རྟགས་འཇུག་གི་དགོངས་དོན་ལ་ཁ་གཡར་ནས་ཉ་ཉུང་མཉམ་བསྲེ་མ་བྱེད།

༄༅།།རྟགས་འཇུག་གི་དགོངས་དོན་ལ་ཁ་གཡར་ནས་ཉ་ཉུང་མཉམ་བསྲེ་མ་བྱེད།

——པ་བ་གཉིས་ཀྱི་འཇུལ་ཚུལ་ཟུར་ཙམ་གླེང་བ།

ནང་དོན་གནད་བཤུས། སློབ་དཔོན་ཐོན་མི་མཆོག་གིས་བསྐྲུན་པའི་རྟགས་ཀྱི་འཇུག་པ་ནི།སྒྲ་རིག་པའི་རྩ་བ་ཡིན། དེ་ལས་གསུངས་པའི་མིང་མཐའ་རྟགས་མཚུངས་དྲང་བ(ཞར་བྱུང་སྒྲ་མཚུངས་དྲང་བ)ནི།མིང་དང་ཚིག་གི་སྦྱོར་བ་རྣམས་བརྗོད་པ་བདེ་ཞིང་། ངག་སྙན་པར་བྱེད་པའི་ཚད་མ་རིག་པ་ཞིག་ཡིན།ཕྲད་གཞན་དབང་ཅན་རྣམས་ཀྱི་ཐོབ་ཐང་ལས་ཀྱང་གསལ་མོད། དེས་ན་རྗེས་འཇུག་མོ་ཡིག་ང་འ་དག་ལ་མིང་མཐའ་ཕོ་ཡིག་པ་པོ་སྦྱར་ན།སྒྲའི་སྐྱེ་གནས་ཀྱི་བར་ཐག་ཤིན་ཏུ་རིང་བ་དང་། སྒྲ་དྲག་ཞན་གྱི་ཁྱད་པར་ཆེ་བས། སྡེབ་སྦྱོར་དང་འགལ་བའི་སྐྱོན་འཇུག་པས།དེ་ལུགས་མེད་པར་བཏང་བ་གལ་ཆེའོ༎

ཐ་སྙད་གཙོ་བོ། ཁང་བ་དང་ཁང་པ། ལྔ་བ་དང་ལྔ་པ། སུམ་ཅུ་བ་དང་སུམ་ཅུ་པ།ཡོད་པ་བོ་དང་ཡོད་པ་པོ།

