དགེ་འདུན་ཆོས་འཕེལ་གྱིས་སྐད་བརྡ་རིག་པར་བཞག་པའི་མཛད་རྗེས་དང་དཔྱད་འབྲས་སྐོར་གླེང་བ།

[ནང་དོན་གནད་བསྡུས།] རྩོམ་འདིར་སྔོན་བྱོན་མཁས་པ་དག་གི་ཞིབ་འཇུག་གནང་བའི་རྨང་གཞིའི་སྟེང་དགེ་ཆོས་ལགས་ཀྱི་ཀྱག་ཀྱོག་གི་མི་ཚེ་ཐུང་ངུའི་ཁྲོད་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་དུ་ཡུལ་དངོས་རྟོག་དཔྱོད་དུ་བསྐྱོད་དེ།  ནུབ་ཕྱོགས་ཀྱི་སྐད་བརྡ་རིག་པའི་གཞུང་ལུགས་དང་ཞིབ་འཇུག་གི་བྱེད་ཐབས་སོགས་ལ་སློབ་སྦྱོང་བྱས་ནས། འཛམ་གླིང་གི་མི་རིགས་སོ་སོའི་ཡི་གེའི་འབྱུང་ཁུངས་དང་སྐད་ཁྱིམ། སྒོས་སུ་བོད་ཡིག་གི་འབྱུང་ཁུངས་དང་། བོད་ཀྱི་ཡུལ་སྐད། རྡོ་རིང་གི་ཡི་གེ ཏུང་ཧོང་གི་ཡིག་རྙིང་། བོད་ཀྱི་ཡིག་གཟུགས་ཀྱི་བྱུང་འཕེལ། རྒྱལ་ཕྱིའི་སྐད་བརྡའི་བར་དང་སཾ་བོད་སྐད་བརྡའི་བར་སོགས་ལ་ཞིབ་བསྡུར་དང་ཞིབ་འཇུག་བྱས་ཏེ་དཔྱད་འབྲས་སྔ་ན་མེད་པ་བླངས་ཡོད་པ་དེ་དག་གཙོ་བྱས་ནས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཡོད།

[བརྡ་ཆད་གཙོ་བོ།] དགེ་ཆོས། སྐད་བརྡ་རིག་པ། མཛད་རྗེས། དཔྱད་འབྲས།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214

[ཡིག་ཚང་མཚན་བྱང་།]A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)02-0065-21 

དང་པོ། སྔ་རབས་པའི་ཞིབ་འཇུག་གི་གནས་བབ།  

མིག་སྔར་རིག་གཞུང་ཞིབ་འཇུག་གི་ཁམས་སུ་དགེ་ཆོས་ལགས་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ནི་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ཇི་བཞིན་བྱུང་དང་འབྱུང་བཞིན་ཡོད་དེ། དགེ་ཆོས་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་། རྣམ་ཐར། དབུ་མའི་ལྟ་གྲུབ་《ཀླུ་སྒྲུབ་དགོངས་རྒྱན་》དང་《རྒྱལ་རབས་དེབ་ཐེར་དཀར་པོ་》དང་ཁོང་གི་སྙན་ངག་གི་སྐོར་སོགས་ལ་ཞིབ་འཇུག་བྱས་ནས་དཔྱད་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ཡོད། དེ་དག་གི་ཁྲོད་དུ་སྤྱི་ལོ་1972ལོར་རྒན་པོ་ཤེས་རབ་རྒྱ་མཚོའི་《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་མདོར་བསྡུས་》དང་།① སྤྱི་ལོ་1983ལོར་རྟོར་ཁང་བསོད་ནམས་དཔལ་འབར་གྱི་《དགེ་འདུན་ཆོས་འཕེལ་གྱི་རྟོགས་པ་བརྗོད་པ་》 དང་སྤྱི་ལོ་1999ལོར་རྟོར་གཙང་འཇིགས་མེད་ཀྱི་《དྲང་བདེན་གྱིས་བསླུས་པའི་སློང་མོ་བ་》ཞེས་པ་སོགས་འགྲེམ་སྤེལ་བྱས་ནས་དགེ་ཆོས་ལགས་ཀྱི་ཀྱག་ཀྱོག་གི་མི་ཚེའི་བཞུད་ལམ་དང་རིག་གཞུང་ཞིབ་འཇུག་གི་དཔྱད་འབྲས་སོགས་ལ་སྤྱི་སྡོམ་བྱས་ཡོད་ལ། སྤྱི་ལོ་1988ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཆེས་ཐོག་མར་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》པར་སྐྲུན་བྱས་པ་དང་།②  སྤྱི་ལོ་1990ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》པོད་གསུམ་གྱི་བདག་ཉིད་ཅན་པར་སྐྲུན་མཛད་ནས་འགྲེམ་སྤེལ་བྱས་ཏེ་ཞིབ་འཇུག་པ་རྣམས་ལ་དགེ་ཆོས་ལགས་ཀྱི་དཔྱད་འབྲས་མཁོ་འདོན་བྱས་ཡོད།③ སྤྱི་ལོ་1997ལོར་རེབ་གོང་རྡོ་རྗེ་རྒྱལ་གྱིས་《དགེ་འདུན་ཆོས་འཕེལ་》④ཞེས་པའི་དེབ་ཅིག་བརྩམས་ནས་དགེ་ཆོས་ལགས་ཀྱི་མི་ཚེ་ལ་ཅུང་ཕྲ་ཞིང་ཞིབ་པས་སྤྱི་སྡོམ་བྱས་ཡོད་པར་མ་ཟད།   བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་དཀོན་གྲས་སྐོར་ཞིག་བཀོད་ཡོད་ལ།   ཡུལ་དངོས་རྟོག་དཔྱོད་ལས་བྱུང་བའི་ངག་ཐོག་གི་དཔྱད་ཡིག་མང་པོ་ཞིག་ལ་ཁུངས་བཅོལ་ནས་དགེ་ཆོས་ལགས་ཀྱི་ཁྱད་མཚར་བའི་མི་ཚེ་བཞེངས་བཀོད་བྱས་ཏེ་ཁོའི་རིག་གཞུང་ཞིབ་འཇུག་གི་དཔྱད་འབྲས་རྣམས་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཡོད།  རྒྱལ་ཕྱིའི་མཁས་པའི་ཁྲོད་དུ་ར་ཧུ་ལ་སཾཀི་རྟི་ཡན་(Rahul   sankrityayan 1893- 1963)དང་འཇར་པན་པ་ཁེ་མུའུ་ར་ཧེ་ས་འོ།(Hisao Kimura 1922-1989)ཧྥ་རན་སིའི་མེ་ཁི་ཐང་ན།(Ariane Macdonld1938--  )  ཨ་རི་བ་མེ་ཨེར་སི་ཐན་(M་ C .Goldstein)སོགས་ཀྱིས་ཀྱང་དགེ་ཆོས་ལགས་ལ་ཞིབ་འཇུག་བྱས་ནས་དཔྱད་འབྲས་ཀྱང་མང་པོ་པར་དུ་བསྐྲུན་ཡོད་ལ། ཉེ་བའི་ལོ་འགའི་སྔོན་དུ་རྒྱལ་ནང་དུ་ཏུའུ་ཡུང་པིན་(杜永彬)⑤དང་རྒྱལ་ཕྱིའི་ཧེ་ཏི་(Heathe stoddard)⑥སོགས་ཀྱི་ཞིབ་འཇུག་ནི་དགེ་ཆོས་ལགས་ལ་ཞིབ་འཇུག་བྱས་པའི་ཁྲོད་དུ་འཛམ་གླིང་གི་སྔོན་གྲས་སུ་སླེབས་ཡོད།  བྱེ་བྲག་སྐད་བརྡ་རིག་པའི་ངོས་ཐད་ནས་ཏུང་ཡུང་པིན་དང་པདྨ་ལྷུན་གྲུབ⑦སོགས་ཀྱིས་དགེ་ཆོས་ལགས་ཀྱི་སྐད་བརྡའི་དཔྱད་འབྲས་ཐར་ཐོར་ཙམ་རང་རང་གི་དཔྱད་འབྲས་ཁྲོད་དུ་བཀོད་ཡོད་པ་ལས་གཞན་ཆ་ཡོངས་ནས་དགེ་ཆོས་ལགས་ཀྱི་སྐད་བརྡ་རིག་པར་བཞག་པའི་མཛད་རྗེས་དང་དཔྱད་འབྲས་སྐོར་ལ་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་ལ།  དགེ་འདུན་ཆོས་འཕེལ་ལགས་ནི་སྐད་རིགས་སྣ་མང་ལ་མཁས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ཏེ།   ཁོ་རང་རྒྱ་ཡིག་དང་དབྱིན་ཇི། སཾ་སྐྲྀ་ཏའི་སྐད། རྒྱ་གར་སྐད་དང་པ་ལིས་སྐད་སོགས་སྐད་རིགས་བཅུ་གསུམ་ལྷག་ལ་མཁས་ཤིང་།   ཁོའི་སྐད་བརྡ་རིག་པའི་བརྩམས་ཆོས་སྐོར་ལ། ཡུལ་སོ་སོའི་སྐད་དང་ཡི་གེ  བོད་ཡིག་གི་སྒྲ་སྦྱོར།  དབུ་ཅན་ལས་དབུ་མེད་རང་བྱུང་དུ་གྲུབ་པ།  རྒྱ་གར་གྱི་སྐད་བརྡར་ཞིབ་འཇུག བོད་ཡིག་གི་སློབ་དེབ། བོད་ཀྱི་བརྡ་སྤྲོད། ལེགས་སྦྱར་བང་མཛོད། དགེ་བཤེས་ཆོས་ཀྱི་གྲགས་པའི་ཚིག་མཛོད་སོགས་དང་།  གཞན་ཡང་རྡོ་རིང་གི་ཡི་གེར་ཞིབ་འཇུག་དང་ཏུན་ཧོང་གི་ཡིག་རྙིང་ཞིབ་འཇུག་སོགས་སྐད་བརྡ་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཏོགས་པའི་དཔྱད་འབྲས་མང་པོ་ཡོད་ལ།  ལྷག་པར་དུ་ཁོ་རང་རྒྱ་གར་དུ་འཚོ་བཞུགས་ཀྱི་དུས་སྐབས་སུ་དབྱིན་ཇིའི་གོང་མ་ཞིབ་འཇུག་ཁང་གིས་རྒྱ་གར་དུ་ཨེ་ཤ་ཡའི་ཞིབ་འཇུག་ཁང་བཙུགས་ཡོད་པའི་ནང་དུ་ཕྱག་ལས་གནང་བ་དང་། ཨུ་རུ་སིའི་སྐད་བརྡ་རིག་པ་སྨྲ་བ་ཆོའོ་ཀྲི་རོ་རིག(Reorge      Roerich  1902  1961)ལ་རོགས་རམ་བྱས་ནས་ཨ་མདོའི་བོད་སྐད་ཞིབ་འཇུག་ཞེས་པའི་དཔེ་དེབ་བརྩམས་གྲུབ་གནང་ལ།  ཁོས་བོད་ཀྱི་སྲོལ་རྒྱུན་གྱི་སྒྲ་རིག་པའི་རིག་གཞུང་གི་སྒྲོམ་གཞི་བརྟོལ་ནས་ནུབ་ཕྱོགས་ཀྱི་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་བྱེད་ཐབས་བེད་སྤྱད་ནས་བོད་ཀྱི་ཡི་གེའི་འབྱུང་ཁུངས་དང་། སྒྲ་གདངས། ཡུལ་སྐད་སོགས་ལ་སྔ་ན་མེད་པའི་ཞིབ་འཇུག་བྱས་པར་མ་ཟད། ད་དུང་གནའ་བོའི་རྡོ་རིང་གི་ཡི་གེ་དང་ཏུན་ཧོང་གི་ཡིག་རྙིང་།  རྒྱལ་ཕྱིའི་སྐད་བརྡར་ཞིབ་བསྡུར་དང་ཞིབ་འཇུག་སོགས་ཀྱི་ཐད་ནས་དཔྱད་འབྲས་མི་དམན་པ་བླངས་ཡོད་པ་རེད།

