ཡོས་ཀྱི་སྩང་ལེབ་ཅེས་པའི་མིང་དེར་ཅུང་ཙམ་དཔྱད་པ།

【གནད་བཏུས།】 

རྨ་ཆུའི་འགོ་ཁུངས་ནི་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་ཀྱི་དགུ་གཡང་སྡེ་བའི་ཁོངས་གཏོགས་སུ་གནས་ཤིང་། ཆུ་འགོའི་ས་ཐིག་ཡོས་ཀྱི་སྩང་ལེབ་ཅེས་པའི་ས་མིང་དེར་བརྗོད་བྱའི་རྐང་དུ་འཛིན་ཏེ། མིང་དེའི་ཐོགས་ཚུལ་གྱི་སྐོར་ལ་དམངས་ཁྲོད་ཀྱི་ངག་རྒྱུན་དང་ཁུངས་སུ་བཅོལ་ཀྱང་ཆོག་མོད།  མིང་དེར་འབྲི་སྟངས་འདྲ་མིན་མང་པོ་ཞིག་བྲིས་ནས་སྤྱི་ཚོགས་ཀྱི་སྒང་ལ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་ཡི་འདུག་པས།  དེ་དང་འབྲེལ་བའི་ཕུགས་གཏད་སའི་ཡིག་ཆ་ཁུངས་བཙན་པོ་ཞིག་ཤིན་ཏུ་ཉུང་ནའང་། 《དག་ཡིག་གསར་བསྒྲིགས་》དང་《བོད་རྒྱ་ཚིག་མཛོད་ཆེན་མོ་》སོགས་ལས། ཡི་གེ་རེ་རེའི་ལྷུ་འགྲེལ་དང་ལྟོས་ནས། ཕན་ཚུན་ལ་ཨ་བསྡེབ་ཡང་བསྡེབ་བྱས་ནས་མིང་དེའི་འབྲི་སྟངས་ཡང་དག་པའི་སྐོར་ལ་དཔྱད་པ་རགས་ཙམ་ཞིག་བཏང་ནས་བྲིས་ཡོད།

【གནད་ཚིག 】 རྨ་ཆུའི་ཆུ་འགོ   ཡོས་ཀྱི་སྩང་ལེབ།   ཡང་དག་པའི་མིང་།

གླེང་གཞི།

  སྤྱིར་མིང་ནི། མི་དང་བྱ་དངོས་སོགས་ལ་བཏགས་པའི་བརྡའམ་ཐ་སྙད་དེ། དེ་ལ་འདོད་རྒྱལ་གྱི་དངོས་མིང་དང་རྗེས་གྲུབ་ཀྱི་བཏགས་མིང་གཉིས་སུ་བཀར་ཡོད་ཅིང་། མིང་གི་འདོགས་ཚུལ་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་བ་རྒྱུ་མཚན་དུ་བྱས་པ། འབྲས་མིང་རྒྱུ་ལ་བཏགས་པ། རྒྱུ་མིང་འབྲས་བུར་བཏགས་པ་སོགས་དུ་མ་ཡོད། ཡང་ན། མདོ་ཁམས་སྟོད་སྨད་ཀྱི་ཡུལ་ལུང་གཙོར་བྱས་ཏེ། རི་དང་གཙང་བོ། མཚོ་དང་མཚེའུ། བྲག་དང་གྲོག་རོང་སོགས་མིང་འདོགས་པའི་སྐབས་ཕལ་ཆེར་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་རྐྱང་རྐྱང་ཡིན་གྱི།  ཡོས་ཀྱི་སྩང་ལེབ་ཅེས་པའི་མིང་འདི་ཡང་དེ་ལྟར་ཐོགས་ཡོང་བ་ཞིག་ལོས་ཡིན་སྙམ་སོང་།། 

ཡོས་ཀྱི་སྩང་ལེབ་ནི་རྨ་ཆུའི་འགོ་ཁུངས་ཀྱི་ས་རྟགས་རྡོ་རིང་འགྱིང་ངེར་བཙུགས་ཡོད་ས་ནས་ཡག་ར་སྟག་རྩེའི་རི་འདབས་གཉིས་ཀྱི་བར་ན་ཡོད་པའི་མུ་མེད་ཐང་གཞུང་དེ་ལ་ཟེར་ཞིང་། དེ་ནི་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོའི་དགུ་གཡང་སྡེ་བའི་རུ་ཁག་དང་པོའི་ཁོངས་གཏོགས་སུ་ཡོད། དེའི་གཞུང་དུ། འབྲོག་སྒར་གཏན་འཇགས་ཡིན་པའི་འབྲོག་མི་ཚོས་ཡོས་སྩང་ཞེས་འབོད་པ་དང་། རྨ་ཆུ་འགོ་ཁུངས་ཕྱིར་ནང་གི་འབྲོག་མི་ཚོས་དེར་ཡོས་གཞུང་ཞེས་ཀྱང་མིང་འབོད་ཀྱི་གདའ། ཡང་སྒོས་སུ། ཡོས་ཀྱི་སྩང་ལེབ་ཅེས་པའི་ས་མིང་དེའི་འབྲི་སྟངས་ཀྱི་ཐད་ལ་རྣམ་པ་འདྲ་མིན་སྣ་ཚོགས་ཤིག་སྟེ། “དཔེར་ན། ཡོས་གུ་ཙོང་ལེབ་དང་། ཡུག་གུ་ཙོང་ལེབ། ཡག་གི་སྩང་ལེབ། ཡོས་གི་གཙང་ལེབ།།”ཅེས་བྲིས་སྲོལ་མང་པོ་ཞིག་དར་གྱི་འདུག།

 དེ་ཡང་། ས་གནས་སོ་སོའི་ས་མིང་ཆུ་མིང་དག་ཐོག་མར་ཡི་གེ་རུ་འགོད་པའི་སྐབས་ལ་ཅི་བསམ་གང་འདོད་དུ་བྲིས་ཏེ། སྲོལ་རྒྱུན་གྱི་ས་མིང་འདོགས་ཚུལ་གྱི་དོན་སྙིང་དང་འགལ་བ།  ཡང་ན། བརྡ་སྤྲོད་ཀྱི་ལུགས་དང་ལྡོག་པའི་ཡིག་ནོར་སོགས་རྒྱུན་ལྡན་གྱི་གནས་སུ་གྱུར་ན། “ཡག་ར་སྟག་རྩེ་ལ་གཡག་རྭ་སྟག་རྩེ་དང་། རབ་རིབ་མཆེད་གསུམ་ལ་རབ་རི་མཆན་གསུམ། ཡོས་ཀྱི་སྩང་ལེབ་ལ་ཡུག་གུ་ཙོང་ལེབ།། ” ཅེས་ས་ཆ་རེར་མིང་ཅི་རིགས་པ་འགའ་ཞིག་བྲིས་ཀྱི་འདུག   མཐར་ཚང་མས་ཡང་དག་པའི་མིང་དེ་གང་ཡིན་པ་དང་། ཡིག་ནོར་གང་ཡིན་པ་སོགས་རྒྱུན་ལྡན་གྱི་ཤེས་བྱ་ཙམ་ཡང་མི་གསལ་བའི་གནས་སུ་ལྷུང་ངེས་པར་ཐེ་ཚོམ་མི་གདའ་ཨང་།   དེའི་ཕྱིར། རྨ་ཆུའི་འགོ་ཁུངས་ཀྱི་ཉེ་བར་ཡོད་པའི་ས་མིང་དེར་དོན་གྱི་འགལ་བ་དང་ཡི་གེའི་འཁྲུལ་བ་སོགས་བྱུང་དང་འབྱུང་གིན་ཡོད་པ་དེ་ནི་རང་གཞན་ཀུན་པོར་ངོ་ཚ་དགོས་རྒྱུ་ཞིག་ཡིན་པ་དང་། དེ་རང་སོར་སྣང་མེད་དུ་འཇོག་ཉེན་པ་ཞིག་རྩ་བ་ནས་མིན་འགྲོ།།

