རོང་པོ་ཞེས་པའི་རུས་རྒྱུད་ལ་ཐོག་མའི་དཔྱད་པ།

【བརྡ་ཆད་གཙོ་བོ།】རོང་པོ། མིའུ་གདོང་དྲུག  བོད།  སྤྱང་།

[ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་རུས་རྒྱུད་རོང་པོ་ཞེས་པ་ལ་བན་བོན་གྱི་ཡིག་ཆ་རྙིང་བ་དང་དེང་གི་ཤེས་ལྡན་པའི་དཔྱད་རྩོམ་དག་ལ་ཁུངས་བཅོལ་ཞིང་རྒྱའི་ཡིག་རྙིང་གིས་ཟུར་བརྒྱན་ཏེ་བྲིས་འདུག                 

གླེང་གཞི།

ལོ་འདི་དག་གི་རིང་ལ་བདག་གིས་སྔ་རབས་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་དེབ་ཐེར།  རྒྱལ་རབས་མང་དག་བཀླགས་པའི་གོ་རིམ་ཁྲོད་རོང་པོ་ཞེས་པའི་རུས་རྒྱུད་འདིའི་སྐོར་མང་པོ་མཐོང་ཐོས་བྱུང་ཡང་དོ་སྣང་ཆེར་མ་བྱས། རེད་དེ་དེང་སྐབས་མི་འགའ་ཤས་ཀྱིས་ཁུངས་ལུང་གང་ཡང་མེད་པར་རོང་པོ་ཞེས་པའི་རུས་རྒྱུད་ལ་གང་བྱུང་གི་གཏམ་མང་པོ་སྒྲོག་གིན་འདུག་པས། མདོ་མཁར་ཚེ་རིང་དབང་རྒྱལ་གྱིས། ལོ་རྒྱུས་མང་པོ་མགྲིན་པ་འདེབས་པའི་འོས་མ་མཆིས་ཀྱང་། རང་གི་རིགས་རུས་སྐྱེ་རྒྱུད་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ། ཞེས་གསུངས་ལྟར་དོན་ངོ་མར་རོང་པོ་ཞེས་པའི་རུས་རྒྱུད་འདི་ནི་ག་འདྲ་ཞིག་ཡིན་པའི་སྐོར་ལ་དཔྱད་གཏམ་ཞིག་སྤེལ་འདོད་སྐྱེས་སོང་།

བོད་ལ་རུས་རྒྱུད་བྱུང་རིམ་ཅུང་ཟད་བཤད་པ།              

དེ་ཡང་འགོས་ལོ་གཞོན་ནུ་དཔལ་གྱིས་བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བ་ཡུལ་དང་མི་ལ་སོགས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པས་གནོད་པ་མེད་དོ།།  ཅེས་གསུངས་པ་བཞིན་བོད་ཅེས་བྱ་བའི་ཡུལ་དང་འདིའི་མི་རིགས་ནི་གནའ་ཆེས་སྔ་མོ་ནས་མདོ་དབུས་མཐོ་སྒང་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་རང་མཚན་པ་ཞིག་ཡིན་པ་སྔོན་བྱོན་འཕགས་བོད་མཁས་གྲུབ་ཀྱི་ལུང་དང་རིགས་པས་རྟོགས་ནུས་པ་མ་ཟད་བོད་མདོ་དབུས་མཐོ་སྒང་གང་ས་ནས་བུད་དང་འབུད་ཀྱིན་པའི་གནའ་བོའི་ཤུལ་རྫས་ཀྱིས་ཀྱང་རང་ཅག་གི་མེས་དབོན་ནི་ལོ་ངོ་ས་ཡ་དུ་མའི་གོང་རོལ་ནས་བྱུང་བར(ཀན་སུ་ཞིང་ཆེན་གྱི་ས་ཁུལ་ཞིག་ན་མི་རུས་ཀྱི་འགྱུར་རྡོ་ཞིག་ཐོན་པ་དེ་ལ་ལོ་ངོ་ས་ཡ་གཉིས་ཀྱི་ལོ་རྒྱུས་ཡོད་པར་གཏན་འབེབས་བྱས་ཡོད་པ་སོགས་མང་།)བདེན་དཔང་གསལ་པོ་བྱེད་མོས་ཡིན། 

དེ་ནི་བོད་ཀྱི་ལོ་རྒྱུས་རྣམས་སུ་སྤྲ་སྤྲིའུ་གཉིས་འདུས་པ་ལས་རིམ་བཞིན་འཕེལ་བའི་བཤད་སྟངས་འདི་ལ་དེང་སང་ཚན་རིག་གིས་ཀྱང་བདེན་དཔང་བྱེད་ཀྱིན་པ་མ་ཟད་སྤྱིར་སའི་གོ་ལའི་ཆགས་གཟུགས་དང་བཙས་རྙིང་བྱུང་པའི་ཤུལ་རྫས་སོགས་ལ་བརྟགས་ནའང་ཟླུམ་གཟུགས་གོ་ལ་འདིའི་སྟེང་ཆེས་ཐོག་མའི་མིའི་རིགས་ཀྱི་མེས་དབོན་ནམ་མིའི་འགྲོ་བ་ཡང་རང་ཅག་གི་བབས་མཐོ་བའི་ཡུལ་གྲུ་འདི་ནས་བྱུང་བར་འདོད་མཁན་ཡོད་དེ།ཀྲུང་གོའི་ནུབ་ལྷོའི་རྫས་རྟོག་ཞིབ་འཇུག་མཁས་པ་ཐུང་ཨིན་ཀྲིན་ན་རེས། “ཀྲུང་གོའི་ནུབ་ལྷོ་སྤྱི་དང་། ཁྱད་པར་དུ་བོད་ལྗོངས་མཐོ་སྒང་དང་དེའི་ཉེ་སའི་ཡུལ་ནི་སྤྲ་དང་མི་རུ་འགྱུར་བའི་གནས་ཤིག་ཡིན་ཤས་ཆེ། བོད་ལྗོངས་སུ་དུས་རབས་གསར་བ་སྟོད་མའི་དུས་མཇུག་གསར་འགྱུར་དུ་དུས་རབས་བར་གྱི་གནའ་བོའི་མིའི་འགྲོ་བའི་རྗེས་ཤུལ་ཡོད་སྲིད་པ་དང། དེའི་ཁུངས་སུ་འགྱུར་རྡོ་དང་འགྱུར་ཆས་ཀྱང་འདུ་བ་ཡིན་”ཞེས་ལྟ་ཚུལ་བཏོན་ཡོད།

དེ་བས་བོད་ཡུལ་འདི་ནི་དང་ཐོག་ཆུས་གང་ཞིང་དེ་ཉིད་རིམ་བཞིན་ཆུ་བྲི་བ་དང་བསྟུན་ཏེ་མིའི་འགྲོ་བ་བྱུང་བ་ནི་《དེབ་ཐེར་མཁས་དགའ་》ལས། ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། ། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། ། ནགས་ན་རི་དྭགས་ལྟར་དུ་གནས་པ་ཡིན། ། ཞེས་གསུང་པ་བཞིན་སྤྲ་སྤྲིའུ་གཉིད་བཤོས་པའི་རྒྱུད་པ་རིམ་གྱིས་ཇེ་མང་དུ་སོང་བ་ན་སོ་སོའི་འཚོ་བ་དང་མངའ་ཁུངས་ལ་དཀའ་ཁག་འདྲ་མིན་ཕྲད་པས་སྤྲིའུ་རྒན་གྱིས་ནགས་མ་བྱ་ཚོགས་ཅན་ཞེས་བྱ་བའི་གནས་ཡན་ག་བ་ཞིག་ཏུ་རང་གི་བུ་ཕྲུག་རྣམས་བསྐྱལ་ཞེས་བཤད་རྒྱུན་ཡོད་པ་ཡིས་སྐབས་དེའི་གདོད་མིའི་སྤྱི་ཚོསག་གནས་བབས་ཤིག་རྟོགས་ནུས་པར་བྱས་ཡོད།

