རྨ་ཆུའི་འགོ་ཁུངས་ཀྱི་ས་ཐིག་ལ་རགས་ཙམ་དཔྱད་པ།

   【ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིའི་ནང་དུ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོའི་དགུ་གཡང་སྡེ་བར་ཡུལ་དངོས་རྟོག་ཞིབ་ཏུ་སོང་བ་དང་འཕྲོས་ཏེ།  རང་རྒྱལ་གྱི་མ་ཡུམ་ཆུ་བོའི་མཚན་སྙན་ཐོགས་པ་དང་།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆུ་ཆེན་དང་པོ། ཡང་ན། མདོ་དབུས་མཐོ་སྒང་གི་རི་ཆུའི་རིག་གནས་ཀྱི་གྲུབ་ཆ་གལ་བོ་ཆེ་རྨ་ཆུའི་འགོ་ཁུངས་ཀྱི་ས་ཐིག་ངོ་མ་དེ་གང་དུ་ཡིན་པའམ།   ས་ཐིག་གཞན་དང་ནོར་འཁྲུལ་མི་འབྱུང་བའི་ཆེད་དུ་དཔྱད་པ་རགས་ཙམ་ཞིག་བཏང་ཁུལ་བྱས་ནས་བྲིས་ཡོད།

【བརྡ་ཆད་གཙོ་བོ།】 རྨ་ཆུའི་འགོ་ཁུངས། ཆུ་དམར་ལེབ།  ཡོས་ཀྱི་སྩང་ལེབ།  རྩད་ཞིབ།

དང་པོ། སྤྱིར་རྨ་ཆུ་དང་དེའི་འགོ་ཁུངས་ས་ཁུལ་གྱི་སྐོར་བཤད་པ།

རྨ་ཆུ་མཚལ་ལྡན་དམར་པོ་ནི་རང་རྒྱལ་གྱི་ཆུ་བོ་ཆེན་པོ་ཨང་གཉིས་པ་དེ་བརྩི་ཡི་ཡོད་ཅིང་།ཀྲུང་གོའི་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོར་འབོད་ཀྱིན་པའི་གཙང་བོ་ཞིག་ཡིན་ཏེ།རྒྱལ་ཁབ་རིམ་པའི་གཙང་གསུམ་འབྱུང་ཡུལ་གྱི་སྤྱི་གླིང་ནང་དུ་ཚུད་ཡོད་པ་ཞིག་ཀྱང་ཡིན། རང་རྒྱལ་ཆུ་མཛོད་པུའུ་རྨ་ཆུའི་ཆུ་མཛོད་ཨུ་ཡོན་ལྷན་ཁང་གི་གཙོ་བདག་བྱས་པའི་རྨ་ཆུའི་དྲ་བ་རུ་བཀོད་ཡོད་པའི་《རྨ་ཆུའི་སྤྱི་བཤད།黄河总概〔流域气候分区〕》་དུ།“  རྨ་ཆུ་ནི་ཀྲུང་གོའི་ཆུ་ཆེན་ཨང་གཉིས་པ་དེ་ཡིན་ལ།དེའི་འགོ་ཁུངས་ནི་མདོ་དབུས་མཐོ་སྒང་གི་བ་ཡན་ཧ་རི་རི་རྒྱུད་ཀྱི་བྱང་མཚམས་སུ་ཡོད་པའི་ཡོས་ཀྱི་སྩང་ལེབ་ཐང་གཞུང་ཡིན།དེ་ནས་མུར་ཤར་ཕྱོགས་ཀྱི་མཚམས་སུ་བཞུར་ནས་རི་ལུང་ཐང་གསུམ་གང་མང་ཞིག་བརྒལ་ཏེ་སྤུས་མཚོར་འདྲེས།།”ཞེས་དང་། ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་ཚན་རིག་རྟོགས་ཞིབ་རུ་ཁག〔中国三江源科考队〕་གིས་ཞིབ་འཇུག་བྱས་པའི་དཔྱད་འབྲས་སུ་བརྟགས་ན། “འབབ་རྒྱུད་གྱི་རིང་ཚད་ལ་སྟོང་མི་༥༤༦༤་དང་ས་རྒྱ་ཆེ་ཆུང་ཕལ་ཆེར་སྟོང་སྨི་གྲུ་བཞི་མ་ཁྲི་༧༥.༢༤༤༣གྱིས་ཟིན་ཡོད་ཅིང་།རང་རྒྱལ་གྱི་མཚོ་སྔོན་དང་། ཟི་ཁྲོན། ཀན་སུའུ། ཉིན་ཞ། ནང་སོག ཧྲན་ཤེའུ། ཧྲིན་ཤས།ཧི་ནན། ཧྲན་ཏིང་སོགས་ལྗོངས་ཞིང་དགུ་ཡི་རི་ལུང་ཐང་གསུམ་དང་བརྒྱུད་དེ། མཐར་སྤུས་མཚོའི་ནང་དུ་བབས་འགྲོ་བ་རེད།། ”ཅེས་སོ།། ཡང་ན། ཆུ་དམར་ལེབ་རྫོང་ཨུ་དང་སྲིད་གཞུང་།སློབ་གསོ་ཅུའུ་ཡིས་ལྷད་མེད་རྒྱབ་སྐྱོར་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཨ་གྲོ་ཟླ་བ་ཕུན་ཚོགས་ལགས་ཀྱིས་ཡང་དག་འཇུབ་སྟོན་འོག    ཆུ་དམར་ལེབ་མྱུ་གུ་ཚོགས་པས་སྒྲིག་རྩོམ་བྱས་པའི་《ཆུ་དམར་ལེབ་ཀྱི་ལེགས་རྩོམ་གཅེས་བཏུས་》ནང་དུ་བཀོད་པའི་བཀྲ་ཤིས་དཔལ་འབྱོར་གྱི་《གླིང་གེ་སར་རྒྱལ་པོའི་བཞུགས་ཁྲིའི་གནས་ཚུལ་རགས་བསྡུས》་ལས། “འཛམ་གླིང་མི་ཡི་ཉི་མ་གེ་སར་ནོར་བུ་དགྲ་འདུལ་དེ་ཉིད་ཀྱིས་རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་མཛད་ནས།མཐར་སྐྱ་ལོའི་རྒྱུ་ནོར་ཡོངས་རྫོགས་བླངས་ནས་སྙན་སྒྲུང་ལས་བྱུང་བའི་ལོ་རྒྱུས་ཀྱི་གསེར་ཁྲི་དེ་ནི།ད་ལྟ་དངོས་སུ་ཡོད་སར། རྨ་ཟླ་འབྲི་གསུམ་གྱི་འབྱུང་ཁུངས། རྨ་ཡུལ་མཐོང་བ་ཀུན་སྨོན།རྨ་སྟོད་གཡང་གི་ར་བ། རྨ་ཆུ་སྔོན་མོ་དལ་དུ་འབབ་པའི་གཡོན་ཕྱོགས།རྨ་དེའུ་ཡག་སྟག་ཐང་ཕྲ་མོར་དངོས་སུ་མཇལ་རྒྱུ་ཡོད།།” ཅེས་དང་།  ཡང་ན། “རྨ་ཞེས་པ་རྨ་ཆུས་མཚོན།དེའུ་ཡག་ཅེས་པ་ནི་རྨ་ཆུའི་འགྲམ་དུ་ཉེ་བའི་དེའུ་ཤིན་ཏུ་མཛེས་པ་ཞིག་ཡོད།། ”ཅེས་བཤད་ཡོད་པ་ལྟར་དུ།གེ་སར་བཞུགས་ཁྲི་ནི་རྨ་ཡུལ་སྟག་ཐང་ཁྲ་མོའི་མཐོ་སར་བཞུགས་པའི་རྨ་དེའུ་ཡག་ཅེས་པའི་དེ་རུ་ཡོད་ཅིང་།གེ་སར་བཞུགས་ཁྲི་དང་ རྨ་ཆུ་འགོ་ཁུངས་ཡོས་ཀྱི་སྩང་ལེབ་གཉིས་ཀྱི་བར་ཐག་ལ་ཧ་ཅང་ཉེ་བར་གྱུར་ཡོད། གེ་སར་གླིང་སྒྲུང་ནང་གི་རྨ་དེའུ་ཡག་ཅེས་པའི་ནང་གི་རྨ་ནི་རྨ་ཆུར་མཚོན་པས།རྨ་ཆུའི་འགོ་ཁུངས་ནི་རྨ་དེའུ་ཡག་དང་འབྲེལ་བ་དམ་ཟབ་ཅིག་ཡོད་པར་མཚོན་ནུས་པ་རེད།། 