དང་པོ། ཡོས་ཀྱི་སྩང་ལེབ་ཅེས་པའི་མིང་དེའི་ཐོགས་ཚུལ་གྱི་སྐོར་གླེང་བ།

ཐོག་མར། ཡོས་ཀྱི་སྩང་ལེབ་ཀྱི་མིང་ཐོགས་སྟངས་ཀྱི་ཐད་ལ། འཇིག་རྟེན་གནའ་མིའི་ཁ་དཔེ་རུ། “ཡོས་རྡོག་སྒྲུག་པར་ཕྱིན།། སྤགས་གོང་རྦབ་ལ་རིལ།། ”ཞེས་པ་ལྟ་བུ་དང་།  ས་གནས་དམངས་ཁྲོད་ཀྱི་ཁ་དཔེ་རུ། “ཡོས་ཁྲ་ཐང་མལ་བརྡལ་འདྲ་རུ།། ཡོས་ཀྱི་ཡག་ར་སྟག་རྩེ་ཡོད།།” ཅེས་པས།  ས་གནས་དེ་གའི་གནས་སྡོད་བྱས་མྱོང་བའི་གནའ་མི་ཚོས་ཐང་གཞུང་དེའི་སྟེང་གི་ས་རྡོ་གྲུབ་ཚུལ་གྱི་རྣམ་པ་དེ་ཡོས་ཁྲ་ཐང་ལ་བརྡལ་བ་ཞིག་དང་འདྲ་བའི་རྒྱུ་མཚན་དང་། ཡོས་དང་འབྲེལ་བ་དམ་ཟབ་ཡོད་པའི་དངོས་པོ་ནི་སྩ་ངའམ་སླ་ང་དེ་ཡིན་པས། འབྲེལ་བ་རྒྱུ་མཚན་དུ་བྱས་ནས་ཐང་གཞུང་དེར་སྩ་ང་ལྟ་བུའི་ཐང་ལེབ་མོ་ཞིག་ཡིན་པའི་དཔེར་བླངས་ནས་ཡོས་ཀྱི་སྩང་ལེབ་ཅེས་པའི་མིང་དེ་ཐོགས་ཡོང་བ་ཞིག་རེད།། 

ངག་རྒྱུན་ཏུ། “རྨ་ཟད་པ་ཡར་དང་ཡོས་ནས་ཟད།། ཡོས་ཟད་པ་ཡག་ར་སྟག་རྩེར་ཟད།།”  ཅེས་པའི་དཔེ་ལྟར། ཡོས་ཀྱི་རྣམ་པ་བཀྲ་བའི་ཡོས་གཞུང་གི་མར་མཚམས་ནི་རྨ་ཆུའི་འགོ་ཁུངས་ཡིན་པ་དང་། ཡག་ར་སྟག་རྩེའི་ཡན་ལ་ཡོས་སྩང་གི་གཞུང་མེད་པ་འདྲ་བོ་ཞིག་བཤད་འདུག་པ་ལ་ལྟས་ན། ཡོས་ཀྱི་སྩང་ལེབ་ཅེས་པའི་གཞུང་འདི་ནི་རྨ་ཆུའི་འགོ་ཁུངས་ནས་ཡག་ར་སྟག་རྩེ་གཉིས་ཀྱི་བར་ལ་གོ་ཞིང་གོང་ནས་ཀྱང་བཤད་ཟིན་པ་ཡིན།  གཞན་ཡོས་ཀྱི་སྩང་ལེབ་ཀྱི་བསྡུས་མིང་ལ་ཡོས་སྩང་ཞེས་འབོད་ཀྱིན་ཡོད་པ་དེའང་། དགེ་བཤེས་བློ་བཟང་སྨོན་ལམ་སོགས་ཀྱིས་མཛད་པའི་《སྨོན་ལམ་ཚིག་མཛོད་དཔར་གཞི་༡.༡》་ཅན་གྱི་ནང་དུ། [ཡོས་སྒྱེ]〜ཡོས་བླུད་སའི་སྒྱེ་མོ་ལ་ཡོས་སྒྱེ་ཞེས་བསྡུས་ནས་བྲིས་འདུག་པས། ཡོས་ཀྱི་སྩང་ལེབ་ལའང་ཡོས་སྩང་ཞེས་བསྡུས་ནས་བོས་རུང་ཆོག་ཆོག་རེད།།