དེ་དག་སྤྲ་ལས་མིའི་རྣམ་པར་གྱུར་དང་འགྱུར་གྱིན་སོ་སོའི་སེམས་ཀྱི་འཆར་སྒོ་ཡང་ཇེ་རྒྱས་སུ་སོང་བ་དང་བསྟུན་ནས་རང་བྱུང་ཁམས་ཀྱི་སེམས་ཅན་རྣམས་གཅིག་གིས་གཅིག་ལ་བཙན་གཉོམ་གྱིས་ནང་ཕན་ཚུན་འཐབ་རྩོད་དང་འཚོ་བའི་སླད་དུ་རི་དྭགས་རྔོན་པ་སོགས་ཀྱི་ལས་ལ་ཞུགས་པ་གང་གི་སྐབས་ཀྱང་དཔུང་སྡེའི་ཁྱུ་བསྒྲིགས་ན་དགེ་མཚན་ཆེ་བར་མཐོང་སྟེ། ཁྱུ་ཚོགས་མང་དུ་གྱེས་ཏེ་དུས་ཡུན་གང་མཚམས་འགོར་བར་རིམ་གྱིས་སྡེ་བ་དང་ཚོ་ཤོག་གི་ལམ་ལུགས་ལྟ་བུ་ཞིག་བྱུང་ཡོད་ངེས་ཅན་རེད།《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། བོད་མི་ཁྲི་དོ་ཆེན་པོ་བྱ་བ་ལ། བུ་དྲུག་བྱུང་བ་ནི། དབྲའ་འགྲུ་ལྡོང་གསུམ་ལྒ་དང་བཞི། ནུ་བོ་དབས་བརྡའ་གཉིས་དང་དྲུག ཅེས་པའི་ལུང་ཚིག་འདིའི་ཐོག་ནས་སྐབས་དེར་དངོས་སུ་ཕ་གཅིག་པ་ཞིག་ལས་སྐྱེས་མིན་ཁ་ཚོད་གཅོད་མི་སྤོབས་ཀྱང་ཡར་དེད་ན་ཕ་སྤྲེའུ་དང་མ་བྲག་སྲེན་མོ་ལ་ཐུག་པས་དེ་ལྟར་བཀོད་པ་མིན་ནམ་སྙམ་ཞིང་ཕུགས་བཅད་ན་འགལ་བ་ཆེར་མེད་ལ། བཤད་སྟངས་འདི་ལས་གོང་ནས་ཞུས་པ་བཞིན་དང་ཐོག་ཐམས་ཅད་གནས་གཅིག་ཏུ་འཚོ་བ་རོལ་བའི་རིགས་ཤིག་ཡིན་མོད། དེ་ནས་རིམ་གྱིས་རི་བྲག་གི་གནས་སོ་སོར་གྱེས་ནས་འཚོ་བ་རོལ་བའི་ལུང་ཞིག་ཆགས་ཡོད་པར་ཤེས་ནུས་ཤིང་། དེའི་ཁྲོད་ས་དང་མི། བྱ་བ། དཔུང་སྡེ་ཅི་རིགས་དང་། ཡང་ན་གནའ་སྔ་མོར་མི་རྣམས་ཀྱིས་སྲོག་ཆགས་གཞན་ཞིག་བླ་རུ་བསྐུལ་ཏེ་ཕྱིས་སུ་བླ་ཟོག་དེ་ཉིད་རང་གི་རུས་བླ་རུ་གྱུར་བ་ཡང་ཡོད་པས་གང་ལྟར་དེ་ལྟ་བུའི་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སོ་སོའི་ཚོ་བ་དང་དེའི་མི་རྒྱུད་ལ་འདོད་རྒྱལ་དང་རྗེས་གྲུབ་གང་རུང་གི་སྒོ་ནས་ངོས་འཛིན་སླ་བའམ་དབྱེ་འབྱེད་བྱེད་སླ་བའི་ཆེད་དུ་མིང་བྱུང་ཞིང་དེ་ཉིད་རིམ་གྱིས་ཚོ་ཁག་སྤྱི་དང་ཕྱིས་བྱུང་རྒྱུད་པ་ཐམས་ཅད་ལ་མིང་དེའི་སྟེང་ནས་འབོད་པའི་སྲོལ་དར་ཏེ་དེ་ཉིད་རུས་སུ་གྱུར་བ་ནི་གདོན་མི་ཟའོ།།དེ་དུས་ཀྱི་ཚོ་ཤོག་ཆེན་པོ་དྲུག་གམ་རུས་ཆེན་དྲུག་ནི།    སྭེ།       རྨུ། ལྡོང་། སྟོང་། དབྲ། འབྲུ་དྲུག་ཏུ་གྲགས་ཤིང་། དེ་དག་ཀྱང་དོན་ལ་སྐབས་དེའི་མི་རྒྱུད་ཚོ་ཁག་སོ་སོའི་མིང་ཡིན་དགོས། འདི་དྲུག་ཡང་ཐོག་མར་གཅིག་གི་གཅིག་ལ་ཤ་ཁྲག་ཁོ་ནའི་པའི་འབྲེལ་བ་ཡོད་མེད་ཀྱིས་བཏགས་པ་ཞིག་མ་ཡིན་པར་ཚོ་ཤོག་རང་རང་གི་མི་ག་གེ་མོ་དང་། གནས་སྡོད་ཀྱི་ཡུལ། གཉེར་བྱའི་ལས་རིགས་སོགས་ལ་རྒྱུ་བྱས་ཏེ་རིམ་གྱིས་ཚོ་ཤོག་སྤྱི་དང་དེའི་རྒྱུད་པ་དང་བཅས་པ་ལ་འབོད་སྲོལ་དེ་བྱུང་ཡོད་པ་སྔོན་རྒྱ་བཟའ་བོད་ལ་གདན་འདྲེན་པའི་སྐབས་རྒྱ་འགའ་ཤས་བོད་ལ་གཏན་སྡོད་བྱས་ཤིང་། ཕྱིས་སུ་དེ་དག་གི་རིགས་རྒྱུད་ནི་དེང་སྐབས་བོད་ལ་“རྒྱ་”ཞེས་པའི་རུས་ཡོད་པ་འདི་ཉིད་ཡིན་པར་ངོས་འཛིན་གྱིན་ཡོད་ལ། ཡང་གནའ་སྔ་མོ་བུ་སྤུན་གཉིས་ཡོད་ཚེ་དེ་ལ་སྦྲ་ཆེ་ཆུང་ཞེས་ཕ་ཤུལ་གྱི་གཞིས་དངོས་འཛིན་མཁན་ལ་ཆེ་བ་དང་དེ་མིན་ལ་ཆུ་བ་ཞེས་འབོད་པའི་སྲོལ་ཡོད། རྗེས་སུ་ཕ་གཞིས་འཛིན་པའི་མི་རྒྱུད་ལ་སྦྲ་ཆེན་དང་། བུ་སྤུན་ཆུང་བ་ལ་སྦྲ་ཆུང་ཞེས་སྦྲ་ཆེ་ཆུང་ཟེར་བ་ཡང་རུས་རྒྱུད་གཉིས་ལ་འགྱུར་བ་ཡང་ཡོད་པས་ཤེས་ཐུབ། དེ་བས་རུས་ཞེས་པ་ནི་སླ་བར་བྱས་ཏེ་བཤད་ན་དངོས་པོ་ཞིག་ཡིན་ཚེ་ཁྱད་པར་འགེལ་བྱེད་ཡིན་ལ། དགེ་མཚན་གྱི་ཆ་ནས་བཤད་ན་ནི་ཁྱད་པར་འགེལ་བྱེད་ཙམ་མ་ཚད་ཕྱོགས་མང་པོའི་ཆ་ནས་བཤད་རྒྱུ་ཡོད་ཀྱང་འདིར་མང་དྲགས་ན་སྐབས་དོན་བོར་བའི་སྐྱོ་འབྱུང་བར་སྙམ་སྟེ་མ་བྲིས།

