ཐོག་མར་ཀློག་པ་པོ་ལྷན་རྒྱས་བདེ་མོ་ཞེས་ཁམས་བདེ་འདྲི། གཞུང་དངོས་ལ་ཞུགས་རྒྱུ་ཡིན་ན་སྙན་ངག་གླེང་དགོས་ཏེ་སྤྱིར་སྙན་ངག་ཟེར་ན་དེང་སྐབས་ཀྱི་གོ་བ་ལེན་སྟངས་སླ་མོ་ལྟར་སོང་ན་ཚིག་གི་ཕྲེང་བ་སྒྲིག་ནས་སྙན་ངག་པའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཙམ་ཕྱི་རུ་མངོན་པར་གོ་དགོས་ཤིང་། ཡང་གོ་བ་ལེན་སྟངས་དཀའ་མོའམ་བསམ་གཞིག་ཆེས་ཆེར་བཏང་ན་སྙན་ངག་ནི་ཆེས་ལྐོག་གྱུར་གྱི་ཐ་སྙད་ཅིག་རེད། འོ་ན་དེང་རབས་སྙན་ངག་དང་སྲོལ་རྒྱུན་སྙན་ངག ཡང་ན་རང་མོས་སྙན་ངག་གང་ཡིན་ཡང་ལྐོག་གྱུར་དང་བསམ་གཞིག་གི་ཤོངས་དཀའ་བ་ཞིག་ཨེ་ཡིན་ཟེར་ན་དེ་ཡང་མི་སྲིད་དེ་དཔེར་ན་སྙན་ངག་དང་ཆ་མཚུངས་པའི་དེང་སྐབས་ཀྱི་ཚིག་གི་ཕྲེང་བ་རྡབ་རྡིབ་ལྟ་བུ། དེས་ན་སྙན་པ་དང་སྙན་ངག་ཅེས་སོ་སོར་བཀར་ནས་དེ་གཉིས་ལ་སོ་སོའི་ཁྱད་ཆོས་ག་རེ་འདུག་ཟེར་ན་སྙན་ངག་པར་སྙན་ངག་གི་འཇིག་རྟེན་མཐོང་འདོད་ཀྱི་བསམ་བློའི་ལྟ་བའམ་རྟོག་པའི་རང་བཞིན་ལྡན་ལ་སྙན་ངག་ལ་སྙན་ངག་པའི་ནང་སེམས་བསློག་ནུས་པའི་ཁྱད་ཆོས་མངའ་བར་སྙམ། གལ་ཏེ་སྙན་ངག་པ་ཞིག་དང་སྐྱེ་བོ་ཕལ་བ་གཉིས་མཉམ་གཅིག་ཏུ་བཞག་ཏེ་བསམ་བློའི་ཁ་ཕྱོགས་དང་ཡང་ན་མི་གཞིའི་སྙིང་སྟོབས་གླེང་ན་རྩ་བ་ནས་མི་གཅིག་པར་མ་ཟད། སྐྱེ་བོ་ཕལ་བ་དང་སྙན་ངག་པ་གཉིས་ཀྱི་ནང་སེམས་ཀྱི་འཇིག་རྟེན་ངོས་འཛིན་སྟངས་ཡང་རྩ་བ་ནས་གཅིག་གི་མ་རེད། ད་དུང་དེ་གཉིས་ལ་གླེང་གཞི་དངོས་མ་ཞིག་ཀྱང་རྩ་བ་རྩ་བ་ནས་ཡོད་པ་མ་རེད། དེ་བས་དཔེ་ཞིག་དྲངས་ན་སྐྱེ་བོ་ཕལ་བས་འཇིག་རྟེན་གྱི་མྱོང་བྱ་དང་རོལ་བྱ་མཐའ་དག་ལ་ཐེངས་ཤིག་རོལ་རྗེས་ད་གཟོད་ནང་སེམས་ཀྱི་འཇིག་རྟེན་ནི་དོན་དངོས་ཀྱི་འཇིག་རྟེན་ཉིད་དུ་བསམ་ནས་ཡིད་ཚིམས་སྲིད་ཡང་། སྙན་ངག་པ་དེ་ལས་འདས་སྲིད་དེ་རྒྱུ་མཚན་ཁོས་སྙན་ངག་འབྲི་དུས་སྙན་ངག་ཚད་ལྡན་ཏེ《དུས་དང་ཡུལ་ལས་འགོངས་པ》དང་། ཞིང་ས་ཞིག་ལ་དཔེ་བྱས་ན《ཆུ་ལུད་དྲོད་གཤེར》འཛོམས་པའི་སྙན་ངག་མང་དུ་བྲིས་རྐྱེན་སྙན་ངག་པའི་ནང་སེམས་ཀྱི་འཇིག་རྟེན་དོན་དངོས་ཀྱི་འཇིག་རྟེན་ལས་ཆེ་དྲགས་ཏེ་མི་ཚིམས་པར་གདུང་སེམས་དང་ཡང་ན་ཡི་མུག་ནས་བསམ་བློ་དང་མི་གཞིའི་སྙིང་སྟོབས་སྐྱེ་བོ་ཕལ་བ་ལས་བརྒལ་བ་རེད། དེ་ལྟར་ཡིན་ཕྱིར་སྙན་ངག་ནི་སྤྱིར་གོ་མྱོང་འབྲི་བདེའི་ཐ་སྙད་ཅིག་ཡིན་རུང་དེའི་ཕུགས་ཀྱི་ནང་དོན་ནི་ཧ་ལས་པ་ལྐོག་གྱུར་དང་རབ་རིབ་ཡིན་པས་བསམ་བློ་གཏོང་རན་འདུག་སྙམ། ད་དུང་སྙན་ངག་པས་སྙན་ངག་འབྲི་དོན་ནི་ཚིག་གི་རོལ་རྩེད་རྩེ་བའམ་ཡང་ན་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཙམ་ཕྱི་རུ་མངོན་ནས་ཀློག་པ་པོ་རྣམས་དང་གདུང་བ་མཉམ་སྐྱེལ་བྱེད་ཕྱིར་མིན་པར་སྙན་ངག་པ་རང་གིས་མྱངས་ཟིན་པའི་འཇིག་རྟེན་གྱི་བྱ་དངོས་དག་ལ་སླར་ཡང་ཞིབ་ཚགས་ཀྱིས་ཐེངས་ཤིག་མྱོང་ཕྱིར་རོ། དེ་བས་སྙན་ངག་གི་གསང་རྒྱ་ནི་སྙན་ངག་པ་ལས་འདས་པའི་སྐྱེ་བོ་ཕལ་བ་གང་ཞིག་གི་རྟོགས་མི་ཐུབ་པར་མ་ཟད་སྙན་ངག་ནི་སྙན་ངག་ཡིན་ཡང་སྙན་ངག་པ་ནི་སྙན་ངག་གི་འཇིག་རྟེན་ནམ་སྙན་ངག་གི་ཕོ་བྲང་གང་དེའི་མྱུལ་ཞིབ་པ་ཡིན་ཟེར་ནའང་མི་ཆོག་རྒྱུ་ཅང་མེད་དོ།།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
སྐྱབས་ཆེན་བདེ་གྲོལ་གྱི་《སྙན་ངག་སྐོར་གྱི་གཏམ་བཤད》སྟོད་སྨད་གཉིས་ལ་ཉན་རྗེས་ཀྱི་སེམས་ཚོར།