གཉིས་པ། འཛམ་གླིང་གི་ཡུལ་སོ་སོའི་ཡིག་རིགས་ཞིབ་འཇུག   

དགེ་ཆོས་ལགས་ཀྱིས་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ཞེས་པའི་ལེའུ་བརྒྱད་པའི་ནང་དུ་སྔོན་ནས་ད་ལྟའི་བར་ཡུལ་སོ་སོའི་ཡིག་རིགས⑧ཞེས་པ་བཀོད་ཡོད་ལ། ལེའུ་འདིའི་ནང་དུ་ཐོག་མར་འགྲོ་བ་མིའི་རིགས་ཀྱི་ཡི་གེ་ནི་མིའི་རིགས་ཀྱི་རིགས་རྒྱུད་ཆེན་པོ་འགའ་ཞིག་ལ་ཤེས་རབ་སྐྱེ་བའི་འགོ་བརྩམས་པ་ན་སྔོན་གྱི་མི་རྣམས་ཐོག་མར་རི་མོ་བྲི་བའི་ལས་བྱས་ཏེ་རིམ་གྱིས་ཡི་གེ་བྱུང་བར་མངོན་ཟེར། འཛམ་གླིང་གི་ཡིག་རིགས་སོ་སོའི་འབྱུང་ཁུངས་དང་རིགས་དབྱེ་ལའང་ཞིབ་འཇུག་དང་རྟོག་དཔྱོད་བྱས་ཡོད།  མིའི་རིགས་ཀྱི་ཡི་གེའི་འབྱུང་ཁུངས་ལ་གཅིག་ནི་རང་བཞིན་གྱིས་བྱུང་བའི་ཡི་གེའི་གཟུགས་དང་།  གཉིས་ནི་མཁས་པ་རྣམས་ཀྱིས་ཆེད་དུ་བྱས་པ་གཉིས་སུ་དབྱེ་ཡོད། རང་བཞིན་གྱིས་བྱུང་བའི་ཡི་གེའི་གཟུགས་ནི་དབྱངས་གསལ་སོགས་ཕྱི་མོ་ཉུང་ངུ་ཞིག་གི་ནང་དུ་བསྡུས་བ་མེད་ཅིང་།   བརྗོད་བ་ཀ་བུམ་སོགས་ཀྱི་དངོས་པོ་དང་རྗོད་བྱེད་ཀྱི་སྒྲ་རེ་རེ་བཞིན་ཡིག་འབྲུ་རེ་བཅོས་ཡོད།  དེ་ལྟ་བུའི་ཡི་གེ་ཡང་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ཏུ་དར་བའི་འགོ་བཙུགས་པར་མངོན་ཀྱང་རིམ་གྱིས་ནུབ་པ་ཡིན་ལ། དེ་དག་ལས་རྒྱུན་རིང་པོའི་བར་བྱུང་བ་ནི། ནུབ་ཕྱོགས་ཀྱི་ཨེ་རྗིབ་རྣམས་དང་། ཤར་གྱི་རྒྱ་ནག་གི་ཡི་གེ་ཡིན་ནོ།།  དེ་ལ་རྒྱ་ནག་རྣམས་ཀྱི་ཡི་གེ་ནི་ད་དུང་ཡང་སྔར་གྱི་རང་བྱུང་ཡི་གེའི་རྒྱུད་པ་ཡིན་པས་དབྱངས་གསལ་སོགས་ཀྱི་ཕྱི་མོ་ཉུང་ངུར་བསྡུས་པ་མེད་དོ།། ཨེ་རྗིབ་རྣམས་ཀྱི་ཡི་གེ་ཡང་རིམ་གྱིས་གཟུགས་འགྱུར་ནས་ཁ་རོ་ཥ་ཊའི་ཡི་གེ་དང་།  དེ་ཡང་འགྱུར་ནས་ཨུ་རུ་སུའི་ཡི་གེ་བྱུང་ལ།  ད་དུང་ཧེ་ཙི⑨རྣམས་ཀྱི་ཡི་གེ་འདི་ཡིན་ཀྱང་། ཕྱིས་ཙ་ན་ཕྱི་མོ་ལ་བསྡུས་པས་ད་ལྟ་རྩ་བ་ཙམ་ལས་ཉིས་སྦྲེལ་སུམ་སྦྲེལ་བྱས་ཏེ་རང་རེ་བཞིན་ཀློག་པ་ཡིན་ནོ།།   རྒྱ་གར་ནུབ་ངོས་ཀྱི་ཡུལ་གྲུ་ཕལ་ཆེར་ལ་ནང་གསེས་ཁྱད་ཅུང་རེ་མ་གཏོགས་ཡིག་གཟུགས་འདི་རང་ཡིན་ལ།  ཨོ་རྒྱན་ཀྱང་སྔོན་ཁ་རོ་ཥ་ཊའི་ཡི་གེ་བྲི་བས་ལོ་པཎ་ཐང་ཡིག་གི་མཇུག་ཏུ་ཨོ་རྒྱན་གྱི་ཡི་གེའི་ཉའི་སྒལ་པ་འདྲ་བ་བྲིས་པ་ལ་ཞེས་དང་ཡང་དེ་ལ་སྔོན་གྱི་མི་རྣམས་ཕོ་ཉ་གཏོང་བ་སོགས་བྱེད་པ་ན།  གང་མཁོ་བའི་ཡོ་བྱད་གྲི་དང་སྣམ་བུ་བུམ་པ་ལ་གཟུགས་རིས་དངོས་བྲིས་ནས་གཏོང་བ་ཡིན་ལ། རིམ་གྱིས་ལག་མི་བདེ་བ་དག་གིས་བྲིས་པའོ།། མགྱོགས་པོར་བྲིས་པའི་དབང་གིས་སྔར་གྱི་གྲི་དང་སྣམ་བུ།  བུམ་པ་གསུམ་འགྱུར་ནས་ཡི་གེའི་གཟུགས་བྱུང་བའོ།།  རྒྱ་ནག་པའི་སྔོན་གྱི་ཡི་གེ་ཡང་གཟུགས་དངོས་སུ་བྲིས་ཡོད་པ་དཔེ་རིས་ལྟར་ལ།  ཨེ་རྗིབ་རྣམས་ཀྱི་རོ་སྒྲོམ་ལོ་སྟོང་ཕྲག་མང་པོ་སོང་བ་དག་གི་སྟེང་ལ་བྱ་དང་། མིག་སོགས་ཀྱི་གཟུགས་རིས་རྣམས་བྲིས་ཤིང་།   རེ་རེ་བཞིན་ཚོན་གྱིས་སྤྲས་པ་སོགས་བྱས་ཏེ་དེ་དག་ཀྱང་ཡི་གེ་ཡིན་ལ་ཀློག་ཀྱང་ནུས་ཞེས་རང་བཞིན་གྱིས་བྱུང་བའི་ཡི་གེའི་རིགས་ནི་གནའ་བོའི་ཨེ་རྗིབ་དང་ཤར་གྱི་རྒྱ་ནག་སོགས་ཀྱི་ཡི་གེ་འདིའི་ཁུངས་སུ་གཏོགས་པ་གསལ་བོར་བཀོད་ཡོད་པ་མ་ཟད།  ད་དུང་གནའ་བོའི་ཨེ་རྗིབ་ཀྱི་ཡི་གེ་ལས་ཁ་རོ་ཥཊའི་ཡི་གེ་དང་ཨུ་རུ་སུའི་ཡི་གེ་སོགས་བྱུང་སྟེ། ད་ལྟའི་ཧེ་ཙི་རྣམས་ཀྱི་ཡི་གེ་ཀྱང་འདི་ལས་མཆེད་པ་བདེན་དཔང་བྱས་ཡོད་ལ། ཕྱིས་སུ་རང་བཞིན་གྱིས་བྱུང་བའི་ཡི་གེ་དེའི་རིགས་ཕྱི་མོ་ལ་བསྡུས་པས་སྦྱོར་ཀློག་ཡི་གེ་རུ་གྱུར་བ་སོགས་གསལ་བོར་གསུངས་ཡོད།  རྒྱ་གར་ནུབ་ངོས་ཀྱི་ཡུལ་གྲུ་ཕལ་ཆེར་གྱི་ཡི་གེ་དང་།  ཨོ་རྒྱན་གྱི་ཡི་གེ་སོགས་ཀྱང་འདིར་གཏོགས་པ་གསལ་བཤད་བྱས་ཡོད་ལ།   དེ་དག་གི་སྒྲུབ་བྱེད་དུ་ཡོ་བྱད་གྲི་དང་སྣམ་བུ།    བུམ་པ། སོགས་ཀྱི་གཟུགས་རིས་དངོས་སུ་བཀོད་ཡོད་པར་མ་ཟད་། ད་དུང་ཨེ་རྗིབ་པ་རྣམས་ཀྱི་རོ་སྒྲོམ་ལོ་སྟོང་ཕྲག་མང་པོ་སོང་བ་དག་གི་སྟེང་དུ་བཀོད་ཡོད་པའི་གཟུགས་རིས་རྣམས་དངོས་སུ་བཀོད་ནས་བདེན་དཔང་དང་ར་སྤྲོད་བྱས་ཡོད།  

