རྗེས་འཇུག་ན་དང་ད་ཡི་ཐུན་མོང་མ་ཡིན་པའི་འཇུག་པ་གསེར་གྱི་ཞུན་ཐིགས།

རྗེས་འཇུག་ན་དང་ད་གཉིས་ཀའི།། ཐུན་མོང་མིན་པའི་འཇུག་པ་ནི།། གང་མིང་མཐའ་རྟེན་འའི་དོད་དུ།། སྦྱར་བ་དེ་འབྲེལ་མིང་ཐུང་ངུ༌།། གཞན་ཞིག་བརྗོད་བདེར་གྲུབ་པའི་ལུགས།། རྟོགས་ཚེ་ཤེས་བརྗོད་འཇུག་པར་ཕན།། བརྗོད་པའི་སྒྲུབ་བྱེད་ཚིག་དང༌། ཚིག་གི་སྒྲུབ་བྱེད་མིང་དང༌། མིང་གི་སྒྲུབ་བྱེད་ཡི་གེའོ།། ཡི་གེ་མིང་དུ་འགྲུབ་མི་འགྲུབ། རྗེས་འཇུག་ཁོ་ནར་རག་ལས་པ་ན།

སུམ་ཅུ་བའི་རྩ་བ་ལས། སྔོན་འཇུག་ཡོད་དམ་མེད་ཀྱང་རུང༌།། མིང་གཞིའི་ཡི་གེ་གང་ཡིན་ལ།། ཉིས་འབྲེལ་ཡོད་དམ་སུམ་འབྲེལ་ཡོད།། ཨ་ལི་བཞི་ལས་གང་ལྡན་ཡང༌། ། རྗེས་འཇུག་བཅུ་བོ་མ་ཞུགས་ན། ། མིང་གཞན་སྦྱོར་བ་ཡོད་མི་སྲིད།། ཅེས་གསུངས་སོ། །

རྗེས་འཇུག་རྣམས་ལས་འ་མཐའ་ཟོར་ཡང་བས་བསྡུས་ཀྱང༌། སྒྲའི་རྣམ་པ་གཞན་དུ་མི་འགྱུར་བས་དོན་སྔར་བཞིན་སྟོན་ནུས་པས་ན། བཀས་བཅད་དུ། རྐྱང་འཕུལ་མ་གཏོགས་གཞན་རྣམས་ཀྱི་འ་མཐའ་དངོས་སུ་མི་བྲི་བར་མཛད་དོ།། དེ་ཡང༌། འ་མཐའ་རྐྱང་འཕུལ་རྣམས་ལ་དགོས།། མགོ་འདོགས་དབྱངས་ལྡན་རྣམས་ལ་སྤང༌།། ཞེས་པ་ལྟར། གདའ། དགའ། བཀའ། མདའ། འབའ་ལྟ་བུ་སོགས་ཀྱི་འ་མཐའ་སྤངས་ན། ལ་ལ་སྔོན་འཇུག་དང་མིང་གཞི་འཁྲུལ་བར་འགྱུར་བ་དང༌། ལ་ལ་སྒྲ་སྦྱོར་དུ་མི་རུང་བར་འགྱུར་བའི་དགོས་དབང་གིས་རང་སོར་བཞག་པ་དང༌། ལྷ། འདྲེ(འདྲ)། མི། སྤྱི། ལྟ་བུ་སོགས་ཀྱི་འ་མཐའ་བསྡུས་ཀྱང་མི་སྐྱོན་པ་མཐའ་དག་སྤངས་པ་ཙམ་ལས། རྣམ་དབྱེ་ཚིག་ཕྲད་དང༌། མིང་མཐའ་འདྲེན་པའི་ཐོབ་ཐང་སོགས་འ་མཐའ་དང་གཅིག་པའོ། །

སུམ་ཅུ་བའི་རྩ་བ་ལས། རྗེས་འཇུག་བཅུ་ཡི་དོན་ཤེས་ན།། འབྲི་དང་ཀློག་དང་བཤད་རྣམས་ཀྱི།། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང༌།། འབྲེལ་བར་སྨྲ་བའི་མཆོག་ཏུ་གྱུར།། ཅེས་གསུངས་པ་ལྟར། རྗེས་འཇུག་བཅུ་བོའི་འཇུག་དོན་ཤེས་ན། ཚིག་གི་སྦྱོར་བ་མ་ཟད། མིང་གི་སྦྱོར་བ་ལ་ཡང་ངག་གི་རྩལ་ཐོན་པར་བྱ་ཐུབ། དེ་ལུགས་སྐབས་བབ་ཀྱི་བརྗོད་བྱ་ཙམ་དུའང་གསལ་བར་སྣང་ངོ༌། ། རྗེས་འཇུག་རྣམས་མིང་གཞིའི་རྗེས་སུ་འཇུག་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཇུག་ཚུལ་གཉིས་ཡོད་ལ། ཐུན་མོང་གི་འཇུག་ཚུལ་ནི། རྗེས་འཇུག་བཅུ་ལ་ཁྱབ་སྣང༌། དཔེར་ན། ཡིན། མིན། ཡོད། མེད་རྣམས་ཀྱི་རྗེས་འཇུག་ནི། དོན་ཐོབ་ཀྱིས་སྦྱར་བ་ལས། བརྗོད་བྱའི་ཆོས་ཀྱི་མིང་གཞན་དང་འབྲེལ་བ་མེད་དོ། ། ཐུན་མོང་མ་ཡིན་པའི་འཇུག་ཚུལ་ནི། མིང་གང་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས། དོན་གྱི་ངོ་བོ་གཞན་ཞིག་སྟོན་པའི་མིང་དུ་གདགས་པར་དམིགས་བསལ་གྱིས་སྦྱར་བ་དང༌། ཡང་ན་འབོད་སླ་བར་མིང་གི་རྣམ་གྲངས་གཞན་ཞིག་དགོས་པར་དམིགས་བསལ་གྱིས་སྦྱར་བ་ཡིན་ཏེ། དཔེར་ན། དུ་བ་ནི་སྲེག་ཟ་ལས་བྱུང་བའི་དབུགས་ཁམས་ཀྱི་མིང་ཡིན་པ་དང༌། དུ་བའི་དུ་ལ་རྗེས་འཇུག་ད་སྦྱར་བའི་དུད་པ་ནི། དུ་བ་ལས་ཆགས་པའི་རྡུལ་དྲེག་གི་མིང་དུ་གྲུབ་ནས། དེ་གཉིས་ཀྱི་ངོ་བོ་མི་གཅིག་པར་བསྟན་པ་དང་། རྐོ་བ་ནི་འབྲུ་བ་དང༌། རྐོ་ལ་རྗེས་འཇུག་ན་སྦྱར་བའི་རྐོན་ནི། རྐོ་བ་བོ་ཡིན་ཏེ། གསེར་རྐོ་བ་བོ་ལ་གསེར་རྐོན་ཞེ་ན། འབྲུ་ཉུང་ལ་བརྗོད་བདེ་བ་དང༌། བསུ་བ་བོ་དང༌། བསུན་མ་གཉིས། དོན་གཅིག་མིང་གི་རྣམ་གྲངས་ཏེ། བསུ་ལ་རྗེས་འཇུག་ན་སྦྱར་བ་སྒྲ་ཉུང་བར་བྱས་པ། ལྟ་བུའོ། ། འཇུག་ཚུལ་འདིའི་ཁྱད་ཆོས་ནི། རྗེའི་ལམ་རིམ་ཆེན་མོ་ལས། འབྲས་བུ་རྒྱུའི་རྗེས་སུ་བྱེད་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན། ཞེས་པ་ལྟར། མིང་གི་འབོད་ཁ་ཇེ་སླའམ་ངོ་བོ་གཞན་ཞིག་སྟོན་པར། བརྟེན་ཅིང་འབྲེལ་བའི་མིང་འ་མཐའ་ཅན་ཞིག་གཞིར་བཟུང་ནས། འ་མཐའ་དངོས་ཤ གས་ཅི་རིགས་ཀྱི་དོད་དུ། རྗེས་འཇུག་ནའམ་ད་གང་འཚམ་ཞིག་སྦྱར་བ་ཡིན་ལ། དེ་རྣམས་ལས་བྱ་བའི་མིང་ད་ལྟ་བའམ་མ་འོངས་པ་ཁྱབ་ཆེ་བར་མངོན། དེ་ལུགས་གཤམ་གསལ། རྗེས་འཇུག་ན་ཡི་ཐུན་མོང་མ་ཡིན་པའི་འཇུག་པ་ལ་རྣམ་པ་དྲུག་ཡོད་དེ།

