་མཚོན་ན། “ཕན་གནོད་ཕྲན་ཚེགས་ཙམ་གྱིས་དགའ་བ་དང་མི་དགའ་བར་འགྱུར”སྲིད་དེ། དཔེར་ན་དུས་དང་རྣམ་པ་ཀུན་ཏུ་གང་ཞིག་རྙེད་ན་དགའ་བ་དང་མ་རྙེད་ན་མི་དགའ་བ། གཏམ་སྙན་པ་ཐོས་ན་དགའ་བ་དང་མི་སྙན་པ་ཐོས་ན་མི་དགའ་བ། གཞན་གྱིས་བསྟད་ན་དགའ་བ་དང་སྨད་ན་མི་དགའ་བ། བདེ་བ་ཐོབ་ན་དགའ་བ་དང་མི་བདེ་བར་འཕྲད་ཚེ་མི་དགའ་བར་འགྱུར་ཡིན་བ་ལ། སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། གལ་སྲིད་མི་སྣ་གང་ཞིག་མི་འདོད་པ་དང་མི་དགའ་བའི་རྒྱ་ལ་དྲངས་ཏེ་བྱུང་རིམ་མདུན་ལ་དེད་ན། མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་། དུས་རབས་དང་འཚོ་བའི་ཁྱད་ཆོས་མཚོན་པ། བྱུང་རིམ་གྱིས་ཀློག་མཁན་གྱི་ཡིད་སེམས་འགུགས་པ་སོགས་ལ་ཕན་པར་འདོད། ཁོ་བོས་སྒྲུང་གཏམ《གལ་ཏེ》དང་། 《ཨ་ཁུ་ཁི་སྐྱག་རྟ་ལ་དགའ》དང་།《སྒྲོལ་མ་ཉེར་གཅིག》གི་བཅུ་བདུན་པ་སྟེ《དཔྱིད་ཀྱི་ཉི་འོད》ལ་སོགས་པ་བློས་སློང་བྱེད་སྐབས། མི་སྣས་འདོད་པ་བཙལ་ཀྱང་མི་རྙེད་པའི་འགལ་བ་དེ་དམིགས་སུ་བཟུང་ནས་བྱུང་རིམ་མདུན་ལ་དེད་ཡོད་དེ། དཔེར་ན《གལ་ཏེ》ཁྲོད་ཀྱི་མི་སྣ“ཁྱོད”ནི་གཞོན་ནུ་རྩོམ་དགའ་ཡིན་པ་དང་། “ཁྱོད་ཀྱིས་འཇིག་རྟེན་ལ་རྩོམ་རྩལ་རླབས་ཆེན་གསར་གཏོད”པར་དམིགས་ནས“སྒྲུང་གཏམ་ཇི་འདྲའི་མང་པོ་ཞིག་བྲིས་པ་སུས་ཀྱང་བརྗོད་དཀའ། འོན་ཀྱང་། བརྩམས་ཆོས་གཅིག་ཀྱང་བོད་ཁམས་ཀྱི་དུས་དེབ་ལ་མི་མཁོ”བས། “ཁྱོད”ནི་འདོད་པ་བཙལ་ཀྱང་མ་རྙེད་པའི་སྡུག་བསྔལ་གྱི་རྒྱ་ལ་ཚུད་པ་ཡིན་ལ། སྒྲུང་གཏམ་འདི་ཉིད་བློས་སློང་བྱེད་སྐབས། མི་སྣ་རང་ཉིད་ཐད་ཀྱི་འགལ་བ་འདི་ཉིད་དམིགས་སུ་བཟུང་ནས་འགལ་བ་ཅན་གྱི་བྱུང་རིམ་མདུན་ལ་དེད་པ་ལྟ་བུའོ། །
2. མི་འདོད་པ་ཐོག་ཏུ་འབབ་པའི་འགལ་བ།
མི་རྣམས་ཀྱིས་བྱ་བ་གང་ཞིག་གཉེར་སྐབས། རྐྱེན་ངན་དང་འཕྲད་དེ་མཇུག་འབྲས་ཕྱིན་ཅི་ལོག་པ་སྨིན་པའི་སྐབས་ཡོད་པ་མ་ཟད། སྐབས་རེར་ཕྱིན་ཅི་ལོག་པའི་མཇུག་འབྲས་སྐོར་ཞིག་ནི་སྡུག་བསྔལ་དང་སྐྱོ་གར་གྱི་འབྱུང་གཞིར་འགྱུར་སྲིད་པས། གལ་སྲིད་རྩོམ་པ་པོས་སྒྲུང་གཏམ་བློས་སློང་བྱེད་སྐབས་སྣང་ཚུལ་འདི་ཉིད་སྤྱོད་ལུགས་ལེགས་ན། སྒྲུང་གཏམ་ལ་བྱུང་རིམ་ཡིད་དབང་འཕྲོག་པ་ཞིག་འབྱུང་བར་རྨང་གཞིའི་ཆ་རྐྱེན་འཛོམས་པར་འགྱུར་པར་འདོད། ཁོ་བོས་སྒྲུང་གཏམ་རྣམས་ལས《ཤ》དང་། 