མཁས་པ་རྣམས་ཀྱིས་ཆེད་དུ་བྱས་པའི་ཡི་གེ་ནི་ཡི་གེ་ཕྱི་མོ་སྐད་ཀྱི་གདངས་ལ་མཁོ་བ་རྣམས་ཟུར་དུ་བསྡུས་ནས་ཡི་གེ་བྱས་པ་ནི་མཁས་པ་རྣམ་དཔྱོད་ཅན་གྱིས་མཛད་པ་ཡིན་ཏེ།  ཡིག་རིགས་དྲུག་ཅུ་རྩ་བཞི་བགྲང་བྱ་དེ་དག་ཡིན་ཅིང་།  དེ་ཐམས་ཅད་ཕལ་ཆེར་གྱི་དང་པོའི་ཕྱི་མོའམ་འབྱུང་ཁུངས་ནི་སྟོན་པའི་སྐུ་དུས་རྩ་ན་བྱུང་བའི་རྒྱ་གར་གྱི་ཡི་གེ་འདི་ཡིན་པར་མཐོང་ལ།   འདི་ལ་དེང་སང་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེ་འབོད་དོ།། དེ་ལས་རིམ་གྱིས་ཡལྦནའི་ཡི་གེ་བྱུང་ཞིང་།   དེ་ལས་རོ་མན་སོགས་ཀྱི་ཡི་གེའི་ཕྱི་མོ་ཡང་བྲམ་ཟེའི་ཡི་གེ་ཡིན་ལ། གཟུགས་ཀྱང་ཤིན་ཏུ་འདྲ་བ་མཐོང་ངོ་ཞེས་ཡིག་རིགས་དེ་དག་ནི་སྟོན་པ་སྐུ་བཞུགས་དུས་སུ་རྒྱ་གར་དུ་བྱུང་བ་དང་། ཡིག་རིགས་དེ་དག་གི་ཕྱི་མོའམ་འབྱུང་ཁུངས་ནི་དེང་སང་བྲམ་ཟེ་ཡི་གེར་འབོད་པའམ་ཚངས་བར་ཡི་གེ་འབོད་པ་དེ་ཡིན་པ་ར་སྤྲོད་བྱས་ལ།  བྲམ་ཟེ་ཡི་གེ་ལས་ཡལྦནའི་ཡི་གེ་བྱུང་ལ།  དེ་ལས་རོ་མན་སོགས་ཀྱི་ཡི་གེར་འཕེལ་བས་དེང་གི་འཇར་མན་པའི་ཡི་གེ་དང་ཨུ་རུ་སུའི་ཡི་གེ་རྣམས་ཀྱི་ཁུངས་ཡིན་པ་བདེན་དཔང་བྱས་ཡོད། དབྱངས་གསལ་བསྡུ་ལུགས( 元音字母和辅音字母的归纳)ཀྱི་ཆ་ནས་རྒྱ་གར་གྱི་ཡི་གེ་ལྟ་བུའི་གཙང་སང་བ་སུ་ལའང་མི་སྣང་ལ། བོད་དང་འབར་མ། སིངྒ་ལའི་ཡི་གེ་རྣམས་ཀྱང་ཡི་གེ་འང་འདི་ལས་མཆེད་པ་ར་སྤྲོད་བྱས་ཡོད་པར་མ་ཟད། ཁོས་ད་དུང་འཛམ་གླིང་སྟེང་གི་ཡིག་རིགས་རྒྱ་ཡིག་དང་ཧེ་ཙིའི་ཡི་གེ་བསལ་བའི་ལྷག་མའི་ཡིག་རིགས་ཇི་སྙེད་པ་ཐམས་ཅད་ཀྱི་རྩ་བ་གཅིག་ཏུ་ངོས་བཟུང་ཡོད་ལ། འཛམ་གླིང་གི་ཡིག་རིགས་དག་གི་ཁུངས་ལ་རིགས་ཆེན་པོ་གཉིས་སུ་དབྱེ་ནས་དེ་དག་གི་ཁུངས་ནི་མི་རིགས་སོ་སོ་ལ་ཡོད་པའི་ལྷ་སྒྲུང་དང་གཏམ་རྒྱུད་ཀྱི་ཁྲོད་དུ་ལྷ་གོང་མའམ་ཡང་ན་གྱད་མི་ཞིག་གིས་གསར་གཏོད་མཛད་པའི་སྐོར་ལ་ཡིད་ཆེས་མ་བྱས་པར་ཁོ་རང་དངོས་སུ་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་ཏུ་རྟོག་དཔྱོད་བྱས་པ་དང་བསྟུན་གནའ་བོའི་རྒྱ་གར་དང་ལྷག་པར་དུ་ནུབ་ཕྱོགས་ཀྱི་སྐད་བརྡ་རིག་པའི་གཞུང་ལུགས་སྐོར་ལ་འབྲེལ་འདྲིས་བྱུང་ནས་འཛམ་གླིང་གི་ཡིག་རིགས་དག་གི་ཁུངས་ཆེན་པོ་གཉིས་སུ་དབྱེ་ཚུལ་དེ་ནི་དེང་གི་སྐད་བརྡ་རིག་པའི་དབྱེ་ཚུལ་དང་ཡང་ཧ་ཅང་མཐུན་ལ།   དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ལྟར་ནའང་།  སཾ་སྐྲྀ་ཏའི་སྐད་ནི་ཧིན་ཡོབ་སྐད་རྒྱུད་(印欧语系)དུ་གཏོགས་ལ། དེང་གི་དུས་ཀྱི་ཡོབ་རོབ་པའི་མི་རྣམས་ཀྱིས་སཾ་སྐྲྀ་ཏའི་སྐད་ལ་ཤེས་རྟོགས་བྱུང་བ་ནས་འགོ་བཟུང་སྟེ་ཧིན་ཡོབ་སྐད་རྒྱུད་ཞེས་པ་ཞིག་ཡོད་པ་ཁས་བླངས་ལ།  སཾ་སྐྲྀ་ཏའི་སྐད་དང་གནའ་བོའི་ཡོ་རོབ་ཀྱི་སྐད་བརྡ་ནི་ཧ་ཅང་འདྲ་མཚུངས་སུ་མཆིས་བ་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ཡར་སྔོན་དུ་རྒྱ་གར་དུ་སླེབས་པའི་ཡོབ་རོབ་ཀྱི་ཆོས་སྤེལ་མཁན་དག་གིས་མཉམ་བཞག་མཛད་དེ། སྤྱི་ལོ་1786ལོར་ལྷང་ག་ལའི་ཨེ་ཤ་ཡའི་སློབ་ཚོགས་ཀྱི་སྲོལ་འབྱེད་མཁན་དབྱིན་ཇི་པ་བིས་ལན་མུའུ་སིས་(Williams Johnes)ཡིས་གནའ་བོའི་འཇར་མན་གྱི་སྐད་དང་ཡོ་རོབ་ཀྱི་དུས་རབས་དཀྱིལ་མའི་སྐད་རིགས་ཁེ་ཨེར་ཐི་སྐད་དང་པར་ཟིག་གི་སྐད་སོགས་ལ་ཞིབ་བསྡུར་བྱས་པ་བརྒྱུད་ནས་མངོན་གསལ་བཏོད་པོས་སྒོས་སཾ་སྐྲྀ་ཏའི་སྐད་དང་གནའ་བོའི་ཡོ་རོབ་ཀྱི་སྐད་རྣམས་ཀྱི་འབྱུང་ཁུངས་གཅིག་ཡིན་ཞེས་གསུངས་ཡོད་ལ། སྤྱི་ལོ་1816ལོར་ཧྥི་རན་རྫི་སྦོ་ཕོས་(Franz  Bopp)གྱིས་དཔྱད་རྩོམ་ཞིག་བྲིས་ནས་རྩོམ་བྱང་དུ་《སཾ་སྐྲྀ་ཏའི་སྐད་ཀྱི་སྒྲ་གནས་གཟུགས་འགྱུར་གྱི་མ་ལག་དང་གྷི་རིགས།  ལ་ཏིང་།  པར་ཟིག་གི་སྐད་དང་འཇར་མན་སྐད་གྱི་ཞིབ་བསྡུར་》ཞེས་པ་འགྲེམ་སྤེལ་བྱས་ལ། དེའི་རྗེས་སུ་ཁོས་མུ་མཐུད་དུ་ཕྲ་ཞིང་ཞིབ་པའི་སྒོ་ནས་སཾ་སྐྲྀ་ཏའི་སྐད་ཀྱི་བརྡ་སྤྲོད་ཀྱི་མ་ལག་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་མི་ཉུང་བ་ཞིག་འཕྲོ་རིམ་འཕྲོར་འགྲེམ་སྤེལ་བྱས་ཏེ་གནའ་བོའི་ཡོ་རོབ་ཀྱི་སྐད་རིགས་མང་པོ་ཞིག་གི་ཁུངས་ནི་སཾ་སྐྲྀ་ཏའི་སྐད་ཡིན་པ་ར་སྤྲོད་དང་བདེན་དཔང་བྱས་ཡོད་པས།⑩འདི་དག་ནི་དགེ་ཆོས་ལགས་ཀྱི་ཞིབ་འཇུག་དང་ཕལ་ཆེར་གཅིག་མཚུངས་སུ་འདུག དེ་ལས་གཞན་ཁོས་ད་དུང་ཡིག་རིགས་དྲུག་ཅུ་རྩ་བཞིའི་ནང་དུ་ཡུལ་གྲུ་མི་འདྲ་བ་དུ་མའི་ཡི་གེ་བགྲང་བའི་ཁྲོད་དུ་ལྷ་དང་ཀླུ། གནོད་སྦྱིན། དྲི་ཟ།མིའམ་ཅི། ལུས་འཕགས། བ་ལང་སྤྱོད།  སྒྲ་མི་སྙན་ལ་སོགས་པའི་ཡི་གེ་བགྲང་བ་དེ་ཡང་རྒྱ་གར་ན་སྔོན་དར་བའི་ཡུལ་གྲུ་དེ་སྐད་བྱ་བ་དག་གི་ཡི་གེ་མི་འདྲ་བ་རྣམས་ཡིན་པ་བདེན་དཔང་དང་ར་སྤྲོད་བྱས་ཡོད། གསུམ་པ། བོད་ཡིག་གི་འབྱུང་ཁུངས་ཐད་ཀྱི་ཞིབ་འཇུག  