དང་པོ། བྱ་བའི་མིང་གིས་དངོས་པོའི་མིང་དྲངས་པའི་མཚན་གཞི།

ལྟོགས་པའི་བཀྲེ་ལ་རྗེས་འཇུག་ན་སྦྱར་ན། བཀྲེན་པོ་སྟེ་བྱ་བའི་མིང་བཀྲེ་བ་དང་འབྲེལ་བའི་དངོས་པོའི་མིང་དུ་གྱུར་པ་སྟེ། དབུལ་བོ་ལ་ད(བ)ཀྲེན་པོ་ཟེར་བ་ལྟ་བུའོ། །

མ་བྱིན་པར་ལེན་པ་ལ་རྐུ་བ་སྟེ། རྐུ་བ་བོ་ལ་རྐུན་མ་ཟེར། ཟོག་རྐུན། དངུལ་རྐུན། ཟེར་བ་ལྟ་བུ། རྐོ་བ་ནི་འདྲུ་བ་སྟེ། གསེར་རྐོ་བ་བོ་ལ་གསེར་རྐོན་དང༌། པར་རྐོ་བ་བོ་ལ་པར་རྐོན་དང༌། ཤིང་རྟ་མོ་ལ་བྱེའུ་ཤིང་རྐོན་ཟེར་བ་ལྟ་བུ། སྒོར་མོ་འདྲ་ཕྱིར་སྟེར་རྒྱུ་ཡོད་པར་གཞན་གྱི་ལག་ནས་ལེན་པའི་སྐྱི་ལ། ན་མཐའ་སྦྱར་ན། སྐྱིན་པ་ཞེས་འཚབ་བྱའི་དངོས་པོའི་མིང་དུ་གྱུར་ཏེ། དངུལ་སྐྱིན། འབྲུ་སྐྱིན། ལྟ་བུ། རྒྱུ་བ་ནི་འགྲོ་བའི་དོན་ཏེ། རྒྱུ་ལ་ན་མཐའ་སྦྱར་ན། རྒྱུ་བ་བར་མ་ཆད་པར་འབྲེལ་བའི་དངོས་པོའི་མིང་དུ་གྲུབ་པ། ཆུ་རྒྱུན་དང༌། སྲོལ་རྒྱུན། ལྟ་བུ། འགྲོ་བ་ནི་གནས་གཞན་དུ་ཕྱིན་པ་དང༌། འགྲོ་བ་བོ་ལ་འགྲོན་པོ་ཟེར། འགྲོན་བུ་ཞེས་པ་མཚོ་ནང་གི་སྲོག་ཆགས་ཆུང་ངུ་སྐོགས་དཀར་ལ་མཁྲེགས་པ་ཞིག་གི་མིང་ཡིན་ལ། དེའི་སྐོགས་ལའང་འགྲོན་བུ་ཟེར། མིང་དེ་ལྟར་ཐོགས་དོན་ཡང༌། གནའ་དུས་རྒྱ་གར་སོགས་སུ་ཟོང་ཕར་འགྲོ་ཚུར་འགྲོ་བྱེད་སྤྱད་ཀྱི་སྒོར་མོ་ལྟ་བུ་ཡིན་པའི་ཕྱིར། དེ་ལ་ལེགས་སྦྱར་གྱི་སྐད་དུ་ཀར་ཤ་པ་ན་སྟེ། བོད་འགྱུར་དུ་ཞོའི་དོང་ཚེ་ཞེས་པས་གསལ། གཅི་བ་ནི་དྲི་ཆུ་གཏོང་བ་དང༌། དྲི་ཆུའི་མིང་ལ་གཅིན་ཟེར་ཏེ། བཤང་གཅི། ལྟ་བུ། ཉོ་བ་ནི་རིན་བྱིན་ནས་ནོམ་པ་བླངས་པའི་དོན་ཡིན་པར་བལྟོས་ནས། རང་སྡུག་རང་གིས་ཉོས་པ་བཞིན། ལས་ངན་པ་བྱས་ནས་རང་རྒྱུད་ལ་མི་དགེ་བ་སྐྱེས་པའི་སེམས་བྱུང་ལ་ཉོན་མོངས་ཞེས་གྲགས་སོ། ། ཐུ་བ་(འཐུ་བ་)ནི་ཕྱོགས་གཅིག་ཏུ་བཏུས་པའི་ད་ལྟ་བ་ཡིན་པ་དང༌། ཤིང་ཐུ་བ་བོ་ལ་ཤིང་ཐུན༌། རྩྭ་ཐུ་བ་བོ་ལ་རྩྭ་ཐུན། ལྕི་བ་ཐུ་བ་མ་ལ་ལྕི་ཐུན་མ། སྙེ་མ་ལྟ་བུའི་བཏུ་བྱ་ལ་ཐུན་བུ་སོགས་སུ་གྲགས་པའོ། ། འདུ་བ་ནི་མང་བོ་ལྷན་ཏུ་འཚོགས་པ་སྟེ། ཚོགས་པ་ལ་འདུན་པ་དང༌། ཚོགས་ས་ལ་འདུན་ས། ཚོགས་ཁང་ལ་འདུན་ཁང༌། མཉམ་སྤྲོ་ཚོགས་པ་ལ་དགའ་འདུན། ཚོགས་པ་ཅན་གྱི་རྩ་འཛུགས་ལ་འདུན་མ་སོགས་སུ་གྲགས། དེ་བཞིན་གུང་གཞོན་ཚོགས་པ་ལ་གུང་གཞོན་འདུན་མ་དང༌། ཆབ་སྲིད་གྲོས་མོལ་ཨུ་ཡོན་ལྷན་ཁང་ལ་སྲིད་གྲོས་འདུན་མ་ཞེས་བཏགས་ན། བོད་སྐད་ཀྱི་ཁྱད་ཆོས་དང་ལྡན་ནོ། ། འདྲི་བ་(འདྲིས་པའི་ད་ལྟ་བ་དང་མ་འོངས་པ་)ནི་ཆ་ཡོད་རྒྱུས་ཡོད་རྒྱུན་དུ་འགྲོགས་པའི་དོན་ཏེ། སྨོན་འདྲིན་ནི་འདྲིས་ཆེ་བའི་གྲོགས་མཆོག་གི་མིང་ངོ༌། ། འདྲེ་བ་ནི་ཕྱོགས་གཅིག་ཏུ་བསྲེ་བར་འགྱུར་བའི་དོན་དང༌། འདྲེན་མ་ནི་སྣ་ཁ་དུ་མ་ལྷན་དུ་འདྲེས་པའི་དངོས་པོའི་མིང་སྟེ། འདྲེས་མ་དང་དོན་གཅིག་པའོ། ། འཕྱ་བ་ནི་ངོ་ཚ་བའི་གནས་ལ་སྨོད་པ་སྟེ། འཕྱན་མ་ནི་ངོ་ཚ་མི་འཛེམ་པའི་གཡེམ་མའོ། ། འཕྱོ་བ་ནི་བྱ་སྤྱོད་ཚད་ལས་འདས་པ་སྟེ། འཕྱོན་མ་ནི་ཕོ་མོའི་འབྲེལ་བ་འཆོལ་བའི་བུད་མེད་ལ་ཟེར་རོ། ། བླུ་བ་ནི་སྲོག་གམ་སྐུ་རྟེན་ཉོ་བའི་དོན་དང༌། བླུད་ནི་སྲོག་བླུ་བྱེད་དུ་ལས་པའི་མིའི་འདྲ་གཟུགས་ཏེ། འདྲེ་ཤར་སྒོ་དང་བླུད་ནུབ་སྒོ། ཟེར་བ་ལྟ་བུ། འདི་ལ་གླུད་བྲིས་པ་མང་ཡང༌། བླུད་དག་པར་འདོད། ། དབྱེ་བ་ནི་སོ་སོར་ཕྲལ་བ་དང༌། དབྱེན་ནི་འགྲིག་མཐུན་གཏོར་བའི་ཕྲ་མའི་མིང་སྟེ། ཕྲ་མ་གཏོང་བ་ལ་དབྱེན་སྦྱོར་བ་ཟེར་བ་ལྟ་བུའོ། ། རྨོ་བ་ནི་ཐོང་གཤོལ་གྱིས་ཞིང་ས་སློག་པའི་དོན་དང༌། རྨོན་པ་ནི་ཞིང་རྨོད་པའི་ཕྱུགས་ཀྱི་མིང་སྟེ། རྨོན་པ་དོར་སྡེབ། ཞེས་པ་ལྟ་བུ། ། སྨྱོ་བ་ནི་ཤེས་རིག་འཆོལ་བ་དང༌། སྨྱོན་པ་ནི་སྨྱོས་པའི་སེམས་ཅན་ཏེ། ཁྱི་སྨྱོན། གླང་སྨྱོན། ཆང་སྨྱོན། ལྟ་བུ། རྫུ་བ་ནི་མ་ཡིན་ཡིན་ཁུལ་བྱེད་པ་དང༌། རྫུན་ནི་མི་བདེན་པའི་གཏམ་སྟེ། རྫུན་མ། རྫུན་རྐྱལ། ལྟ་བུ། ཞུ་བ་ནི་སྲ་བར་ཆགས་པའི་རྫས་རིགས་མེའི་དྲོད་ཀྱིས་གཤེར་ཁུར་སྒྱུར་བ་དང༌། ཞུན་མ་ནི་བཞུས་རྗེས་ཀྱི་རྫས་དེའི་མིང་ཡིན་ཏེ། གསེར་སྦྱངས་བཙོ་མ་ལ་གསེར་ཞུན་དང༌། བཞུས་པའི་ཉིང་ཁུ་ལ་ཞུན་ཐིགས་དང༌། མར་དང་འཕྱུར་བ་དང་ཀ་ར་དང་བཅས་པ་བསྲེས་ནས་འདྲེས་པར་གྱུར་པའི་ཟས་ལ་ཞུན་དང་ཐུད་ཅེས་པའི་ཁྱད་པར་ཡང༌། མར་བཞུས་ནས་བྱས་པ་ལ་ཞུན་དང༌། མར་བསྣོགས་ནས་བྱས་པ་ལ་ཐུད་ཟེར་རོ། ། བཞོ་བ་ནི་འོ་མ་རེག་པ་དང༌། བཞོན་མ་ནི་འོ་མ་བཞོ་བྱའི་འབྲི་དང་མཛོ་མོ་དང་བ་མོ་དག་གི་མིང་ཡིན་ནོ། ། ཟ་བ་ནི་ཟས་སྣ་ལོངས་སྤྱོད་པ་དང༌། ཟན་ནི་ཟ་མ་སྟེ། ཟན་ཟ་བ། འབྲུ་ཟན་སྣ་ལྔ། ལྟ་བུ་དང༌། ཁྱད་གཞི་ལ་སྦྱར་ན་ཟ་བ་བོའི་དོན་དུ་གྱུར་ཏེ། ཤ་ཟ་བ་བོ་ལ་ཤ་ཟན་ཟེར། དེ་བཞིན་དུ། ལྟོ་གཟན། རྩྭ་གཟན། སྟོན་གཟན། གཅན་གཟན་སོགས་སུ་གྲགས་པ་དང༌། ཟན་ལ་གས་འཕུལ་བ་སྡེབ་སྦྱོར་གྱི་དབང་གིས། སྒྲ་ལྕི་བ་ལ་ལྕི་བ་སྦྱར་ནས། ངག་སྙན་པར་བྱས་པ་ཡིན་ནོ། ། རི་བ་ནི་ཟོང་ཟོག་གོང་ཁུག་པའི་དོན་ཏེ། རྟ་ལ་དངུལ་སྲང་བརྒྱ་རི་བ་ཟེར་བ་ལྟ་བུ་དང༌། རིན་ནི་ཉོ་བྱེད་ཀྱི་སྒོར་མོ་དག་གི་མིང་ངོ། ། ཤ་བ་དང༌། ཤན་པ་ནི། སྔ་མ་གཞི་ལས་འཕྲལ་པའི་བྱ་བ་དང༌། ཕྱི་མ་བཤ་བྱའི་དངོས་པོའི་མིང་སྟེ། ཤན་པ་ཤ ་ཟེར་བ་ལྟ་བུ།བཤའ་བ་དང༌། བཤན་པ་ཡང༌། སྔ་མ་སྐམ་ལུས་གསོད་པའི་བྱ་བ་དང༌། ཕྱི་མ་བཤའ ་བ་བོའི་མིང་ངོ༌། ། བསུ་བ་དང༌། བསུན་མ་ཡང༌། སྔ་མ་སྐུ་མགྲོན་(ཕེབ)ཕེབས་པར་སྣེ་ལེན་ཞུ་བའི་བྱ་བ་དང༌། ཕྱི་མ་བསུ་བ་བོའ།ོ །                