གླེང་གཞི།

གངས་ཅན་མཁས་པའི་གཙུག་རྒྱན་ཀུན་ཏུ་བཟང་བོ་ལ་ཕྱག་འཚལ་ལོ།།

བོད་དུ་འཁྲུངས་པའི་མཁས་དབང་དང་བོ་མཆོག །

ཐོན་མི་སམ་བྷོ་ཊ་ཞེས་གྲགས་པ་ཡིས། །

བོད་ཡིག་གསར་དུ་བསྐྲུན་པའི་སྐུ་དྲིན་གྱིས།།

མ་རིག་མུན་པ་སེལ་བའི་ཉིན་བྱེད་ཤར། །

སུམ་རྟགས་ལུང་དུ་བསྟན་པའི་སྐུ་དྲིན་གྱིས།།

ལྔ་རིག་དཔག་བསམ་རྒྱས་པའི་རྒྱུ་རྐྱེན་འཛོམས།།

ལོ་ཙཱའི་ལམ་ནས་ཐུབ་བསྟན་བོད་ལ་དྲངས། །

དགེ་བཅུ་ཁྲིམས་ཀྱིས་རྒྱུ་འབྲས་ལེགས་པར་སྲུང་།།

མི་ཆོས་གཙང་མས་སྤྱི་ཚོགས་མཛའ་མཐུན་བྱུང་།།

ཁོང་གི་མཛད་པ་ཆེན་པོ་མི་དྲན་སུ། །

རང་གི་རྒྱུད་ལ་གཟུངས་སུ་འདེབས་པ་དང་། །

ཁོང་གི་དགོངས་པའི་དར་ཆ་རླབས་པོ་ཆེ། །

མཐོན་པོར་བསྒྲེངས་ཏེ་གཞུག་མར་ལེགས་ཚོགས་སྐྲུན།།

དེ་ཡང་ཁ་ཅིག་གིས་ཁང་བ་ལ་ཁང་པ་དང་། ལྔ་བ་ལ་ལྔ་པ།དགུ་བོ་ལ་དགུ་པོ་སོགས་སུ་ཀློག་པ་ནི། དབུས་སྐད་ཀྱི་ཁྱད་ཆོས་ཡིན་ཟེར། དངོས་སུ་ན། དབུས་སྐད་དུ་པ་དང་བ་གཉིས་མཆུ་བཙུམས་ནས་ཀློག་པ་འདྲ་ཡང་།པ་ནི་ཕོ་ཡིག་དང་བ་ནི་མོ་ཡིག་ཡིན་པས། སྒྲ་དྲག་ཞན་ཐད་ཁྱད་པར་གསལ་བར་སྣང་མོད། ཡིན་ན་ཡང་།སྨྲ་བ་ལྡབ་ལྡིབ་ཅན་གྱི་ཁ་ན་ཉ་ཉུང་མཉམ་བསྲེས་བྱས་ཏེ། དེ་གཉིས་ཁྱད་མེད་གཅིག་འདྲར་སོང་ཡོད་པ་མ་ཟད།ད་དུང་སྤྲེལ་ལ་ངོམ་རྒྱུ་རྐུབ་ཟེར་བ་ལྟར། དེ་འདྲའི་མ་དག་རྒྱུན་འབྱམས་བདེན་པར་རློམ་སྟེ།སྔོ་ལོ་དགུང་ལ་ཅི་འདོད་དུ་འཕྱར་བཞིན་མཆིས། ཞིབ་ཆ་གསལ་ན་ངེས་ཤེས་འདྲོངས་པར་སྲིད་པས།གཤམ་ནས་དེ་ཐད་ནས་ཅུང་ཟད་གླེང་ན།

དང་པོ། རྟགས་འཇུག་གི་ཆེ་བ་བརྗོད་པ།

སློབ་དཔོན་ཐོན་མི་མཆོག་གིས་ལུང་བསྟན་པའི་རྟགས་ཀྱི་འཇུག་པ་ནི།ཡི་གེ་དང་མིང་ཚིག་བརྗོད་པ་ཀུན་གྱི་སྡེབ་སྦྱོར་ཏེ། ངག་སྙན་པར་བྱེད་པའི་རོལ་མོ་འཕྲུལ་དང་ལྡན་པ་ཞིག་ཡིན།རྟགས་འཇུག་གི་གཞུང་དེ་ལས་དོན་ཆེན་གཉིས་བསྟན་ཡོད་དེ། གཅིག་ནི། ཡི་གེའི་དག་ཆ་ནི་སྒྲ་གདངས་གཙོ་བོ་ཕོ་མོ་མ་ནིང་ལ་རག་ལས་པ་དང་།ཅིག་ཤོས་ཚིག་གི་དག་ཆ་གཙོ་བོ་བདག་གཞན་བྱ་བྱེད་ལས་གསུམ་ལ་རག་ལས་པ་ཡིན། མིང་དང་ཚིག་གི་སྦྱོར་བ་ལ་དག་ཆ་ཐོན་ན།འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་འགྲོའོ། །