དེ་བས་སྐབས་འདི་ཙམ་ནས་བོད་ལ་རུས་ཞེས་པ་འདི་ཉིད་སྒེར་ཚུགས་རང་བཞིན་ལྡན་པ་ཞིག་གྲུབ་མེད་ཀྱང་དོན་ལ་རུས་ཞེས་པ་འདི་ཉིད་ཁ་བ་གངས་ཅན་གྱི་ལྗོངས་སུ་གཏན་འཇགས་ཅན་ཞིག་དར་འགོ་ཚུགས་ཡོད། དེ་ནས་རིམ་གྱིས་དེ་དག་ལས་རིགས་རྒྱུད་མང་དུ་འཕེལ་བ་དང་བསྟུན་ནས་རུས་རིགས་མང་དུ་བྱུང་པ། 《སྡེ་དགེ་རྒྱལ་པོའི་ལོ་རྒྱུས་》ལས།  བོད་ཁམས་ཡོངས་ཀྱི་འགྲོ་བ་འདི་དག་ཀུན། །སྒ་འབྲུ་སྦ་གདོང་བཞི་ལས་ཆད་མོད་ཀྱང་། །ཞེས་གསུང་པ་བཞིན་རུས་ཚན་ནམ་སྡེ་ཁག་འདི་དྲུག་ལས་བྱེ་བྲག་མང་པོ་འཕེལ་ཏེ་ད་ལྟའི་བོད་ཀྱི་རུས་ཀྱི་རྣམ་པ་ཆ་ཚང་ཞིང་རྣམ་གྲངས་ནང་བ་ཞིག་གྲུབ་པ་ཡིན་ནོ།།  

དེ་ལྟ་བུ་རུས་ཞེས་པ་འདི་ཉིད་རྒྱ་ཁྱབ་ཏུ་འགྲོ་བ་ལའང་རྒྱུ་མཚན་ངེས་ཅན་ཞིག་ཡོད་དེ། གནའ་བོའི་མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་རུས་བཟང་ངན་དང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འཐུག་མིན་ཐོག་ནས་མཐོ་རྗེ་བོ་དང་བློན་པོ། ལས་རིགས་ཙག་ཙིག་ཚུན་ཆད་ཀྱི་གོ་ས་མཐོ་དམའ་མཐའ་དག་སྤྲོད་སྲོལ་ཡོད། 

རང་རེའི་མི་རིགས་ཀྱང་དེ་ལས་མ་འདས། རང་རེའི་རུས་ཀྱི་མེས་དབོན་དུ་གྲགས་པའི་གདུང་དྲུག་ཅེས་པ་ནི་བོད་ཀྱི་རུས་ལ་སྔ་བ་ཡིན་པ་ལ་སོམ་ཉི་མི་དགོས་ཀྱང་རུས་ཚན་དེ་དག་འདྲེན་ཚུལ་དང་ཡིག་གཟུགས་འབྲི་སྟངས་ལ་བོད་སྔ་རབས་པ་རྣམས་སུ་མི་མཐུན་པ་རེ་འགའ་བྱུང་ཡོད། 《རྒྱ་བོད་ཡིག་ཚང་ཆེན་མོ་》ལྟར་ན། སྟོང་དང་། ལྡོང་དང་། སེ་དང་། རྨུ་རྐམས་ཏེ། འདི་བཞི་ལས་བོད་མི་ཕལ་མོ་ཆེ་བྱུང་བར་གསུངས། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། སྭེ་དང་། རྨུ་དང་། ལྡོང་དང་། སྟོང་གི་རིགས་བཞི་བྱུང་བར་གྲག་ཅིང་ཞེས་དང་། 《སྡེ་སྲིད་ཀྱི་གཡའ་སེལ་》ལས། སྭེ། རྨུ། ལྡོང་། སྟོང་། དབྲ། འབྲུ་ཞེས་དྲངས་ཡོད་།   《སྡེ་དགེའི་རྒྱལ་པོའི་ལོ་རྒྱུས》་ལས།  བོད་ཆེན་ཡོངས་ཀྱི་འགྲོ་བ་འདི་དག་ཀུན། །སྒ་འབྲུ་སྦྲ་གདོང་བཞི་ལས་ཆད་མོད་ཀྱང་། །ཞེས་དྲངས་ཡོད། འདི་དག་སྔོན་གྱི་ལོ་རྒྱུས་ཡིག་ཆ་དང་རྣམ་ཐར་སོགས་གང་གི་སྐབས་ཀྱང་ཡི་གེ་འབྲི་སྟངས་ལ་གཅིག་གྱུར་མ་བྱུང་བའི་ཆ་ཡོད། དེ་དག་ཅིའི་ཕྱིར་གཅིག་གྱུར་ཞིག་མ་བྱུང་བ་རེད་ཅེ་ན་གཅིག་ནས་བོད་རྒྱལ་སྲོང་བཙན་ཡན་ལ་བོད་རང་སྐད་ཇི་བཞིན་མཚོན་ཐུབ་པའི་ཡི་གེ་མེད་པས་ཕྱིས་སུ་ཡུལ་ལུང་སོ་སོའི་མཁས་པས་རང་གི་ཡུལ་སྡེའི་ངག་རྒྱུན་བཞིན་བྲིས་པས་གཅིག་གྱུར་མ་བྱུང་ཞིང་།མ་ཟད་སྔོན་བོད་ལ་མིང་བརྡ་འདི་དང་འདི་ཞེས་བཀས་བཅད་བརྟན་ཚུགས་པ་ཞིག་བྱུང་ཐུབ་མེད་པས་དེ་ལའང་འབྲེལ་བ་ཡོད་ངེས། འདི་ལ་ངོས་གཞན་ཞིག་ནས་བལྟས་ཚེ་གནའ་སྔ་མོར་བོད་ཀྱི་རུས་ཤིག་ཡིན་ཚེ་བཞིའམ་དྲུག་གི་ནང་དུ་འདུ་དགོས་པའི་ངེས་པའང་ཆེར་མེད་པར་དེ་མིན་གྱི་རུས་ཀྱི་མིང་ཞིག་ཐོན་པ་ཙམ་གྱིས་བོད་ཀྱི་རུས་མ་ཡིན་པའམ་ཡང་ན་དེ་དག་གང་རུང་ནང་དུ་བསྡུ་དགོས་པའི་ངེས་པའང་ཆེར་མེད་པར་སྙམ། 

བོད་ཀྱི་ཆོས་དང་རིག་གནས་ལ་བཀའ་དྲིན་བླ་ན་མ་མཆིས་པའི་དམུ་དགེ་བསམ་གཏན་མཆོག་གི་《ལོ་རྒྱུས་ཀུན་དགའི་མེ་ལོང་》ལས། རུས་ཆེན་བཞི་ནི། སྟོང་དང་སྒ་གཉིས་གཅིག་ཏུ་བྱས་ཏེ་སྒ་ཞེས་པ་དང་། སྭེ་དང་སྦྲ་གཉིས་ཡང་གཅིག་ཏུ་བྱས་ཏེ་སྦྲ་ཞེས་གཅིག་ཏུ་འདྲེན་པ་ཡིན་ལ། དེ་ལྟར་བྱས་ཚེ་རུས་ཆེན་བཞི་ནི། སྒ་འབྲུ་སྦྲ་གདོང་བཞིའམ། སྒ་འབྲུ་སྦྲ་ལྡོང་བཞི་ཞེས་འདྲེན་པར་ཡིན་སྣང་ཞེས་གསུང་ཡོད། མདོར་ན་བོད་གངས་ཅན་གྱི་རུས་ཀྱི་མེས་པོ་ཐོག་མར་མིའུ་གདོང་དྲུག་བྱུང་བ་ནས་བཟུང་ཆུ་བཞི་སྒང་དྲུག་གི་ཡུལ་འདིར་རུས་འདྲ་མིན་མང་པོ་གྱེས་ཤིང་དེ་དག་ལ་རིམ་བཞིན་སྔོན་གྱི་དུས་སུ་ཚོ་བ་དང་ཡུལ་སྡེའི་ཁྱད་པར་བཀར་བྱེད་ཙམ་མ་ཡིན་པར་རང་རང་ལ་ལས་རིགས་དང་བྱེད་ནུས་སོགས་ཀྱིས་གཞི་བཟུང་པའི་རུས་སྒེར་ཚུགས་ཅན་ཞིག་དར་ང་ཡིན། 