གཉིས་པ། བྱ་བའི་མིང་གིས་ཁྱད་ཆོས་ཀྱི་མིང་དྲངས་པའི་མཚན་གཞི།

 ཁྲོ་བ་ནི་སྤྲོ་ལྡང་བ་དང༌། ཁྲོན་མ་ནི་གདུག་པའི་ཁྱད་ཆོས་རྩུབ་པོའོ། ། ན་ཚོད་ཡོལ་བའི་རྒ་ལ་རྗེས་འཇུག་ན་སྦྱར་བའི་རྒན་པ་ནི། རྒས་པའི་ཁྱད་ཆོས་མཚོན་པའི་མིང་དུ་གྱུར་པའོ། ། སྒྲེ་བ་ནི་བྱ་བའི་མིང་དུ་བྱི་བའི་དོན་ཏེ། སྐྲ་བྱི་བ་ལ་སྐྲ་སྒྲེ་བ། ཟེར་བ་ལྟ་བུ། སྒྲེ་བོ་ནི་དངོས་པོའི་མིང་སྟེ། རྗེན་པའི་དོན་ཡིན། སྐྲ་མེད་པ་ལ་མགོ་སྒྲེ་བོ་དང༌། རྩྭ་ཁ་མེད་ས་ལ་ས་སྒྲེ་བོ་ཟེར་བ་ལྟ་བུ། སྒྲེན་པ་ནི་ཁྱད་ཆོས་ཀྱི་མིང་སྟེ། གཅེར་བུའི་དོན་ཡིན། སྒྲེན་པོ། སྒྲེན་མོ། ཟེར་བ་ལྟ་བུ། མཉེ་བ་ནི་འཇམ་པར་བྱེད་པ་དང༌། མཉེན་པ་ནི་འཇམ་པའོ། ། ཡིད་ཚིམ་པའམ་འདོད་པ་གྲུབ་པའི་འཇོ་ལ་ན་མཐའ་སྦྱར་བའི་འཇོན་པ་ནི། འདོད་དོན་སྒྲུབ་མཁས་པའི་མིང་དུ་གྲུབ་བོ། ། ཞ་བ་ནི་ཡན་ལག་སྐྱོན་ཅན་དུ་གྱུར་པ་དང༌། ཞན་པ་ནི་དམན་པ་སྟེ། ལུས་ཞན་པ། སྟོབས་འབྱོར་ཞན་པ། ལྟ་བུའོ། ། ཁྲོ་བཞུས་ནས་ལྕགས་སུ་གྱུར་ན། ཡོ་བྱད་ཅི་ཡང་བཟོ་རུང་བའི་དཔེར་བལྟོས་ནས། བཞུ་ལ་རྗེས་འཇུག་ན་སྦྱར་བ། བཞུན་མོ། ཞེས་པ་ལས་ཀ་སོགས་ལ་བྱང་བའི་མིང་དུ་གྱུར་ཏེ། གར་ལ་བཞུན་པ། པར་བརྐོ་བར་ལག་བཞུན་གི་ཟེར་བ་ལྟ་བུའོ། ། ཡོ་བ་དང༌། ཡོན་པ། སྔ་མ་ཕྱོགས་གཅིག་ཏུ་གསེག་པ་དང༌། ཕྱི་མ་དྲང་མོ་མིན་པ་སྟེ། མཇིང་ཡོན། ལྟ་བུའོ། །

གསུམ་པ། བྱ་བའི་མིང་གིས་བྱ་བའི་མིང་གཞན་ཞིག་དྲངས་པའི་མཚན་གཞི།

འཁུ་བ་ནི་སྡང་བ་དང༌། འཁུན་པ་ནི་ཁྲོ་བའི་སྐད་འབྱིན་པའོ། ། དེ་འཕྲོས་ནས་ན་ཟུག་སོགས་ཀྱི་དབང་གིས་མགྲིན་པ་ནས་སྒྲ་བྱུང་བ་ལ་འཁུན་ཟེར་ཏེ། ནད་པ་འཁུན་གྱིན་འདུག་ལྟ་བུའོ། ། ཐེ་བ་ནི་ཁོངས་སུ་གཏོགས་པའམ་འདུས་པ་དང༌། ཐེན་པ་ནི་འདུ་བར་འདོད་པའམ་འཁྲེན་པའོ། ། (རང་དང་འབྲེལ་བ་མེད་པའི་གཞན་དོན་ལ་ཚུད་པར་ཡང་ཐེ་བ་ཟེར།)བླ་བ་ནི་སྨྲ་བ་དང༌། བླན་པ་ནི་ལན་འདེབས་པའོ། ། བླ་བོ་ནི་གཏམ། བླ་བ་བོ་ནི་སྨྲ་བ་བོ། བླ་བརྡ་ནི་ཁ་བརྡ། བླ་མ་ནི་ཆོས་དོན་སྨྲ་བའི་མཁན་པོའོ། ། རྩེ་བ་དང་རྩེན་པ་གཉིས། རྩེད་མོ་རོལ་བའི་དོན་གཅིག་ཀྱང༌། མི་འདྲ་ས་ཡང་ཡོད་དེ། རྩེ་བ་ནི་བྱ་བ་ཙམ་དང༌། རྩེན་པ་དངོས་པོའི་མིང་དུ་སྦྱར་ཆོག ལྷ་ཡུལ་ལ་སུམ་རྩེན་ཟེར་བ་ལྟ་བུའོ། ། གསོ་བ་ནི་སྲོག་འཚོ་བ་དང༌། གསོན་པ་ནི་ཚེ་བསྲིངས་པའི་དོན་ཅན་ནོ། ། (གསོན་པོ་ནི་ཤི་བོའི་ལོག་པའོ། ། )          