《དྲེད་མྱོང》དང་། 《སྒྲོལ་མ་ཉེར་གཅིག》གི་བརྒྱད་པ་སྟེ《བོར་ཟིན་པ་དེ་འཚོལ་བ》ལ་སོགས་པ་བློས་སློང་བྱེད་སྐབས། མི་སྣས་བྱ་བ་གང་ཞིག་གཉེར་བ་ལ་མཇུག་འབྲས་ཕྱིན་ཅི་ལོག་པ་སྨིན་པ་དམིགས་སུ་བཟུང་ནས་བྱུང་རིམ་མདུན་ལ་དེད་པ་ཡིན་ཏེ། དཔེར་ན《ཤ》ཡི་མི་སྣ་གཙོ་བོ་སྒྲོལ་མ་ལ་མཚོན་ན“ཆུང་དུས་སློབ་གྲྭར་འགྲོ་བའི་གོ་སྐབས་བྱུང་བ་དང་། སྙན་ངག་ཀྱང་ཡག་པོ་ཞིག་འབྲི་ཤེས་མོད།” འོན་ཏེ་རྗེས་སུ་མི་འདོད་པ་ཐོག་ཏུ་བབས་ཏེ“ མཐོ་འབྲིང་གཉིས་པའི་སྐབས་སུ། སྙན་ངག་པ་འགའ་ལ་འགྲོགས་ཏེ་ཆང་ལ་རོལ་སྐབས་མངལ་སྦྲུལ་སོང་བས། གསང་སྟབས་ཀྱིས་ས་མཐར་མི་འཁྱམ་ཐབས་མེད་བྱུང་།” སྒྲུང་གཏམ་བློས་སློང་བྱེད་སྐབས། མི་འདོད་པ་ཐོག་ཏུ་བབས་པའི་སྐྱོ་གར་འདི་ཉིད་དམིགས་སུ་བཟུང་སྟེ་བྱུང་རིམ་མདུན་ལ་དེད་པ་ན། སྒྲོལ་མ་རླུང་ལྟར་ཉི་མ་ལྷ་སར་བསླེབས་པ། ལྷ་སར་འཕྱོན་མའི་ལས་རིགས་གཉེར་བ། ཕ་ཡུལ་དྲན་སྐབས་མེ་འཁོར་ས་ཚིགས་སུ་སོང་སྟེ་འཛིན་བྱང་ཉོས་རྗེས་འཛིན་བང་སིལ་བུར་གཤགས་ནས་རླུང་ལ་སྤུར་ཏེ་རང་ཉིད་ཕ་ཡུལ་ལ་སོང་བའི་དོད་བྱེད་པ། ཕ་མ་དྲན་སྐབས“སེ་ར་ལམ”གི“སང་ལམ་དོགས་མོ་དེའི་ལམ་མདོ་ན།” “བཞིན་གྱི་རྣམ་པ། ལུས་ཀྱི་ཚུགས་ཀ སྐད་ཆ་འཆད་སྐབས་ཉམས་འགྱུར་ནི་སྒྲོལ་མའི་ཨ་ཕ་དང་གཉིས་སུ་མེད”པའི“སྐམས་ཤ་འཚོང་མཁན་གྱི་འབྲོག་པ་ཞིག་པ་ཡོད”པ་དེའི་གམ་ལ་སོང་ནས་ཤ་ཉོས་པའི་བྱུང་རིམ་དཔེ་མཚོན་རང་བཞིན་ལྡན་པ་དེ་དག་རང་ཤུགས་ཀྱིས་འཆར་སྒོའི་ཀློང་ལ་སླེབས་ཐུབ་པར་གྱུར་པ་ལྟ་བུའོ།།
གསལ་འདེབས་ཕྲན་བུ། སྒྲུང་གཏམ་ལས་མི་སྣའི་འགལ་བ་ཐང་མར་བརྡལ་དགོས་ན། ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག རྩོམ་མཁན་གྱིས་བརྗོད་བྱ་དང་མི་སྣར་ཞིབ་ཏུ་དཔྱད་དེ་འགལ་བ་གཙོ་བོ་ཡིད་ལ་ངེས་དགོས་པ་མ་ཟད། འགལ་བ་གཙོ་བོ་དེ་གནད་དུ་བཟུང་ནས་བྱུང་རིམ་མདུན་ལ་འདེད་དགོས། གཉིས། འགལ་བ་གཙོ་བོ་དེ་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་གྱིས་མཚོན་དགོས། གསུམ། དགོས་མཁོ་ཡོད་ན་འགལ་བ་ཕལ་བས་འགལ་བ་གཙོ་བོ་ལ་རམ་འདེགས་བྱས་ཏེ་བྱུང་རིམ་མདུན་ལ་འདེད་དགོས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
སྒྲུང་གཏམ་ལས་མི་སྣའི་འགལ་བ་དང་འབྲེལ་བ་སྤྱོད་ལུགས་ལ་དཔྱད་པ།