བོད་ཀྱི་རུས་ཕལ་མོ་ཆེ་ནི་ཡར་དེད་ན་ཆུ་མགོ་གངས་ལ་ཐུག་པ་བཞིན་མིའུ་གདོང་དྲུག་ལ་ཏན་ཏན་གྱིས་འདབས་འདྲིས་སུ་གྱུར་ཡོད་ངེས། འོ་ན་བོད་ཀྱི་རུས་ཤིག་ཡིན་པ་ཐམས་ཅད་མིའུ་གདུང་དྲུག་ལྟ་བུའི་ཁྱད་ཆོས་དང་་ཡུན་རིང་གི་ལོ་རྒྱུས་ལྡན་ནམ་ཞེ་ན་དེ་ཡང་མིན། དེ་བས་བོད་ཀྱི་རུས་མཐའ་དག་ལ་གང་ཟག་སྒེར་བ་སོ་སོ་དང་མི་རིགས་སྤྱི་ཡོངས་ཀྱི་ཆ་ནས་དེ་ཉིད་ཀྱི་ལོ་རྒྱུས་འབྲི་བའང་ཞིབ་འཇུག་སོགས་བྱས་ན་རིན་ཐང་ཡོད་མོད། རུས་ཁོ་རང་གི་ངོས་ཐད་ནས་ཁ་བ་གངས་ཅན་གྱི་ལྗོངས་འདིར་བཞག་པའི་འབུར་ཐོན་གྱི་བྱས་རྗེ་ཅན་ཉུང་། དེ་བས་སྐབས་སུ་བབས་པའི་གླེང་བྱ་རོང་པོ་ཞེས་པའི་རུས་ཚན་འདི་ཉིད་ལ་ཆ་མཚོན་ན་བོད་མི་སྤྱི་དམངས་ལྟ་ཅི་ཤེས་ལྡན་པའི་ཁྲོད་དུའང་འདིས་ཁ་བ་གངས་ཅན་པའི་ལྗོངས་འདིར་འདས་པའི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བཞག་པའི་ལོ་རྒྱུས་རྟོགས་མཁན་ནི་ཉི་མོའི་སྐར་མ་ལྟ་བུ་ལས་མ་འདས། རུས་ཁོ་རང་གི་ངོས་ནས་བལྟས་ཚེ་ནི་བོད་མི་རྣམས་ཀྱིས་འདས་པའི་ལོ་རྒྱུས་ཁྲོད་ངོམ་སོ་བྱེད་རིགས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། འདི་ཡང་མི་རིགས་རང་གི་ངོས་ཐད་ནས་དེ་ལྟར་ཡིན་པ་མ་ཟད་རྒྱའི་ལོ་རྒྱུས་རྙིང་པ་རྣམས་ཀྱི་ཁྲོད་ནའང་ཆེ་མཐོང་དང་རྩི་འཇོག་ཆེན་པོ་བྱས་འདུག

དེ་བས་བདག་གིས་ཁུངས་མེད་ཀྱི་བྱེ་མཁར་དང་རང་གི་ཞེ་འདོད་ཙམ་བབ་ཅོལ་སྨྲ་རྒྱུ་མ་ཡིན་པར་འོག་ནས་ཁུངས་ལྡན་ལོ་རྒྱུས་ཡིག་ཆ་ལ་གཞི་བཅོས་ཏེ་ཅུང་ཟད་བྲི་རྒྱུ་ཡིན།

རོང་པོ་ཞེས་པའི་བརྡ་ཆད་འབོད་སྟངས་དང་རོང་པོ་ཞེས་པ་བོད་ཀྱི་ཡིག་རྙིང་ཁྲོད་དུ་བྱུང་མིན།

རོང་པོ་ཞེས་པའི་རུས་ཚན་འདི་ཉིད་དེང་སྐབས་འགའ་རེས་ལུང་རིགས་དང་ཡིག་ཆ་གང་གིས་ཀྱང་རྒྱབ་བསྟེན་མེད་པར། བཅོས་སྒྱུར་སྒོ་བཞི་རྗེས་སུ་སའི་བབས་དམའ་སའི་རོང་ས་ནས་མིང་སྲིང་གཉིས་ཡོང་ཞིང་།རྗེས་སུ་བུ་མོའི་རྒྱུད་པ་ལ་རོང་མོ་དང་བུའི་རྒྱུད་ལ་རོང་པོ་ཞེས་བོས་པ་ལ་བརྟེན་ནས་རོང་པོ་རོང་མོ་ཞེས་པའི་རུས་གཉིས་བྱུང་ཞིང་། ཕུགས་བཅད་ན་ནི་འདི་གཉིས་རུས་གཅིག་ཏུ་བབ་ཅོལ་སྨྲ་མཁན་ཡོད་ཀྱང་།དེ་ནི་བབ་ཅོལ་མཁན་པོ་རྣམས་ཀྱིས་རང་གི་དམིམས་ཡུལ་གཞན་ཞིག་བཟུང་སྟེ་འབྲོག་པ་དམངས་ཚོགས་རྣམས་མགོ་སྐོར་གཏོང་བྱེད་ལས་དངོས་གནས་དགོད་བྲོ་བའི་གཏམ་ཞིག་རེད། བུ་མོའི་རྒྱུད་པ་ལ་རོང་མོ་ཞེས་པའི་རུས་ཞིག་བྱུང་ཐབས་མེད་དེ་གལ་སྲིད་དེ་ལྟར་རྒྱུན་འབྱམས་སུ་འགྲོ་དགོས་ན་བུ་མོ་དེ་དག་ནི་སྐྱེས་པ་ལ་མ་བརྟེན་པའི་སྒོ་ནས་བུ་སྐྱེས་པའི་སྐྱོན་དུ་འགྲོ། མ་གཏོགས་བུ་མོའི་རུས་ནི་མི་རབས་གསུམ་ཙམ་གྱི་རྗེས་སུ་ཤུལ་མེད་དུའགྲོ་བ་ནི་ཕ་རྒྱུད་རུས་རྒྱུད་ལམ་ལུགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ།།

ཡང་འགའ་རེས་རོང་པོ་ནི་རོང་མོའི་བྱེ་བྲག་ཅིག་ཡིན་པར་གླེང་མཁན་རེ་འགའ་འདུག་ཀྱང་དྲང་མོ་བཤད་ན་དེ་ནི་མ་ཁུངས་བུ་ལ་དེད་པའི་རིག་པ་དང་ཀུན་ནས་མཚུངས་ཏེ། རོང་མོ་ཞེས་པ་ནི་དེང་སྐབས་མང་དག་ཅིག་ཡོད་པ་བདེན་ཡང་། སྔོན་གྱི་ཡིག་རྙིང་ལས་རླངས་ཀྱི་པོ་ཏི་བསེ་རུ་ནང་དུ་རོང་མོ་ཞེས་པ་ཞིག་ཡོད་ཀྱང་གཞན་བོད་ཀྱི་རུས་མཛོད་དང་རྒྱ་རབས་སོགས་གང་གི་སྐབས་ཀྱང་བཙལ་ཡང་མི་རྙེད་པས་དེ་ཡང་རོང་པོའི་ཕྱོགས་ཀྱི་མི་ཞིག་ལ་རོང་མོ་ཞེས་བརྡ་སྦྱར་བ་ཡིན་ན་མ་གཏོགས་རོང་པོ་ནི་ནམ་ཡང་དེ་དག་དང་གཅིག་ཁུངས་གཅིག་ཏུ་གྱུར་བའི་སྐལ་བ་ད་སྔོན་བྱུང་མྱོང་མེད་ལ་མ་འོངས་པ་ཡང་འབྱུང་མི་སྲིད།