གཞི་བ། ཁྱད་ཆོས་ཀྱི་མིང་གིས་དངོས་པོའི་མིང་དྲངས་པའི་མཚན་གཞི།

ཡིད་སུན་པའི་སྐྱོ་ལ་རྗེས་འཇུག་ན་སྦྱར་བའི་སྐྱོན་ནི། སུན་དབྱུང་བར་བྱ་བའི་གནོད་པའམ་ཉེས་པའི་མིང་དུ་གྱུར་པའོ། ། ཐག་མི་རིང་བའི་ཉེ་ལ་ན་མཐའ་སྦྱར་བའི་ཉེན་ཀོར་ནི་ཉེ་འཁོར་གྱི་བརྡ་རྙིང་ངོ༌། ། ཐ་བ་ནི་རེངས་པ་སྟེ། རླན་དང་བྲལ་བའི་ཞིང་ལ་ཞིང་ཐ་བ་ཟེར། ཐན་པ་ནི་ཆར་བ་དུས་སུ་མ་བབས་པས་ས་བསྐམས་ནས་ཞིང་སོགས་སྐྱེ་དཀའ་བའི་དོན་ཡིན། དཔེ་དེ་བཞིན་ཐན་པ་ངན་པའི་དོན་དུ་སྦྱར་ནས། ཐན་བྱ། ཐན་ལྟས། ཐན་སྐད། མི་ཤི་བའི་བརྡ་བརྒྱབ་པ་ལ་ཐན་བཏང་བ་ཞེས་པ་སོགས་སུ་གྲགས་སོ། ། ཐུ་ནི་དྲག་པའི་དོན་ཏེ། སྔགས་བཏབ་པའི་རྫས་ལ་ཐུན་ཞེས་བྱ་བ། གདོན་འདྲེ་དག་གི་གནོད་པ་འགོག་པའི་ནུས་པ་དྲག་པ་དང་ལྡན་པའི་ཕྱིར་རོ། ། ཕྲ་བ་དང་ཕྲན་བུ་གཉིས། ཆུང་བའི་ཆ་ནས་དོན་གཅིག་ཀྱང༌། སྔ་མ་ཁྱད་ཆོས་ཀྱི་མིང་ཙམ་དང༌། ཕྱི་མ་དངོས་པོའི་མིང་དུ་སྦྱར་ཆོག་སྟེ། ཆུ་ཕྲན། གླིང་ཕྲན། མདའ་ཉག་ཕྲན། ལྟ་བུ། སྡེབ་སྦྱོར་གྱི་དབང་གིས་ཕྲན་ལ་བྲན་དུ་བྲིས་པའང་སྣང༌། ཞིང་བྲན༌། བྲན་གཡོག ལྟ་བུའོ། ། ཚ་བ་དང་ཚན་གཉིས། སྲེག་པའི་རང་བཞིན་ལྡན་པའི་སྒོ་ནས་དོན་གཅིག་ཀྱང༌། སྔ་མ་ཁྱད་ཆོས་ཀྱི་མིང་དང༌། ཕྱི་མ་དངོས་པོའི་མིང་སྟེ། ཆུ་ཚན། ཇ་ཚན་དེ། ཉི་མ་ལ་ཚན་ཅན་ཟེར་བ་ལྟ་བུ། མཛའ་བ་ནི་སྙིང་ཉེ་བ་དང༌། ཕོ་མོ་ཕན་ཚུན་གྱི་སྙིང་གྲོགས་ལ་མཛན་ཕོ་མཛན་མོ་ཟེར། མཛན་གྱི་ཚེག་བར་ཕྱེས་ནས། མཛའ་ན་བོ་དང༌། མཛའ་ན་མོ་ཞེས་གྲགས་སོ། ། ཚོ་བ་དང་ཚོན་པོ་གཉིས། ཤ་ལ་ཚིལ་མང་བའི་ཆ་ནས་དོན་འདྲ་ཡང། སྔ་མ་ཁྱད་ཆོས་ཀྱི་མིང་ཙམ་ཡིན་པས། ཐད་ཀར་དངོས་པོའི་མིང་དུ་འཇུག་མི་རུང༌། ཚོ་བ་ཟ་ཞེས་བཤད་སྲོལ་མེད་པས་གསལ། ཁྱད་གཞི་དང་སྦྱར་ན། མིང་གི་ཚོགས་པའམ་ཚིག་ཏུ་གྱུར་པ་ཡིན་ཏེ། ཤ་ཚོ་གི་ཟེར་བ་ལྟ་བུ་དང༌། ཕྱི་མ་ཁྱད་ཆོས་ཀྱི་མིང་དུ་མ་ཟད། དངོས་པོའི ་མིང་གི་ཆ་དང་ལྡན་པས། ཐད་ཀར་དངོས་པོའི་མིང་དུ་སྦྱར་ཆོག  ཚོན་པོ་ཟ་རྒྱུ་ཟེར་བ་ལྟ་བུ། ཁྱད་གཞི་དང་སྦྱར་ན། དངོས་པོ་རིགས་གཅིག་པའི་ཁྱད་པར་མཚོན་པ། ཤ་ཚོན་པོ་ཞེ་ན། ཁྱད་གཞི་ཤ་དང་ཁྱད་ཆོས་ཚོན་པོ་གཉིས་ངོ་བོ་གཅིག་ཏུ་གྲུབ་ནས། ཤ་རྗུད་པ་དང་ཁྱད་པར་གཏོད་པ་ཡིན་ནོ། ། དེ་བཞིན་དུ། སྔོ་བ་དང་སྔོན་པོ། དཀར་བ་དང་དཀར་པོ། ཆེ་བ་དང་ཆེན་པོ། མཐོ་བ་དང་མཐོན་པོ། དམའ་བ་དང་དམའ་མོ། དྲོ་བ་དང་དྲོན་པོ། རྣོ་བ་དང་རྣོན་པོ་ལ་སོགས་པ། རིགས་བསྒྲེས་ནས་ཤེས་པར་བགྱི།

ལྔ་པ།   ཁྱད་ཆོས་ཀྱི་མིང་གིས་ཁྱད་ཆོས་ཀྱི་མིང་གཞན་ཞིག་དྲངས་པའི་མཚན་གཞི།

བདེ་བ་དང་རྗེས་འཇུག་ན་སྦྱར་བའི་བདེན་པ་གཉིས་ལས། རྫུན་དང་བྲལ་བའི་བདེན་པ་ནི། སྡུག་བསྔལ་དང་བྲལ་བའི་བདེ་བའི་རྒྱུར་འགྲོ་བའི་ཕྱིར། འཇིགས་པའམ་སྐྱེངས་པའི་ཡ་ང་བ་དང་ཉམ་ང་བའི་ང་ལ་རྗེས་འཇུག་ན་སྦྱར་བའི་ངན་པ་སྟེ། བཙོག་པའམ། རྒུད་པའམ། སྡིག་པའི་སྣང་བ་ལ་བརྟེན་ནས་བྱུང་བ་ཡིན། རིན་ཉུང་བའི་དམའ་བ་དང༌། སྤུས་ཀ་ངན་པའི་དམན་པ་གཉིས་ཀྱང་ཕན་ཚུན་བརྟེན་ཀྱང་འབྲེལ་བར་བྱུང་བའོ། །                               