བོད་ཡིག་གི་འབྱུང་ཁུངས་ཀྱི་ཐད་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་བརྡ་སྤྲོད་ཀྱི་གཞུང་ཕལ་ཆེ་ཤོས་སུ་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་སློབ་དཔོན་ཐོན་མིས་གསར་གཏོད་མཛད་པ་ཡིན་ཞེས་བཀོད་ཡོད་ལ། བཤད་རྒྱུན་ལ་ལར་སྟག་གཟིག་གི་སྤུང་ཡིག་ལས་བྱུང་བར་འདོད་ཚུལ་སོགས་བཤད་རྒྱུན་སྣ་མང་མཆིས་ཤིང་།   དེ་དག་ལས་ཡོངས་གྲགས་སུ་ཁས་ལེན་པ་ནི་སློབ་དཔོན་ཐོན་མིས་བཟོས་པའི་བཤད་རྒྱུན་དེ་ཡིན།   སློབ་དཔོན་ཐོན་མིས་བཟོ་དུས་ཀྱང་ཡིག་གཟུགས་གང་ལ་དཔེ་བྱས་པའི་ཐད་ལ་ལོ་རྒྱུས་ཡིག་ཚང་དང་རྒྱལ་རབས་ཆོས་འབྱུང་། བརྡ་དག་སྦྱོར་གྱི་བསྟན་བཅོས་སོགས་སུ་བཤད་རྒྱུན་གང་མང་མཆིས་ཏེ། ཀུན་མཁྱེན་བུས་ཁ་ཆེའི་ཡི་གེ་དང་བསྟུན་ནས་བཟོས⑾ཞེས་འདོད།   རྒྱལ་མཆོག་ལྔ་བ་ཆེན་མོས་ལཉྫ་ལ་དཔེ་བྱས་ནས་དབུ་ཆེན་དང་ལྦརྟུ་ལ་དཔེ་བྱས་ནས་ཤར་མ་སོགས་བཟོས་བར་འདོད་པ་དང་།⑿ དཔའ་བོ་གཙུག་ལག་ཕྲེང་བས།  ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ།། དཔེ་བླངས་སྐུ་མཁར་མ་རུར་ཡིག་གཟུགས་བརྩམས།།  ལྷ་ཡིག་ལཉྫ་དཔེ་བྱས་དབུ་ཅན་དང་།།  ཀླུ་ཡིག་ལྦརྟུ་ལ་ལྟར་ཟུར་ཅན་བྱས།།   ཞེས་བཀོད་ཡོད་པ་དང་།⒀   ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་ཀྱང་ལཉྫ་ལ་བལྟས་ནས་དབུ་ཅན་བྱུང་ཚུལ་དང་།    ལྦརྟུ་ལ་དཔེ་བྱས་ནས་ཡི་གེ་ཟུར་ཅན་དུ་བྱས་སོ།⒁  ཞེས་སློབ་དཔོན་ཐོན་མིས་རྒྱ་གར་གྱི་དབྱངས་གསལ་ལ་དཔེ་བྱས་ནས་བོད་ཡིག་བཟོས་ཚུལ་གྱི་ཐད་ལ་བཀོད་བྲིས་ཤིན་ཏུ་མང་ལ།   དགེ་ཆོས་ལགས་རྒྱ་གར་གྱི་ཡུལ་སོ་སོར་འཁྱམས་ནས་རྒྱ་གར་གྱི་རྡོ་རིང་དང་བྲག་བརྐོས་ཡིག་རིགས་ཀུན་ལ་རྟོག་དཔྱོད་ཞིབ་མོར་བྱས་མཐར་ཁོས་བཤད་རྒྱུར།   ད་ལྟའི་བར་དུ་རང་རེའི་ཀུན་གྱི་བསམ་ངོར་སངས་རྒྱས་ཞལ་བཞུགས་དུས་ནས་ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་སོགས་ཀྱི་སྐབས་ཀུན་ཏུ་རྒྱ་གར་དབུས་ཀྱི་ཡི་གེ་དེ་ལཉྩ་དང་ལྦརྟུའི་གཟུགས་སུ་ཡོད་སྙམ་པ་འདི་ཡིན་ཀྱང་། སྔོན་དང་ཕྱིས་ཀྱི་ཡི་གེ་ཆེས་རྣམ་པ་མི་མཐུན་པ་སྟོན་པ་དང་།  གཔྟའི་རྒྱལ་བརྒྱུད་ཀྱི་སྐབས་སུ་བྱུང་བའི་ཡི་གེ་སོགས་ཀྱི་གཟུགས་རིས་བྲིས་ཡོད་དེ།  རྡོ་རིང་གི་ངོས་སུ་སྟོན་པ་འཚོ་བཞུགས་ཀྱི་དུས་སུ་བྱུང་བའི་མགངྷའི་ཡི་གེ་དང་། སྟོན་པ་འདས་ནས་མི་རིང་བར་བྱུང་བའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་དང་ཡི་གེ  ལཀ་ནེའི་གྲོང་ཁྱེར་དུ་རྒྱལ་པོ་ཉི་མའི་གོ་ཆའི་རྡོ་རིང་། བལ་བོའི་རྒྱལ་པོ་རྣམས་ཀྱི་རྡོ་རིང་། སིངྒ་ལའི་ཡི་གེ་སོགས་ལ་རྟོག་དཔྱོད་དང་ཞིབ་བསྡུར། ལོ་རྒྱུས་ཡིག་ཚང་སོགས་ལ་གོ་བསྡུར་བཅས་བྱས་པའི་མཇུག་འབྲས་ནི་སློབ་དཔོན་ཐོན་མི་གཔྟའི་རྒྱལ་པོ་ཁག་གིས་དབང་བསྒྱུར་བའི་དུས་སྐབས་སུ་རྒྱ་གར་དུ་ཕྱིན་པ་ཡིན་ལ། གཔྟའི་རྒྱལ་པོ་འགའ་ཞིག་གི་ཟངས་ཀྱི་གླེགས་བུ་དང་རྡོ་ཡིག་ཡོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཆེ་བས། དེ་དུས་རྒྱ་གར་དབུས་ཀྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་པ་དང་།   གུཔྟའི་ཡི་གེ་དང་བོད་ཡིག་གཉིས་ཡེ་ཁྱད་མི་འདུག་པར་མཚེ་མའི་སྤུན་ཟླ་བཞིན་དུ་ཡིན་ཏེ། གུཔྟའི་ཡི་གེ་ནི་ན་ག་རའི་ཡི་གེའི་ཐོག་མ་ཡིན་པ་སོགས་བདེན་དཔང་བྱས་ཡོད།  འདིའི་ཐད་ནས་འཇར་པན་གྱི་ཡིས་ན་བྷ་(稻叶正就)⒂ལགས་ཀྱིས་བརྩམས་པའི་《བོད་ཀྱི་གནའ་བོའི་བརྡ་སྤྲོད་རིག་པ་》ཞེས་པ་ལས་ཀྱང་གུཔྟའི་རྒྱལ་རབས་དུས་སྐབས་ཀྱི་ཟངས་ཀྱི་གླེགས་བུ་སྐོར་ཞིག་གི་སྟེང་དུ་ཡོད་པའི་ཡི་གེ་དང་རྡོ་བརྐོས་ཡི་གེ་སོགས་བོད་ཡིག་དང་ཆ་འདྲ་ལ། ཅུང་ཟད་རྒྱང་ནས་བལྟས་ན་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་པ་བཞིན་ཡོད་པ་ཡི་གེ་གཟུགས་རིས་དང་བཅས་པ་བཀོད་ཡོད་དེ།   ཡི་གེ་དེ་འཕེལ་འགྱུར་བྱུང་ནས་རྒྱ་གར་ཡུལ་དབུས་ཀྱི་ནཱ་ག་རའི་ཡི་གེ་རུ་གྱུར་བ་སོགས་བཤད་ཡོད།  ལཉྩ་ནི་གུཔྟ་ཕྱི་མའི་དུས་ཀྱི་མཇུག་རྒྱལ་པོ་ཤྲིཧརལྦཛྙན་ཀླུ་དགའ་བའི་ཟློས་གར་མཛད་མཁན་དེའི་སྔ་ཕྱི་ཙམ་ནས་བྱུང་བ་ཡིན་པ་དང་།  དེ་ཡང་པཎ་ཏི་ཏ་རྣམས་ཀྱིས་མཛེས་པར་བཅོས་པའི་ཡི་གེ་ལས་རྒྱལ་ཁམས་ཀྱི་ཡི་གེ་ནི་ད་དུང་ཡང་གུཔྟའི་ཡི་གེ་ཡིན་པ་དང་དེ་རིམ་གྱིས་འགྱུར་བ་ལས་ད་ལྟ་ཡུལ་དབུས་པ་སོགས་ཀྱིས་ཤས་ཆེར་བྲི་བའི་ན་གརའི་ཡི་གེ་འདི་ཉིད་བྱུང་བ་སོགས་དགེ་ཆོས་ལགས་ཀྱིས་བདེན་དཔང་བྱས་ཡོད་པར་མ་ཟད།    ལཉྩ་ནི་དུས་ཀྱང་སློབ་དཔོན་ཐུ་མི་ལས་འཕྱིས་ལ་མཛེས་ཆ་བཙལ་བའི་ཡི་གེར་སོང་གཤིས་བྲི་སྟབས་ཀྱང་མི་བདེ་བས་ཁྱབ་དེ་ཙམ་དུ་ཆེ་བ་ཞིག་རྒྱ་གར་རང་དུ་ཡང་མ་བྱུང་བར་མངོན་པས། བོད་ཡིག་གུཔྟའི་ཡི་གེ་ཁོ་ན་དཔེ་བྱས་པ་ར་སྤྲོད་བྱས་ཡོད་པ་དང་།   སྔོན་བྱོན་གྱི་ལོ་རྒྱུས་མཁན་པོ་ཀུན་མཁྱེན་བུ་སོགས་ཀྱི་གསུང་ཡང་ལུང་དུ་དྲངས་ནས་ར་སྤྲོད་བྱས་ཡོད། གཞན་ཡང་ཐུ་མིས་བོད་ཡིག་གསར་བཟོའི་དུས་སུ་རྒྱ་ཡིག་ལ་ཅི་ལྟར་བྲི་བསྣན་མཛད་ཚུལ་ཐད་ལའང་སྔོན་བྱོན་མཁས་པའི་བཤད་རྒྱུན་མི་འདྲ་བ་དུ་མ་ཡོད་དེ། སྲོལ་རྒྱུན་གྱི་བརྡ་སྤྲོད་པའི་བསྟན་བཅོས་སོགས་དང་ལོ་རྒྱུས་ཡིག་ཚང་སོགས་ན་རྒྱ་སྐད་ལ་མེད་ཀྱང་བོད་སྐད་ལ་ཉེ་བར་མཁོ་བའི་ཡི་གེ་སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་ཡི་གེ་དྲུག་གསར་དུ་མཛད་པ་དང་།  གསར་དུ་མཛད་དུས་ཀྱང་རྒྱ་སྐད་དུ་ཨེ་ཀ་ཞེས་པ་བོད་སྐད་དུ་གཅིག་གི་མིང་ཡིན་པས་ཅ་ཡིག་དང་།   རྒྱ་སྐད་དུ་དྷརྨ་ཞེས་པ་བོད་སྐད་དུ་ཆོས་ཀྱི་མིང་ཡིན་པས་ཆ་ཡིག་དང་། རྒྱ་སྐད་དུ་ལོ་ཀ་ཞེས་པ་བོད་སྐད་དུ་འཇིག་རྟེན་གྱི་མིང་ཡིན་པས་ཇ་ཡིག་སྟེ།  ཅ་ཆ་ཇ་གསུམ་དང་།  རྒྱ་སྐད་དུ་དངྷི་ཞེས་པ་བོད་སྐད་དུ་ཞོའི་མིང་ཡིན་པས་ཞ་ཡིག་དང་། རྒྱ་སྐད་དུ་བྷཀྟཾ་ཞེས་པ་བོད་སྐད་དུ་ཟས་ཀྱི་མིང་ཡིན་པས་ཟ་ཡིག་དང་། རྒྱ་སྐད་དུ་དུཀྔ་ཞེས་པ་བོད་སྐད་དུ་འོ་མའི་མིང་ཡིན་པས་འ་ཡིག་སྟེ་ཞ་ཟ་འ་གསུམ་སོགས་རྒྱ་གར་ན་མེད་པའི་ཡི་གེ་དྲུག་གསར་དུ་བསྣན་ཚུལ་དང་།  