འོ་ན་དོན་ངོ་མར་རོང་པོ་ཞེས་པའི་རུས་ཚན་ནི་ང་ཚོས་ངོས་ཅི་ལྟར་བཟུང་ན་འགྲིག་ཅེ་ན་རུས་ཚན་འདི་ནི་ཆེས་གནའ་སྔ་མོ་ནས་ཡོད་པའི་བོད་ཀྱི་རུས་ཤིག་ཡིན་པ་མ་ཟད་རུས་རྒྱུད་འདིས་དགྲ་སྡེ་ཆམ་ལ་ཕབས་ཤིང་ནང་གི་ཁོད་སྙོམས་པའི་སྐོར་རྒྱ་བོད་ཀྱི་ཡིག་ཆ་རྙིང་པ་ལས་མཐོང་ཐུབ་ཀྱི་འདུག རུས་ཚན་འདི་ལ་འབོད་སྟངས་ཀྱི་ཆ་ལ་རོང་པོ་དང་། རོང་བོ། རོང་ཧོ་ཞེས་འབོད་ཚུལ་འདྲ་མིན་འགའ་རེ་མཆིས། རོང་བོ་ཞེས་པ་ནི་སྐབས་རེ་རོང་བོ་དགོན་ཆེན་ལྟ་བུ་དགོན་པ་དང་ས་མིང་ལའང་གོ་ཚུལ་ཡོད་པས་ས་གནས་དེའི་མི་རྣམས་ཀྱི་རོང་པོ་ཞེས་པའི་རུས་ལ་རོང་བོ་ཞེས་བརྗོད། མ་གཞི་ཨ་མདོ་སྐད་ལ་པོ་སྒྲ་མང་ཤོས་བོ་རུ་བཀླག་པས་འདིའི་སྐབས་ཀྱི་རོང་བོ་ཞེས་པའང་རོང་པོ་དང་འབྲེལ་བ་མེད་པ་ཞིག་གི་སྨྲ་མི་སྤོབས། ཁམས་ཕྱོགས་ཀྱི་མི་རྣམས་ཀྱིས་ནི་ངག་ནས་བརྗོད་པའི་ཚེ་རོང་པོ་ལ་རོང་ཧོ་ཞེས་འབོད་ཀྱིན་འདུག དེ་ནི་ཁམས་མི་རྣམས་ཀྱིས་རྣམ་པ་ཀུན་ཏུ་པོ་སྒྲ་ལ་ཧོ་ཞེས་འབོད་པ་ཧ་ཅང་མང་། དཔེར་ན་སེར་པོ་ལ་སེར་ཧོ་དང་། དམར་པོ་ལ་དམར་ཧོ། གཙང་པ་ཞེས་པའི་རུས་ལ་གཙོང་ཧ། དཀར་པོ་ལ་དཀར་ཧོ་ཞེས་ངག་ནས་བརྗོད་ཚེ་པོ་སྒྲ་མཐའ་དག་ཧོ་རུ་འབོད་པས་རོང་པོ་ཞེས་པའི་རུས་ལ་ཡང་རོང་ཧོ་ཞེས་བརྗོད་ཀྱང་དོན་ལ་རོང་པོ་ལས་མ་འདས་པ་ནི་གོ་བ་སླ་བར་འདྲོང་ནུས་ཀྱི་འདུག

འོ་ན་རོང་པོ་ཞེས་པའི་རུས་ཚན་འདི་ནི་བོད་ཀྱི་ཡིག་རྙིང་ཁྲོད་དུ་ཅི་ལྟར་འབྱུང་ཞེ་ན།《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། སེ་ཁྱུང་དབྲའི་གྱེ་བྲག་ཆེ་དྲུག་དང་བཙུན་དྲུག །སོགས་ཀྱི་ནང་གི་ཆེ་དྲུག་གི་ཁུངས་སུ་འདུ་སྟེ། ཁྲི་ཟམ་འབྲུའི་ཆེ་དྲུག་ནི།  །ཤར་ན་ཀྱི་དང་རོང་པོ་གཉིས། །ལྷོ་ན་བྷེ་དང་རི་ཐོ་གཉིས། །སྨད་ན་འབྲོམ་དང་ངོ་ཀྲོ་གཉིས། །ཞེས་རོང་པོ་ནི་སའི་སྡོད་གནས་ཀྱི་དབང་བྱས་ན་གཙོ་བོ་ཤར་ཕྱོགས་སུ་གནས་འཆའ་བའི་རིགས་སུ་བཤད་ཡོད། ཡང་སྐབས་འགར་ཨ་ལྕག་འབྲིའི་རྒྱུད་པའི་བྱེ་བྲག་ཏུ་དྲངས་པའང་ཡོད། 《བོད་ཀྱི་གནའ་རབས་ལོ་རྒྱུས།》ལས། ཨ་ལྕག་འབྲུའི་རྒྱུད་པ་ལས་རོང་པའི་སྡེ་ཚོ་ནི་དགུང་དང་ཉི་ཟླ་མཉམ་འགྲོགས། ཆབ་དང་ཆུ་བོ་མཉམ་འབབ། ལུས་དང་གྲིབ་མ་མཉམ་འབྲེལ་ཡིན་ཞེས་གསལ་བས་རོང་པོ་ནི་ཨ་ལྕག་འབྲིའི་རུས་ཚན་ལའང་འབྲེལ་འདྲིས་བྱུང་མྱོང་བ་མ་ཟད་དཔའ་སྤོབས་དབང་ཐང་། རྒྱུ་ཟས་ལོངས་སྤྱོད་གང་གི་ཆ་ནས་ཀྱང་གཞན་དྲིང་མི་འཇོག་པའི་རུས་ཤིག་ཏུ་ངོས་བཟུང་བྱས་འདུག ལུང་ཚིག་འདི་གཉིས་ཀྱིས་ཀྱང་རོང་པོ་ཞེས་པའི་རུས་རྒྱུན་འདི་ནི་བོད་ཀྱི་མིའུ་གདོང་དྲུག་དང་མཉམ་དུ་བྱུང་བར་བྱས་ཀྱང་ལུང་དང་རིག་པ་སོགས་ཀྱི་གནོད་པ་འབབ་མི་སྲིད། སྤྱིར་ཨ་ལྕག་འབྲུ་དང་དབྲ་གཉིས་ནི་རུས་ཚན་གཉིས་ཡིན་ཡང་། དོན་ལ་རོང་པོ་ཞེས་པ་འདི་ཉིད་ཐོག་མར་དབྲ་ལས་ཆད་ཅིང་། ཕྱིས་སུ་འབྲུའི་རྒྱུད་པ་ལའང་འབྲེལ་འདྲིས་བྱུང་སྟེ་རུས་ཚན་དེའི་གོ་ས་མི་དམན་པའང་བཟུང་ཡོད་པ་རྟོགས་ཐུབ་པར་སྙམ།