དྲུག་པ། དངོས་པོའི་མིང་གིས་དངོས་པོའི་མིང་གཞན་ཞིག་དྲངས་པའི་མཚན་གཞི།

སྐྱི་དང་སྐྱི་བསེར་ནི་རླུང་དང༌། རླུང་ཧ་ཅང་འཁྱགས་པ་དང་འགྲོགས་ནས་འབབ་པའི་སེར་བ་ལ་སྐྱིན་ཐང་ཟེར། ཁྲུ་ནི་རིང་ཐུང་འཇལ་བྱེད་དང༌། ཁྲུན་ནི་ཞེང་ངམ་དཀྱུས་ཀྱི་མིང་ངོ༌། ། འགྲོ་སྒོ་ལ་གྲོན་ཟེར་སྟེ། འགྲོ་སྒོ་ཆེ་བ་ལ་གྲོན་ཆེ་བ་དང༌། འགྲོ་སྒོ་ཉུང་བ་ལ་གྲོན་ཉུང་བ་ཟེར་བ་ལྟ་བུ། གྲོན་ནི་ཆུད་ཟོས་ཀྱི་དོན་ཡིན་པས། ཟ་མ་བརླག་པ་ལ་ཟས་གྲོན་དང༌། རེ་བ་དོན་མེད་དུ་གྱུར་པ་ལ་རེ་གྲོན་ཟེར། ཚོགས་པ་ཞིག་གི་གཙོ་བོ་ལ་མགོ་བ་ཟེར་ཞིང༌། མགོ་བ་ཐུན་མོང་མ་ཡིན་པ་སྟེ་མཆོག་གི་བདག་ཉིད་ཅན་ལ་མགོན་པོ་ཟེར། རླན་ཞིང་གཤེར་བའི་ཆུ་ལ་རྗེས་འཇུག་ན་སྦྱར་བའི་ཆུ་ཆུན་ནི། ཆུ་འཆུ་བ་བོ་དང༌། ཟོ་ཆུན་ནི། མུ་ཁྱུད་དུ་ཟོ་བ་ལྟ་བུ་སྤྲད་དེ་ཆུ་འདྲེན་བྱེད་ཀྱི་འཁོར་ལོའི་མིང་ངོ༌། ། ཉི་མ་ཤར་ནས་ནུབ་པའི་བར་གྱི་དུས་ཡུན་ལ་ཉིན་ཟེར་ཏེ། གནམ་གྲུར་བསྡད་ན་ལོ་ལམ་ཉིན་གྱིས་ཆོད། ལྟ་བུ། ཕོ་མོ་ཁྱོ་ཤ ག་ཏུ་ཡོང་བར་བྱེད་པའི་བར་བ་ལ་གཉེ་བོ་དང༌། ཁྱོ་ཤག་དང་འབྲེལ་བ་ཆགས་པའི་མི་ལ་གཉེན་ཞེས་བྱ་སྟེ། ཕ་གཉེན། མ་གཉེན། གཉེན་པོ་ཚང༌། ལྟ་བུ།གསོམ་ཤ ག་སོགས་ཀྱི་འབྱར་རྩི་སྟེ་སྤྱི་བ་ལ་བལྟོས་ནས། ཀོ་པགས་སོགས་གདུས་པའི་སྦྱོར་བྱེད་ཀྱི་རྫས་ལ་སྤྱིན་ཞེས་བྱའོ། ། ཕྱི་མ་དང༌། ཕྱིན་ཆད་གཉིས། རྗེས་མའི་ཆ་ནས་དོན་འདྲ་ཡང༌། མི་འདྲ་སའང་ཡོད་དེ། ཕྱི་མ་ནི་བརྗོད་བྱའི་དོན་གྱི་རྗེས་མ་དང༌། ཕྱིན་ཆད་ནི་དུས་ཀྱི་མ་འོངས་པའོ། ། བྱ་ན་ནི་ཚོད་མ་སྟེ། བྱན་ཕོ་དང་བྱན་མོ་ནི། ཟས་གཡོ་སྦྱོར་བྱེད་མཁན་གྱི་མིང་ངོ༌། ། རིག་པའི་བློ་ལ་ན་མཐའ་སྦྱར་བའི་བློན་ནི། རྒྱལ་བོའི་བློ་དྲི་སའི་མདུན་ན་འདོན་གྱི་མིང་ཡིན་པས། གྲོས་བྱེད་པ་ལ་བློན་འདེབས་པ་ཞེས་ཀྱང་བྱའོ། ། ངོ་སོགས་ཤ་ཁའི་ནག་ཐིགས་ཏེ་རྨེ་བ་ལ་བལྟོས་ནས། ཤ་དང་ཚིལ་ནང་དུ་ཆགས་པའི་ནག་ཐིགས་ལྟ་བུ་ལ་རྨེན་ཞེས་གྲགས་པའོ། ། རྨེ་(དམེ་)ནི་གཉེན་བཤེས་ཀྱི་ནང་ཁུལ་དུ་གསོད་རེས་བྱེད་པའི་སྦྱོར་བའི་མིང་དང༌། དེ་ལས་བྱུང་བའི་སྡུག་བསྔལ་ལ་བརྡ་རྙིང་དུ་སྨེན་ཞེས་སོ། ། སྔོན་རྨ་ཆུ་ས་ཆའི་མི་རྣམས་ཀྱིས་ཚོ་བའི་འཐུས་མི་ལྟ་བུའི་གོ་ཆོད་ཅན་ལ་ཚོན་མྱི་ཞེས་འབོད་པ་ཡང༌། རྗེས་འཇུག་ནའི་མཐུ་ཡིན།ཞ་ཉེའི་ཞ་ལ་རྗེས་འཇུག་ན་སྦྱར་བའི་ཞན་ནི། ཞ་ཉེའི་རང་མིང་དུ་གྲུབ་སྟེ། ཞ་ཉེ་དཀར་པོ་ལ་ཞན་དཀར་དང༌། ཞ་ཉེའི་པར་ལ་ཞན་པར་ཟེར་བ་ལྟ་བུ། གཙོས་དང་ཨ་མཆོག་སོགས་ཀྱི་ཁ་སྐད་དུ། ཉ་ལ་ན་ལྟར་བརྗོད་པས་ཚེག་བར་བསྡུས་ན། ཞན་ཞེས་གྲགས། ཡ་མཐའ་དང་མ་མཐའ་ལ། ཡན་ཆད་དང་མན་ཆད(ན)་ཟེར་བའི་ཆ་ནས་དོན་འདྲ་ཡང། སྒྲ་རྐྱང་དུ་ཡན་ཆད་ལ་ཡན་ཟེར་བས་འཐུས་མོད། ཡ་མཐའ་ལ་ཡ་ཟེར་བས་མི་འཐུས། མིང་གི་ཆ་ཤས་སུ་ཡ་རབས་ལ་ཡན་རབས་ཞེས་བཤད་སྲོལ་མེད་པ། ལྟ་བུའོ། ། གཡོ་ནི་རང་གིས་ཉེས་པ་སྒྱོངས་ནས་གཞན་བསླུ་བའི་བྱ་སྤྱོད་དང༌། གཡོན་ཅན་དང༌། གཡོན་ཅན་མ་ནི། གཡོ་སྒྱུ་བྱེད་མིའོ། ། ལ་ཐོད་ནི་མགོ་དཀྲིས་ཏེ། སྐྲའི་སླས་མ་ལ་ལན་བུ་ཟེར།