གཉིས་པ། མིང་དེའི་འབྲི་སྟངས་སྣ་ཚོགས་ཀྱི་སྐོར་བཤད་པ།

༡ ཡུག་གུ་ཙོང་ལེབ།

ྋ སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་མཆོག་གིས་མཛད་པའི་《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་》དུ། [ཡུག]〜1.ཡུག་ཅིག་སྟེ། སྣམ་བུ་ཡུག་ཅིག་ལྟ་བུ། 2.ཡུག་པ་སྟེ། རྐང་པ་ལ་ཟེར།། ཞེས་དང་།    དེ་མིན། 《 སྨོན་ལམ་ཚིག་མཛོད་》དུ། [ཡུག]〜1.ཡུག་པོ་སྟེ། ལོ་གཅིག་གམ་གཉིས་ཀྱི་རིང་ལ་སྐྱེ་བའི་འཚོ་རྩྭ་བཟང་པོ་ཞིག་ཡིན་ལ། འབྲུ་དེ་མི་ཡིས་ཟོས་ཀྱང་ཆོག། ཅེས་འགྲེལ་ཡོད་པ་དེ་ལྟར་ཡིན་ན། ཡོས་སྩང་གཞུང་གི་ཕྱི་ནང་གསང་གསུམ་གང་རུང་ལས་རྐང་པ་དང་ཡུག་པོ་བཅས་ལ་འབྲེལ་བའི་རྣམ་པ་ཞིག་མངོན་གྱི་མེད་པར་ཤེས་ཐུབ་ཀི་འདུག  ད་རུང་། མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན་པའི་《དག་ཡིག་གསར་བསྒྲིགས་》ལས། [གུ]〜  1.ནང་ངམ་ཡུལ་ཏེ། དཔེར་ན། བསམ་ངན་དེ་འདྲ་ཡིད་ཀྱི་གུ་ལའང་དྲན་མ་མྱོང་ལྟ་བུ། 2.རྒྱ་ཁྱོན་གྱི་དོན་ཏེ། དཔེར་ན། ས་ཆ་གུ་ཡངས་པོ་ལ་ཁང་པ་གུ་དོག་པོ་འདུག་ལྟ་བུ། 3.ཆུང་ངུ་མཚོན་བྱེད་ཀྱི་མིང་གྲོགས་ཤིག་སྟེ། དཔེར་ན། ཁྱི་གུ། ཐ་གུ། ཐི་གུ། གྲི་གུ་ཞེས་པ་ལྟ་བུ།། ཞེས་གོང་གི་ཡོས་དང་གུ་ཡིག་འདི་གཉིས་གྲོགས་སུ་སྦྱར་རུང་། ནང་ངམ་ཡུལ་ལ་གོ་ན་ས་ཡི་སྟེང་ཟེར་བ་ལས་ནང་ཞེས་བཤད་ཚུལ་མེད་པའམ། ཡང་། ཡི་གེ་གུ་གཅིག་པུས་ས་ཆའི་གུ་དོག་ཡངས་གང་རུང་ཞིག་མཚོན་མི་ཐུབ་པས་དེའང་འཚམ་པོ་ཞིག་མ་རེད་འདོད།  ཡོས་སྩང་གཞུང་གི་བར་ཚད་ལ་ལེ་བར་༣༠ལྷག་ཡོད་པས་ཆུང་ངུ་ཞིག་མིན་པར་ཡང་གསལ་བོ་རེད། དེ་ནས།  གཉའ་གོང་དཀོན་མཆོག་ཚེ་བརྟན་མཆོག་གིས་མཛད་པའི་《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》གི་དཀའ་འགྲེལ་ལས། [ཙོང་ཀ]〜ཙོང་ཁ་སྟེ་གནའ་སྔ་མོའི་དུས་ལ་མཚོ་སྔོན་པོའི་ཤར་ཕྱོགས་རྨ་ཆུ་དང་ཙོང་ཆུ་ཟུང་གི་འབབ་རྒྱུད་སྤྱིའི་མིང་ཡིན་པ་དང་། ཕྱིས་ཙོང་ཆུའི་འབབ་རྒྱུད་ཙམ་ལ་ངོས་འཛིན་ལ། སྐུ་འབུམ་ཙམ་གྱི་ཉེ་མཐའ་ཙམ་ལས་མི་འདའ་བར་སེམས་མཁན་ཡང་མཆིས། འདིར་བྱུང་བ་ནི་བོད་བཙན་པོའི་སྐབས་ཙོང་ཀ་ཆེ་ཆུང་གཉིས་ཡོད་པ་ལས་ཆེན་པོ་སྟེ་རྨ་ཙོང་ཟུང་གི་འདྲེས་མདོའི་ཡན་ཆད་ནས་མཚོ་སྔོན་པོའི་ཤར་ཕྱོགས་མན་ཆད་སྤྱི་ལ་འཇུག། ཅེས་དང་། དགེ་རྒན་ཆེན་མོ་བ་ཀྲང་དབྱི་སུན་སོགས་ཀྱིས་གཙོ་སྒྲིག་གནང་བའི་《བོད་རྒྱ་ཚིག་མཛོད་ཆེན་མོ་ 》རུ། [ཙོང་ཆུ]〜 རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག  ཆུ་འགོ་མཚོ་སྔོན་པོའི་བྱང་འགྲམ་ནས་བྱུང་སྟེ། ཤར་ཕྱོགས་སུ་ཟི་ལིང་གྲོང་ཁྱེར་བརྒྱུད་དེ་མཐར་ཀན་སུའུ་ཞིང་ཆེན་ནས་རྨ་ཆུ་རུ་འབབ།། ཅེས་བྲིས་འདུག   ཙོང་ཀའམ་ཙོང་ཆུ་ལ་སོགས་པའི་ས་མིང་ཆུ་མིང་དེ་དག་ལས་ཙོང་ཆུ་ནི་རྨ་ཆུའི་ཆུ་ལག་ཅིག་དང་། ཡང་ན། རྨ་ཙོང་ཆུ་གཉིས་ཀྱི་འདྲེས་མདོ་ཡན་ཆད་ལ་ཙོང་ཀ་ཆེ་ཆུང་གཉིས་ཞེས་ས་མིང་ཐོགས་སྲོལ་ཡོད་ཚུལ་བཤད་འདུག  དེའི་ཕྱིར།  ཙོང་ཞེས་པའི་ས་མིང་འདི་རྨ་ཆུ་དང་འབྲེལ་བ་ཡོད་ཀྱང་། མཚོ་སྔོན་པོའི་ཡན་ཆད་ལ་འབྲེལ་བ་ཆེར་མེད་པར་དོགས་སློང་དགོས་ཀྱི་མི་འདུག་སྙམ།  གཞན་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་ 《དུང་དཀར་ཚིག་མཛོད་ཆེན་མོ་》སོགས་ལས། [ཙོང]〜1.སྔོ་ཚོད་སྒོག་པའི་རིགས་ཀྱི་ཙོང་ལ་ཟེར། 2.ཙོང་ཀ་ཆེ་ཆུང་གཉིས་ཀྱི་ཡུལ་མཐའ་དག་དང་ཙོང་ཆུ་ལ་གོ།། ཞེས་བྲིས་ཡོད་པའི་འབྲུ་འགྲེལ་དག་ལ་ལྟས་ན་སྒོག་རིགས་བཙོང་དང་འབྲེལ་བ་ཞིག་ཡོད་དགོས་པ་འདྲ་སྣང་ཡང་།  རེད་དེ། རྨ་ཆུའི་ཆུ་འགོ་དང་ཉེ་བའི་ཡོས་གཞུང་ན་བཟའ་བཅའི་རིགས་སུ་གཏོགས་པའི་དྲི་ངད་ཙོང་གི་རྣམ་པ་དང་། བཤད་རྒྱུན། ཡང་ན། སྐྱེ་དངོས་སོགས་ཀྱི་རྗེས་ཤུལ་ཏིལ་འབྲུ་ཙམ་ཞིག་མེད་ཚེ་ཡོས་གཞུང་དང་འབྲེལ་བ་མེད་པར་གསལ་ནུས་པ་ཞིག་རེད།།