རིག་ལམ་ཕྲ་མོ་རྣམ་པར་འབྱེད་པའི་རྣམ་དཔྱོད་ཆེ་ཞིང་།ཕྱི་ཐག་རིང་དུ་མཐོང་བའི་སྔོན་གྱི་ཤེས་ལྡན་པའི་སློབ་དཔོན་ཐོན་མི་ཁོང་གིས་རྟགས་འཇུག་གི་གཞུང་འདི་བསྐྲུན་པ་ལ།ཁེབས་རྒྱ་ཉི་མའི་འོད་ལྟར་ཁྱབ། ཞིབ་ཆ་ཀུ་ཤའི་རྩེ་ལྟར་ཕྲ། སྒྲའི་ཞིབ་ཆ་མི་འདྲ་བ་རྣམས།ཕོ་མོ་མ་ནིང་གི་རྣམ་པར་ཕྱེ་སྟེ། ཐ་སྙད་བྱེ་བྲག་པ་བགྲང་གིས་མི་ལང་པ་གྲུབ་ནས། ཚིག་རྗོད་ཚུལ་ལ་མཁས་པའི་ངག་གི་དཔལ་ཤར་བ་ལས།གཅིག་ཏུ། བོད་སྐད་ཕུན་སུམ་ཚོགས་པ་ཡིན་ཚུལ་ངེས་པར་བསྟན་པ། གཉིས་སུ། མིང་དང་ཚིག་གི་སྦྱར་སྲོལ་སྤུ་རིས་མ་འདྲེས་པར་བསྟན་པ།གསུམ་དུ། ཚིག་ཉུང་དོན་རྒྱས་པའི་རྩོམ་རྩལ་ལེགས་པར་བསྟན་པ། དེ་ལྟ་བསྟན་པ་གསུམ་གྱིས་ཕྱུག་པའི་སྒྲ་རིག་པའི་བསྟན་བཅོས་འདི་ལྟ་བུ་ཞིགསྤྱི་ལོའི་དུས་རབས་བདུན་པའི་སྟོད་ཀྱི་ཆ་སྟེ། དེ་འདྲ་སྔ་མོ་ཞིག་ནས་བྱུང་བ་ལ། འཇིག་རྟེན་ཁམས་ནའང་ཤིན་ཏུ་དཀོན་ནོ།།ངོ་མཚར་ཆེའོ། །

རྟགས་འཇུག་གི་གཞུང་འཁྲུངས་པ་ཧ་ཅང་སྔ་བས།ད་ལྟ་རྒས་ནས་བཀོལ་ས་མི་འགྲོ་སྙམ་དུ་མ་སེམས། ཚད་མས་གྲུབ་པའི་གཞུང་འདིའི་ལང་ཚོའི་དཔལ་ནི།ཇི་སྲིད་བར་དུ་ཉམས་རྒུད་འགྲོ་མི་སྲིད་པས། སྒྲ་རིག་པར་མཁས་འདོད་རྣམ་པས་གཞུང་འདི་དཔྱིས་ཕྱིན་པ་སྦྱང་བ་གལ་ཆེ།དེང་གི་སྐྱེ་བོ་ཕལ་གྱི་བརྩམས་ཆོས་ལ་བལྟས་ན། མིང་དང་ཚིག་གི་སྦྱོར་བ་ལས། དག་ཆ་མ་མ་ཐོན་ས་མང་དུ་མཐོང་ངོ་།།དེ་ལ་རྒྱུ་མཙན་དུ་མ་ཡོད་ཀྱང་། གཙོ་བོ་རྟགས་འཇུག་གི་དགོངས་དོན་ཟབ་མོ་མ་རྟོགས་པའི་སྐྱོན་དུ་མངོན་ཚབས་ཆེ།སྐབས་འདིར་གལ་བོ་ཆེ་ལ་ནན་ཏན་ཞིག་བྱ་བ་གཤམ་གསལ།