རྗེས་འཇུག་ད་ཡི་ཐུན་མོང་མ་ཡིན་པའི་འཇུག་པ་ལ་རྣམ་པ་གཙོ་ཆེར་དྲུག་ཡོད་དེ།

དང་པོ། བྱ་བའི་མིང་གིས་དངོས་པོའི་མིང་དྲངས་པའི་མཚན་གཞི།

སྐྱེ་བ་ནི་གསར་དུ་འབྱུང་བ་དང༌། སྐྱེད་ནི་བུ་ལོན་གྱི་འཕེལ་ཐོག་སྟེ། དངུལ་སྐྱེད། འབྲུ་སྐྱེད། ལོ་སྐྱེད། ཟླ་སྐྱེད། ལྟ་བུའོ། ། རྒ་བ་ནི་ན་ཚོད་ཡོལ་བ་དང༌། རྒད་པོ་ནི་མི་ལོ་ལོན་ནོ། ། རྒྱུ་བ་ནི་འགྲོ་བའི་དོན་དང༌། རྒྱུད་ནི་གཅིག་ནས་གཅིག་ཏུ་མུ་འབྲེལ་བའི་དངོས་པོའི་མིང་སྟེ། གདུང་རྒྱུད། རིགས་རྒྱུད། སྤྲའི་རྒྱུད་པ། ལྟ་བུ། ངུ་བ་ནི་ཕེ་འདེབས་པ་དང༌། ངུ་སྒྲའི་མིང་ལ་ངུད་པའོ། ། འཇུ་བ་འབྱར་བའི་དོན་དུ་འཇུག་པའི་སྒོ་ནས། ཕོ་མོ་འབྱར་བའི་འཁྲིག་པའི་མིང་ལ་འཇུད་དང༌། སྨད་འཚོང་མ་ལ་འཇུད་མཐུན་མ་ཞེས་གྲགས། ། མིག་གིས་ལྟ་བའི་བལྟ་བྱ་སྟེ། ཟློས་གར་སོགས་ལ་ལྟད་མོ་ཟེར། ། ཟུག་རྔུ་བྱུང་བ་ལ་ན་བ་དང༌། ན་ཚ་ལ་ནད་ཅེས་བྱའོ། ། རྨེ་བ་ནི་བཤད་པའི་བརྡ་རྙིང་དང༌། དྲི་རྨེད་ནི་ཁ་བརྡའོ།།རྩེ་བ་ནི་དགའ་བ་རོལ་བ་དང༌། རྩེ་བར་བྱ་བའི་མིང་ལ་རྩེད་མོ་ཟེར། རྩེད་མོ་རྩེ། ལྟ་བུ། ཡན་ལག་སྐྱོན་ཅན་དུ་གྱུར་པ་ལ་ཞ་བ་དང༌། རིགས་ཤིག་ལ་རིགས་གཞན་ཞིག་འདྲེས་པའི་སྐྱོན་ལ་ཞད་ཅེས་བྱ་སྟེ། གཡུ་ལ་རྡོ་ཞད་ཡོད། དམར་ལ་ནག་ཞད་ཆེ་ན་དམར་ནག་ཟེར། མི་གན་ན་བླུན་ཞད་འདྲེས། ཕོ་ལོ་ལྔ་བཅུར་རྒས་ཞད་མེད། ཟེར་བ་ལྟ་བུའོ། ། ལུ་བ་ནི་ཨོལ་མ་ལ་ཟུག་རེག་བྱུང་བ་དང༌། ལུས་ནས་བྱུང་བའི་གཤེར་ཁུ་འབྱར་བག་ཅན་ལ་ལུད་པ་ཟེར་ཏེ། ལུད་པ་ལུ་བ། ལྟ་བུ། དབུགས་རྒྱུན་ཆད་པ་ལ་ཤི་བ་དང༌། ཤི་བོ་རྗེས་དྲན་སོགས་ཀྱི་ཆོ་ག་ལ་ཤིད་ཟེར་ཏེ། ཤི་བོ་དུར་འདེབས་པའི་ལས་ཀ་ལ་ཤིད་དོན་དང༌། ཤི་བོར་རྗེས་དྲན་གྱི་སྟོན་མོ་ལ་ཤིད་སྟོན་དང༌། གཤིན་པོར་བཤམས་པའི་ཁ་ཟས་ལ་ཤིད་གཟན། ཟེར་བ་ལྟ་བུ།  །

གཉིས་པ། བྱ་བའི་མིང་གིས་བྱ་བའི་མིང་གཞན་ཞིག་དྲངས་པའི་མཚན་གཞི།

དགའ་བ་ནི་ཡི་རང་བ་དང༌། དགའ་བ་རབ་ཏུ་རྒྱས་ཏེ་ངག་ནས་ཐོན་པ་ལ་དགད་པ་(དགོད་པའི་མ་འོངས་པ་)ཞེའོ། ། འགྲེ་ལོག་རྒྱག་པའི་འགྲེ་ལ་རྗེས་འཇུག་ད་སྦྱར་བའི་འགྲེད་ནི། རྐང་བ་ཤད་ནས་ལོག་པའི་མིང་དུ་གྲུབ་བོ། ། འགྲེད་ནི་འདྲེད་ཀྱི་འབྲི་ཚུལ་གཞན། ཞེས་པ་མ་དག་པའོ། ། དར་དང་ཁ་བ་དྲོད་ཀྱིས་གཤེར་བའི་རྣམ་པར་འགྱུར་བ་ལ་ཞུ་བ། ཞེས་པ་དང༌། ལུས་པོ་ནད་དང་ངལ་བས་ལང་ཚོ་ཉམས་པ་ལ་ཞུད་པ་སྟེ། ལུས་ཀྱི་ཤ་ཞུད་པ་དང༌། རྨ་སྐྲན་སོས་པར་འགྱུར་བ་ལ་སྐྲངས་ཞུད། ཟེར་བ་ལྟ་བུ། བཤ་བ་ནི་ཤ་ཁའི་པགས་པ་དག་བཀོག་པའི་དོན་དང༌། བཤད་པ་ནི་ལུས་ཀྱི་སྐྱི་མོ་བརྡར་ནས་རྨས་པ་སྟེ། ལག་པ་རྡོས་བཤད། ཕྱི་རྟིང་ལྷམ་གྱིས་བཤད། ཟེར་བ་ལྟ་བུ། གསེ་བ་ནི་དངོས་པོ་ཞིག་ཆ་ཤས་མང་བོར་གཏོར་བའི་དོན་ཏེ། ཤིང་གསེ་བ་དང༌། རྒྱ་གང་སྲང་དུ་གསེས་ན་སྲང་བཅུ་ཡིན། ལྟ་བུ། གསེད་པ་ནི་བལ་སོགས་ཀྱི་འཇུལ་བུའམ་འཕྱིང་བ་སོ་སོར་བཀྲལ་བ་སྟེ། བལ་གསེད་པ་དང༌། རྒྱུས་ཀ་བསེད་ནས་ཚོད་མ་བྱེད། ཟེར་བ་ལྟ་བུ།

གསུམ་པ། དངོས་པོའི་མིང་གིས་དངོས་པོའི་མིང་གཞན་ཞིག་དྲངས་པའི་མཚན་གཞི།

རྒྱུ་ནི་འབྲས་བུའི་ངོ་བོ་སྐྱེད་བྱེད་དེ། ས་བོན་ལྟ་བུ། རྒྱུད་པ་ནི་རྒྱུ་མ་ཆད་པའི་རྒྱུན་ཏེ། རབས་ཕྱི་མ་ལ་རིགས་རུས་ཀྱི་རྒྱུད་པ་ཟེར། རྟ་རྒྱུད་དང༌། ལུག་རྒྱུད། ལྟ་བུ། སྲིད་དམ་དཀྱུས་ལ་དྲངས་པའི་ཐགས་སྐུད་ལ་རྒྱུ་ཟེར་བས། གཞུ་འགུག་བྱེད་ཀྱི་སྐུད་པ་དང༌། པི་ཝང་སོགས་ཀྱི་སྒྲ་འབྱིན་བྱེད་ཀྱི་སྐུད་པ་ལ་རྒྱུད་ཟེར་ཏེ། གཞུ་རྒྱུད་དང༌། རྒྱུད་མང༌། ལྟ་བུའོ། ། ལྟོ་བ་ནི་ཁོག་པ་དང༌། ལྟོ་བ་ལས་བྱུང་བའི་འབུ་རིགས་རྒྱུ་མ་ཕྲ་མོ་ལྟ་བུ་ཞིག་ལ་ལྟོན་བུ་ཟེར། སྲེག་ཟ་ལས་བྱུང་བའི་དབུགས་ཁམས་སྔོ་ལིང་ངེ་བ་ལ་དུ་བ་དང༌། དུ་བ་ཆགས་པའི་རྡུལ་ལ་དུད་པ་ཟེར་ཏེ། ཁང་བའི་དུད་པ་འཕྱག་ཅེས་པ་ལྟ་བུ། པོ་ཏི་ནི་ལེགས་སྦྱར་སྐད་ཀྱི་པུསྟི་ཀ་བོད་འགྱུར་དུ་ཟུར་ཆག་ནས་པི་ཏི་དང༌། བརྗོད་བདེ་བར་བྱས་ནས་པོ་ཏི་དང༌། ཚེག་བར་བསྡུས་ནས་པོད་ཅེས་གྲགས་ཏེ། གཞུང་པོད་ལྔ། ཞེས་པ་ལྟ་བུའོ། ། ཟིལ་བ་དར་དུ་ཆགས་པ་ལ་བ་མོ་ཟེར། བ་མོའི་རང་ལ་ཡང་བད་ཅེས་གྲགས། རྩ་བ་ནི་སྡོང་བོའམ་གཞུང་རྟ་ས་ངོས་ལ་ཐུག་པར་ཉེ་བའི་ཁག་གི་མིང་དང་། རྩད་པ་ནི་ས་འོག་ཏུ་ཐོགས་པའི་རྟིང་བའི་མིང་ངོ༌། ། ཡི་དང་ཡིད་ནི་སེམས་ཀྱི་དོན་ཡིན་པའི་ཆ་ནས་གཅིག་པར་སྣང་ཡང༌། སྡེབ་སྦྱོར་དུ་ཁྱད་པར་ཡོད་དེ། ཡི་རང་བ་དང་ཡིད་གཞུངས་པ། ལྟ་བུ། སེམས་ཙམ་ལ་ཡིད་མིན་པ་ཡི་མི་འཇུག་གོ ། སྲིད་པ་ནི་སྦྲུམ་པའི་དོན་ཏེ། མངལ་འཛིན་པ་ལ་སྲིད་ཆགས་པ་ཟེར། སྲིའུ་ནི་ཁྱེའུ་སྟེ། སྐྱེས་མ་ཐག་པའི་བུ་གུའོ། །