ཡི་གེ་དེ་དག་རྙེད་ཚུལ་ལའང་ལོ་རྒྱུས་ཡིག་ཚང་དུ་ཞང་ཞུང་གི་རྟ་པ་དང་ཐོན་མིའི་གཏམ་རྒྱུད་དགོད་བྲོ་བ་དག་ལ་སྦྱར་ཡོད་དེ། སློབ་དཔོན་ཐོན་མི་སཾབྷོ་ཊ་རེ་ཞིག་ཐུགས་མུག་སྟེ་ཁ་སྦུབ་ཏུ་གཟིམས་ཏེ་བཞུགས་ཙ་ན། མི་དཀར་པོ་ལྕགས་ཞྭ་ལྕགས་གོས་གྱོན་པ་ཞིག་བྱུང་བར།   སློབ་དཔོན་གྱིས། ཁྱེད་གང་ནས་བྱོན་བྱས་པར།  དེ་ན་རེ།  ཞང་ཞུང་ནས་འོངས་ཟེར།  གང་དུ་འགྲོ་བྱས་པས་ཟ་ཧོར་དུ་འགྲོ་ཟེར། གང་བྱེད་དུ་འགྲོ་བྱས་པས་ཇ་ཉོ་རུ་འགྲོ་ཟེར། ནམ་སླེབས་བྱས་པས་ཅི་ཆ་ཟེར་བའི་མུ་ནས་མི་དེ་གར་སོང་ཆ་མེད་དུ་སོང་། དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་པས། ཞང་ཞུང་ནས་འོངས་ཞེས་པའི་ཚིག་ཟུར་ལས་ཞ་ཡིག་རྙེད། ཟ་འོར་ཞེས་པའི་ཚིག་ཟུར་ལས་ཟ་ཡིག་དང་འ་ཡིག་གཉིས་རྙེད། ཇ་ཉོ་རུ་འགྲོ་ཞེས་པའི་ཚིག་ཟུར་ལས་ཇ་ཡིག་རྙེད།  ཅི་ཆ་ཞེས་པའི་ཚིག་ཟུར་ལས་ཅ་ཡིག་དང་ཆ་ཡིག་གཉིས་རྙེད་ནས་རྒྱ་གར་ན་མེད་པའི་ཡི་གེ་དྲུག་བསྣན་ཞེས་བཀོད་ཡོད་ལ།  ཞ་ལུ་ལོ་ཙཱ་ཆེན་པོ་སོགས་ཀྱིས་བཅུ་ལ་དཤ།  འཇིག་རྟེན་ལ་ལོ་ཀ་སོགས་རྒྱ་སྐད་ལ་ཡོད་པས་ཅ་ཇ་སོགས་བོད་སྐད་ལ་གསར་དུ་བསྣན་ཚུལ་གསུངས་ཡོད་ལ།  དགེ་ཆོས་ལགས་ཀྱིས་བཤད་རྒྱུན་དེ་དག་ལ་སྤྱི་སྡོམ་བྱས་ནས།  བཤད་རྒྱུན་དེ་དག་བདེན་པའི་དབང་དུ་བཏང་ནའང་ཀ་བའི་སྐད་དོད་སྟམྦྷའི་ནང་དུ་ཀ་མེད་པ་དང།  ནམ་མཁའི་སྐད་དོད་ཨཀཤྱའི་ནང་དུ་ཁ་ཡང་མེད་པས་ཀ་ཁ་སོགས་ཀྱང་གསར་དུ་སྣོན་དགོས་ཚུལ་དང་། བོད་ཀྱི་ལོ་རྒྱུས་མཁན་པོ་འགོས་ལོ་གཞོན་ནུ་དཔལ་གྱི་གསུང་ཚིགས་སོགས་ཀྱང་ལུང་འདྲེན་བྱས་ཡོད་དེ། གསལ་བྱེད་ལས་ཀྱང་ཊ་སྡེ་དང་སྡེ་བ་བཞི་བ་བཞིའི་བཞི་པ་རྣམས་དང་ཥ་རྣམས་དོར།   ཙ་ཚ་ཛ་རྣམས་ལ་ཅ་ཆ་ཇ་ཞེས་རྒྱ་གར་ཤར་ཕྱོགས་པ་འགའ་ཞིག་ཀློག་པས་དེ་གསུམ་བཞག   རྒྱ་སྐད་ལ་མེད་པ་ཞ་དང་ཟའང་བཙུད་སོགས་ལུངས་དྲངས་ནས་ཅ་ཆ་ཇ་གསུམ་རྒྱ་སྐད་རང་ལ་ཡོད་པ་བདེན་དཔང་བྱས་ཡོད་ལ།  འབྲི་གུང་དཔལ་འཛིན་གྱིས་རྙིང་མའི་རྒྱུད་ལ་ཅ་ཆ་སོགས་བྱུང་བས་མ་དག་ཟེར་བ་ལ། བླ་མ་སོག་ཟློག་པས་ཀྱང་ཙ་ཚ་ཛ་སོགས་ཀློག་པའི་ཚེ་ཅ་ཆ་ཇ་ཞེས་འདོན་པ་སྔོན་དུས་ཁ་ཆེ་བ་ལ་ཡོད་སོགས་གསུངས་ཡོད་པའང་ལུང་འདྲེན་བྱས་ནས་རང་གི་རྒྱབ་རྟེན་དུ་བྱས་ཡོད་ལ།  ཙ་ཚ་ཛ་སོགས་རྒྱ་སྐད་ལ་མེད་པའི་རྒྱུ་མཚན་སྒྲ་དེ་རྒྱ་གར་ཡུལ་གང་བོ་མེད་པ་དང་། རྒྱ་གར་བའི་ལྕེས་ཀྱང་ཙ་སོགས་མི་འགྱུར་བ་རྒྱུ་མཚན་དང་པོ་རུ་བཞག་ལ། ཐུ་མིས་ཡི་གེ་ཕྱི་མོ་བསྒྲིགས་ཚེ། རྒྱ་སྐད་ཀྱི་སྡེ་པ་གསུམ་པ་ཧྲིལ་གྱིས་དོར།   དེ་ནས་གྷ་ཛྷ་ངྷ་བྷ་རྣམས་ཀྱང་དོར་ཚེ་ཤུལ་ན་ཀ་ཁ་ག་ང་། ཙ་ཚ་ཛ་ཉ། ཏ་ཐ་ད་ན། པ་ཕ་བ་མ་རྣམས་ལུས་པ་གོ་རིམ་བཞིན་དུ་བཞག་ཆོག་བཞིན་དུ་ཙ་ཚ་ཛ་གསུམ་རང་གནས་ན་མ་བཞག་པར་སྨད་དུ་བཏོན་པ་དང་།  ཉ་གཅིག་པུ་ཤུལ་དུ་བཞག་པར་དེ་ལ་བོད་ཡིག་གསར་པ་གསུམ་བཙུད་དགོས་པའི་རྒྱུ་མཚན་ཀྱང་མེད་པས་སོ།།  དེས་ན་རྒྱ་སྐད་ཀྱི་སྡེ་པ་གཉིས་པ་ཡང་ཅ་ཆ་ཇ་ཇ་ཉ་ཡིན་པས་ཛྙ་དོར་ནས་ལྷག་མ་བཞི་རང་གི་གོ་སར་བཞག་པ་ཤིན་ཏུ་གསལ་ཞེས་གསར་དུ་བསྣན་པའི་ཡི་གེ་ནི་ཅ་ཆ་ཇ་གསུམ་མ་ཡིན་པར་ཙ་ཚ་ཛ་གསུམ་ཡིན་པ་བདེན་དཔང་དང་ར་སྤྲོད་བྱས་ཡོད་ལ། གཞན་སྒྲའི་བཀླགས་ཚུལ་གྱི་ཆ་ནས་ཀྱང་ཀ་ཁ་ག་གྷ་ང་སོགས་ནི་ཁ་ཅུང་ཟད་གདངས་ཏེ་བཀླགས་དགོས་པས་ལྔ་ཀ་ཤིན་ཏུ་མཚུངས་པ་དང་། ཊ་ཐ་ཌ་ཌྷ་ཎ་སོགས་ནི་ལྕེ་རྩེ་རྐན་ལ་བརྡབ་ནས་འོང་བ་འདྲ་ལ།  པ་ཕ་བ་བྷ་མ་སོགས་ནི་མཆུ་ཡས་མས་ཕྲད་ནས་ཡོང་བས་འདྲ་མཚུངས་ཡིན་སྟབས།  ཅ་ཆ་ཇ་ཛྙ་ཉ་ཞེས་བཀླགས་ཚེ་ཡི་གེ་ལྔ་ཀའི་སྒྲའི་སྐྱེ་གནས་འདྲ་མཚུངས་ཡིན་པ་དང་ཙ་ཚ་ཛ་ཛྙ་ཉ་ཞེས་བཀླགས་ཚེ་ཉ་གཅིག་པུ་གོང་གི་བཞི་ཀ་ལ་མི་མཐུན་པར་ལུག་ཁྱུ་ལ་ར་ཚུད་པ་བཞིན་དུ་ཤིན་ཏུ་མི་འདྲ་བར་འོངས་ཞེས་རྒྱ་གར་ཡི་གེའི་ཀློག་སྟངས་དང་།   སཾ་སྐྲྀ་ཏའི་ཡི་གེ་དང་བོད་ཡིག་གི་གསལ་བྱེད་སོགས་ཀྱི་སྒྲའི་སྐྱེ་གནས་མཐུན་པ་རྣམས་སྡེ་པ་གཅིག་ཏུ་བསྡུ་བའི་ཆོས་ཉིད་དང་མི་མཐུན་པ་དང་།   སཾ་སྐྲྀ་ཏའི་ཡི་གེའི་གསལ་བྱེད་ཀྱི་གོ་རིམ་དང་བོད་ཡིག་གི་གྲུབ་ཚུལ་སོགས་ཀྱང་མི་མཐུན་པས་ཐོན་མིས་ཡི་གེ་གསར་དུ་བསྣན་པ་ནི་ཅ་ཆ་ཇ་དང་ཞ་ཟ་འ་སོགས་མ་ཡིན་པར་བོད་ཡིག་གི་གསལ་བྱེད་ཁྲོད་གོ་རིམ་བཞིན་བསྟུད་མར་གནས་ཡོད་པའི་ཙ་ཚ་ཛ་ལྦ་ཞ་ཟ་འ་སོགས་ཡི་གེ་བདུན་ཡིན་པའི་ལྟ་བ་ཆེས་ཐོག་མར་བཏོན་ལ།  དེ་དག་གསར་བ་བསྣན་པའི་རྟགས་མཚན་དུ་ཙ་རྟགས་ཡོད་པ་དང་། གནའ་བོའི་ཡིག་རྙིང་དག་ཏུའང་འ་དང་ཞ་ཡིག་སོགས་ལ་ཙ་རྟགས་བཏགས་ཡོད་པ་མངོན་སུམ་གྱིས་བསྒྲུབ་ཡོད་ལ། ཟ་ཡིག་གཅིག་པུ་ཙ་རྟགས་མེད་མོད།  སྔོན་གྱི་ཚེ་ན་ངེས་པར་དུ་ཡོད་སྙམ་ཞེས་གསུངས་ཡོད་།  དེ་བས་དགེ་ཆོས་ལགས་ཀྱི་ལྟ་བ་ནི་ཙ་ནས་འའི་བར་གྱི་ཡི་གེ་རྣམས་དཀྱུས་གཅིག་ཏུ་ཡོད་པའི་ཡི་གེ་བདུན་ཀ་ཐུ་མིས་གསར་དུ་བསྣན་ཟེར་ལ།  ཀ་ནས་མའི་ཡིག་གི་བར་དུ་རྒྱ་ཡིག་རྣམས་དཀྱུས་གཅིག་ཏུ་བཞག  དེ་ནས་གསར་བསྣན་གྱི་ཡི་གེ་རྣམས་དཀྱུས་གཅིག་ཏུ་བཞག་ལ།  ཧ་ཡིག་ལ་གྲོགས་མེད་པས་ཨ་ཡིག་མགོ་ལ་མ་བཞག་པར་མཐའ་ལ་བཞག་པ་ཡིན་ནོ་ཞེས་ཁོ་རང་ཉིད་ཀྱི་ལྟ་བ་བརྗོད་ཡོད། གཞན་ཡང་ལྦ་ཡིག་རྒྱ་ཡིག་གི་ནང་དུ་མེད་ལ། ལྦ་ཡིག་ནི་རྐན་ངོས་ལ་བརྡར་ནས་བྱུང་བའི་སྒྲ་དེ་རྒྱ་གར་ལ་མེད་པ་དང་།  ལྦ་ཡིག་ནི་ཡི་གེ་གཉིས་བསྲེས་ནས་ཐུ་མིས་གསར་དུ་བཟོས་བ་ཡིན་ཏེ།  དེ་ནི་ལ་དང་བ་གཉིས་བསྲེས་ནས་གྲུབ་པ་མ་ཡིན་པར། འ་དང་བ་གཉིས་བསྲེས་ནས་གྲུབ་པ་ཡིན་པ་དང་།  དེ་ཡིན་པའི་སྒྲུབ་བྱེད་དུ་ཡིག་རྙིང་མང་ཆེ་ཤོས་སུ་ཧ་ཡིག་གི་གཟུགས་ཀྱང་འ་འདི་ལྟར་སྣང་ཞིང་། འདིའི་ཀློག་ཚུལ་ཡང་འ་དང་བ་གཉིས་བསྲེས་པ་ལས་བྱུང་བའི་སྒྲ་ཡིན་པའང་བདེན་དཔང་བྱས་ཡོད་ལ། དེའི་སྒྲུབ་བྱེད་དུ་ད་དུང་དེང་གི་ཁམས་ཕྱོགས་པ་ཕལ་ཆེར་ཀྱི་སྐད་ལ་འ་དང་ལྦ་གཉིས་ཕན་ཚུན་ནོར་འགྲོ་བ་ཙམ་དུ་ཀློག་པ་དང་།  དབུས་སྐད་ལ་ཡང་ལྦ་མོ་ལ་འ་མོ་དང་། ལྦ་ཞྭ་ལ་འ་ཞྭ་ཞེས་ཅུང་ཟད་འ་སྒྲ་ཐོན་ཙམ་དུ་ཀློག་པ་དེའི་རྒྱུ་མཚན་སོགས་བཀོད་ཡོད་པར་མ་ཟད། ལྦ་ཡིག་ལ་གནའ་བོའི་ཡིག་རྙིང་དག་ཏུ་ཙ་རྟགས་བཏགས་ཡོད་པ་མཐོང་ཐུབ་ལ། དེ་ནི་ཐུ་མིས་གསར་དུ་བཟོས་པའི་ཡི་གེའི་རྟགས་མཚན་ཞིག་ཏུ་མཐོང་བ་དང་།   དགེ་ཆོས་ལགས་ཀྱིས་ཆེས་ཐོག་མའི་བོད་ཡིག་གི་མ་ཕྱི་དང་ཡི་གེ་བཟོ་ཚུལ་ཐད་ནས་སྔ་ན་མེད་པའི་ལྟ་བ་གསར་བ་བཏོན་ཡོད་པར་མ་ཟད། ལྟ་བ་དེ་དག་ལ་ཁུངས་ལུངས་ཚད་ལྡན་དག་གིས་སྒྲུབ་ཡོད། 