གཉིས་པ། མིང་མཐའ་པ་པོ་དང་བ་བོ་ཉ་ཉུང་མཉམ་བསྲེ་མ་བྱེད།

འདོད་རྒྱལ་གྱི་མིང་གི་མིང་མཐའ་འདྲེན་ཚུལ་ལ།རྟགས་འཇུག་རྩ་བ་ལས།

ཕྱི་མ་དག་གི་འདྲེན་ཚུལ་ནི། །

ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།

མོ་ཡིས་མོ་ཡི་མིང་མཐའ་དྲང་། །

མ་ནིང་གིས་ནི་མ་ནིང་ངོ་། །

ཞེས་པ་གནད་ཆེ། ཅུང་ཟད་བཀྲལ་ན། རྗེས་འཇུག་གི་ཕོ་ཡིག་ག་ད་བ་ས་བཞི་བོས།མིང་མཐའ་ཀ་ཅ་ཏ་པ་ཙ་དབྱངས་དང་ལྡན་མི་ལྡན་གང་འཚམ་རེ་དྲངས་པ་ནི། དྲག་པ་ལྕགས་དང་ལྕགས་མཚམས་སྦྱར།རྗེས་འཇུག་གི་མོ་ཡིག་ང་མ་འ་གསུམ་གྱིས་མིང་མཐའ་མོ་ཡིག་ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་ཤ་ཟ་འ་ཡ་ར་ལ་ཤ་ས་ཧ་དབྱངས་དང་ལྡན་མི་ལྡན་གང་འཚམ་རེ་དྲངས་པ་ནི།ཞན་པ་རས་དང་རས་སྦྱར་བ་འདྲ། རྗེས་འཇུག་མ་ནིང་ན་ར་ལ་གསུམ་གྱིས་མིང་མཐའ་མ་ནིང་ཁ་ཆ་ཐ་ཕ་ཚ་གང་འོས་རེ་དྲངས་པ་ནི།རན་པ་ཤིང་དང་ཤིང་སྦྱར་བ་འདྲ་སྟེ། བརྗོད་པ་བདེ་ཞིང་། ངག་གི་སྙན་ཆ་ཐོན་པ་སྡེབ་སྦྱོར་གྱི་མཆོག་བྱིན་པ་ཡིན།གཞན་ཡང་རྗེས་འཇུག་མ་ན་གཉིས་སྣ་སྒྲ་དང་ལྡན་ཞིང་། དེ་གཉིས་དང་སྐྱེ་གནས་ཉེ་བའི་མིང་མཐའ་པ་དྲངས་པ་ནི།གནས་མཚུངས་འདྲེན་པའི་རིགས་ཏེ། དེ་ཡང་བརྗོད་བདེ་འདྲེན་པ་ཡིན།

དོ་བོ་གཡས་གཡོན་མཉམ་ན་བཀལ་པ་བདེ། །མིང་མཐའ་རྟགས་མཚུངས་དྲངས་ན་བརྗོད་པ་བདེ།།ཟེར་བའི་དོན་མ་གོ་བའི་རྩོམ་མཁན་རྣམ་པས། ཁང་བ་ལ་ཁང་པ། དང་བོ་ལ་དང་པོ། བཟང་བོ་ལ་བཟང་པོ།ལྔ་བ་ལ་ལྔ་པ། དགུ་བ་ལ་དགུ་པ། ཡོད་པ་བོ་ལ་ཡོད་པ་པོ། སུམ་ཅུ་བ་ལ་སུམ་ཅུ་པ་སོགས་སུ་བྲིས་པ་ནི།རྗེས་འཇུག་མོ་ཡིག་ལ་མིང་མཐའ་ཕོ་ཡིག་དྲངས་པ་ནི། རས་དང་ལྕགས་མཚམས་སྦྱར་བ་འདྲ། ཕན་ཚུན་བཞུན་ཆ་མེད་སོང་།ངག་གི་སྙན་ཆ་ཤོར་སོང་། ཡིན་ན་ཡང་། ཁ་ཅིག་གིས་ལྟར་སྣང་ཙམ་ལ་ཡང་དག་པར་སེམས་ཏེ། དེ་འདྲའི་བརྗོད་པ་དབུས་སྐད་ཀྱི་ཁྱད་ཆོས་ཡིན་ཟེར།ཨུ་ཚུགས་མཐའ་སྐྱེལ་བྱེད། དབུས་སྐད་དུ་པ་བ་གཉིས་མཆུ་བཙུམས་ནས་ཀློག་པ་འདྲ་ཡང་། པ་ཕོ་ཡིག་དང་མ་མོ་ཡིག་གི་སྒྲ་དྲག་ཞན་གྱི་ཁྱད་པར་གསལ་བ་ལ།སྨྲ་བ་ལྡབ་ལྡིབ་ཅན་གྱི་ཁ་ན་ཉ་ཉུང་མཉམ་བསྲེས་ཀྱིས་ཁྱད་པར་མེད་སོང་། མ་དག་རྒྱུན་འབྱམས་དེ་འདྲ་ལ།ཡིག་མཁན་མང་པོས་བདེན་པར་རློམ་ནས། མདོ་དབུས་ཐུན་མོང་དུ་གྲགས་པའི་རྒྱལ་བ་ལ་རྒྱལ་པ། མཐོ་བ་ལ་མཐོ་པ་ལྟར་བྲིས་པ་ཡང་བྱུང་།ཤིང་པར་རྙིང་མའི་དཔར་མ་ལས། སུམ་ཅུ་བ་ལས་བྱུང་བའི་དང་བོ། བཅུ་བ། བྱེད་པ་བོ་ཞེས་སུ་འབྱུང་བ་རྣམས།དེང་གི་ཞན་པར་གསར་མ་ལས། དང་པོ། བཅུ་པ། བྱེད་པ་པོ་ཞེས་སྦྱར་ཡོད་པ་ནི། ཐོན་མིའི་རྟགས་འཇུག་གི་མིང་མཐའ་འདྲེན་ཚུལ་དང་ལོག་པར་སྦྱར་བའི་དཔེ་རུ་མངོན།སྒོས་སུ་བཀའ་བསྟན་གསར་དུ་དཔར་བ་ལས་ཀྱང་། མིང་མཐའ་བ་བོའི་དོད་དུ་པ་པོ་བཅུག་པ་མང་དུ་མཐོང་ངོ་།།