 རྨ་ཆུའི་འགོ་ཁུངས་ས་ཁུལ〔河源区域〕་ནི་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོའི་ཡོས་ཀྱི་སྩང་ལེབ་མན་ཆད་དང་མགོ་ལོག་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་〔花石峡〕གྱི་ཡན་ལ་གོ་ཞིང་།འབབ་རྒྱུད་ཀྱི་ས་རྒྱ་ལ་སྟོང་སྨི་གྲུ་བཞི་མ་༧༠༠ལྷག་གིས་བསྐྱེད་ཡོད་ཅིང་། ས་བབས་བང་ཚད་ལ་སྨི༤༦༠༠ནས་༤༨༠༠བར་ཡིན།  འགོ་ཁུངས་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་༢.༢༨ཀྱིས་ཟིན་ཡོད་ལ།འགོ་ཁུངས་ས་ཁུལ་གྱི་ནུབ་ན་ཡག་ར་སྟག་རྩེ་དང་། ཤར་ན་ཨ་མྱེས་རྨ་ཆེན། བྱང་ན་དམ་པའི་རི་རྒྱུད།  ལྷོ་རུ་ཧ་རི་རི་རྒྱུད་དང་འབྲེལ་ནས་རྨ་མཚམས་འབྲི་མཚམས་བཅད་ཡོད། དེ་ལས། རྨ་ཆུའི་འགོ་ཁུངས་ཀྱི་ཁོངས་གཏོགས་ས་ཁུལ་གྱི་སྟོད་སྨད་བར་མཚམས་ནི་ཡོས་ཀྱི་སྩང་ལེབ་ནས་མཚོ་སྐྱ་རེངས་ཀྱི་བར་ལ་འགོ་ཁུངས་སྟོད་མ〔上河源〕་དང་དེ་ནས་མཛོ་རྒན་རྭ་བར་གྱི་མཚམས་སུ་འགོ་ཁུངས་སྨད་མ〔下河源〕་རུ་ཕྱེས་ཡོད།།

གཉིས་པ།ཆུ་འགོའི་ས་ཐིག་〔地标〕གི་དོན་སྙིང་སྐོར་གླེང་བ།

འཛམ་གླིང་ནི་ས་ཆུ་མེ་རླུང་གིས་གྲུབ་པ་ཞིག་ཡིན་ཏེ།ས་སྟེང་གི་འགྲོ་བ་ཕལ་མོ་ཆེར་ཆུ་ལ་མ་བསྟེན་པ་གཅིག་ཀྱང་མེད་དེ། ཆུ་བོ་ནི་ཚེ་སྲོག་ཡོད་ཚད་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་ལ་ཐ་མའི་རེ་བའང་ཡིན།ཆུ་བོ་ནི་སྐྱེ་ཁམས་ཀྱི་མ་མ་ཡིན་ཅིང་། ཆུ་བོ་མེད་ན་རྩྭ་དང་རྩི་ཤིང་ །སྦྲ་ནག་དང་གཞིས་ཁྱིམ་མེད་ལ། ཡང་ན། རི་དྭགས་དང་གཅན་གཟན་ཡང་མེད་པར་ཤེས་དགོས།གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད་པའི་རྨ་ཆུ་ནི་མདོ་ཁམས་ཀྱི་ཡུལ་གཙོར་བྱས་རང་རྒྱལ་གྱི་ལྗོངས་ཞིང་དགུ་ཡི་སྣོད་བཅུད་ལ་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་པར་མ་ཟད།སྤྱི་ཁྱབ་ཧྲུའུ་ཅི་ཤིས་ཅིན་ཕན་ཉིན་ཞྭ་ས་ཁུལ་ཏུ་ལས་དོན་རྟོགས་ཞིབ་སོང་བའི་སྐབས་སུ་བསྟན་དོན།“རྨ་ཆུའི་ཆུ་འགྲམ་ན་འཁེལ་བའི་ལྗོངས་དང་ཞིང་ཆེན་ཚང་མས་དཀྱུས་གཅིག་ཏུ། རང་འགུལ་གྱིས་ངང་རྨ་ཆུ་སྔོན་མོའི་འབབ་རྒྱུད་ལ་སྲུང་སྐྱོབ་བྱེད་པའི་འགན་ཁྲི་ལྕི་མོ་དེ་ཕྲག་ཏུ་བླངས་ཤིང་།རྨ་ཆུ་ལ་འབགས་བསླད་བྱུང་བའི་བྱ་སྤྱོད་གཏན་དུ་མེད་པར་བཟོ་དགོས། ངེད་ཅག་གི་མ་ཡུམ་ཆུ་བོ་ནམ་ཡང་དྭངས་གཙང་ལྷད་མེད་ཅིག་ཡིན་དགོས།།”ཞེས་དང་།  “རྨ་ཆུ་གཅིག་པུའི་ཆེད་དུ་གསོན་དགོས་ཤིང་།རྨ་ཆུ་དང་འགྲོགས་ནས་འཕེལ་རྒྱས་འགྲོ་དགོས། ཡང་ན། རྨ་ཆུ་ལ་བརྟེན་ནས་དར་རྒྱས་སུ་ཕྱིན་དགོས།། ”ཞེས་བཤད་པ་ལྟར་དུ། མདོ་ཁམས་ཀྱི་ཡུལ་གཙོར་བྱས་རང་རྒྱལ་གྱི་སྟོད་མེད་བར་གསུམ་དུ་རྨ་ཆུ་འདི་མེད་སོང་ན་སྐྱེ་ཁམས་སྣོད་བཅུད་གང་མང་ཞིག་ཉམས་ཉེས་སུ་འགྲོ་སྲིད་པ་ནི་བཤད་ག་ལ་དགོས།མིའི་རིགས་ཀྱིས་ལོ་ངོ་ཁྲི་སྟོང་མང་པོར་དཀའ་བ་བརྒྱ་སྟོང་ཆེད་དུ་བསད།ངལ་བ་ཁྲི་ཕྲག་དང་དུ་བླངས་ཤིང་། ངལ་རྩོལ་དང་བསམ་གཞིགས་ཀྱི་ཀློང་ནས་བསྐྲུན་པའི་ཀྲུང་གོའི་རྨ་འགྲམ་རིག་པའི་དཔལ་ཡོན་དག་གར་སོང་ཆ་མེད་དུ་ཡལ་འགྲོ་བའང་ཐེ་ཚོམ་སྐྱེ་དགོས་པ་ཞིག་མ་རེད།ཐ་ནའང་། ཚེ་སྲོག་ཐམས་ཅད་སྡོང་བོའི་ཡལ་ག་སྟེང་གི་ལོ་མ་ས་ལ་བབས་པ་ཇི་བཞིན་ཚ་སྐམ་དུ་གྱུར་ཅིང་ཐལ་རྡུལ་ལོག་ནས་རྩ་མེད་གྱུར་འགྲོ་གི་རེད།ཅེས་བཤད་ནའང་མི་ཆོག་རྒྱུ་མེད་པར་འདོད་དེ། དེས་ན། རྨ་ཆུ་མེད་སོང་བ་ཡིན་ན་རྨ་འགྲམ་དཔལ་ཡོན་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ལ་གནོད་ཚབ་ཆེ་པོ་ཞིག་འབྱུང་ཡོང་གི་ཡོད་ཅིང་།རྨ་ཆུའི་འགོ་ཁུངས་ནི་མིའི་རིགས་དཔལ་ཡོན་བསྐྲུན་མཁན་གྱི་ཆུ་མིག་ཆུང་ཆུང་ཞིག་ཡིན་ལ།ཡང་ན། འཛམ་གླིང་སྐྱེ་ཁམས་ཀྱི་ཨ་མ་དྲིན་ཅན་ཞིག་དེ་བས་ཀྱང་ཡིན་ཆོག་གོ།།