ཡང་བོན་གྱི་ཡིག་ཆའི་ཁྲོད་དུ་རུས་ཚན་འདིའི་ལོ་རྒྱུས་འཁོད་ཡོད། རླངས་ཀྱི་པོ་ཏི་སེ་རུ་རྒྱས་པའི་ནང་དུའང་རོང་པོ་ཞེས་པ་འདི་ཉིད་གདོད་མ་ནས་ཡོད་པ་མ་ཟད་བག་མ་གཏོང་ལེན་བྱས་པའི་ལོ་རྒྱུས་ཀྱང་འཁོད་དེ། བསེའུ་རྒྱལ་པོས་བཅུར་ཟ་འཁྱིམ་སྤོ་མ་ཁབ་ཏུ་བཤེས་པའི་སྲས། ཡེ་ཕུད། ཡེ་ཕན། ཡེ་འཁྲི་དང་མཆེད་གསུམ། བུ་མོ་ཡེ་ལྕམ་རོང་པོ་ལ་བྱིན་པས་རོང་པོ་མི་ཁྲི་རྟ་འབུམ་འཕེལ་ལོ། །ཞེས་གསལ་པས་རོང་པོ་ཞེས་པའི་རུས་ཚན་འདི་ཉིད་གནའ་སྔ་མོའི་དུས་སུ་ཡོད་པ་ཙམ་ཟད་སྐབས་དེའི་སྤྱི་ཚོགས་ཁྲོད་ཤེས་འཇོན་གང་ཅིའི་ཐད་ནས་གོ་གནས་ངེས་ཅན་བཟུང་ཡོད་པའི་རིགས་ཤིག་ཏུ་བསྟན་འདུག     བོན་གྱི་ཡིག་རྙིང་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས། ཕྱིས་བྱོན་བོན་པོའི་གྲུབ་ཐོབ་བརྒྱད་བཅུའི་སྤྲུལ་པ་བསྟན་པའི་སྐབས་སུ།། རྒྱལ་གཟིག་གསས་ཆུང་སྤྲུལ་པ་ནི། རོང་པོའི་དཔོན་རྣམས་བྱ་བ་འབྱུང་། འཇིག་རྟེན་སྒྱུ་མར་རྟོགས་ནས་ནི། །གཞིའི་དོན་རྟོགས་འགྲོ་བ་དཔག་མེད་འདྲེན། །ཞེས་གསུངས་པས། བོན་གྱི་གྲུབ་ཐོབ་རྒྱལ་གཟིག་གསས་ཆུང་གི་སྤྲུལ་པར་རོང་པོའི་དཔོན་རྣམས་འབྱོན་ཞིང་། དེས་འཇིག་རྟེན་གྱི་གནས་ལུགས་སམ་གཤིས་ལུགས་ཚུལ་བཞིན་རྟོགས་ཏེ་འགྲོ་བ་དཔག་མེད་འདྲེན་པར་གསུངས་ཡོད། སྐད་ཆ་འདི་ལ་ནི་ཅིས་ཀྱང་ཡིད་རྟོན་འཕེལ་པའི་གཏམ་ཞིག་ཏུ་མཐོང་སྟེ། བོད་གནའ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་དང་དད་མོས། རུས་རྒྱུད་སོགས་གང་གི་སྐབས་ཀྱང་བོན་པོ་མ་གླེང་ཐབས་མེད་དུ་གྱུར་ཡོད། དེ་བས་བོན་གྱི་ཡིན་ཆའི་ཁྲོད་དུ་འཁོད་པ་འདིས་བོད་གནའ་རབས་ཀྱི་གདོད་མིའི་རུས་ཤིག་ཡིན་པའི་རྟགས་མཚན་ངོ་མ་མངོན་པ་མ་ཟད་སྐྱེས་བུ་དམ་པའི་ལུང་གིས་ཀྱང་ཟིན་པའི་རུས་ཤིག་ཏུ་བསྟན་པ་འདིས་ནི་དེ་ལས་ཀྱང་སྤྱིར་བཏང་གི་བཤད་སྒྲོས་དང་རིགས་པ་ཙམ་གྱི་རྒྱ་ལས་ནི་གྲོལ་བའི་གདམས་པ་ཞིག་ཡིན་ངེས།དེ་བས་ཡིག་ཆ་འདི་དག་གི་ཁྲོད་ནས་ང་ཚོའི་རྒྱུད་ལ་རོང་པོ་ཞེས་པའི་རུས་ཚན་འདི་ནི་ཉེ་རབས་ཡུལ་ལུང་བྱེ་བྲག་པ་ཞིག་ལ་རྐྱེན་བྱས་ཏེ་ཐོགས་པ་ཞིག་གམ་ཡང་ན་རོང་མོ་ཞེས་པའི་རུས་རྒྱུད་ལས་ཟུར་ཆགས་པ་ཞིག་མིན་པ་གསལ་པོ་ཤེས་པའི་ཞར་ལ་རུས་རྒྱུད་འདི་ནི་གདོད་མ་ནས་ཁ་བ་གངས་ཅན་གྱི་ཁྲོད་དར་རྒྱས་ཡོང་པའི་རུས་རྒྱུད་རང་མཚན་པ་ཞིག་ཡིན་པ་སྔོན་བྱོན་མཁས་པའི་གསུང་རྩོམ་གྱིས་ར་སྤྲོད་གསལ་པོ་འཕྲོད་ཀྱིན་འདུག དེང་སང་ལོ་རྒྱུས་དཔྱད་བརྗོད་པ་འགའ་ཤས་ཀྱིས་རང་རེའི་ལོ་རྒྱུས་ཁྲོད་དུ་འཁོད་པའི་རོང་པོའི་རུས་ཚན་དང་མི་རིགས་གཞན་གྱི་ལོ་རྒྱུས་ཁྲོད་དུ་འཁོད་པ་སྐོར་གཉིས་ལ་ཞིབ་བསྡུར་བྱས་ཏེ་རུས་ཚན་འདི་ནི་མིའུ་གདོང་དྲུག་གི་གོང་ནས་བྱུང་བར་བཤད་མཁན་འདུག་ཀྱང་ཁོ་བོས་ནི་བོད་ཀྱི་སྔོན་བྱོན་ལོ་རྒྱུས་མཁས་ཅན་རྣམས་ཀྱི་གསུང་ལ་ཚད་མ་བཞག་སྟེ་རུས་ཆེན་བཞི་བྱུང་བརྗེས་ཆེས་ཐོག་མའི་བོད་ཀྱི་རུས་ཟད་རུས་ཚན་འདི་བྱུང་བར་བྱས་ན་འགྲིག་པར་སྙམ་སྟེ། ད་དུང་དཔྱད་བྱ་ཡིན།