སྐྱོན་དེ་རིགས་སེལ་བའི་ཆེད་དུ། སྔོན་བྱུང་མཁས་དབང་དག་གིས།བ་ཕྱི་ལྦ་རུ་གདོན་པར་བྱ་ཞེས་གསུངས། དོན་ནི་པ་སྔ་མ་སྒྲ་དྲག་པར་འདོན་པ་དང་། བ(བྷ)ཕྱི་མ་སྒྲ་ཞན་པ་ཝ(བ)རུ་གདོན་དགོས་ཟེར་བ་ཡིན། ཆོས་བཟང་བོའི་དོན་མ་རྟོགས་པའི་ཁ་གཅུ་འགའ་རེས།པ་ཕྱེད་ཝ་རུ་གདོན་པར་བྱ་ཞེས། ལབ་ཟློས་ཙམ་ལས་དོན་མེད་པར་གྱུར་སོང་། དག་ཡིག་ངག་སྒྲོན་དུ།མིང་མཐའ་པ་བའི་དབྱེ་བ་ནི། །ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །ཞེས་གསལ་བར་བསྟན་ཀྱང་།ལོ་རྒྱུས་ཀྱི་དབང་གིས།(སློབ་གྲྭ་མེད་པ། མཁས་པ་ཉུང་བ། དཔེ་ཆ་དཀོན་པ།)གོ་ཆེར་མ་ཆོད། སྐབས་འདིར་གལ་བོ་ཆེ་ལ་ནན་ཏན་བྱ་རྒྱུ་ནི།རྗེས་སོར་གནའ་དཔེ་དཔར་པ་ལ། དེའི་ནང་གི་མིང་མཐའ་དང་། ཐ་སྙད་གོ་དཀའ་བའམ་ཐེ་ཚོམ་ཅན་ནམ།མ་དག་པར་འདོད་པ་རྣམས་གྱ་ཚོམས་སུ་ཞུ་དག་མ་མཛད་པར་སོར་ན་ཞོག་ཅིག དེ་བཞིན་བཞག་ན། དཔྱད་རིན་མི་དམན་ནོ།།