གསུམ་པ།རྨ་ཆུའི་འགོ་ཁུངས་ཀྱི་ས་ཐིག་ཐོག་མར་རྙེད་ཚུལ་གྱི་སྐོར་བཀྲོལ་བ།

གཅིག  ཚན་རིག་རྟོག་ཞིབ་དང་རྨ་ཆུའི་འགོ་ཁུངས།

སྤྱིར་ན་ནང་ཁུལ་གྱི་རྒྱལ་རབས་གང་མང་གི་རིང་ལ་རྨ་ཆུའི་འགོ་ཁུངས་འཚོལ་ཞིབ་ཏུ་སོང་མྱོང་བའི་ལོ་རྒྱུས་བྲིས་དཔེ་དང་དམངས་ཁྲོད་ངག་རྒྱུན་མི་ཉུང་བ་ཞིག་ཡོད་ནའང་།  ལྷག་ཏུ།  ཀྲུང་གོ་གསར་པ་དབུ་བརྙེས་ནས་བཟུང་སྟེ།༡༩༧༨ལོའི་ཟླ་བདུན་པའི་དབྱར་གཞུང་ལ་རང་རྒྱལ་གྱིས་ཆུ་འགོའི་རྟོག་ཞིབ་རུ་ཁག་རྩ་འཛུགས་བྱས་ཤིང་།ནང་ཁུལ་གྱི་ཚན་རིག་རྟོག་ཞིབ་རུ་ཁག་དངོས་སུ་རྨ་ཆུའི་འགོ་ཁུངས་ཀྱི་ས་ཁུལ་དུ་ཡོང་སྟེ། 《ཞིན་ཧྭ་དྲ་བ新华网》་རུ་བཀོད་པ་ལྟར་ན། “འགོ་ཁུངས་ས་ཁུལ་གྱི་བྱང་ཕྱོགས་ཀྱི་མཚམས་ནས་བབས་ཀྱིན་ཡོད་པའི་ཆུ་བོ་གསུམ་པོ་དེ་ནི་དངོས་སུ་རྨ་ཆུའི་ཆུ་འགོར་ངོས་འཛིན་བྱས་ཐུབ་ཡོད་ཅིང་། དེ་དག་ནི་ཡོས་ཀྱི་སྩང་ལེབ་ཆུ།མཁར་གཞུང་ཆུ། སྤམ་གཞུང་ཆུ་སོགས་ཡིན་པར་ཁ་ཚོན་བཅད་ཡོད། ། ”  ཅེས་དང་། ༢༠༠༨ལོའི་ཟླ་༩བའི་ཚེས་༢༩ཉིན་གཙང་གསུམ་འབྱུང་ཡུལ་ཚན་རིག་རྟོག་ཞིབ་རུ་ཁག་དངོས་སུ་རྨ་ཆུའི་འགོ་ཁུངས་ཀྱི་ས་ཁུལ་དུ་ཡང་བསྐྱར་བསླེབས་ཤིང་།ནམ་ཉི་མ་ལྔ་དྲུག་གི་རིང་ལ་ཡོས་ཀྱི་སྩང་ལེབ་ཆུ་དང་། མཁར་གཞུང་ཆུ། དེའུ་ཀླད་དྲ་ཆུ།ཆུ་ཉོག་ལུང་བའི་ཆུ་བཅས་སུ་ཚན་རིག་གི་ཐབས་དང་བསྟུན་རྟོག་ཞིབ་ནན་ཏིག་ཅིག་བྱས་རྗེས་བསྟན་དོན།“ཡོས་ཀྱི་སྩང་ལེབ་ཆུའི་འབབ་རྒྱུད་ལ་སྟོང་སྨི་གྲུ་བཞི་མ་༢༣༧༢ཀྱིས་རྒྱ་བསྐྱེད་བྱས་ཡོད་པ་དང་།མཁར་གཞུང་ཆུ་ཡིས་སྟོང་སྨི་གྲུ་བཞི་མ་༣༡༢༦ཀྱིས་ས་རྒྱ་བསྐྱེད་ཡོད།། ”ཅེས་པ་ལྟ་བུ་རེད།   དེ་དག་གི་གནས་ཚུལ་ལ་བརྟགས་ན་རྨ་ཆུའི་འགོ་ཁུངས་སྐོར་གྱི་ཡུལ་དངོས་རྟོག་ཞིབ་ཀྱི་ཚན་རིག་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་པ་རྟོགས་ནུས།  རེད་དང་། རྨ་ཆུ་ཟེར་བའི་མིང་འདི་བོས་མ་ཐག ས་སྒང་འདིའི་སྟེང་གི་རྒྱལ་ཁབ་དང་མི་རིགས་ཚང་མས་རྒྱུས་མངའ་ཆེ་བའི་མིང་ཞིག་ཡིན་ངེས།ཡིན་ནའང་། དེའི་འགོ་ཁུངས་གང་ཞིག་ཡོད་པ་དང་དེའི་ས་ཐིག་གསལ་བོ་ཞིག་ཤེས་མཁན་ཉུང་ཙམ་ཞིག་ཡིན་པར་སེམས།  ལ་ལས་བསམ་ཡོད་ཧམ་པའི་ཐོབ་འདོད། །ལ་ལས་ཐོས་པ་དམན་པའི་གཏམ་འཆལ།། རྐྱེན་གང་རུང་བ་ ཞིག་གི་སྟབས་ཀྱིས་རྨ་ཆུའི་འགོ་ཁུངས་ངོ་མ་དེ་གང་ཡིན་པར་གསལ་ཁ་གྱུར་མེད་པ་ཞིག་མཐོང་སོང་།  རྒྱལ་ཁབ་རིམ་པའི་ས་ཁམས་ཚན་རིག་གི་རྟོག་ཞིབ་རུ་ཁག་དང་ས་གནས་ཤུལ་རྟེན་རིག་གནས་ཀྱི་རྒྱུད་འཛིན་པ།ཡང་ན། གླིང་སྒྲུང་ནང་གི་རྨ་ཡུལ་བཀོད་པའི་སྐོར་གྱི་བཤད་པ་སོགས་དང་གཤིབ་སྡུར་བྱས་ཚེ།གཙང་གསུམ་འབྱུང་ཡུལ་གྱི་རྨ་ཆུའི་འགོ་ཁུངས་ནི་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོའི་དགུ་གཡང་སྡེ་བར་གཏོགས་པའི་ཡོས་ཀྱི་སྩང་ལེབ་ན་ཡོད་པར་བདེན་དཔང་དང་ར་སྤྲོད་བྱས་དང་བྱེད་བཞིན་པ་ཞིག་ཡིན་ནོ།།