 ༢ ཡུག་གི་གཙང་ལེབ།

1976ལོར་མི་རིགས་དཔེ་སྐྲུན་ཁང་གིས་སྒྲིག་སྒྱུར་བྱས་ཤིང་པེ་ཅིན་དུ་དཔར་སྐྲུན་བྱས་པའི་《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་》དུ།[ 燕麦] 〜ཡུ་ག  ཡུག་པོ།། ཞེས་དང་། 1991ལོར་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་སྐྲུན་བྱས་པའི་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》ཀྱི་ནང་དུ། [燕麦]〜 ཡུག་པོ། ཡུ་གུ།།  ཞེས་བསྒྱུར་འདུག་པས་ཡུག་ལ་གོང་གི་འབྲུ་འགྲེལ་ལས་དམིགས་བསལ་གཞན་ལ་ཅི་ཡང་གོ་རྒྱུ་མི་འདུག་ཀྱང་ཡུག་ལ་ཡུ་གའམ་ཡུ་གུ་ཞེས་འབྲི་སྲོལ་ཡོད་པ་གསལ་ཐུབ། ཡིན་ནའང་། 《སྨོན་ལམ་ཚིག་མཛོད་》དུ།  [ཡུ་ག  ཡུ་ཁ]〜གཙུབ་ཤིང་སྟེ་ཕན་ཚུན་བརྡར་ནས་མེ་འབར་བའི་ཤིང་ཞིག། ཅེས་དང་། [ཡུ་གུ]〜རྩྭ་ལྗང་པ་འབྲུ་ལྡན་ཞིག་སྟེ་ཡུག་པོའང་ཟེར།། ཞེས་པ་ལྟར་ན། ཡུག་ལ་ཡུ་གུ་ལས་གཞན། ཡུ་གའམ་ཡུ་ཁ་ཞེས་བྲིས་ན་ཆོག་ལ་མ་བྲིས་ཀྱང་ཆོག་པར་མཚོན་ཡོད། དེའི་འཕྲོར །  《དག་ཡིག་གསར་བསྒྲིགས་》དང་《དུང་དཀར་ཚིག་མཛོད་ཆེན་མོ་》སོགས་ལས། [གི]〜མིང་མཐའི་ཡི་གེ་ག་དང་། ང་གཉིས་ཀྱི་རྗེས་སུ་སྦྱོར་བའི་འབྲེལ་སྒྲའི་རྐྱེན་ཞིག་སྟེ། དཔེར་ན། རི་འོག་གི་ཀླུང་ཐང་། ཁང་སྟེང་གི་དར་ཆ།། ཞེས་པ་ལྟ་བུའམ། ཡང་ན། ཆུ་དམར་ལེབ་དང་བཅས་པའི་ས་ཆ་འགའ་རེ་ནས་ཀི་བཏབ་པ་ལ་གི་ཡི་སྒྲ་འབྱིན་པའི་ཚུལ་ཡོད་དེ། དཔེར་ན། “སྤྱང་ཀིས་ལུག་ཁྱིར་འདེད་སོང་། གི་ཤེད་ཀྱིས།།”ཞེས་པ་ལྟ་བུ། ཡིན་ནའང་། གནས་དེར་ཡུག་པོ་ཐུར་མ་གཅིག་གི་སྐྱེས་ཤུལ་ཙམ་ཡང་མེད་པར་མ་ཟད། ཀི་བཏབ་ཀྱང་བྲག་ཅ་མེད་པའི་མུ་མེད་ཐང་ཆེན་ཞིག་ཡིན་རུང་། མིག་སྔར།  དེ་དག་དང་འབྲེལ་ནས་མིང་ཐོགས་ཚུལ་གྱི་བྲིས་དཔེ་དང་ངག་རྒྱུན་གང་ཡང་གོ་ཐོས་རིག་གསུམ་ལས་མེད་པས་ཡང་དུ་དཔྱད་པར་འཚལ།། ད་རུང་། 《དག་ཡིག་གསར་བསྒྲིགས་》དང་《དུང་དཀར་ཚིག་མཛོད་》སོགས་ལས། [གཙང]〜1.དབུས་དང་གཙང་གི་ཟླས་ཕྱེ་བའི་ནུབ་ཕྱོགས་ཉང་ལྗོངས་ཀྱི་ཡུལ།  2.དངོས་རྫས་དྲི་མ་མ་གོས་པའི་དོན། 3.སྤྱོད་ངན་མ་གོས་པའི་དོན། 4.ཧོར་ཟླ་ལྔ་བ།། ཞེས་མིང་དེ་བཀྲོལ་ནས་འགྲེལ་ཚུལ་འགའ་ཞིག་བགྲངས་འདུག  དེ་ལས་ས་ཆ་དེ་ནི་དྲི་མ་མ་གོས་པའི་རི་མཐོ་ཞིང་ཡུལ་གཙང་ས་ཞིག་ཡིན་པར་བདེན་ཡང་།  ས་གནས་ཀྱི་མིང་ཐོགས་སྲོལ་གཉིས་ཀྱི་བར་ལ་ཧེ་བག་ཆེར་ཞིག་གདའ་འོ།།

༣ ཡག་གི་སྩང་ལེབ།

ཡག་ཅེ་ན། མཛེས་པར་རློམ་པའི་ཡིད་དབང་རབ་ཏུ་འཕྲོག་གོ་ཅོག་ལ་འགྲེལ་ཆོག་ནའང་། འདིར་ཡག་ཅེས་པ་སྟེ། ཡག་ར་སྟག་རྩེར་གོ་དགོས་པར་སེམས།  ལ་ལས་བཤད་ན།  “ཡོས་སྩང་གཞུང་ནི་ཡག་རའི་འདབས་སུ་ཡོད་པའི་རྐྱེན་བྱས་ཏེ། ཡོས་སྩང་ལ་ཡག་གི་སྩང་ལེབ་ཅེས་མིང་བཏགས་ཡོད་འདུག ”    ཡང་འགའ་རེས། “རྨ་ཟད་ཟད་ཡག་ཡོས་ཀྱི་སྩང་ལེབ་དང་ཡོས་ཟད་ཟད་ཡག་ཡག་ར་སྟག་རྩེ་ཞེས་པའི་བཤད་ཚུལ་ལས་བྱུང་བ་རེད།། ”ཅེས་བཤད་མཁན་ཡང་མང་པོ་འདུག་སྟེ།  ཡོས་སྩང་ཡག་ར་ནས་མཚམས་ཟད་པ་ལ་ཡག་གི་སྩང་ལེབ་ཅེས་མིང་འདོགས་དགོས་པའི་དབང་དུ་བཏང་ན། རྨ་ཆུའི་འགོ་ཁུངས་ནི་ཡོས་སྩང་ནས་ཟད་མཚམས་བཞག་ཟིན་པས་དེར་ཡང་རྨ་ཆུ་མི་ཐོགས་པར་ཡོས་ཆུའམ་སྩང་ཆུ་ཞེས་མིང་བཏགས་དགོས་རྒྱུ་རེད་བསམ་ཀི   དེ་ནས། ཡོས་སྩང་གཞུང་ངོས་དང་དེའི་ཕྱིར་ནང་ན་གཞིས་ཆགས་བྱེད་ཀྱི་ཡོད་པའི་འབྲོག་མི་དང་། དེ་དང་ཉེ་བར་འཚོ་སྡོད་བྱས་མྱོང་བའི་གནའ་མི། ཡང་ན། དེར་དོ་སྣང་བྱེད་མཁན་གྱི་ཆུ་དམར་ལེབ་ས་གནས་ཀྱི་དམངས་སྲོལ་ཉམས་ཞིབ་པ་ཚང་མས་མགྲིན་པ་མཉམ་གཤིབ་ཀྱིས་ངང་ཡོས་སྩང་གཞུང་ལ་ཡག་གཞུང་ཞེས་ཐོགས་ཚུལ་སྐོར་གྱི་བྲིས་དཔེ་དང་བཤད་སྲོལ་ཡོད་མྱོང་མེད།། ཅེས་དང་། དེ་ཡང་། འབྲོག་པ་རྒན་པོའི་ཁ་དཔེ་རུ། “ཡོས་ཁྲ་ཐང་མལ་བརྡལ་འདྲ་རུ།། ཡོས་ཀྱི་ཡག་ར་སྟག་རྩེ་ཡོད།།” ཅེས་པས། ཡོས་ཀྱི་ཡག་ར་སྟག་རྩེ་ཟེར་བ་ཞིག་ཤོད་སྲོལ་ཡོད་པ་ལས་ཡག་གི་སྩ་ང་གཞུང་ཞེས་པ་ཞིག་ཐོགས་སྲོལ་མེད་པར་ཤེས་གསལ་རེད། དེ་ནས་ཡོས་ཀྱི་སྩང་ལེབ་ལ་ཡག་གི་སྩང་ལེབ་སོགས་རང་འདོད་དུ་བརྗེས་ནས་སྤེལ་ན། ཕྱིས་སུ་འབྲི་མོའི་འགག་ལ་འབྲུག་མོའི་སྐྲ་ཆུ་འཁྲུད་ས་ཡིན་ཚུལ་སོགས་གོ་བ་གོ་ལོག་ཏུ་སོང་ནས་དངོས་ཐོག་བདེན་འཚོལ་གྱི་ཚན་རིག་རིན་ཐང་མེད་པར་གྱུར་འགྲོ་ཀི་རེད།།