མ་རིག་མུན་སེལ་གྱི་སྒྲོན་མེ་སྦར་དགོས། །མ་དག་རྒྱུན་འབྱམས་ཀྱི་བརྡར་བྱ་གཅོད་དགོས།།བརྒྱ་བཤད་སྟོང་བཤད་ཡོས་ལ་ཡོང་རྒྱུ་རྩམ་པ། བ་ཡིག་གི་ཀློག་ཚུལ་མི་འདྲ་ས།   ཨམ་སྐད་དུ་མ་མཆུ་ཡ་སོར་སྦྱར་ནས瓦ལྟར་ཀློག་པ་དང་། དབུས་སྐད་དུ་མཆུ་ཡོངས་སུ་སྦྱར་ཏེ་བྷ་ལྟར་ཀློག་པ་ཡིན།མིང་མཐའ་རྟགས་མཚུངས་འདྲེན་པའི་ཁྱད་ཆོས་ནི། སྒྲའི་སྐྱེ་གནས་གཅིག་པའམ་ཉེ་བ་དག རླུང་ཤུགས་འདྲ་བའི་ཚུལ་གྱིས་ཀློག་པ་ཡིན།ཕྲད་གཞན་དབང་ཅན་གྱི་ཐོབ་ཐང་རྣམས་དེ་ལྟར་མ་ཡིན་ནམ། དེས་ན། ཁང་བ་ལ་ཁང་པ་ཞེས་ཚེ། རྗེས་འཇུག་ངའི་སྐྱེ་གནས་མགྲིན་པར་སོང་བས་སྒྲ་ཞན་པ་ཡིན་ཞིང་།མིང་མཐའ་པའི་སྐྱེ་གནས་མཆུ་དང་། སྒྲ་དྲག་པར་ཀློག་པ་ལ། འདི་གཉི་གའི་སྐྱེ་གནས་ཀྱི་བར་ཐག་ཧ་ཅང་རིང་ཞིང་།སྒྲ་དྲག་ཞན་གྱི་ཁྱད་པར་ཧ་ཅང་ཆེ་བས། བརྗོད་པར་བདེ་བར་ཡོང་བའི་དཔེ་མེད། དེས་ན་དབུས་སྐད་དུ་ཁང་བ་ལ་ཁང་བྷ་ཞེས་ཀློག་པ་ལ།ཉན་མཁན་གྱིས་སྒྲ་དྲག་ཞན་གྱི་དབྱེ་བ་མ་ཕྱེད་པའི་སྐྱོན་ཡིན། རང་ཉིད་ཀྱི་ལྟ་བ་གཞན་དབང་གི་དེ་ཉིད་དང་འགལ་ན།ཚུལ་དང་མི་མཐུན་པ་མིན་ནམ། དབུས་སྐད་དུ་མིང་གཞི་བ་དང་། མིང་མཐའ་བ་གཉིས་ཀ་བྷ་ལྟར་ཀློག་ཚུལ་འདྲ་བས།བོད་ལ་པོད་དང་། བུ་མོ་ལ་པུ་མོ། བ་ལང་ལ་པ་ལང་། རྒྱལ་བ་ལ་རྒྱལ་པ་ལྟར་ཀློག་པ་ཡིན་ཏེ། ཡིག་རིས་ལ་ཁྱད་པར་མེད་དོ།།

གསུམ། ཁ་སྐད་མི་གཅིག་ཀྱང་ཡིག་སྐད་སྦྱོར་བ་འདྲ།

ཡུལ་སྐད་ཀྱི་ཁྱད་ཆོས་གཙོ་བོ་སྒྲའི་གྲག་ཚུལ་མི་འདྲ།ཨམ་སྐད་དུ་ཐག་པ་ལ་ཐག་ཧྭ(化)དང་། ཐེག་པ་ལ་ཐེག་ཧྭ(化)ཐོག་པ་ལ་ཐོག་ཧྭ(化)། ཐིག་པ་ལ་ཐིག་ཀྭ(瓜)། ཐུག་པ་ལའང་ཐུག་ཀྭ(瓜)ཞེས་བརྗོད་པ་ཡིན། མགོ་ལོག་སྐད་དུ། ཚེ་སྲོག་ལ་ཚེ་ཏྲོག་དང་།སྲིད་བྱུས་ལ་ཏྲིད་བྱུས། སྐུ་སྲུང་ལ་སྐུ་ཏྲུང་དུ་བརྗོད། དཔའ་རིས་སྐད་དུ། སྤང་རི་ལ་བསང་རི་དང་།སྤར་བ་ལ་བསར་བ། སྤུན་ཟླ་ལ་བསུན་རྫ་ཞེས་བརྗོད་པ་ལྟ་བུ། དེ་དག་གང་ཡང་ཡི་གེར་བྲིས་ན་སྤྱི་སྐད་དང་ཁྱད་པར་ཅི་ཡང་མེད་དོ།།

རང་ཡུལ་དུ་ཡུལ་སྐད་བཤད་ན་གོ་བདེ་ཡང་། ཡུལ་སྐད་བཟང་ཞེས་ཨུ་ཚུགས་བྱས་དྲགས་ན།ལུང་བ་རེ་རེར། སྐད་ལུགས་རེ་རེ། །ཞེས་ལུང་བ་ཕན་ཚུན་བར་བརྡ་མི་འཕྲོད་པར་གྱུར་ཏེ། མི་རིགས་གཅིག་ཀྱང་མི་རིགས་དུ་མར་གྱུར་བ་འདྲ།འདང་རྒྱོབས། དེས་ལྟ་ན། སྤྱི་སྐད་ལ་གནོད་པ་མི་ཆེའམ། སྔོན་བྱོན་མཁས་པ་རྣམ་པས་ནམ་ཡང་རྩོམ་དུ་ཡུལ་སྐད་མ་འདྲི་ཞེས་ནན་ཏན་མཛད་པ་ཡང་གནད་འདི་ལ་ཐུག་ཡོད་དོ།།