བཞི་བ། བོད་ཀྱི་ཡུལ་སྐད་ཞིབ་འཇུག   

སྤྱིར་དགེ་ཆོས་ལགས་ཀྱིས་བོད་གྱི་ཡུལ་སྐད་ལ་ཆེད་དུ་ཞིབ་འཇུག་བྱས་པའི་དཔྱད་འབྲས་མི་སྣང་མོད།《རྒྱལ་ཁམས་རིག་པའི་སྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ལས། བོད་ཀྱི་ཡུལ་སྐད་སྐོར་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ཕྲན་ཚེགས་ཙམ་བཀོད་ཡོད་དེ། དཔེར་ན། འབྲས་ལྗོངས་པ་རྣམས་ཀྱིས་ཁྱིམ་ལ་ཁྱི་མ་དང་། མགོ་ལོག་པ་རྣམས་ཀྱིས་ངེད་ཅག་ལ་ངེད་ཆ་ག་ལྟ་བུ་དང་། རེབ་གོང་བས་རྟ་སྒ་ལ་སྟར་དགའ།  ཨ་མཆོག་པ་རྣམས་ཀྱིས་ཉི་མ་ལ་ནི་མ་དང་། ཨ་མདོ་བ་ཕལ་ཆེར་གྱིས་མི་དང་མུ་གཉིས་ནོར་སྲིད་པ་སོགས་བཀོད་ཡོད་པར་མ་ཟད། བུར་ཤ་བྱ་བའི་ཡུལ་མིང་ལ་བྲུ་ཤ་དང་ཊུ་ཤ་ཞེས་དང་། གེ་སར་ཕ་རོམ་གྱི་རྒྱལ་པོ་ཞེས་པའི་ཁྲོམ་དུ་བྲིས་པ་དང་། འབྲས་ལྗོངས་པ་རྣམས་ཀྱིས་བྱིན་པ་བྱ་བ་ལ་བི་ཡ་མ་ན་པ་དང་། ཕྱིན་པ་ལ་ཕི་ཡན་པ། ཁྱིམ་ལ་ཁྱི་མ་དང་ཁི་ཡ་མ་ལྟ་བུ་ཀློག་པ་དང་།  བླ་དགས་པ་རྣམས་ཀྱིས་ས་མགོ་དག་པར་ཀློག་སྟེ། སྐྲ་རྣམས་ལ་ས་ཀ་ར་དང་། བྲང་ལ་བ་རང་ལྟ་བུ་དང་།  སྤྲོད་ལ་ས་པ་རོད་ལྟ་བུ་དང་།  ཨ་མདོའི་འབྲོག་པ་རྣམས་ཀྱིས་ཀྱང་ར་མགོ་དག་པར་ཀློག་སྟེ། རྟ་ལ་རཏ་དང་།    ས་མགོ་བཀླགས་ཏེ་སྒྲ་ཆེ་དྲགས་ཏེ་ཡི་གེ་ཉམས་པས་རྨ་ཀླུང་བྱང་ངོས་ཀྱི་བ་ཡན་པ་རྣམས་ཀྱིས་སྡོད་ལ་བཟོད་དང་།     བསྡོམས་ལ་བཟམ་སོགས་སུ་བཀླགས་ལ།  རེབ་གོང་པ་རྣམས་ཀྱིས་སྤྲོ་མོ་ལ་བསོར་མོ་སོགས་ས་མགོ་ཤུགས་དྲགས་པས་དེ་ལྟར་བཀླགས་པ་ཡིན་འདོད་ལ། གཞན་ཡང་མིང་བརྡ་ལ་ལ་ཞིག་དཔེར་ན་རྨ་བྱ་ལྟ་བུ་ལ་མཚོན་ན་རྨ་བྱའི་བྱ་ཡིག་གི་མིང་གཞི་བ་ཡིག་ཚེག་བར་གོང་མའི་རྗེས་འཇུག་ལྟར་བཀླགས་པ་མབ་ཡ་ལྟ་བུ་དང་།  ཁ་མཆུ་ལྟ་བུ་ལ་ཁམ་ཆུ་ཞེས་བཀླགས་པའི་ཡུལ་སྡེ་ཡང་ཡོད་པ་བསྟན་ཡོད་པ་དང་།  མོན་པ་དང་བལ་ཡུལ་ནས་ཡོད་པའི་བོད་རིགས་སྐད་ཟུར་ཆགས་པ་རྣམས་ཀྱིས་མིག་ལ་མི་ག གཅིག་ལ་ག་ཅི། བཞི་ལ་བི་ལི། དྲུག་ལ་ད་རོག་ཞེས་སྔོན་གྱི་ཀློག་ཕྲལ་ནས་ཀློག་པའི་སྣང་ཚུལ་དག་ལའང་ཞིབ་འཇུག་བྱས་ཡོད།   ལྷག་པར་དུ་བལ་ཡུལ་དུ་ཡོད་པའི་བོད་ཀྱི་མི་སྡེ་འཕན་པོ་དང་ཕམ་ཐང་། རྟ་མང་། གཙང་ཁུག་སོགས་བོད་སྐད་འདྲ་བ་མང་ལ།   མི་ཁྱིམ་འགའ་རེ་ལ་ཀློག་མི་གཏུབ་པའི་སྐད་བོད་ཡིག་ཏུ་བྲིས་པའི་གླེགས་བམ་སོགས་ཀྱང་འདུག་པ་བཀོད་བྲིས་བྱས་ནས་དེ་དག་གི་སྐད་དུ་མིག་ལ་མི་ག  རྣ་བ་ལ་རྣ་པོ། སྣ་ལ་སྣེ། ལག་པ་ལ་ལག་སོགས་བོད་སྐད་གསར་པ་ཙམ་དུ་སྣང་ཞེས་བཀོད་ཡོད་ལ།   མིང་བརྡ་ལ་ལ་ཞིག་ལ་ཡུལ་སྡེ་མི་འདྲ་བ་ལས་ཀློག་སྟངས་མི་འདྲ་བ་ཡོད་པ་དཔེར་ན་སྤྲོ་ལྟ་བུ་ལ་མདོ་སྨད་ཡུལ་དུ་དཔོ་དང་བསོ།  ཧྲོ།  སྤོ་སོགས་སུ་བཀླགས་ལ།  གཞན་ཡང་ཡུལ་སྡེ་མི་འདྲ་བའི་དབང་གིས་བྱ་དངོས་གཅིག་ལ་མིང་འདོགས་ཚུལ་ཀྱང་མི་འདྲ་སྟེ། དཔེར་ན་བྱང་ཀུ་ལུ་ཏའི་ཡུལ་ནས་ཉིན་དྲུག་གི་ལམ་ན་གར་ཞ་བྱ་བའི་ལུང་ཆུང་གི་སྡེ་བོད་རིགས་སུ་གཏོགས་པ་ཞིག་ཡོད་པར་བུད་མེད་རྣམས་ཀྱི་མགོ་ལ་དངུལ་ཀོང་ལྟ་བུ་རེ་འདུག་པ་དེ་ལ་དོ་ཀེར་ཟེར་བ་དང་། མོན་གྱི་ཡུལ་ན་སྨྱུག་མ་དང་རྩྭ་ལས་ལྷས་པ་ཐམས་ཅད་ལ་རེ་ལྡེ་ཟེར་བ་སོགས་སྔོན་གྱི་ཀློག་ཚུལ་རྣམ་པ་སྣ་ཚོགས་སུ་འདུག་ཚུལ་སོགས་དེ་འདྲ་ཡིན་པའི་རྒྱུ་མཚན་ཡང་འདི་ལྟར་བཀོད་ཡོད་དེ།  བོད་ལ་ཡི་གེ་གསར་དུ་བྱུང་ཚེ།  ཡི་གེ་རྣམས་ཡུལ་མིའི་སྐད་གདངས་བཞིན་བྲི་དགོས་པས། སྒྲ་ལྟ་བུ་ལ་ས་ག་ར་གསུམ་གྱི་སྒྲ་ཐོན་མི་དགོས་ན་ད་ལྟར་བྲི་མི་དགོས་པའི་ཕྱིར་རོ།། དེས་ན་ས་མཐའ་སོགས་ཐམས་ཅད་སྔོན་གྱི་ཚེ་དེ་ལྟར་སྐད་རང་ལ་ཡོད་པ་ལ་ཡི་གེས་ཕར་བསྟུན་ནས་བཅོས་པ་ཡིན་ལ་ད་དུང་ཡུལ་ཁམས་འགར་ཁྱོད་ཀྱི། རང་གི་སོགས་ཀྱང་སུམ་ཅུ་པའི་སྦྱོར་ཚུལ་བཞིན་དུ་ཕལ་སྐད་ལ་ཡང་སྦྱོར་རོ།།  དེ་ལྟར་སྔོན་གྱི་སྐད་ལ་བསྟུན་ཏེ་ཡི་གེ་དང་རྣམ་དབྱེ་སོགས་མཛད་པ་ལས།    རིམ་གྱིས་ཡིག་གཟུགས་མ་འགྱུར་ཞིང་།  སྐད་འགྱུར་བས་གླེགས་བམ་ལ་བྲིས་པ་རྣམས་མི་ཕལ་པས་གོ་མི་ནུས་པ་འདི་བྱུང་བ་ཡིན་ནོ།། རྒྱ་གར་ལྟ་བུ་ལ་སྐད་འགྱུར་བ་ན་ཡི་གེ་དང་རྣམ་དབྱེ་སོགས་ཀྱང་བསྒྱུར་ནས་ལུགས་གསར་པ་བྱས་པས་ད་ལྟ་རྒྱ་གར་བའི་ཡི་གེ་བྲིས་པ་རྣམས་ཕལ་པ་ཐམས་ཅད་ཀྱིས་གོ་ནུས། ངེད་ལ་དབང་ཡོད་ན་བོད་ལ་ཡང་ད་ལྟའི་སྐད་འདི་དང་མཐུན་པའི་ཡི་གེ་དང་རྣམ་དབྱེ་ཞིག་བཟོས་ན་སྙམ་ཞེས་།⒃བོད་ཀྱི་ཡིག་སྐད་དང་ཡུལ་སྐད་ཀྱི་བར་ཁྱད་ཆེ་བ་སོགས་ཀྱང་གླེང་ཡོད།  