རྒྱའི་ལོ་རྒྱུས་ཁྲོད་དུ་འཁོད་པའི་རོང་པོའི་སྐོར།

འདིར་སྔོན་ནས་རོང་པོ་ཞེས་པའི་རུས་ཚན་འདི་ཉིད་བོད་རང་གི་ལོ་རྒྱུས་ཡིག་ཆའི་ཁྲོད་ཀྱི་སྣང་ཚུལ་ཅུང་ཞུས་ཡོད་ལ། དེ་དག་ལས་རུས་ཆེན་བཞི་རྣམས་མ་གཏོགས་དེ་མིན་གྱི་རུས་ཚན་དག་ནི་སྤྱིའི་གྲོལ་ཚུལ་ཙམ་ལས་དམིགས་གསལ་རུས་རྒྱུད་སོ་སོའི་གོ་བབས་སོགས་གསལ་བཤད་མེད་པ་བཞིན་དུ་རོང་པོ་ཞེས་པའི་རུས་ཚན་ཡང་དེ་བཞིན་དུ་མ་འདས་ཤིང་། ཅུང་མི་འདྲ་ས་ནི་རོང་པོ་ཞེས་པའི་རུས་རྒྱུད་འདི་ནི་ཤེས་འཇོན་སོགས་གང་གི་ཆ་ནས་ཀྱང་དམིགས་བསལ་གྱི་རུས་ཤིག་ཏུ་བགྲངས་ཡོད་པའི་ཆེ་བརྗོད་ཙམ་ལས་དོན་གྱི་མིའི་སྤྱི་ཚོགས་ལ་ཞུགས་ཏེ་དགྲ་འདུལ་གཉེན་སྐྱོང་སོགས་ཀྱི་ལོ་རྒྱུས་འཆད་པ་ལ་ནི་དུས་ཀྱི་འཁོར་འགྲོས་དང་སའི་གནས་སྡོད་སོགས་ཀྱི་དབང་གིས་རུས་ཚན་འདི་ནི་གཙོ་བོད་ཤར་མཐའ་ནས་མཚན་སྙན་རྒྱས་ཤིང་དེ་ནས་རིམ་གྱིས་སྤུ་རྒྱལ་བཙན་པོ་མ་ཚུགས་བར་དུ་ས་གནས་ཉེ་འཁོར་རྒྱ་ནག་གཙོ་བོ་བྱས་པར་དབང་རྒྱུར་བྱས་ཡོང་བ་ཞིག་རེད་འདུག་པས་དེ་དག་ནི་རྒྱའི་ལོ་རྒྱུས་ཁྲོད་དུ་འཁོད་པ་ཅུང་ཟད་མང་། རྒྱའི་འདས་པའི་ལོ་རྒྱུས་ཁྲོད་སྤྱང་དང་རོང་ཞེས་པ་འདི་ཉིད་སྤུ་རྒྱལ་བཙན་པོ་མ་བྱུང་གོང་ལ་སྤུ་རྒྱལ་བཙན་རྒྱལ་རིང་ལུགས་ཀྱི་ཚབ་མཚོན་ལྟ་བུའི་རུས་ཚོ་ཞིག་རེད་འདུག་སྟེ། སྐབས་དེ་ཙམ་ལ་རྒྱ་ལ་གཡུལ་འཐབ་ཡུན་རིང་བྱས་པ་མ་ཟད་བོད་ཀྱི་དབུས་རྒྱུད་ལའང་འདི་ཉིད་ཀྱི་དམག་སྣེ་སླེབས་ཡོད་སྐད། རུས་ཚན་འདི་གཉིས་རྒྱའི་ལོ་རྒྱུས་ཡིག་ཆའི་ཁྲོད་ཆེས་སྔ་ཤོས་ནི་ཕལ་ཆེར་ཀྲང་གོའི་དུས་ཀྱི་ཡིག་ཆའི་ཁྲོད་དུ་འཁོད་ཡོད། དེ་བས་སྤྱང་ (羌)དང་རོང་(戎)་གི་ཐ་སྙད་འདི་གནའ་བོའི་རྒྱའི་ཧན་རང་ཀྲོའུ་ཡི་དུས་རབས་སུ་བྱུང་ཞིང་། ཐ་ན་རྒྱ་རིགས་ཀྱི་རུས་བརྐོས་ཡི་གེར་སྤྱང་ཞེས་འཁོད་ཡོད། ཧན་ཡིག་ལས། སྤྱང་(羌)རོང་(戎)ནི་སྤྱི་ལ་ཁྱབ་པའི་མིང་ཡིན་ཞེས་འཁོད། སྙུག་བྱང་ལ་བཀོད་པའི་ལོ་ཚིགས་ལས། ཁྲུན་ཆིན་དང་ཀྲན་གོའི་དུས་ནི་ནུབ་རོང་གིས་ཟིང་ཆ་ཆེས་ཆེར་སློང་པའི་སྐབས་ཡིན་པས། ནུབ་ཕྱོགས་ཀྱི་དཔུང་དང་རོང་ཕན་ཚུན་འཛོམས་པར་བརྟེན་ནས་སྤྱང་དང་རོང་ལ་ནུབ་རོང་ཞེས་བྱུང་བར་གྲགས་ཞེས་བྱུང་ཡོད་ཅེས་བོད་ཀྱི་གནའ་རབས་ལོ་རྒྱུས་སུ་གསལ། ལུང་ཚིག་འདིའི་ཐོག་ནས་གནའ་སྔ་མོར་རྒྱ་ནག་གི་ཀྲན་གོ་ཡི་སྐབས་ནས་རུས་ཚན་འདི་ཡོད་པ་མ་ཟད་གནས་སྡོད་བྱ་ཡུལ་གཙོ་བོའང་ནུབ་ཡིན་པར་བསྟན་ཡོད། གོང་ན་བོད་ཀྱི་ཡིག་ཆའི་ཁྲོད་ཤར་ན་ཞེས་པའང་བོད་ལ་བསྟུན་ན་ཤར་རྒྱ་དང་། རྒྱ་ལ་བལྟས་ན་ནུབ་ཡིན་པས་ཀྱང་རོང་ཞེས་པའི་རུས་ཚན་འདི་ཉིད་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་གནས་པའི་བོད་ཀྱི་རུས་ཚན་ཡང་དག་ཅིག་ཡིན་པ་བདེ་བླག་ངང་རྟོགས་སླ། འདིས་སྐབས་དེའི་རྒྱལ་ཁབ་ལ་རྒོལ་བ་ཡང་མི་ཉུང་བར་བྱས་ཏེ་མཚན་སྙན་ཆེན་པོ་རྒྱས་ཡོད་པ་དམིགས་སུ་བཀར་ནས་ལོ་རྒྱུས་སུ་བྲིས་ཡོད། སྔར་བཞིན་རུས་ཚན་འདི་གཉིས་ཀྱིས་གོ་ས་བཟུང་ཡོད་དེ། ཧན་ཕྱི་མའི་ཡི་གེ་ནུབ་སྤྱང་གི་ལོ་རྒྱུས་ལས། ནུབ་སྤྱང་དེའི་རྒྱལ་ཁབ་ལྷོ་རི་དང་ཐག་ཉེ་ས་ཞིག་ཏུ་ཡོད་ཅིང་། ཧྲུན་གྱི་མི་བཞིར་དེར་རྒྱང་འབུད་བཏང་། གནས་སྤོ་ཡུལ་རྩེ་གསུམ་ཡིན། ཧྲུ་ཀོན་གྱི་ལྷོ་ནུབ་དེ་སྤྱང་羌ས་ཆ་ཡིན།  དེ་ཡང་ཚེ་ཀྲེ་གཙང་པོའི་འགྲམ་དུ་གནས་པ་ནས་རྨ་ཆུའི་ཆུ་འགོ་ལ་ཐུག་གི་བར་དུ་ཁྱབ་ཏེ་ཡོད་ཅེས་བྱུང་། འདིའི་ནང་དུ་རོང་པོ་དངོས་སུ་བྲིས་མེད་ཀྱང་གོང་ནས་ཀྲང་གོ་ཡི་སྐབས་ནས་རུས་ཚན་འདི་གཉིས་རུས་ཚན་གྱི་ཚོ་ཤོག་གཉིས་སུ་བྱས་ཏེ་བཀོད་ཡོད་པས་དོན་ལ་སྐབས་དེ་དུས་ཀྱང་ཡོད་པ་མ་ཟད་རྨ་ཆའི་མགོ་ཁུངས་གཙོ་བོ་བྱས་པའི་ས་རྣམས་བདག་བཟུང་བྱས་ཡོད་པར་བསྟན་ཡོད་པས་ས་རྒྱ་ཧ་ཅང་ཆེའོ།།