༤ ཡོས་གི་ཙོང་ལེབ།

ཐོག་མར། མིང་འདི་ལ་ལྟས་མ་ཐག  “གི་”ཞེས་པའི་ཡི་གེ་དེ་ལ་ཉམས་བཞག་དགོས་པ་ཞིག་རེད། དེ་ལ་གོང་གི་འགྲེལ་བ་དག་ལས་ལྷག་ཅིག་བཤད་རྒྱུ་ཅང་མེད་པས། མིང་དེ་ནི་རྣམ་དབྱེ་དྲུག་པའི་འབྲེལ་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་དག་དང་འགལ་ཡོད་པར་གསལ་བོ་ཞིག་རེད་དེ། ཡི་གེ་གཞན་ལ་འབྲུ་འགྲེལ་ཤེས་ཚོད་ཅིག་བྱ་དགོས་རྒྱུ་རེད་འདོད།  1991ལོར་དཔར་སྐྲུན་བྱས་པའི་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》དུ།[炒麦]〜1.གྲོ་ཡོས། 2.ཡོས། ཞེས་པའི་མཆན་འགྲེལ་གཉིས་པ་དེ་ལས། ཡོས་ནི་གྲོ་བརྔོས་མ་ཁོ་ནར་གོ་བ་འདྲ་ཡང་།  《སྨོན་ལམ་ཚིག་མཛོད་》དུ།[ཡོས ]〜བརྔོས་པའི་འབྲུ་སྟེ། དཔེར་ན། གྲོ་ཡོས། ནས་ཡོས། འབྲས་ཡོས། སྲན་ཡོས། ཡོས་བརྔོ་བ། ཡོས་འཐག་པ་ལྟ་བུ །། ཞེས་པས་ཀྱང་། ཡོས་ནི། གྲོ་འབྲས་ནས་སྲན་གང་རུང་ལས་བརྔོས་པ་ཡིན་ཡང་གོ་ཆོག་འདུག་མོད།  འདིར་བཤད་པའི་ཡོས་ནི་ཕལ་ཆེར་ནས་འབྲུ་བརྔོས་མ་ཡིན་པར་སེམས་ཏེ། རྨ་ཆུའི་ཆུ་མཛོད་ཨུ་ཡོན་ལྷན་ཁང་གིས་བདག་གཉེར་བྱས་པའི་《རྨ་ཆུ་དྲ་བ་》རུ། “ཡོས་ཀྱི་སྩང་ལེབ་ནི་གཙང་བོ་ཞིག་སྟེ། རྨ་ཆུའི་འགོ་ཁུངས་ཀྱི་ཆུ་ལག་ཅིག་ཤོས་ཡིན་ལ། དེ་ནི་བཱ་ཡན་ཧ་རི་རི་རྒྱུད་ནས་བྱུང་ཞིང་། བོད་སྐད་དུ། ནས་འབྲུ་བརྔོས་མའི་སླ་ང་ཞིག་གི་དོན་ཡིན་གྱི། ས་གནས་འབྲོག་པ་མང་ཚོགས་ཀྱིས་ས་ཁམས་ཆགས་ཚུལ་གྱི་རྣམ་པ་ལ་ལྟས་ནས་བཏགས་པའི་མིང་ཞིག་ཡིན།། 约古宗列曲是一条河流,该河流是黄河源头之一。发源于巴颜喀拉山脉,在藏语中意为“炒青稞的锅”,这是当地藏族群众根据这里的地形而起的一个形象的名字。”ཞེས་དང་། ཡང་ན། ཡོས་སྩང་ནི་གནའ་ནས་ད་བར་དུ་འབྲོག་པའི་ས་ཆ་ཞིག་ཡིན་པའི་རྒྱུ་མཚན་དང་། འབྲོག་པ་འབྲོག་ནག་གི་ས་ཆ་ནས་འབྲུ་རིགས་ཀྱི་རྒྱུ་ཆ་རང་སར་བསྐྱེལ་འདྲེན་བྱས་ནས་རང་གིས་ཐོན་སྐྱེད་གཡོས་སྦྱོར་བྱས་དང་བྱེད་བཞིན་ཡོད་པ་ནི་ནས་འབྲུ་མ་གཏོགས་མེད་པས། ནས་བརྔོས་མའི་ཡོས་ལས་གཞན་འབྲུ་སྣའི་ཡོས་ལ་རྣ་ཐོས་ཁ་ཟས་ཙམ་ལས་ལག་ལེན་བྱས་མྱོང་མེད་པས། ནས་འབྲུའི་ཡོས་བུ་ལ་དཔེ་བླངས་བ་ཞིག་ཡིན་པར་ཁོ་ཐག་རེད།། 

གསུམ་པ། ཡོས་ཀྱི་སྩང་ལེབ་ནི་ཡང་དག་པའི་འབྲི་སྟངས་དེ་ཡིན་པའི་སྐོར་བརྗོད་པ།

༡ ཡོས།

ལར་རྨ་ཆུའི་འགོ་ཁུངས་ཡོད་སའི་ཡོས་ཀྱི་སྩང་ལེབ་བམ་ཡོས་གཞུང་གི་མིང་ཐོགས་སྟངས་ཀྱི་ཐད་ལ། བརྔོད་སླང་གི་ནང་དུ་ནས་ཀྱི་རྒྱུ་ཆ་བྱས་ནས་བརྔོས་མ་ཐག་པའི་ཡོས་ཁྲ་ཐང་མལ་བརྡལ་བའི་རྣམ་པ་དེ་དང་མཚུངས་པའི་ངོས་ནས་བཏགས་ཡོད་པ་ཞིག་རེད། དེས་ན། གོང་ནས་ཡོས་ཀྱི་སྩང་ལེབ་ཀྱི་མིང་འབྲི་སྟངས་སྣ་ཚོགས་ཤིག་བྱུང་ཡོད་པ་ལས། ཡོས་ཞེས་པའི་ཡི་གེ་དེའི་འགྲེལ་བ་དང་ཡོས་ཁྲ་ཐང་མལ་བརྡལ་བ་གཉིས་ཀྱི་ནང་དོན་གཅིག་ཏུ་འཁེལ་ཡོད་པས། ཡོས་ཀྱི་སྩང་ལེབ་ཅེས་པའི་ཡི་གེ་འགོ་མ་སྟེ། སྤགས་གོང་རྦབ་ལ་རིལ་བའི་ནས་འབྲུ་བརྔོས་མའི་ཡོས་དེ་ཡིན་པར་ཅུང་ཙམ་སྨྲ་བར་སྤོབས་ཡོད།།