ལྔ་བ། རྡོ་རིང་ཡི་གེའི་ཞིབ་འཇུག  

དེང་རབས་སྐད་བརྡ་རིག་པས་ཆེས་གདོད་མའི་སྐད་ཆའི་རྒྱུ་ཆ་ལ་དོ་སྣང་བྱེད་ལ།  ཆེས་གདོད་མའི་སྐད་དང་ཐག་ཇི་ལྟར་ཉེ་ན་དེ་ལྟར་དུ་རིན་ཐང་ཡོད་ལ།  ཆེས་ཐོག་མའི་སྐད་ཀྱི་རྣམ་པ་མཚོན་ཐུབ་ཟེར།  དེ་བས་རྡོ་རིང་གི་ཡི་གེ་ནི་སྐད་བརྡ་རིག་པའི་ཞིབ་འཇུག་གི་བྱེད་ཡུལ་གལ་ཆེན་ཞིག་ཡིན་ལ།  དེང་རབས་ཀྱི་སྐད་བརྡ་སྨྲ་བ་རྣམས་ཀྱིས་རྡོ་རིང་གི་ཡི་གེ་དག་ལ་ཞིབ་འཇུག་བྱས་ནས་མི་རིགས་ཤིག་གི་ཆེས་གནའ་བོའི་སྐད་གདངས་ཀྱི་རྣམ་པ་དང་ཀློག་ཚུལ།  བརྡ་སྤྲོད།  ཡི་གེའི་འབྲི་སྟངས།  ཡིག་གཟུགས་ཀྱི་འགྱུར་བ་སོགས་ལ་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། བོད་ཀྱི་ལོ་རྒྱུས་མཁན་པོ་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་ཀྱང་ལོ་རྒྱུས་རིག་པའི་ངོས་ཐད་ནས་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་རྡོ་རིང་གི་ཡི་གེ་སོགས་ལུང་འདྲེན་བྱས་ཡོད་ལ།  དེའི་རྗེས་སུ་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་སྐབས་སུ་ལོ་རྒྱུས་སྨྲ་བ་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་གསུང་རྩོམ་གྱི་ཁྲོད་དུའང་རྡོ་རིང་གི་ངོས་བཤུས་ཡི་གེ་བརྒྱད་ལྷག་བསྡུས་ཡོད།  དགེ་ཆོས་ལགས་ཨེ་ཤ་ཡ་ལྷོ་མ་ས་ཁུལ་དུ་སློབ་སྦྱོང་དུ་ཕྱིན་པའི་གོ་རིམ་ཁྲོད་དུ་བོད་ཀྱི་རྡོ་རིང་དང་ཅོང་ཡིག་ལ་ཞིབ་འཇུག་བྱེད་བཞིན་པའི་པ་ཁོའོ་(巴柯)དང་ལིས་ཅི་ཧྲིན་(黎吉生)(H་Richardson)སོགས་དང་འབྲེལ་འདྲིས་བྱུང་ལ།  དེ་དག་དང་འབྲེལ་འདྲིས་བྱས་པས།   དགེ་ཆོས་ལགས་ཀྱིས་རྡོ་རིང་དེ་དག་གི་རིན་ཐང་ཤེས་ནས་ཐོག་མར་རྒྱ་གར་དང་ཤྱམ། བྷར་མ། སིངྒ་ལ་སོགས་ས་ཁུལ་དུ་ཡོད་པའི་རྡོ་རིང་གི་ཡི་གེ་དག་ལ་རྟོག་དཔྱོད་བྱས་ལ།  ཁོས་ཐོག་མར་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གི་སྟེང་དུ་ཡོད་པའི་ཡི་གེ་དང་ལྦརཎ་སིའི་དགོན་ཤུལ་ན་འགྲེང་བཞིན་ལོ་ཉིས་སྟོང་ལྷག་ཐལ་བའི་རྡོ་རིང་གི་ཡི་གེ  ཀ་ལིངྐ་སོགས་རྒྱ་གར་མཐའ་དབུས་ཀྱི་ཡུལ་གྲུ་དུ་མར་ཡོད་པའི་རྡོ་རིང་དང་བྲག་བརྐོས་ཡི་གེ  གཞན་ད་དུང་གུཔྟའི་རྒྱལ་བརྒྱུད་ཀྱི་སྐབས་ཀྱི་རྡོ་ཡིག་དང་ཟངས་ཀྱི་གླེགས་བུ། ལཀ་ནེའི་གྲོང་ཁྱེར་གྱི་རྒྱལ་པོ་ཉི་མའི་གོ་ཆའི་རྡོ་རིང་གི་ཡི་གེ  བལ་པོའི་རྒྱལ་པོ་རྣམས་ཀྱི་རྡོ་རིང་དག་ལ་ཞིབ་འཇུག་བྱས་ནས་ལཉྫ་དང་ལྦརྟུ།  མགངྷའི་ཡི་གེ་སོགས་ཀྱི་ཁུངས་ལ་ཞིབ་འཇུག་བྱས་ཡོད་པར་མ་ཟད། ད་དུང་བོད་ཀྱི་ཡི་གེའི་ཁུངས་ནི་གནའ་བོའི་རྒྱ་གར་གྱི་གུཔྟའི་ཡི་གེ་ཡིན་པ་དང་ཡིག་རིགས་དེ་དག་གི་བར་གྱི་འབྲེལ་བ་ནི་མཚེ་མའི་སྤུན་ཟླ་ལྟར་དུ་གནས་པ་སོགས་ལ་བདེན་དཔང་དང་ར་སྤྲོད་བྱས་ཡོད། ཁོ་རང་བོད་དུ་ཕྱིར་ལོགས་རྗེས་དེབ་དཀར་རྩོམ་འགོ་མ་ཚུགས་གོང་དུ་སྐུ་དངོས་སུ་དཀར་ཆུང་རྡོ་རྗེ་ལྷ་ཁང་གི་རྡོ་རིང་གི་ཡི་གེ་ངོས་བཤུས་བྱེད་དུ་ཕེབས་གནང་མཛད་ལ། ཁོས་བཤད་རྒྱུར།   དཀར་ཆུང་རྡོ་རིང་གིས་སྔོན་གྱི་རྒྱལ་རབས་ཆོས་འབྱུང་རྣམས་ཀྱིས་ནོར་སྐྱོན་དག་བཅོས་བྱེད་ཐུབ་ཞེས་སྨོས་ཡོད་ལ།  དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་རྡོ་རིང་དུ་ཁྲི་གཙུག་ལྡེ་བཙན་དུས་སྐབས་སུ་བོད་ཀྱི་རྒྱལ་རྒྱུད་དང་སྐུ་དྲག་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ལ་རྒྱབ་སྐྱོར་བྱེད་པ་རྒྱབ་ལྗོངས་བྱས་ནས། རྡོ་རིང་དེའི་ཁྲོད་དུ་གནའ་བོའི་རྒྱལ་རབས་ཆོས་འབྱུང་ཁྲོད་ཀྱི་བཙན་པོའི་གོ་རིམ་འཁྱོལ་ཡོད་པ་དེ་ལ་དག་བཅོས་བྱེད་ཐུབ་པར་མ་ཟད།   སངས་རྒྱས་ཆོས་ལུགས་བོད་ཁུལ་དུ་དར་སྤེལ་གྱི་གནས་ཚུལ་ལའང་དག་བཅོས་བྱེད་ཐུབ། དགེ་ཆོས་ལགས་ཀྱིས་ལྷ་ས་ལས་ས་ཆ་གཞན་དག་གི་རྡོ་རིང་རྣམས་ཤེས་ཡོད་པ་ཧ་གོ་མ་སོང་ལ།   གང་ལྟར་ང་ཚོས་བོད་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་གི་ཡི་གེར་ཕྲ་ཞིང་ཞིབ་པའི་སྒོ་ནས་ཞིབ་འཇུག་བྱས་ཚེ་བོད་ཀྱི་ཆོས་འབྱུང་རྣམས་སུ་གླེང་བཞིན་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ལོ་རྒྱུས་གཙོ་ཡིན་པའི་སྲོལ་རྒྱུན་གྱི་ལོ་རྒྱུས་ལ་དོགས་སློང་བྱེད་ཐུབ་པའི་ལོ་རྒྱུས་རིག་པའི་དཔྱད་ཡིག་གི་རིན་ཐང་གལ་ཆེན་ཡོད་པར་མ་ཟད། རྡོ་རིང་གི་ཡི་གེ་དེ་དག་ལས་སྤྱི་ལོ་དུས་རབས་བདུན་པ་ནས་བརྒྱད་པའི་བར་གྱི་བོད་ཀྱི་སྐད་བརྡའི་རྣམ་པ་དང་བརྡ་སྤྲོད་སོགས་ལའང་ཤེས་རྟོགས་བྱེད་པའི་དཔྱད་ཡིག་གི་རིན་ཐང་ཡང་གལ་ཆེན་ཡོད་པ་དང་།   དེ་ནི་གནའ་བོའི་རྡོ་རིང་འདི་དག་རླུང་ཆར་གྱི་ཁྲོད་དུ་ལོ་ངོ་སྟོང་ཕྲག་གི་རིང་ལ་བཀྲོང་ངེར་འགྱིངས་བའི་རྒྱུ་མཚན་ཀྱང་ཡིན། 