འདི་ནས་དཔྱད་བྱ་ཞིག་ལ་སྔོན་གྱི་རྒྱའི་ཡིག་ཆ་རྙིང་བའི་ནང་དུ་རོང་པོ་འཁོད་པ་མ་ཟད་སྤུ་རྒྱལ་བོད་མ་བྱུང་བའི་སྔོན་ལ་ཤར་ཕྱོགས་སུ་བཙན་པོ་རྒྱ་ནག་པའི་གཉའ་ནས་གནོན་མཁན་ནི་རོང་སྤྱང་གཉིས་ཡིན་ཞིང་། དེའི་ཕྱིར་རྒྱ་ནག་གི་ཆེ་དགུ་རྣམས་ཀྱིས་རོང་(戎)ཞེས་ངག་འདར་འདར་དང་། མིག་རིག་རིག་ལུས་ཀུམ་ཀུམ་གྱིས་གླེང་སྐད། རྒྱའི་ལོ་རྒྱུས་རྣམས་སུ་རོང་ནི་སྤྱང་གི་ཡན་ལག་ཡིན་པར་འདོད་མཁན་བྱུང་ཡང་། འདི་ནི་རྒྱ་བོད་ཀྱི་ལོ་རྒྱུས་ལ་ཀུན་སློང་གཙང་མས་ཞིབ་བསྡུར་ཅུང་བྱས་ན་དེ་ལྟར་གཏན་ནས་ཡིན་ཐབས་མེད།སྤྱིར་རྒྱའི་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་འདི་གཉིས་རུས་ཚན་སོ་སོ་རུ་བཤད་ཡོད་པ་མ་ཟད། རོང་སྤྱང་གཉིས་གང་ཡིན་ཡང་ཁུངས་ནི་རང་རེའི་བོད་ལས་གཞན་མེད་དེ། རང་རེའི་ལོ་རྒྱུས་ཡིག་ཆ་རྣམས་སུ་སྔོན་མ་ནས་རོང་ནི་སེ་ཁྱུང་དབྲའི་ནང་ཚན་ཞིག་ཡིན་མ་ཟད་ཨ་ལྕག་འབྲི་ལའང་འབྲེལ་བ་ཡོད་པའི་རུས་ཤིག་ཡིན་པའི་ལུང་ཚིག་གིས་འགྲུབ་ནུས་ལ། སྤྱང་ནི་ཕུ་བོ་ལྡོང་གི་རྒྱུད་ལ་སྤྱང་ཞེས་པ་མཆེད་ཅིང་། སྤྱང་ལ་ཡང་མི་སྤྱང་སྡེ་བཞི་བྱ་བའི་རུས་རྒྱུད་མང་དུ་གྱེས་པ་རང་རེའི་ལོ་རྒྱུད་ཁྲོད་དུ་གསལ་བ་མ་ཟད་རྒྱའི་ལོ་རྒྱུས་ནང་དུ་ཡང་ལྡོང་སྤྱང་ཞེས་བཀོད་ཡོད་པས་སོ། །དེའི་སྟབས་ཀྱིས་རོང་སྤྱང་གཉིས་གཅིག་ཁུངས་གཅིག་ཏུ་འདོད་མཁན་ནི་བོད་ཀྱི་རུས་ཆེན་དྲུག་གི་བྱུང་རིམ་ལེགས་པོ་མ་ཤེས་པའི་སྐྱོན་དུ་མཐོང་ངོ་།།

འདིའི་སྐབས་སྤྱང་གི་སྟོབས་ཤུགས་རྒྱས་པའི་སྐབས་དབུས་རྒྱུད་ཀྱི་ཆ་ཁུལ་ཡང་བདག་བཟུང་བྱེད་པར་འཁོད་ཡོད་པས་དེང་གི་དཔྱད་བརྗོད་པ་འགའ་ཤས་ཀྱིས་གཉའ་ཁྲིའི་ཡར་སྔོན་ལ་བོད་ཀྱི་ས་ཆ་འདིའི་བདག་བཟུང་ནི་རོང་སྤྱང་གཉིས་ལས་གཙོ་བོ་རོང་ཞེས་བོད་སྤྱིའི་མིང་ཡིན་པར་འདོད་མཁན་ཡོད།

དེང་སྐབས་རྒྱའི་མཁས་པ་འགའ་ཤས་ཀྱིས་སྤྱང་ཞེས་པ་ནི་རྒྱའི་སྡེ་ཚོ་ཞིག་དར་རྒྱས་སུ་སོང་ཞིག ཕྱིས་སུ་བོད་ཅེས་པ་འདི་ཡང་དེ་ལས་རིམ་བཞིན་བྱུང་བར་བཤད་པ་ནི་རང་གི་འདོད་བློ་ཙམ་ལས་དོན་གྱི་གནས་ལུགས་དང་མི་མཐུན་པ་གཅིག་ནས་དེང་གི་གནའ་རྫས་ཀྱིས་བོད་ཀྱི་ཡུལ་འདིར་འགྲོ་བ་མིའི་རིགས་ལོ་ས་ཡ་དུ་མའི་གོང་རོལ་ནས་བྱུང་ཡོད་པར་ར་སྤྲོད་བྱས་ཡོད་པ་མ་ཟད། དོན་ལ་སྤྱང་ཞེས་པའི་རུས་ཚན་འདི་ནི་མིའུ་གདོང་དྲུག་གི་མི་སྤྱང་ལྡེ་བཞི་ཞེས་པ་རང་ཡིན་པའང་ཤེས་དགོས་སོ།། སྐབས་དེ་ཙམ་ལ་རུས་རྒྱུད་འདིས་ཡུལ་གྲུ་མཐའ་དབུས་མང་པོར་བདག་བཟུང་བྱས་ཡོད་པ་ནི་མངོན་སུམ་ཡིན། དེའི་ཕྱིར་བཤད་ན་མི་ཆེ་བ་དང་བཟུང་ནས་བོས་ན་མི་སྙན་པ་མེད་པའི་རོང་པོ་ཞེས་བྱ་བའི་རུས་ཚན་འདི་ཉིད་ནི་བོད་རང་གི་རུས་རྒྱུད་ཐོག་མ་མིའུ་གདོང་དྲུག་ནི་ཕལ་ཆེར་བོད་ཀྱི་མི་བྱུང་ནས་ཆེར་མ་སོང་བ་ནས་ལམ་ལུགས་དེ་ཆགས་ཤིང་། དེའི་རྗེས་སུ་མི་རིང་བ་ན་རོང་པོ་ཞེས་པའི་རུས་འདི་དར་ཞིང་དེ་ནས་མུ་ནས་དར་རྒྱས་བྱུང་སྟེ་སྤུ་རྒྱལ་བཙན་པོ་མ་ཚུགས་བར་དུ་བཙན་པོ་རྒྱ་ནག་སོགས་ཀྱི་ཁྱིམ་མཚེས་རྒྱལ་ཕྲན་དག་གཉའ་ནས་མནན་ཞིང་ཕྱིས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱང་ཕྱོགས་བཞི་དབང་དུ་བསྡུས་ཞིང་ལོངས་སྤྱོད་མཁོ་དགུ་སྒྲིག་པར་མཛད་པའི་ཕྱི་བློན་བཙན་པོ་དྲུག་གི་ཡ་གྱལ་རོང་པོ་འཕྲལ་གྱི་ལྡེ་བཙན་ཞེས་བྱ་ཡང་བྱུང་ཡོད། དེ་ལྟ་བུའི་བོད་གངས་ཅན་གྱི་ལྗོངས་འདིར་མིའི་འགྲོ་བ་ཆགས་ཤིང་མི་རིང་བར་རོང་པོ་ཞེས་པའི་རུས་རྒྱུད་འདི་ཉིད་བྱུང་ཞིང་ཕྱིས་སུ་བཙན་པོ་གཉའ་ནས་མནོན་ཞིང་གཉོམ་ཆུང་མཐའ་ནས་སྐྱོང་མཁན་གྱི་རུས་ཙམ་འདི་ཉིད་ད་ལྟའི་བར་དུ་གྲལ་མ་ཞིག་ལ་དྲི་མ་ཡལ་བའི་སྒོ་ནས་ཡོང་པ་དེ་ལྟར་ལགས་སོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།