༢ ཀྱི།

ཀ་ཀྱི་ནི་འབྲེལ་སྒྲའི་ཕྲད་དེ། ལོ་རྒྱུས་ཆགས་འཇིག་དང་སྤྱི་ཚོགས་འབྱུང་འགྱུར་སོགས་ཀྱི་རྐྱེན་སྣ་ཚོགས་པ་ཞིག་གི་དབང་གིས་རྒྱུན་ལྡན་གྱི་ཁ་བརྡའི་ནང་ནའང་འབྲེལ་སྒྲའི་ཕྲད་དག་ལ་སྣང་མེད་དུ་བཞག་ཡོད་ས་མང་ཙམ་ཞིག་ཡོད་པ་དང་། གི་གྱི་ཀྱི་འི་ཡི་ལྔ་བོར་གི་ཡིག་གཅིག་པུས་ཚབ་བྱས་ཤིང་སྐད་ཆ་ཤོད་ཀྱིན་ཡོད་དེ། དཔེར་ན།“ སེམས་ཀྱི་རེ་བ་ལ་སེམས་གི་རེ་བ་དང་། ང་ཡི་སྤུན་ཟླར་ང་གི་སྤུན་ཟླ། ནོར་གྱི་རྩིད་པ་ལ་ནོར་གི་རྩིད་པ།།”ཞེས་ཤོད་ཀྱི་ཡོད་པ་ལྟ་བུ་རེད། དེ་དག་ལས་མ་འདས་པར།  འདིར་ཡང་ཡོས་ཀྱི་སྩང་ལེབ་ལ་འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་དག་ལ་མ་ལྟོས་པར་ཡོས་གི་སྩང་ལེབ་ཅེས་པའི་སྒྲའི་ང་རོ་ལྟར། གི་ཡི་སྒྲ་གདངས་དེ་ཕྱིར་འབྱིན་ནས་མིང་དེ་ཐོགས་འདུག་སྙམ་ཞིང་། རིམ་གྱིས་མིང་དེ་བོས་ཀི་བོས་ཀི་ཁ་ལ་བྱང་ནས་ལྕེ་ལ་འཐིམས་སོང་བ་ཞིག་ཡིན་པར་སེམས་ཡོད།། 

༣ སྩང་།

གོང་གསལ་གྱི་འབྲི་ཚུལ་རིགས་མང་པོ་ཞིག་ལས། སྩང་ཞེས་པའི་ཡིག་འབྲུ་འདི་ལ་འབྲི་སྟངས་སྣེ་ཁ་མང་ཙམ་ཞིག་ཡོད་པ་མཐོང་སོང་སྟེ། “དཔེར་ན། གཙང་དང་། ཙོང་། སྩང་ལྟ་བུའི་རིགས་གསུམ་བཞི་ཙམ་ཞིག་བྲིས་སྲོལ་དར་ཡོད།།” ཡི་གེ་དེ་དག་ལ་ཚིག་གྲོགས་ཅི་རིགས་པ་ཞིག་སྦྱོར་ནས་སྔུན་ལ་བཤམས་ཡོང་དུས། དངོས་གནས་རྔོད་སླང་ནང་ན་ཡོས་བུ་བརྔོ་བཞིན་པའི་སྣང་ཚུལ་ཞིག་རང་དབང་མེད་པར་ཤར་འོང་གི་འདུག་ཀྱང་།    དེ་དག་ལས་སྩང་ཞེས་པའི་ཡིག་འབྲུ་དེ་ནི་ཡང་དག་པའི་འབྲི་སྟངས་ཡིན་པར་གསལ་བོ་ཤེས་དགོས་ཏེ། ཡུལ་ཤུལ་ས་ཁུལ་གྱི་དམངས་སྲོལ་ཞིབ་འཇུག་པ་འགའ་ཡིས་གླེང་ན། “ཆུ་དམར་ལེབ་དང་། འབྲི་སྟོད། རྫ་སྟོད་སོགས་ནས་འབྲུ་རིགས་བརྔོ་སྣོད་ཀྱི་སླ་ང་ལ་སྩ་ང་ཞེས་འབོད་སྲོལ་ཡོད་པའམ། དེ་ཕལ་ཆེར་བརྡ་རྙིང་ཡིན་པ་འདྲ།། ”ཞེས་དང་། དེ་བཞིན།  《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་》ལ་སོགས་པའི་བོད་ཀྱི་གནའ་དེང་སྤྱི་ཚོགས་སུ་ཤུགས་རྐྱེན་ཐེབས་མྱོང་བའི་བརྡ་རྙིང་ཚིག་མཛོད་འགའ་རུ་བསློག་ཞིབ་བྱས་ཀྱང་སྩ་ངའམ་ཡང་ན་སྩང་ཞེས་པ་དེ་གཉིས་ནི་བརྡ་རྙིང་ཡིན་རབས་ཀྱི་འབྲུ་འགྲེལ་གཅིག་ཀྱང་རྙེད་མ་བྱུང་མོད།   ཡིན་ནའང་། 《བོད་ཀྱི་བརྡ་རྙིང་ཚིག་དོན་ཀུན་ཁྲོལ་》ནང་གི་ཁྲིམས་ཡིག་ལ་སོགས་པའི་སྐོར་དུ། “བླའི་ཆང་རྒྱུ་འབྲུ་རིགས་སོགས་ཀྱི་རྩིས་ཐོ་རུ །  1.་་་་་་་་་གི་ལོའི་དཔྱད་སླ་ར་བའི་ངོས་ལ།། གླ་འྀ་སྩང་། མངན་ཅང་འབུན་ཨན།”ཞེས་པའི་ཚན་དུམ་དེའི་དཀའ་འགྲེལ་དུ། “བླའི་འབྲུ་མཛོད་ཁང་གི་མངན། ཞེས་པའམ་གོང་གི་བཏུང་བ་ཁྲལ་ཆང་ཞེས་པའི་དོན་ཏེ་སྔ་མ་ཡིན་པ་འདྲ།། ”ཞེས་པ་དང་།  “10.་་་་་་་་་ཀྱི་བར་དུ། ཤ་ཅུ་ནས་སྩང་ལོ་ཤས་ཙམ་མཆིས་པ་འྀ་ཐོག་ཙམ་སྡུད་ལགས་པར་བགྱྀད་དེ། ད་ལྟ་ཕྲལ་དུ་ཀྭ་ཅུར་མྱྀ་བདས།” དེའི་དཀའ་འགྲེལ་ལྟར། “5.སྩང་ལོ་ཤས། ལྗང་ལོ་ཤས་ཏེ། ལོ་ཏོག་བཟང་ཤས།” ཞེས་དང་། ཡང་ན། 《དུང་དཀར་ཚིག་མཛོད་ཆེན་མོ་》རུ།  [སྩང་མངན]〜 འབྲི་གཉེར་གྱི་མིང་།། ཞེས་བྲིས་པ་ཅག་ལ་གཞིགས་ན། སྩང་ཞེས་པའི་མིང་འདི་ཕལ་ཆེར་འབྲུ་རིགས་འཇོག་སའི་མཛོད་ཁང་དང་བླུད་སའི་སྣོད་ཆ་ཞིག་ཡིན་པར་རྟོགས་ཐུབ་པར་སྙམ་ཏེ། དེ་མིན།  ཡང་དཀའ་འགྲེལ་ཞིག་ཏུ། [སྩང་ར]〜འདིར་གཞིས་ཀ་སྟེ་ཕ་གཞིས་ལ་གོ་ཞིང་། གཙང་ར་ཞེས་ཀྱང་བྱའོ།། ཞེས་བྲིས་པར་ལྟས་ན་འབྲུ་རིགས་རྣམ་པ་སྣ་ཚོགས་འབྲས་བུ་འབུས་ཡོད་པའི་ཞིང་སའམ་ཞིང་ར་ལ་གོ་བར་ཨེ་ཡིན་སྙམ་འོང་།   ཡང་ན། 《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ།[རྩང]〜1.ཚེར་མ། 刺、棘刺;2.ཤིང་སྐྱེར་པ་ཕྲ་མོར་བཤགས་ནས་གཏོར་མའི་མཐའ་སྐོར་དུ་ཁྲ་མ་ལྟ་བུར་བཙུགས་པའི་ཐུར་མ་རྣམས་ཀྱི་མིང་།  木扦子。编插于供施鬼神食子周围的黄蘖木细条。3.ཆང་། 青稞酒、藏[zàng]酒。 ཞེས་དང་།  《དུང་དཀར་ཚིག་མཛོད་ཆེན་མོ་》དང་《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་》སོགས་ལས། [རྩང་ནན]〜བརྡ་རྙིང་སྟེ། བཏུང་བ་དང་དོན་གཅིག   ཡང་། 《སྨོན་ལམ་ཚིག་མཛོད་》 དུ།  [ཡོས་ཆང] 〜ནས་བརྔོས་མ་ལ་ཆང་རྩི་བཏབ་སྟེ་བསྙལ་བའི་ཆང་།། ཞེས་འགྲེལ་ཡོད།  དེ་དག་གིས་གང་ཞིག་མཚོན་ཐུབ་ཅེ་ན། སྐལ་བ་སྔན་ཆད་དུ་བཏུང་ཇ་མ་དར་བའི་ཡར་སྔོན་ལ་རྩམ་པ་ཡོད་སྲོལ་གྱི་བཤད་རྒྱུན་ཁུངས་བཙན་འདུག་པས་ཕལ་ཆེར་ནས་ཀྱིས་བསྙལ་བའི་ཆང་གི་བཏུང་བྱ་ཞིག་ཡིན་ན་སྙམ་ཞིང་། རྩང་དང་སྩང་གཉིས་མགོ་ཅན་ཡི་གེ་མ་གཏོགས་མིང་གཞི་དང་སྒྲ་འབྱིན་སྟངས་ཕལ་ཆེར་གཅིག་པ་ཡིན་པའམ། ནན་དང་ནས་ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱང་རྗེས་འཇུག་ཡི་གེ་ན་དང་ས་མ་གཏོགས་གཅིག་པ་རེད་འདུག  དེས་ཀྱང་། “རྩང་ནན་”ཞེས་པའི་མིང་དེ་ནི། ནས་འབྲུ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་ན་སྙམ།  དེ་ལས་གཞན། “ང་ཚོ་ཆུ་དམར་ལེབ་ས་ཆ་ནས་རྔོད་སླང་ལ་རྔོར་སྩང་དང་སྩང་ལེ་ལྟ་བུ་ཁ་སྐད་ཡོད། ཡང་ན། ས་གནས་ཀྱི་དམངས་སྲོལ་ཉམས་ཞིབ་པ་འགས་བཤད་རྒྱུར། “ཆུ་དམར་ལེབ་དང་འབྲི་སྟོད། རྫ་སྟོད་སོགས་ཀྱི་ས་ཆ་འདི་གར་སླ་ང་ལ་སྩ་ང་ཞེས་འབོད་སྲོལ་ཡང་ཡོད།། ”ཅེས་གོང་གི་དཔྱད་གཞི་གང་རུང་ལ་གཞིགས་ན། ཡོས་ཀྱི་སྩང་ལེབ་ཀྱི་སྩང་ནི་ས་སྩང་ཡིན་པས་གཞན་གང་ཡང་མིན་པར་ཤེས་ཐུབ་བོ།། 