གཉིས།  རྨ་ཆུའི་འགོ་ཁུངས་ཀྱི་ས་རྟགས་འགའ་ཞིག

 རྨ་ཆུའི་འགོ་ཁུངས་ཏེ། ལྗིད་ཏིག་ཏིག་གི་ས་མིང་ཆུ་མིང་འདི་ནི་ལས་སླ་བོ་ཞིག་གིས་རང་སར་གང་འདོད་དུ་འདོགས་ཆོག་པ་ཞིག་ག་ལ་ཡིན་ཨང་།དེ་ལ་གོང་རིམ་གྱི་འགོ་ཁྲིད་རིམ་པ་སོ་སོ་དང་། ཚན་རིག་རྟོགས་ཞིབ་རུ་ཁག  དེ་མིན་ས་གནས་ཀྱི་སྲོལ་རྒྱུན་རིག་པ་དང་ཅིས་ཀྱང་མཐུན་དགོས་པ་ཞིག་རེད།དེས་ན། ༡༩༩༧ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཨ་གྲོ་ཟླ་བ་ཕུན་ཚོགས་སོགས་ཀྱིས་གཙོ་སྒྲིག་མཛད་པའི་《ཆུ་དམར་ལེབ་རྫོང་རིག་གནས་ལོ་རྒྱུས》་སུ། “རྨ་ཆུའི་ཆུ་འགོ་མཁར་ཆུ་ལས་གཞན།ཆུ་མགོའི་ནུབ་ན་ཡོད་པའི་ཡོས་ཀྱི་སྩང་ལེབ་ཆུ་ལ།རྨ་ཆུའི་ཆུ་འགོ་ཞེས་འབོད་སྲོལ་ཡང་ཡོད། །” ཅེས་དང་།“སྤྱི་ཁྱབ་ཧྲུའུ་ཅི་ཧོ་ཡོ་པང་གིས་བྲིས་པའི་“རྨ་ཆུའི་འགོ་ཁུངས་”ཞེས་པའི་རྡོ་རིང་དེ་གནས་འདིར་བསླངས་ཡོད།ཡོས་ཀྱི་སྩང་ལེབ་ཆུ་འགོ་དེ་ཡོས་ཀྱི་སྩང་ལེབ་ཀྱི་རི་འདབས་སུ་ཡོད།།ཅེས་བྲིས་འདུག་པར་ལྟས་ན།   ༡༩༨༤ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྙན་ཞུ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཧོ་ཡོ་པང་གིས་“རྨ་ཆུའི་འགོ་ཁུངས་”ཞེས་རྒྱ་ཡིག་གི་ཡིག་འབྲུ་བཞི་བྲིས་ཡོད་པའི་རྡོ་རིང་ཞིག་ཞིང་ཆེན་དང་ཁུལ།རྫོང་སོགས་རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་རྣམ་ལ་བཅོལ་ཏེ།ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོའི་དགུ་གཡང་སྡེ་བའི་ཁོངས་གཏོགས་སུ་ཡོད་པའི་ཡོས་ཀྱི་སྩང་ལེབ་ཀྱི་དེའུ་འགོར་རྨང་འདིང་པའི་མཛད་སྒོ་སྤེལ་ཅིང་ཆུ་འགོའི་ས་རྟགས་ཀྱི་མི་འགྱུར་རྡོ་རིང་དེ་དངོས་སུ་བཙུགས་ཡོད་པ་རེད།།

༢ ཀྲུང་དབྱུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་དབུས་ཀྱི་ཕྱོགས་སུ་ཕེབས་བསྐྱོད་གནང་བའི་སྐབས་སུ།ཆུ་དམར་ལེབ་ཀྱི་རྨ་སྟོད་ཡུལ་ཚོའི་དགུ་གཡང་སྡེ་བ་རུ་ཡོད་པའི་ཡོས་ཀྱི་སྩང་ལེབ་ཀྱི་རྨ་ཆུའི་འགོ་ཁུངས་སུ་ཆིབས་བསྒྱུར་གནང་ཡོད་དེ། མཱ་ཡོན་ཁྲང་གིས་མཛད་པའི་《ཐང་བོད་གནའ་ལམ་ཐོག་གི་ཆུ་དམར་ལེབ་》ཏུ། “༡༩༥༢ལོའི་ལོ་སར་གྱི་ཉིན་ལ་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ཉེ་འཁོར་རྣམས་དམ་པའི་རི་བོ་བརྒལ་ཏེ།རྨ་ཆུའི་འགོ་ཁུངས་སུ་བསླེབས། པཎ་ཆེན་རིན་པོ་ཆེ་སོགས་མཛོ་མོ་ཡར་ལུང་དུ་ཉིན་གསུམ་ཙམ་བཞུགས་ཤིང་གནས་དེར་ཆོས་ཀྱི་དབང་ལུང་གནང་པར་མ་ཟད།ཉེ་འཁོར་རྣམས་ལ་བཀའ་བསྩོལ་ཏེ་འབྲོང་མགོ་འབོར་ཆེན་ཞིག་མཆོད་རྟེན་གྱི་ཚུལ་དུ་ཕྱོགས་གཅིག་ཏུ་སྤུངས་པས།རྗེས་སུ་མི་རྣམས་ཀྱིས་ས་དེ་ཉིད་ལ་གཡག་མགོའི་ལབ་རྩེ་ཞེས་པའི་མིང་འབོད་སྲོལ་ཡོད།། ”ཅེས་བྲིས་འདུག་པས། ༧ པཎ་ཆེན་རིན་པོ་ཆེ་ཁོང་གིས་རྨ་ཆུའི་འགོ་ཁུངས་ཀྱི་ས་ཐིག་ངོས་འཛིན་གྱི་སྐོར་ལ་མཛད་པ་བླ་མེད་ཅིག་གནང་ཡོད།ཁོང་གིས་ད་རུང་ཡོས་ཀྱི་སྩང་ལེབ་ཀྱི་རི་འདབས་སུ་མཆོད་རྟེན་ཆ་བརྒྱད་ཀྱི་རྟེན་བཞེངས་དགོས་པའི་བཀའ་བསྩལ་ཅིང་།ས་གནས་དེ་གའི་མི་དམངས་ཡོངས་ལ་དབང་ལུང་རྒྱ་ཆེན་གནང་ཡོད་པའི་གནས་ཚུལ་གསལ་བོ་ཞིག་བཀོད་འདུག   དེ་བཞིན། ཁོང་གིས་དངོས་སུ་ཕྱག་བྲིས་བཏབ་པའི་ཞལ་བྱང་ལ་༼ཨ་ལ་ལ་༽ཞེས་པའི་རྡོ་བརྐོས་གསུངས་དུམ་ཞིག་ཡོད་པ་ནི་འདི་ལྟ་སྟེ།“རྨ་ཆུའི་འགོ་ཁུངས་ཡིན་པ་ཨ་ལ་ལ།། རྒྱ་བོད་ཟུང་སྦྲེལ་ཡིན་པ་ཨ་ལ་ལ།། མི་ཕྱུགས་གོང་འཕེལ་འགྲོ་བ་ཨ་ལ་ལ།།”ཞེས་ཡིག་འབྲུ་༢༧འདི་དག་ད་ལྟའང་ཆུ་འགོའི་འདབས་ཀྱི་མཆོད་རྟེན་ཆ་བརྒྱད་ཀྱི་མདུན་ན་མངོན་སུམ་དུ་མཇལ་རྒྱུ་ཡོད་པ་ཞིག་རེད།།