བཞི་བ། ཁྱད་ཆོས་ཀྱི་མིང་གིས་དངོས་པོའི་མིང་དྲངས་པའི་མཚན་གཞི།

ལྕི་བ་ནི་ཡང་བའི་ལྡོག་ཟླ་ཡིན་ལ། ལྕིད་ནི་ལྕི་ཚད་ཀྱི་མིང་ཡིན་ཞིང༌། སྒྲ་ཤིན་ཏུ་རྩུབ་པས་ན། ཅུང་ཟད་སྙན་པར་བྱེད་ཆེད། ལྕིད་ཀྱི་དོད་དུ་ལྗིད་བྲིས་པ་མང་ངོ༌། ། དྲོ་བ་ནི་གྲང་བའམ་འཁྱགས་པའི་ལྡོག་ཟླ་དང༌། དྲོད་ནི་དྲོ་བྱེད་ཀྱི་མིང་སྟེ། ཉི་མའི་དྲོད་ཀྱིས་དྲོ་བའོ། ། ལྟ་བུ། ཚ་བ་ནི་གྲང་བའི་ལོག་པ་དང༌། ཚད་པ་ནི་ཚ་གདུག་གི་མིང་སྟེ། སྡོང་བོའི་ལོ་མ་ཚད་པས་རྙིད། ཟེར་བ་ལྟ་བུ། ནད་ཚ་ཆེན་བྱུང་བ་ལའང་ཚད་པ་བྱུང་ཞེས་པའོ། ། དམའ་བའི་སྨ་ལ་རྗེས་འཇུག་ད་སྦྱར་བའི་སྨད་ནི། ཆ་འགབ་མའམ། ཆ་ཕྱི་མའི་མིང་དུ་གྱུར་ཏེ། སྟོད་ཆ་དང་སྨད་ཆ། ཁོག་སྟོད་དང་ཁོག་སྨད། ལྟ་བུའོ། །

ལྔ་བ། དངོས་པོའི་མིང་གིས་བྱ་བའི་མིང་དྲངས་པའི་མཚན་གཞི།

གོང་མའམ་གཙོ་བོའི་ཞེ་ས་ལ་རྗེ་དང༌། རྗེ་ལ་བཀུར་བ་ལ་རྗེད་པ་སྟེ། མཆོད་པར་བྱེད་ལ་རྗེད་པར་བྱེད། ཟེར་བ་ལྟ་བུ། བློ་ནི་བློ་གྲོས་ཏེ། གྲོས་བསྡུར་བ་ལ་བརྡ་རྙིང་དུ་བློད་པ་ཟེར། འཁྲབ་བྱའི་བྲོ་ལ་རྗེས་འཇུག་ད་སྦྱར་བའི་བྲོད་ནི། དགའ་བའི་དོན་ཏེ། སེམས་དགའ་བ་ལ་བློ་བྲོད་པ་ཟེར་བ་ལྟ་བུ།