༤ ལེབ།

ཡོས་ཀྱི་སྩང་ལེབ་ཀྱི་ལེབ་ནི། “ལ་ལས་བཤད་ན་ཁ་སྐད་ནང་གི་སྩང་ལེ་ཞེས་པའི་ལེའི་སྒྲ་ཉེ་བས་ཐོགས་པ་རེད།། ”ཅེས་དང་།  “ཡང་འགའ་ཡིས་སླ་ང་ནི་ནང་ངོས་མཉམ་པའི་སྣོད་ཆ་ཞིག་ཡིན་པར་མཚོན་གྱི་འདུག། ”ཅེས་བཤད་སྲོལ་འདྲ་མིན་འགའ་ཞིག་མཆིས་རུང་། 《དུང་དཀར་ཚིག་མཛོད་ཆེན་མོ་》རུ། [ལེབ]〜དུད་གྲངས་བརྩི་སྟངས་ཤིག་ཡིན་ཏེ། བྱང་འབྲོག་དང་ཡར་འབྲོག་ཁྲི་སྐོར་དེ་གཉིས་རྩིས་ནས་ལེབ་བཅུ་དྲུག་ཏུ་དབྱེས་ཡོད།། ཅེས་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ། [ལེབ]〜1.ཡུག་ཅིག་ཏུ།笼统 2.ལེབ་རྩིས།统计 3.ལེབ་འདུར། 一律ཞེས་དང་།  《སྨོན་ལམ་ཚིག་མཛོད་》དུ། [ལེབ]〜 ངོས་མཉམ་པའི་དོན་ཏེ། ལེབ་ངོས། ས་ལེབ་ལེབ་ལྟ་བུ།། ཞེས་དང་། ཡང་ན། རང་ཡུལ་ནས་ལེབ་དང་འབྲེལ་བའི་ས་མིང་འགའ་ཞིག་ཡོད་དེ། “ཆུ་དམར་ལེབ། ལེབ་གཞུང་། ”ལྟ་བུར་ཡོད་པས། ལེབ་ནི་སྤྱིར་ས་ངོས་མཉམ་པོ་ཡིན་པའི་ས་ལེབ་ལེབ་ལ་གོ་ཞིང་། ལྷག་པར། རང་གི་ཕ་ཡུལ་ནས་མུ་མེད་རྩྭ་ཐང་ཆེན་མོའམ་ས་ཆ་གུ་ཡངས་པོ་ལའང་གོ་ཆོག་པར་སེམས་བྱུང་།། 