༣  ༡༩༩༧ལོའི་ཟླ་༦པའི་ཚེས་༨ལ་སྔར་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙི་མན་གྱིས་བསྐྱར་དུ་རྨ་ཆུ་འགོ་ཁུངས་ཞེས་པའི་ས་རྟགས་རྡོ་རིང་བཙུགས་དགོས་པའི་དགོངས་དོན་བསྟན་ཅིང་། ལོ་དེའི་ཟླ་༨པར།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཆོ་ཧྲུ་ཡིས་ “རྒྱུན་ཆད་མེད་པའི་མ་ཡུམ་ཆུ་བོ”་ཞེས་པའི་བཀྲ་ཤིས་སྨོན་ཚིག་ཕུལ་ཡོད།༡༩༩༩ལོར་རང་རྒྱལ་ཆུ་མཛོད་པུའུ་རྨ་ཆུའི་ཆུ་མཛོད་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲིག་མཛད་པའི་《རྨ་ཆུའི་ལོ་རིམ་མེ་ལོང་།〔རྒྱལ་ཁབ་སྣེ་ཁྲིད་པས་རྨ་ཆུའི་འགོ་ཁུངས་ལ་ས་རྟགས་བཀོད་པ།〕黄河年鉴〔国家领导人为黄河源头题词〕》་གི་ནང་དུ། “༡༩༩༩ལོའི་ཟླ༡༠བའི་ཚེས་༢༤ཉིན་ལ་རང་རྒྱལ་ཆུ་མཛོད་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་མཉམ་དུ་གཙོ་སྒྲུབ་བྱས་པའི་རྨ་ཆུའི་འགོ་ཁུངས་ཀྱི་ས་རྟགས་རྡོ་རིང་བཙུགས་པའི་མཛད་སྒོ་དེ་ཡུས་ཀྱི་སྩང་ལེབ་ནས་དངོས་སུ་སྤེལ་ཡོད་ཅིང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་དྲུང་ཡིག་ཅུའུ་དང་། རྒྱལ་ཁབ་རྩིས་ཨུ།ཆུ་མཛོད་པུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། རྨ་ཆུའི་ཆུ་མཛོད་ཨུ་ཡོན་ལྷན་ཁང་སོགས་ས་གནས་ཀྱི་ལས་བྱེད་མང་ཚོགས་བརྒྱ་ཕྲག་ཅིག་མཉམ་ཞུགས་བྱས་ཡོད།།” ཅེས་དང་། “ཆུ་མཛོད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའོ་ཝན་ཀྲི་དང་།མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་དམུ་ཏང་ཧྲན།རྨ་ཆུའི་ཆུ་མཛོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཅན་ཕུན་སོགས་འགོ་ཁྲིད་རྣམ་པས་ཡོས་ཀྱི་སྩང་ལེབ་ནས་རྨ་ཆུའི་འགོ་ཁུངས་རྡོ་རིང་གི་ཞལ་ཡོལ་ཕྱེས་ནསས་རྟགས་རྡོ་རིང་བཙུགས།། ”ཅེས་བྲིས་ཡོད་ལ། རྡོ་རིང་དེ་ནི་སྤྱིར་བཏང་གི་རྡོ་རིང་ཞིག་མིན་ལ།རང་རྒྱལ་དང་མདོ་དབུས་མཐོ་སྒང་། ཆུ་དམར་ལེབ་ས་ཁུལ་སོགས་རིམ་པ་སོ་སོར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྡོ་རིང་ཞིག་ཀྱང་ལོས་ཡིན།།

༤  རང་རྒྱལ་གྱི་གཙང་གསུམ་འབྱུང་ཡུལ་གྱི་ཚན་རིག་རྟོག་ཞིབ་རུ་ཁག་ནི་མདོ་ཁམས་སྟོད་ཀྱི་རྨ་ཟླ་འབྲི་གསུམ་གྱི་འགོ་ཁུངས་ས་ཐིག་ལ་རྣལ་མར་རྩད་ཆོད་བྱེད་མཁན་གྱི་ས་ཁམས་རྟོག་ཞིབ་རུ་ཁག་ཅིག་ཡིན་ཏེ།དུས་དང་རྣམ་ཀུན་ཡུལ་ཤུལ་ས་ཁུལ་གྱི་ཆུ་དམར་ལེབ་དང་འབྲི་སྟོད།རྫ་སྟོད་རྫོང་ཁོངས་སུ་ཚན་རིག་རྟོགས་ཞིབ་དང་ས་གནས་རྒྱུས་ལོན་བྱས་དང་བྱེད་བཞིན་མཆིས།《ཞིན་ཧྭ་དྲ་བ新华网》་ལས།“༢ ༠༠༨ལོའི་ཟླ་༩བའི་ནང་དུ།གཙང་གསུམ་འབྱུང་ཡུལ་གྱི་ཚན་རིག་རྟོགས་ཞིབ་རུ་ཁག་བསྐྱར་དུ་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོའི་དགུ་གཡང་སྡེ་བར་ཡོད་པའི་ཡོས་ཀྱི་སྩང་ལེབ་ཀྱི་ཆུ་འགོའི་རྡོ་རིང་གི་མདུན་ཏུ་བསླེབས་ཏེ།ཡང་ནས་ཡང་དུ་ཡོས་ཀྱི་སྩང་ལེབ་ཆུ་དང་། མཁར་གཞུང་ཆུ། སྤམ་གཞུང་ཆུ།དེའུ་ཀླད་དྲ་ཆུ་སོགས་སུ་རྟོགས་ཞིབ་ཡང་དག་ཅིག་བྱས་རྗེས། རྨ་ཆུའི་ཆུ་འགོའི་རྡོ་རིང་ཡོད་པའི་ཡོས་ཀྱི་སྩང་ལེབ་ཅེས་པའི་དེའུ་འགོ་དེ་ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་་〔国家地理标志〕ཀྱི་མཚན་སྙན་གནང་ཞིང་།དྲན་རྟེན་གྱི་ཁྲོ་མདུང་ས་རུ་གདབས་པའི་མཛད་སྒོ་སྤེལ་བ་རེད།། ”ཅེས་བཀོད་འདུག   དེས་ཀྱང་།ཡོས་ཀྱི་སྩང་ལེབ་ནི་རྨ་ཆུའི་འགོ་ཁུངས་ངོ་མ་དེ་ཡིན་པར་ཁས་ལེན་དང་གདེངས་འཇོག་ཚད་མེད་པ་ཞིག་འཐོབ་ཡོད་པར་གསལ་བོ་མཚོན་ཐུབ་བོ།།