མི་རིགས་གཅིག་གི་སྐད་ཆ་བཤད་ལུགས་གཅིག་པར་གྱུར་ན།བསམ་ཚུལ་འདོད་ཚུལ་ཕན་ཚུན་བརྗེ་རེས་བྱེད་པར་ཐོགས་པ་མེད་འགྲོ  མི་ཐག་ཇེ་ཉེ། སྣང་བ་ཇེ་མཐུན། སྤུན་ཟླའི་འདུ་ཤེས་ཇེ་བརྟན་དུ་སོང་སྟེ།མི་རིགས་རང་གི་ལེགས་ཚོགས་ལ་མཉམ་དུ་སྡོངས་ཏེ་འབད་རྩོལ་བྱེད་ཐུབ་བོ། །རྒྱ་མི་རིགས་ཀྱི་ཡུལ་སྐད་ལའང་ཁྱད་པར་ཤིན་ཏུ་ཆེ་མོད།མི་རིགས་ཐུན་མོང་གི་བཤད་ལུགས་གཏན་ལ་ཕབ་པའི་ཚུན་ཆད་ནས། རྒྱ་མི་རིགས་རང་གི་ནང་ཁུལ་གྱི་མི་དང་མིའི་བར་དུ་བརྡ་མི་འཕྲོད་པའི་བཀག་རྒྱ་མེད་སོང་བ་མ་ཟད།གྲངས་ཉུང་མི་རིགས་ཀྱིས་རྒྱ་སྐད་སློབ་པ་ལའང་ཕན་ཆེན་པོ་ཐོགས་སོང་། ང་ཚོས་ཀྱང་ཡིག་སྐད་གཞི་རུ་བཟུང་ནས་ཡུལ་སྐད་ཀྱི་ཁྱད་པར་མེད་པར་གཏོང་ཐབས་བྱ་དགོས་སོ།།

སྤྱིར་མིང་མཐའ་མི་གཅིག་པས་དོན་མི་འདྲ་བ་སྟོན་སྲིད་པས་ན།པ་པོ་དང་བ་བོ་གདམ་ང་མེད་པར་གང་རུང་སྦྱར་ན་མི་འགྲིག  དཔེར་ན། ཞིབ་པ་ཞེས་ན་ཁྱད་ཆོས་དང་། ། ཞིམ་པོ་ཞེས་ན་དངོས་པོ་སྟོན།དེ་བཞིན་དུ། བདག་པ་ཞེས་ན་བྱ་བ་དང་། བདག་པོ་ཞེས་ན་དངོས་པོ་སྟོན། ཡང་། རི་བ་ཞེས་ན་བྱ་བ་དང་།རི་བོ་ཞེས་ན་དངོས་པོ་སྟོན། ཆག་པ་ཞེས་ན་བྱ་བ་དང་། ཆག་པོ་ཞེས་ན་དངོས་པོ་སྟོན། ཕྱུག་པ་ཞེས་ན་ཁྱད་ཆོས་དང་།ཕྱུག་པོ་ཞེས་ན་དངོས་པོ་སྟོན། གསུམ་ཞེས་ན་བགྲང་གྲངས་དང་། གསུམ་པ་ཞེས་ན་རིམ་གྲངས། གསུམ་པོ་ཞེས་ན་བསྡོམས་གྲངས།གསུམ་པ་བོ་ཞེས་ན་གནས་གྲངས་སྟོན་པ་ཡིན་ནོ། །

སྨྲས་པ།   

ཁེབས་རྒྱ་ཆོད་ན་ཕྱོགས་ལྷུང་མེད། །

ཞིབ་ཆ་གསལ་ན་ངེས་ཤེས་འདྲོངས། །

ཚད་མར་གྲུབ་པའི་གཞུང་ལུགས་ནི། །

གདམས་པར་ཤར་བའི་ཉམས་ལེན་ཡིན། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།