གཞུག་མའི་གཏམ།

མདོར་གྲིལ་ནས་རྡོག་རྡོག་ཅིག་བཤད་ན། རྨ་ཆུའི་འགོ་ཁུངས་དང་ཡག་ར་སྟག་རྩེ་གཉིས་ཀྱི་བར་ན་ཡོད་པའི་ཐང་གཞུང་ཆེན་མོ་དེ་ནི། ནས་འབྲུ་བརྔོས་མ་ལས་བྱུང་བའི་ཡོས་བཀྲ་དག་སླ་ངའམ་སྩ་ང་ཡི་ནང་དུ་བླུད་ཡོད་པའི་རྣམ་པ་དང་མཚུངས་པའི་དཔེར་བླངས་ནས་ཐོགས་ཤིང་། འབྲུ་རིགས་ལས་བརྔོས་པའི་ཡོས་དང་། དེ་བར་ལ་འབྲེལ་སྒྲའི་ཕྲད་དེ་ཀ་ཀྱི། འབྲུ་རིགས་བརྔོ་སྣོད་ཀྱི་སླ་ངའམ་སྩ་ང་ལ་མཚོན་བྱེད་ཀྱི་ས་སྩང་། ས་རྒྱ་ཆེ་ཞིང་ལེབ་ངོས་མཉམ་པའི་ཐང་ཆེན་པོར་གོ་བའི་ལེབ་གཞུང་གི་ལེབ་བཅས་མཉམ་དུ་སྦྱོར་ཞིང་། ཡོས་ཀྱི་སྩང་ལེབ་ཅེས་མ་ནོར་ཡང་དག་གི་ལམ་ནས་འབྲི་དགོས་ཏེ། ས་མིང་ཆུ་མིང་ནི་རྟ་མིང་ཁྱི་མིང་དང་ལར་ནས་མི་འདྲ། དེ་ཡིས་རྒྱལ་ཁབ་དང་མི་རིགས། ས་གནས་ཤིག་གི་རིག་གནས་མཚོན་རྟགས་དང་ཚན་རིག་རྟོག་ཞིབ་ཀྱི་དཔྱད་གཞི་འགངས་ཆེན་ཞིག་ཡིན་གྱི།  ཡོས་ཀྱི་སྩང་ལེབ་ཅེས་པའི་མིང་དེའང་། མདོ་ཁམས་སྟོད་མའི་ཞིབ་འཇུག་དང་རྨ་ཆུའི་འགོ་ཁུངས་ཀྱི་ཚན་རིག་རྟོག་ཞིབ་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པས། དེར་རང་ནུས་ཅིས་ལྕོགས་ཀྱིས་ངང་ཞིབ་འཇུག་དང་རྒྱུད་འཛིན་བྱ་དགོས་པ་ཞིག་ཀྱང་ཡིན།  ཕྱིས་སུ་དེར་ཡོས་ཀྱི་སྩང་ལེབ་ལས་གཞན་འབྲི་སྟངས་གང་ཞིག་བརྗེ་ལེན་བྱས་ནས་སྤེལ་དགོས་ན། ཡིན་གཅིག་མིན་གཉིས་སུ་ཚན་རིག་དང་ལྡན་པའི་རྩད་ཞིབ་ཡག་པོ་ཡང་དག་ཅིག་བྱས་ཐོག  ད་གཟོད་མིང་དེ་བེད་དུ་སྤྱད་པར་འགྲིག་གི་རེད་འདོད།  ཡང་། ཁ་དཔེ་རུ། “ས་དྲིན་པགས་པ།། ཆུ་དྲིན་བདུད་རྩི།།” ཞེས་པ་ལྟར། ས་དྲིན་དང་ཆུ་དྲིན་འཇལ་བའི་བསམ་ཤེས་དང་ནུས་སྟོབས་གང་ཞིག་མེད་རུང་། ས་མིང་དང་ཆུ་མིང་ཙམ་ཞིག་བློ་རུ་ངེས་དགོས་པར་སེམས་སོ།།།།

࿉མཆན་འགྲེལ།

1.ཡོས་བཀྲ། ཡོས་ཀྱི་མངོན་བརྗོད་དེ། མེའི་ཚ་ངད་ཀྱིས་ཁ་གས་པའི་འབྲུ་རིགས། ཁ་སྐད་ལ་ཡོས་ཁྲ་ཟེར།

2.ཡོས་སྩང་། ཡོས་བརྔོ་སྣོད་ཀྱི་རྔོད་སླང་ལ་ཟེར།

3.རྔོར་སྩང་། ཁ་སྐད་དེ། རྔོད་སླང་ལ་གོ  སྩང་ལེའང་ཟེར།

4. ཡག   འདིར་རྒྱལ་སྤྱིའི་སྒྲ་གདངས་ ⟨a͡ɪ⟩ཡི་སྒྲ་འབྱིན་ཚུལ་དང་གཅིག་པ་ཡིན་དགོས་ཏེ། ཁྱོན་ནས་མེད་པའམ་ཡོངས་སུ་མཇུག་རྫོགས་པ་ལ་ཟེར་ཞིང་། དཔེར་ན། རྨ་ཆུའི་འགོ་ཁུངས་ཀྱི་ཡན་ལ་ཆུ་ལག་མེད་པས་རྨ་ཟད་ཡག་ལྟ་བུ།

5.རབ་རིབ་མཆེད་གསུམ། ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཡུལ་ཚོའི་གད་དམར་སྡེ་བའི་ཁོངས་གཏོགས་སུ་ཡོད་པའི་གནས་རི་ཞིག

6.འབྲི་མོའི་འགག  ཆུ་དམར་ལེབ་རྫོང་མཁར་དང་ཉེ་བར་ཡོད་པའི་འབྲི་ཆུའི་འགག་ཕྲེང་ཞིག

དཔྱད་གཞིའི་ཡིག་ཆ། 

1. སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་བརྩམས།《བརྡ་གསར་སྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་། 》〔M〕མི་རིགས་དཔེ་སྐྲུན་ཁང་། 2000 ལོའི་ཟླ་6པར་ཐེངསགཉིས་པ་དཔར། 

2. ཀྲང་དབྱི་སུན་སོགས་ཀྱིས་བསྒྲིགས།《བོད་རྒྱ་ཚིག་མཛོད་ཆེན་མོ། 》〔M〕མི་རིགས་དཔེ་སྐྲུན་ཁང་། 2000 ལོའི་ཟླ་6པར་ཐེངསགཉིས་པ་དཔར། 

3.གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།  》〔M〕ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001 ལོའི་ཟླ་4བར་ཐེངས་དང་པོ་དཔར། 

4.དགེ་བཤེས་བློ་བཟང་སྨོན་ལམ་སོགས་ཀྱིས་བསྒྲིགས། 《སྨོན་ལམ་ཚིག་མཛོད༡.༡།》〔CP〕སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། 2015 ལོའི་ཟླ་12པར་ཐེངས་གཉིས་པའི་དཔར་གཞི། 

5.དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས།《དུང་དཀར་ཚིག་མཛོད་ཆེན་མོ།》〔M〕2002 ལོའི་ཟླ་4བར་ཐེངས་དང་པོ་དཔར། 

6.黄河水利委员会《黄河网》〔OL〕www.yrcc.gov.cn    

7. 汉藏对照词典联合编辑小组编译,《汉藏对照词典 》〔M〕民族出版社 1991年09月第一版

8.民族出版社编译,《汉藏对照词汇 》〔M〕民族出版社 1976年10月第一版

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།