བཞི།  དམངས་ཁྲོད་ཀྱི་ངག་རྒྱུན།

 སྤྱིར་རྨ་ཆུའི་ཆུ་འགོའི་ཡུལ་དངོས་སུ་སོང་ནས་ལྟས་ན། ཡོས་ཀྱི་སྩང་ལེབ་ཀྱི་མདུན་ངོས་ནི་དེའུ་ལེ་ཅུང་ཙམ་མཐོ་བ་ཞིག་ཡོད་ཀྱང་།རྐང་ཐང་སོང་ན་སྐར་མ་བཅུ་ཙམ་གྱི་བར་ཐག་འདུག ཡིན་ནའང་། དེའི་འགོ་རུ་བསླེབས་ཙ་ན་མུ་མཐའ་མེད་པའི་རྩྭ་ཐང་ཞིག་ཡིན་ལ། དེ་རུ།འབྲོག་པའི་ཁྱིམ་ཚང་མང་པོ་ཞིག་གིས་མཚེར་ས་བརྒྱབ་ཅིང་ཕྱུགས་ཟོག་འཚོ་སྐྱོང་བྱེད་བཞིན་པའི་རྣམ་པ་ལྟ་ན་སྡུག་པ་ཞིག་མཐོང་བར་མ་ཟད།   ས་གནས་ཀྱི་འབྲོག་མི་ཚོས་དེའུ་དེ་གའི་འགོ་ནས་ཡག་ར་སྟག་རྩེའི་བར་མཚམས་ལ་ཡོས་སྩང་གཞུང་ཞེས་མིང་བཏགས་ཡོད་འདུག དེའུ་དེ་གའི་འགོ་རུ་མཚེའུ་མེ་ལོང་འདྲ་བ་ཞིག་འདུག ས་གནས་དེ་གའི་དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན།དེ་ནི་རྨ་ཆུའི་འགོ་ཁུངས་ངོ་མ་དེ་ངོས་འཛིན་བྱེད་སྲོལ་འདུག  ཡང་ངག་རྒྱུན་ཏུ།  མཚེའུ་དེ་ནི་གཏིང་མཐའ་མེད་པའི་ཆུ་མཛོད་ཅིག་ཡིན་པར་ཡོངས་སུ་གྲགས། དེ་ནས་དེའུ་འགོ་ནས་མར་ཅུང་ཙམ་བབས་ན་གཡས་གཡོན་གཉིས་སུ་ཆུ་ཤུལ་གཉིས་ཡོད་པ་མཐོང་ཐུབ་ཅིང་།ཆུ་ཤུལ་དེ་གཉིས་ཀྱི་འགོ་རུ་ཡང་དྭངས་བསིལ་ལྡན་པའི་ཆུ་མིག་ཆུང་ཆུང་གཉིས་འཁྱིལ་གྱི་འདུག་སྟེ། གཡས་ཕྱོགས་ཀྱི་ཆུ་མིག་དེ་ནི་རྒྱལ་ཁབ་རིམ་པའི་འགོ་ཁྲིད་དང་ཚན་རིག་རྟོག་ཞིབ་པ་རྣམ་པས་རྡོ་རིང་བཙུགས་ཡོད་སའི་ཆུ་མིག་དེ་ཡིན་ལ།གཡོན་ཕྱོགས་སུ་ཡོད་པའི་ཆུ་མིག་དེ་རུ་རྡོ་རིང་དང་ས་རྟགས་ཅི་ཡང་ མི་འདུག   དམངས་ཁྲོད་ཀྱི་བཤད་སྲོལ་ཡིན་ནི་ཆུ་མིག་ཕྲན་བུ་དེ་གཉིས་ཀ་གོང་གི་ཡུས་ཀྱི་སྩང་ལེབ་ཀྱི་དེའུ་འགོ་ན་ཡོད་པའི་མཚེའུ་མེ་ལོང་མ་ལས་ས་འོག་དང་བརྒྱུད་དེ།དེའུ་གཡས་གཡོན་ནས་ཡར་བརྟོལ་ཅིང་འཁྱིལ་ཡོང་བ་ཞིག་རེད་ཅེས་བཤད་སྲོལ་བགྲང་གིས་མི་ལངས་བ་ཞིག་འདུག   ཡང་ན། སྲིད་པ་གངས་རྒན་གྱི་གནའ་དཔེ་རུ།རྨ་ཟད་པ་ཡར་དང་ཡུས་གུར་ཟད།། ཡོས་ཟད་པ་ཡག་རྭ་སྟག་རྩེར་ཟད།།  ཅེས་ཡོས་ཀྱི་སྩང་ལེབ་ཀྱི་ཡན་ལ་རྨ་ཆུ་མེད་པ་དང་།ཡག་ར་སྟག་རྩེའི་ཡན་ལ་ཡོས་སྩང་གཞུང་མེད་པར་མཚོན་ཐུབ་ཅིང་། དེས་ཀྱང་།གནའ་རབས་ལོ་རྒྱུས་རིང་མོའི་བཞུར་རྒྱུན་དང་དེང་རབས་ཚན་རིག་ལག་རྩལ་གྱི་དཔྱད་འབྲས་ལས་ར་སྤྲོད་བྱུང་ཡོད་པའི་རྨ་ཆུའི་འགོ་ཁུངས་ནི་ཡོས་ཀྱི་སྩང་ལེབ་ཆུ་ནས་འབབ་འགོ་བརྩམས་ཡོང་བ་དེ་དན་རྟགས་བྱས་ཐུབ་ཡོད་པ་རེད།། 

  སྤྱིར་ན་རྨ་ཆུའི་འགོ་ཁུངས་ཀྱི་ཉེ་བ་རུ་ས་མིང་ཆུ་མིང་འགའ་ཞིག་ཡོད་དེ། དམངས་ཁྲོད་དུ་བཤད་སྲོལ་ལྟར་ན།རྨ་ཆུའི་འགོ་ཁུངས་ངོས་འཛིན་མ་བྱས་པའི་སྔོན་ ལ་འགོ་ཁུངས་ཀྱི་ཕྱིར་ནང་གནས་པའི་འབྲོག་མི་ཚོས་དེའུ་དེར་ཡོས་སྩང་དང་ཡང་ན་བར་གདང་ཞེས་འབོད་སྲོལ་འདུག དེའི་གཡས་སུ་སྡོང་བོའི་ལ་དང་གཡོན་ན་ཝ་རྫ་ཞེས་པའི་རི་འགོ་གཉིས་ཡོད་ཅིང་།སྡོང་བོའི་ལ་ནི་གནའ་སྔ་མོ་ཞིག་ལ་རི་འགོ་དེར་དར་ལྕོག་འདོགས་ས་ཤིང་སྡོང་ཞིག་འདེབས་འཛུགས་བྱས་མྱོང་བས་ཐོགས་པ་དང་།ཤིང་སྡོང་དེ་ད་ལྟའང་དངོས་སུ་མཐོང་རྒྱུ་འདུག  ཡང་ན། ཝ་རྫ་ཞེས་པ་ནི། བསྐལ་པ་ཡན་ཆད་ལ་རྫ་ཕྱོགས་དེར་ཝ་མོ་ཤིན་ཏུ་མང་བས་ཐོགས་པ་རེད་ཅེས་བཤད་སྲོལ་གདའ།དེའུ་ ཕར་ནང་ན་འཚོ་སྡོད་བྱས་པའི་འབྲོག་མི་ཚོས་དེའུ་དེ་གའི་འགོ་ནས་གཡག་རྭ་སྟག་རྩེ་ཡི་བར་མཚམས་སུ་ཡོས་སྩང་ཞེས་མིང་བཏགས་ཡོད་འདུག  དེ་ནས། ཡོས་ཀྱི་སྩང་ལེབ་ཀྱི་རྒྱབ་ན་རྨ་སྟོད་རྩེ་ལྷ་བཅུ་གསུམ་གྱི་ཡ་གྱལ་ཡག་ར་སྟག་རྩེ་དང་མདུན་ན་རྟ་རྒྱུགས་རྒྱལ་འཇོག་ནང་གི་རྒྱུགས་འགོ་གཏད་སའམ་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་གསོན་སྟོན་མཛད་ཡུལ།   ཡང་ན། “གེ་སར་ཡན་ལ་བུ་མེད།།གུ་ར་ཡན་ལ་རྫ་མེད།། ”ཅེས་སྙན་གྲགས་འཛམ་གླིང་ལ་འབར་གྱིན་པའི་གནས་ཆེན་བྱིན་རླབས་ཅན་གུ་ར་རྫ་སྐྱ་ཡང་གནས་འདིར་བཞུགས་ཡོད་ཅིང་།“ ཡག་ར་སྟག་རྩེ་ནི་ས་ཆ་འདིའི་ཕྱོགས་སུ་དགེ་རྒྱས་ཡག་ར་ཞེས་པའི་སྡེ་བ་ཞིག་གནས་དེར་ཆགས་མྱོང་བས་མིང་དེ་ཐོགས་ཡོང་བ་དང་།ལ་ལས་གཡག་རྭ་སྟག་རྩེ་ཞེས་མིང་བཏགས་འདུག་པ་དེ་ནི་ས་ཆ་ལ་རྒྱུས་མངའ་ཆེས་ཆེར་མེད་པའི་རྟགས་མཚན་གསལ་བོ་ཞིག་རེད།། ”ཅེས་བཤད་ནའང་མི་ཆོག་རྒྱུ་མེད།    གང་ལྟར།ཡོས་ཀྱི་སྩང་ལེབ་ཅེས་པའི་ཐང་གཞུང་དེ་ནི། ནས་འབྲུ་སྔོན་མོའི་རྔོད་སླང་གི་ནང་དུ། ཡོས་བུ་བགྲང་མེད་པ་ཞིག་བླུད་ཡོད་པ་དང་མཚུངས་པའི་རྒྱུ་མཚན་ཡིན་འདུག   ཡིན་ནའང་། རྨ་ཆུའི་འགོ་ཁུངས་ཀྱི་ས་མིང་ཆུ་མིང་དེ་ཁྱབ་རྒྱ་ཇེ་ཆེ་སོང་བ་དང་བསྟུན་རྨ་ཆུའི་འགོ་ཁུངས་ཀྱི་དེའུ་ལེ་དེ་གའི་མིང་ལའང་ཡོས་ཀྱི་སྩང་ལེབ་ཅེས་མིང་ཐོགས་ཡོད་པར་ཤེས་གསལ་རེད།ཡོས་ཀྱི་སྩང་ལེབ་དང་ཉེ་བར་ཡོད་པའི་དེའུ་ཀླད་དྲ་ཞེས་པ་དེ་ནི་སྐྱ་ལོའི་སེང་ལྕམ་འབྲུག་མོའི་ཟངས་ཚགས་ཡིན་པར་བཤད་རྒྱུན་ཡ་མཚན་པ་ཞིག་གདའ།ད་དུང་། མཁར་གཞུང་། སྤམ་གཞུང་། ཡུག་ཙོང་།  བྲག་དཀར་པོ། བྲག་རྟ་རྔོག  བྲག་ཉི་འདྲ། བྲག་སྣ་ཚ་སྣ་ཕུག་སོགས་ས་མིང་ཆུ་མིང་ཧ་ལས་པ་མང་ཙམ་ཞིག་ཡོད་ངེས་པས་ཞིབ་ཏུ་དཔྱད་ཆོག།

   དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན། “གངས་ཆགས་དཔལ་ལྷ་སྟག་རྩེ་དང་རྡོ་གཞུང་རྡོ་ནག་མདུང་རྩེ།ཡུས་གུ་ཡག་ར་སྟག་རྩེ། མཁའ་རི་མཛོ་མོ་རི་རྩེ། སེར་ལེབ་བྱུ་རུ་སྟག་རྩེ། རྒྱ་མདའ་བྱུ་རུ་སྟག་རྩེ།མདོ་ཡུ་དམར་ལ་མཚལ་རྩེ། མཚོ་གཉིས་མཚོ་བར་དཀར་རྩེ། ཀླུ་གཞུང་ཀླུ་ནག་མདུང་རྩེ།དཀར་གཞུང་དཀར་ལ་ལྷ་རྩེ། གཡག་གཞུང་གཡག་ངུར་ལ་རྩེ། སྦང་ཚང་གཡི་ཡི་རི་རྩེ།ཧི་གཞུང་ཧི་ལ་སྟག་རྩེ་སོགས་རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ་གང་རུང་གི་འགོ་རུ་འཛེག་ཅིང་ལྟས་ན།ཨ་མྱེས་རྨ་ཆེན་སྦོམ་རའི་ཞལ་དངོས་སུ་རྒྱང་མཇལ་བྱེད་ཐུབ།། ”ཅེས་དང་། ཨ་མྱེས་རྨ་ཆེན་ནི་གེ་སར་རྒྱལ་པོའི་གནས་བསྟོད་མཆོད་འབུལ་བྱེད་ས་ཡིན་ལ་རྨ་ཡུལ་གླིང་དཀར་ཡུལ་གྱི་གནས་བདག་ཡིན་པར་ཡང་བཤད།གང་ལྟར།ས་གནས་དེ་གར་གནས་སྡོད་བྱས་ཡོད་པའི་བློ་དཀར་གཞུང་དྲང་གི་འབྲོག་མི་ཚོས་བཤད་པ་ལྟར་ན།ཡག་ར་སྟག་རྩེ་སོགས་ཀྱི་འགོ་རུ་འཛེག་ནས་ལྟས་ན་ཨ་མྱེས་རྨ་ཆེན་གྱི་ཞལ་དངོས་སུ་མཇལ་མྱོང་ཞེས་བཤད་མཁན་མང་ཙམ་ཞིག་གདའ།ཡིན་ནའང་། དེར་ཡང་དོགས་སློང་བྱེད་མཁན་གང་རུང་ཡོད་ན་མངོན་སུམ་མཐོང་རྒྱུ་ཡོད་པའི་བདེན་དཔང་འཚོལ་སྡུད་བྱས་ནས་དཔྱད་པར་འཚལ།།

མཇུག་གི་གཏམ།

སྤྱིར་རང་རྒྱལ་གྱི་ས་ཁམས་ཆེད་མཁས་པ་དང་བོད་ཁམས་ཀྱི་དམངས་སྲོལ་རིག་པ་བ།གེ་སར་ཆེད་མཁས་པ། དམངས་ཁྲོད་སྲིད་པའི་ངག་རྒྱུན་གང་རུང་ལ་བརྟེན་ཅིང་བཤད་པ་བཏང་ནའང་།ཀྲུང་གོ་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་དང་།འཛམ་གླིང་གི་ཆུ་ཆེན་ཨང་ལྔ་པའམ་ཀྲུང་གོའི་ཆུ་ཆེན་ཨང་གཉིས་པ། ཡང་ན།གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཡ་གྱལ།བོད་ཀྱི་མདོ་ཁམས་ཡུལ་གྱི་རྨ་ཀླུང་ཡན་ལག་བརྒྱད་ལྡན་དུ་འབོད་པའི་རྨ་ཆུ་ཞེས་པའི་གཙང་བོ་དེའི་འགོ་ཁུངས་ཀྱི་སྐོར་ལ། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས། ས་ཁུལ།སྒེར་མི་ཚང་མས་སེམས་ཁུར་བྱ་དགོས་པའི་རྒྱུན་ཤེས་གལ་ཆེན་ཞིག་ཡིན་ཏེ།འཛམ་གླིང་སྐྱེ་ཁམས་དོ་མཉམ་དང་སྲུང་སྐྱོབ་བྱ་བའི་གནད་དོན། རང་རྒྱལ་གྱི་རྨ་འགྲམ་རིག་པའི་དཔལ་ཡོན་གྱི་དར་རྒྱས།མདོ་ཁམས་ཡུལ་གྱི་ཐུན་མིན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་སྐོར་ལ་འབྲེལ་བ་དམ་ཟབ་ཡོད་པ་དེའང་ཤེས་དགོས་རྒྱུ་ཞིག་རེད།ལྷག་པར། མ་ཡུམ་ཆུ་བོའི་འགོ་ཁུངས་རྟོག་ཞིབ་དང་ས་ཐིག་ཆུ་མིག་སྐོར་གྱི་གནད་དོན་ཐད་ལ་དགོས་མེད་ཀྱི་རྩོད་རྙོག་དང་ཁུངས་མེད་ཀྱི་འཆལ་གཏམ་མང་པོ་ཞིག་བྱུང་དང་འབྱུང་གིན་པ་དེ་ལ་དཔྱད་འབྲས་ཉུང་ཙམ་ཞིག་ཡོད་ན་ཅི་མ་རུང་སྙམ་ཡོད།གུས་པས་འདིར་རྨ་ཆུའི་ཆུ་འགོའི་སྐོར་དུ། བསམ་པ་དཀར་པོའི་སྐད་ཆ་དང་ན་ཆུང་བྱིས་པའི་དྲང་གཏམ་གྱིས་ཚུལ་དུ་དཔྱད་ཁུལ་རེ་བྱས་ཤིང་།ས་གནས་ཁག་གི་མཐུན་སྒྲིལ་གྱི་ཨ་ལོང་དམ་སྤྱད་དང་མི་རིགས་ནང་ཁུལ་གྱི་རིག་གནས་དཔལ་ཡོན་སྤེལ་བྱེད་ཀྱི་གཙང་བོ་འདི་ལ་དྲིན་གཟོ་དང་སྐྱབས་འཇུག    དེ་ལས་གཞན།དེང་རབས་ཚན་རིག་གི་རྟོག་ཞིབ་དང་སྲོལ་རྒྱུན་རིག་པའི་ས་དཔྱད་ཀྱི་ཐབས་ཤེས་སྣ་མང་བསྟུན་དྲང་བདེན་དང་གནས་ལུགས་སྐྱོང་བ་ལས་ས་གནས་སྒེར་གཞུང་ག་གེ་མོ་འགའ་ཞིག་གི་ཁེ་ཕན་དང་མིང་གྲགས་ཀྱི་ཆེད་དུ་རྨ་ཆུའི་ཆུ་འགོ་ཞེས་རླབས་ཆེ་བའི་གཙང་བོ་འདིའི་ས་ཐིག་དང་ཆུ་མིག་སོགས་ཅི་བསམ་གང་འདོད་དུ་ངོས་འཛིན་དང་ཆོག་མཆན་གནང་གང་ན་ཆོག་སྟེ།   ཡོད་ཀྱང་སྲིད་རྒྱུ་མ་རེད།  ཡང་ན། རྒྱལ་ཁབ་ཀྱི་ཚན་རིག་རྟོག་ཞིབ་ལག་རྩལ་གྱི་ཐོབ་དབང་ལ་འགན་སྲུང་བྱ་བའམ།ས་ཁུལ་སོ་སོར་ཐུན་མིན་གྱི་རང་བྱུང་ས་མིག་གི་ཁེ་དབང་ལ་འདྲ་མཉམ་བརྩི་བ།མི་རིགས་ནང་ཁུལ་གྱི་སྲོལ་རྒྱུན་ས་དཔྱད་རིག་པ་ལ་མཐོང་ཆེན་བྱས་ཤིང་། རྨ་ཆུའི་འགོ་ཁུངས་ཀྱི་ས་ཁུལ་སྟོད་སྨད་བར་གསུམ་ན་འཚོ་གཞིས་ཆགས་ཡོད་པའི་སྒེར་གཞུང་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་དངོས་ཐོག་བདེན་འཚོལ་གྱིས་ངང་མཛེས་ཤིང་ལྟ་ན་སྡུག་པ་དང་ཕུན་ཚོགས་རྫོགས་ལྡན་དར་བའི་རྨ་ཡུལ་གླིང་དཀར་སྟོད་ཀྱི་ཕ་ས་སྨུག་པོར་སྲུང་སྐྱོབ་དང་ཡག་ར་སྟག་རྩེའི་འདབས་ཀྱི་རྨ་ཆུའི་ཆུ་འགོ་ལ་གཅེས་སྤྲས་ལེགས་པོ་ཞིག་མཛད་པ་ཡིན་ན།རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དང་ཆོས་ཁྲིམས་དར་གྱི་མདུད་པས་རྒྱབ་རྟེན་དང་མགོན་སྐྱབས་གནང་ངེས་པར་སོམ་ཉི་མེད་དོ།། །།