དྲུག་པ། ཁྱད་ཆོས་ཀྱི་མིང་གིས་བྱ་བའི་མིང་དྲངས་པའི་མཚན་གཞི།

བརྡ་རྙིང་དུ་སྙི་མོའི་སྙི་ལ་ར་མགོའི་རྙི་སྦྱར་བ་དག་པར་འདོད་དེ། ཁ་སྐད་དང་སྒྲ་མཐུན་པར་མངོན། རྙི་ལ་ད་མཐའ་སྦྱར་བའི་རྙིད་པ་ནི། རྩི་ཤིང་སོགས་སྐམ་ལ་ཕྱོགས་པའི་དོན་ཏེ། ལ་ཕུག་རྙིད་སོང༌། ཤིང་ཐོག་རྙིད་པར་འགྱུར། ལྟ་བུ། (རྙིད་པའི་མིང་མཐའ་ལ་ན་རོ་སྦྱར་ན། རྙིད་པོ་སྟེ་དངོས་པོའི་མིང་དུ་གྱུར་ཏེ། ཡུལ་སྐད་དུ་རྙིད་དོ་ཡང་ཟེར།) བརྡ་རྙིང་དུ་དས་འཕུལ་དང་ས་མགོ་གང་རུང་མིང་གཞིར་སྦྱར་བ་མང་བས། ཁྱད་ཆོས་ཀྱི་མིང་དུ་དམའ་བ་ལ་སྨ་བ་དང༌། བྱ་བའི་མིང་དུ་དམད་པ་ལ་སྨད་པ་ལྟར་བྲིས་པ་མང༌། སྨད་ནི་ལུས་ཀྱི་སྨ་ས་དང༌། ། སྨ་ཕབ་པ་ལ་སྨད་པའོ། ། ཞེས་དང༌། དམའ་དང་སྨ་གཉིས་དོན་གཅིག་པས། ། སྨ་འབེབས་དམའ་འབེབས་གང་ཡང་འཐུས། ། དག་ཡིག་ལ་ལར་གསུངས་སྣང༌། གོང་གསལ་ཐུན་མོང་མ་ཡིན་པའི་འཇུག་པ་ལས། རྗེས་འཇུག་ད་ལ་བལྟོས་ན། ནའི་ཁྱབ་ཆེ། བརྡ་རྙིང་དུ། བློན་ལ་བློད་དང༌། བཙན་པོ་ལ་བཙད་པོ་དང༌། ལྗིད་ལ་ལྗིན་ལྟར་རྗེས་འཇུག་ད་ན་གང་རུང་སྦྱར་བ་མང་དུ་མཐོང་སྟེ། འདི་གཉིས་ཀའི་བྱེད་རྩོལ་ལྕེ་རྩེས་སོ་རྩར་རེག་པ་འདྲ་བ་ཙམ་ལས། སྣ་སྒྲ་ཡོད་མེད་ཀྱི་ཞིབ་ཆ་ལ་མཉམ་པར་མ་བཞག་པའི་གནད་ཀྱིས་བྱུང་བ་ཡིན་སྙམ། སྒྲ་རིག་པ་དར་བའི་རྗེས་འབྲངས་ནས། ཆོས་གང་རྗོད་བྱེད་ཀྱི་བརྡའི་དབྱེ་བ་ལྟར། རྗེས་འཇུག་ད་ན་གཉིས་མིང་གཞི་གང་ལ་གང་འཇུག་པའི་ཞིབ་ཆ་ལེགས་པར་ཐོན་ཏོ། ། ཡིན་ན་ཡང༌། ཐུན་མོང་མ་ཡིན་པའི་འཇུག་པ་ལས། མཐའ་རྟེན་མེད་པའམ། འ་མཐའ་ཅན་གྱི་མིང་མི་ཉུང་བ་ཞིག་ལ་རྗེས་འཇུག་ན་དང་ད་གང་རུང་སྦྱར་ཆོག་པ་མང་ཡང༌། དེ་དག་གི་བསྟན་བྱ་ཆ་མཐུན་པ་ཙམ་ལས། མཐའ་གཅིག་ཏུ་འདྲ་བ་མ་ཡིན་ནོ། ། དཔེར་ན། བྱ་བའི་མིང་དུ་རྒ་བ་ཞེས་པ་དངོས་པོའི་མིང་དུ་བསྒྱུར་བ་ལ། རྗེས་འཇུག་ན་དང་ད་གཉིས་གང་རུང་སྦྱར་ཆོག་སྟེ། རྒན་པོ། རྒད་པོ། ལྟ་བུ་དོན་གཅིག་ཀྱང༌། ཁྱད་ཆོས་ཀྱི་མིང་དུ་བསྒྱུར་བ་ལ། ན་མཐའ་མ་གཏོགས་ད་མཐའ་སྦྱར་མི་རུང༌། ན་ཚོད་ཡོལ་བའི་ཉམས་ལ། རྒན་པ། ཞེས་པ་ལས། རྒད་པ། ཞེས་བརྡ་སྦྱོར་སྲོལ་མེད་པ། ལྟ་བུ་སོགས་འཇུག་པའི་ངོ་བོ་གཅིག་ཀྱང་ལྡོག་པ་མི་གཅིག་པ་དང༌། འཇུག་ཡུལ་མི་གཅིག་པ་དང༌། འཇུག་པའི་ཁྱབ་ཆེ་ཆུང་མི་གཅིག་པ་དང༌། དོན་གཅིག་ཀྱང་ཚེག་ཁྱིམ་བསྡུ་རུང་མི་རུང་སོགས་ཀྱི་ཁྱད་པར་ཤེས་པར་གཅེས།  ཐུན་མོང་མིན་པའི་འཇུག་པ་ལ། ། རྗེས་འཇུག་ད་ན་ཁྱབ་ཆེ་ལ། ། གཞན་དག་ཉུང་ཡང་མེད་པ་མིན། ། ཁོ་ལ་ཁོང་དང་ཁྲ་ལ་ཁྲམ། ། ཧ་ཅང་སྐ་ནས་སྐམ་པ་དང༌། ། འབྱར་བའི་འཇི་ལ་འཇིམ་པ་དང༌། ། ལྕགས་ཀྱི་ཟོ་བར་ལྕགས་ཟོམ་ཟེར། ། སྡོང་བོར་འཁྲི་ཤིང་འཁྲིལ་ནས་སྐྱེ། ། རྐང་ལག་ཞ་བ་མིག་ཀྱང་ཞར། ། རི་མོར་རིས་དང་དབུ་མར་དབུས། ། མཁོ་བའི་ནུས་པར་མཁོས་ཀ་ཟེར། ། ལྟ་བུ་སོགས་ཀྱིས་ཤེས་པར་བགྱི། ། རྗེས་འཇུག་གི་ཐུན་མོང་མ་ཡིན་པའི་འཇུག་པ་ལ། ད་ན་གཉིས་ཁྱབ་དེ་འདྲ་ཆེ་དོན་ཅི་ཡིན་ཞེ་ན། རྗེས་འཇུག་འའི་དོད་དུ་དེ་གཉིས་རིགས་པར་སྦྱར་ན། སྒྲའི་འགྱུར་བ་སྔ་མའི་མིང་གི་གདངས་དང་ཉེ་བས། དོན་ཉེ་བ་མཚོན་སླ་བའི་ཕྱིར་རོ། ། རྗེས་འཇུག་གི་ཐུན་མོང་མ་ཡིན་པའི་འཇུག་སྲོལ་འདི་ལེགས་པར་རྟོགས་ན། མིང་གང་དང་གང་བརྟེན་ཅིང་འབྲེལ་བར་བྱུང་བ་དང༌། མིང་གང་གི་སྒྲ་བཤད་ཇི་ལྟར་ཡིན་པ་སོགས་ཀྱི་ཁུངས་ཆུད་ནས། ཡི་གེའི་སྒྲ་གཟུགས་དོན་གསུམ་མངའ་བརྙེས་པས། ཤེས་བརྗོད་འཇུག་གསུམ་ལ་མཁས་པར་འགྱུར་སྲིད་དེ། དཔེར་ན། འགྲོན་པོ་དང༌། མགྲོན་པོ་གཉིས་གདམ་ང་ཡིན་པར་འདོད་ནས་གང་རུང་བྲིས་པར་མང་ཡང༌། དེ་གཉིས་ཀྱི་ངོ་བོ་མི་གཅིག་པས། འཇུག་ཡུལ་ལ་ཁྱད་པར་ཡོད་དོ། ། འགྲོན་པོ་ནི། འགྲོ་བའི་བྱ་བ་དང་འབྲེལ་བའི་སྒོ་ནས་བྱུང་བ་སྟེ། ལམ་འགྲོ་ལ་འཇུག་པ་ཡིན་ལ། མགྲོན་པོ་ནི། དགའ་སྟོན་ལ་ཞུགས་མི་ཡིན་པས། སྟོན་གཟན་ལ་འཇུག་པ་ཡིན། འདུན་ས་དང༌། མདུན་ས་གཉིས་ཀྱང་འཇུག་དོན་མི་འདྲ། འདུན་ས་ནི། འདུ་བ་དང་འབྲེལ་བའི་ཚོགས་ས་དང༌། མདུན་ས་ནི། སྔུན་སའོ། ། བསྟན་དར་ལྷ་རམས་པའི་དག་ཡིག་ལས། འདུ་བའི་ས་ལ་འདུན་ས་ཟེར། ཞེས་དང༌། དགེ་བཤེས་ཆོས་གྲགས་ཀྱི་དག་ཡིག་ལས། མདུན་ས་ཞེས་པ་སྤྱན་སྔར་རོ། ། ཞེས་པས་གསལ། འདུན་མ་ནི། ཚོགས་འདུའམ་ཚོགས་པ་ཅན་གྱི་མིང་ཡིན། འདི་ལ་མདུན་མ་ཞེས་བྲིས་པ་མ་དག་པ་སྟེ། དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བའི་རྒྱ་འགྲེལ་དུ་(རྒྱ་ཡིག་ཁ་ཤས་འདུག་བྲིས་མེད) ཞེས་པས་གསལ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མདུན་ས་ལ་ཚོགས་འདུ། ཞེས་དང༌། འདུན་ས་ལ་འདུན་བྱེད་པའི་གནས་དང༌། སྟབས་བདེ་ས་དང༌། ཐག་ཉེ་ས། ཞེས་དང༌། མདུན་མ་ལ་འདུན་མ་འདྲ། ཞེས་དང༌། མདུན་ཁང་ལ་འདུག་ས། ཞེས་བཀྲལ་བ་རྣམས་མ་དག་པ་སྟེ། ཐ་སྙད་དེ་རྣམས་ཀྱི་ཁུངས་མ་ཅི་ཡིན་མ་རྟོགས་པར་གདམ་ང་ཡིན་པར་འདོད་ལོག་བྱུང་བའི་སྐྱོན་ནོ། ། ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆའི་རྒྱ་ཡིག་གི་འགྱུར་དུ། དབྱར་གྱི་འདུན་མ་ལ་དང༌། དགུན་འདུན་ལ་ཞེས་འདུན་མ་ཡོད་ཚད་ལ་ལྟར་བསྒྱུར་སྣང༌། དངོས་སུ་ན་གྲོས་ཚོགས་ཀྱི་དོན་ཡིན། ཞེས་བྱ་བ། རྒྱ་ཡིག་གི་དེང་རབས་རྒྱ་སྐད་ཀྱི་མིང་མཛོད་ལས། ཞེས་འགྲེལ་སྣང༌། བོད་སྐད་དུ་བསྒྱུར་ན། གནའ་རབས་ཀྱི་རྒྱལ་བོ་(དེའི་སྐུ་ཚབ་བམ་)དང་རྒྱལ་བོ་(དེའི་སྐུ་ཚབ་བམ་)ཞལ་མཇལ་ནས་མཇལ་དུམ་མཛད་པ་ཡིན། ཞེས་པའོ། ། དེ་ལྟར་བསྒྱུར་བ་མ་དག་རྒྱུན་འབྱམས་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ལོ་རྒྱུས་དཔྱད་པ་རྣམས་ཀྱིས། བོད་གནའ་རབས་ཀྱི་རྒྱལ་བློན་རྣམ་པས་མངའ་འོག་ཚོར་རང་ལ་བློ་དཀར་བ་དང་རྒྱབ་སྐྱོར་བའི་དམ་བཅའ་བར་བཅུག་ནས། རང་གི་གོ་ས་དང་སྲིད་དབང་བསྲུངས་པ་ཡིན་པའི་སྐད་ཀྱི་བླུན་བཤད་མང་ངོ༌། ། བཤད་ཚུལ་དེའི་ཤགས་ལ་བོད་གླེན་པ་བླུན་དད་ཀྱི་ཐབས་རྡུགས་ལས་རིགས་པའི་ཐབས་དམ་པ་མེད་པར་མངོན། ཡང་རྒྱ་འགྱུར་དེ་ལས། རྗེ་བློན་བློད་བློད་དེ། ལགྀ་མྱྀ་རྷྱའྀ་སྲིད་བརླག་གོ ། ཞེས་པའི་དོན་མ་རྟོགས་པར། རྒྱ་ཡིག ཞེས་བསྒྱུར་སྣང༌།

བརྡ་རྙིང་དུ་རྗེས་འཇུག་ད་དང་ན་གཉིས་གང་རུང་སྦྱར་བ་ཡོད་དེ། བློད་བློད་དེ། ཞེས་པ། བློན་བློན་ནས་ཟེར་བ་ཡིན། དེ་ཡང་བགྲོས་བགྲོས་ནས། ཞེས་པའི་དོན་ཡིན་པས། ཞེ་ན་དག་གོ ། གོང་གི་ཐ་སྙད་ཞྭ་དཔེ་ལྷམ་འགེབས་དང༌། འགྲེལ་ཉེས་སྒྱུར་ཉེས་བྱུང་བ་རྣམས་རྗེས་འཇུག་ན་དང་དའི་ཐུན་མོང་མ་ཡིན་པའི་འཇུག་པ་དང༌། མིང་གི་བྱུང་ཚུལ་མ་ངེས་པ་ལས་བྱུང་བ་ཡིན་ནོ། ། རྗེས་འཇུག་ད་ན་དང་བཅས་པའི། ། ཐུན་མོང་མིན་པའི་འཇུག་པ་ལས། ། འབྲེལ་ཡོད་མིང་གི་བྱུང་བ་དང༌། ། དོན་གྱི་ཁྱད་པར་རབ་གསལ་བས། །དེ་རྟོགས་འཆད་རྩོད་རྩོམ་པ་ལ། །མཁས་པའི་བློ་ཞིག་རྙེད་པ་ཡིན། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།