སླར་སྡུད་པས།

རྨ་ཡུལ་གླིང་དཀར་སྟོད་ཀྱི་ཕ་ས་རུ།།

རྨ་རྒྱལ་སྦོམ་རའི་གཟི་བྱིན་སྲིད་གསུམ་འཕྲོས།།

རྨ་ཆུའི་འགོ་ཁུངས་ཡོས་ཀྱི་སྩང་ལེབ་སྟེ།།

ཡག་ར་སྟག་རྩེའི་འདབས་ན་ལྷག་ཏུ་མཛེས།། མངྒལཾ

࿉ མཆན་འགྲེལ། 

『ཡོས་བུ』 ནས་ཀྱི་རྒྱུ་ཆ་བྱས་ནས་བརྔོས་པའི་ཡུས་བུ་ལ་གོ

『སྩང』 བརྡ་སྙིང་སྟེ། ནས་འབྲུ་བརྔོ་སྣོད་ཀྱི་རྔོད་སླང་ལ་ཟེར། སླ་ང་ལ་སྩ་ང་ལྟ་བུ།

『ལེབ』 ཡུལ་སྐད་དུ། ས་ངོས་མཉམ་པའི་ཐང་ཆེན་པོ་ལ་གོ་ཞིང་།ལེབ་གཞུང་ལྟ་བུ།

『དེའུ་ལེ』 རི་ཆུང་ཆུང་གི་མིང་སྟེ། དེའུ་འགོ།དེའུ་ལེ་ཁེར་ཆད། དེའུ་འབུར་ཞེས་པ་ལྟ་བུ།

བོད་ཡིག་གི་དཔྱད་གཞིའི་ཡིག་ཆ།

༡ཨ་གྲོ་ཟླ་བ་ཕུན་ཚོགས་སོགས་ཀྱིས་གཙོ་སྒྲིག་བྱས།《ཆུ་དམར་ལེབ་རྫོང་རིག་གནས་ལོ་རྒྱུས།》〔M〕ཀན་སུའུ་ཉིན་རེའི་གསར་འགྱུར་ཁང་།1997ལོའི་ཟླ་8པར་ཐེངས་དང་པོ་དཔར།P12-18

༢ མ་ཡོན་ཁྲང་གིས་བརྩམས།《ཐང་བོད་གནའ་ལམ་ཐོག་གི་ཆུ་དམར་ལེབ།》〔M〕ཆུ་དམར་ལེབ་རྫོང་རིག་གནས་སློབ་གསོའི་ལས་ཁུངས། 2009ལོའི་ཟླ་8པར་ཐེངས་དང་པོ་དཔར།P7-25

༣ ཆུ་དམར་ལེབ་མྱུ་གུ་ཚོགས་པས་རྩོམ་སྒྲིག་བྱས།《ཆུ་དམར་ལེབ་ཀྱི་ལེགས་རྩོམ་གཅེས་བཏུས།》〔M〕ཆུ་དམར་ལེབ་རྫོང་རིག་གནས་སློབ་གསོའི་ལས་ཁུངས། 2012ལོའི་ཟླ་12་པར་ཐེངས་དང་པོ་དཔར།P138-140

༤ཞག་སྒྲོན་རྩོམ་སྒྲིག་ཚན་ཆུང་གིས་གཙོ་སྒྲིག་བྱས། ལོ་དེབ་《ཞག་སྒྲོན།》〔M〕2008ལོའི་ཟླ་1ནས་2018ལོའི་ཟླ7བར་ལ་པར་ཐེངས་བཅུ།

༥ པད་ཚེ་ཡིས་བརྩམས།《སྒྱོགས་ཆེན་གདོང་རྭའི་གནས་རབས》〔G〕ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2016 ལོའི་ཟླ་12པར་ཐེངས་དང་པོ་བཏབ།P33-76

༦ མགོ་ཨོ་རྒྱན་སོགས་ཀྱིས་གཙོ་སྒྲིག་བྱས།《རྨ་ཆུའི་འགོ་ཁུངས་ནམ་མཁའི་རྨ་སྟོད།》〔M〕རྨ་སྟོད་ཞང་ཏང་སྲིད་གཉིས་ནས། 2013ལོའི་ཟླ་7པར་ཐེངས་དང་པོ་དཔར།

参考文献(汉文版)

1.申罡,责编《胡耀邦同志第四次进入藏区》〔OL〕2011年12月14日中国网/人民网china.com.cn

2.《黄河年鉴〔国家领导人为黄河源头题词〕》〔Z〕1998年水利部黄河水利委员会编印P317-318

3.张进林等,责编《三江源头科考队圆满完成黄河源区考察》〔OL〕新华网2008年10月04日电www.xinhuanet.com   

4.中央气象局《黄河总概〔流域气候分区〕》〔OL〕黄河网2011年08月 水利部黄河水利委员会

5.角巴东主,著《岭噶尔赛马称王与格萨尔王登基台》〔J〕2013年7月版 中共曲麻莱县麻多乡委员会/麻多乡人民政府编印P117-120

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།