དྲུག་པ། ཏུན་ཧོང་ཡི་གེའི་ཞིབ་འཇུག   

སྤྱི་ལོ་དུས་རབས་ཉི་ཤུ་པའི་སྟོད་རྒྱུད་དུ་ཏུན་ཧོང་དང་ལི་ཡུལ་དུ་གནའ་བོའི་ཡིག་ཆ་མང་པོ་ཞིག་རྙེད་སོན་བྱུང་བ་དེས་རྒྱལ་སྤྱིའི་ཤར་ཕྱོགས་རིག་པར་སྐུལ་འདེད་ཆེན་པོ་བྱས་ལ། ལོ་མང་པོར་བྱེ་མའི་གསེབ་ནས་སྦས་བའི་གནའ་རབས་ཀྱི་ཡིག་ཆ་དེ་དག་ནི་ཆ་ཡོངས་སུ་ཚང་ལ། བདེན་པ་དང་གསོན་ཉམས་ལྡན་པ་དང་།   བཙན་པོའི་རྒྱལ་རབས་ཀྱི་སྤྱི་ཚོགས་ལོ་རྒྱུས་ལ་ཞིབ་ཆ་མ་ཐོན་སར་ཁ་བསྐངས་ཡོད།  དགེ་འདུན་ཆོས་འཕེལ་ལགས་ཨེ་ཤ་ཡ་ལྷོ་མར་སོགས་སུ་རྒྱལ་ཁམས་ཉུལ་ནས་སློབ་སྦྱོང་བྱེད་པའི་སྐབས་སུ་ཏུན་ཧོང་དང་ལི་ཡུལ་གྱི་ཡིག་ཆ་ཁག་ལ་ཡོ་རོབ་ཀྱི་རྒྱལ་ཁབ་སོ་སོས་ཞིབ་འཇུག་གི་ཚ་རླབས་འཕྱུར་བཞིན་པའི་དུས་ཡིན་ལ།  ལོ་ངོ་བཞི་བཅུ་རིང་གི་བསྡུ་བསྒྲིགས་དང་ཞིབ་འཇུག་ལ་བརྟེན་ནས་ཞིབ་འཇུག་གི་དཔྱད་འབྲས་སོགས་ཀྱང་འཕྲོ་རིམ་འཕྲོར་འགྲེམ་སྤེལ་དང་པར་བསྐྲུན་བྱེད་བཞིན་པའི་སྐབས་ཡིན།   དབྱིན་ཇིའི་ཆེད་མཁས་ཐོའོ་མ་སིས་(F.W.Thoman1867-1950)ཏུན་ཧོང་བོད་ཡིག་གི་བྲིས་རྙིང་ཞིབ་འཇུག་སྐོར་གྱི་དཔྱད་འབྲས་བསྟུད་མར་འགྲེམ་སྤེལ་བྱེད་བཞིན་ཡོད་དེ། སྤྱི་ལོ་1935ལོར་ཀྲུང་གོའི་ལི་ཡུལ་ནས་རྙེད་པའི་བོད་ཀྱི་ཡིག་ཆ་དང་བྲིས་དཔེ་ཞེས་པའི་དེབ་དང་པོ་འགྲེམ་སྤེལ་བྱས་ལ།  སྤྱི་ལོ་1940ལོར་པ་ཁོའོ་(M. Bac ot1877- 1965)དང་ཏུའུ་སན་(Ch.Toussaint)སོགས་ཀྱིས་ཧྥ་རན་སིར་ཏུན་ཧོང་ནས་རྙེད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་སོགས་འགྲེམ་སྤེལ་བས་ནས་ཏུན་ཧོང་ནས་རྙེད་སོན་བྱུང་བའི་བོད་ཡིག་གི་བྲིས་རྙིང་P.T1286,P.T.1287,P.T.1036,P.T.1047,P.T.1290སོགས་ལ་ཞིབ་འཇུག་བྱས་ཡོད་དེ། ཆེས་ཐོག་མར་《བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་》ཅེས་པའི་དེབ་སོགས་པར་སྐྲུན་མཛད། སྐབས་དེར་དགེ་ཆོས་ལགས་བོད་རིག་པའི་མཁས་ཅན་པ་ཁོའོ་དང་ལིས་ཅི་ཧྲིན་(H.Richardson)དང་མཇལ་འཕྲད་བྱུང་ལ།   དེ་དག་བརྒྱུད་ནས་ལི་ཡུལ་དང་ཏུན་རྟོང་ནས་རྙེད་པའི་བོད་ཀྱི་ཡིག་ཆ་དང་འབྲེལ་འདྲིས་བྱུང་། ཁོ་རང་གིས་ཉེ་དུས་འདིར་ཡུལ་དེའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས།  སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང་།  ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་དུ་མ་དང་།  དམག་དཔོན་སོགས་ཀྱིས་ཕན་ཚུན་བཏང་བའི་ཡི་གེ་ལ་སོགས་པ་ཆེས་མང་པོ་ཞིག་འཐོན་ནས།  རྒྱལ་ཁབ་དུ་མར་འཁྱམས་ཏེ་སྔོན་གྱི་ལོ་རྒྱུས་དཔྱོད་པའི་མཁས་པ་ཐམས་ཅད་ཀྱང་ཡིད་ཆེས་པ་ཡིན་ནོ།⒄ ཞེས་དང་ཡང་ན་སྔ་མོའི་ལྷ་ཁང་ཞིག་གི་འདག་ཞལ་གྱི་ལྡེབས་རིས་ཡོངས་རྫོགས་བཀོག་སྟེ། རྒྱ་གར་དུ་འཁྱེར་ནས་ད་ལྟ་རྒྱལ་ས་ངྷི་ལི་ན་ཡོད་ཅིང་། དེ་ནས་རྙེད་པའི་དངོས་ཆས་གཞན་མང་པོ་ཞིག་ཀྱང་དེར་ཡོད། རུས་དུམ་དང་བྱང་བུ་སོགས་ལ་ཁྲལ་བསྡུས་པའི་ཐོ་བཀོད་པ་དེ་དག་ཀྱང་ཆེས་གནའ་དུས་ཀྱི་བརྡ་རྙིང་འབའ་ཞིག་ཏུ་བྲིས་པ⒅ཞེས་ཁོ་རང་ལི་ཡུལ་ནས་རྙེད་པའི་ཡིག་ཆ་དག་དང་འབྲེལ་འདྲིས་བྱུང་ཡོད་པ་ཤེས་ཐུབ་ལ།  ཁོ་རང་དང་པ་ཁོའོ་གཉིས་ཀྱིས་མཉམ་དུ་ཏུང་ཧོང་གི་ཡིག་རྙིང་ལ་དབྱེ་ཞིབ་བྱས་མྱོང་ལ།  ལྷག་པར་དུ་རྡོ་རིང་གི་ཡི་གེ་ལ་ཞིབ་འཇུག་བྱས་ནས་མཁས་དབང་ལིས་ཅིས་ཧྲིན་ལགས་ཀྱིས་དགེ་ཆོས་ལགས་ལ་ཏུང་ཧོང་ཡིག་རྙིང་གི་འདྲ་བཤུས་མ་ཕུལ་མྱོང་བ་དང་།   དེབ་དཀར་དུ་ད་ལྟའི་ལོ་སུམ་ཅུ་ལྷག་གི་སྔ་རོལ་དུ་ལི་ཡུལ་གྱི་བར་མཐའ་ཏོང་ཧང་བྱ་བའི་གནས་སུ།   སྔོན་གྱི་ལྷ་ཁང་ཞིག་རལ་དུ་གྱུར་པ་གཅིག་གི་རྩིག་པའི་གསེབ་ནས། བོད་དང་ཡུ་གུར་གྱི་ཡིག་རྙིང་ཤོག་དྲིལ་འཕོན་ཆེན་ཞིག་འཐོན་པའི་གྲས་ཡིན་ལ། ཡིག་རིགས་དེ་རྣམས་རྒྱལ་ཁབ་དུ་མའི་བགོ་བཤའ་བྱས་ཤིང་།   རྒྱ་གར་དང་ཕྱི་རྒྱའི་མཁས་པ་རྟོག་ཞིབ་བྱེད་པ་མང་པོ་ཞིག་གི་ལག་ཏུ་བཏང་བས།   ཕྱི་མོ་དངོས་ཀྱི་ཆ་ཤས་དང་། དཔར་དུ་བཏབ་པ། ངོ་བཤུས་བྱས་པ་སོགས་སྣ་ཚོགས་ཤིག་ཕྲན་གྱིས་མཐོང་བ་རྣམས་ཕན་ཚུན་ཞིབ་བསྡུར་བྱས་ཏེ་ཡིད་བརྟན་རུང་བར་བཀོད་ལ།  ད་ལྟ་ཕྱི་མོའི་བྱིངས་རྣམས་ཕ་རན་སི་དང་དབྱིན་གཞུང་གཉིས་ནས་བདག་སྤྲོད་བྱས་ཏེ་ཡོད་འདུག ཆ་ཤས་མང་ཙམ་ཞིག་པེ་ཅིན་དུ་ཡང་འཁྱེར་ཞེས་བཀོད་ཡོད།⒆   དགེ་འདུན་ཆོས་འཕེལ་གྱིས་ལོ་རྒྱུས་ཀྱི་དཔྱད་ཡིག་འདི་དག་བཀླགས་རྗེས། ཚིགས་སྣ་བསྡུས་དྲགས་པས། གཏམ་རྒྱུད་མཚར་ལ་རིང་བ་དགོས་མཁོ་ཚོ་ལ། ཚིམ་པ་ཅུང་ཟད་ཀྱང་མི་བསྐྱེད་མོད་ཀྱི།     རྒྱལ་རབས་དངོས་ལ་དཔྱོད་ན། གནད་དོན་ཆེ་ལ་གཞི་རྩ་བརྟན་པ་གསེར་གྱི་ས་གཞི་དང་མཚུངས་པ་ཞིག་ཡིན་ཅིང་། རྒྱལ་པོའི་དུས་ཀྱི་བོད་མི་རང་གིས་བྲིས་ཏེ། བཅོས་བསྒྱུར་མཁན་གྱི་སྨྱུ་གུའི་རྩེ་མ་རེག་པར།  ལོ་ཆིག་སྟོང་ཉེ་བའི་ཡུན་ལ་རྡོ་དང་བྱེ་མའི་འོག་ཏུ་གཟིམས་པའི་ཡིག་རྙིང་རྒན་པོ་ཀུན་ལ་ངོམ་དུ་རེ་བ་དེ་འདྲར་མ་ཟད།   རང་ཅག་གི་སྔོན་གྱི་རྒྱལ་རབས་རྣམས་ཚིག་སྦྱོར་གྱི་རྣམ་པ་འདི་འདྲར་ཡོད་སྙམ་སྟེ། ལི་ཡུལ་དང་ཏུན་ཧོང་ནས་རྙེད་པའི་ཡིག་ཆ་འདི་དག་གིས་བོད་བཙན་པོའི་སྤྱི་ཚོགས་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་རྙོག་འཛིང་དང་གྱག་གྱོག་གི་ལམ་ཕྲན་མཚོན་བཞིན་ཡོད་ལ། དགེ་ཆོས་ལགས་ཀྱིས་དཔྱད་ཡིག་དེ་དག་བཀོལ་སྤྱོད་བྱེད་དུས་ཀྱང་ཡོངས་སུ་དང་ལེན་བྱས་པ་མ་ཡིན་པར། ཕྲ་ཞིབ་ཀྱིས་ཞིབ་བསྡུར་དང་།  ཡིད་བརྟན་རུང་བའི་ཡིག་ཆ་དེ་དག་བེད་སྤྱོད་བྱས་པས་ཁོའི་རིག་གཞུང་ཞིབ་འཇུག་གི་ཚགས་དམ་པའི་ཐབས་ཤེས་མཚོན་བཞིན་ཡོད།  མདོར་ན་དགེ་ཆོས་ལགས་ཀྱིས་རྒྱལ་རབས་དེབ་ཐེར་དཀར་པོའི་ནང་དུ་ཁོའི་ཤེས་ཟིན་པའི་ལི་ཡུལ་དང་ཏུན་རོང་གི་ཡིག་ཆ་སོགས་བེད་སྤྱོད་བྱས་པས།     དེབ་དཀར་གྱི་ནང་དོན་དང་བསྒྲིགས་སྟངས།  སྐད་ཆ་སོགས་གང་གི་ཐད་ནས་ཀྱང་ཡ་མཚན་པ་ཡོང་ཡོད་པ་ཞིག་རེད། དེ་བས་དགེ་ཆོས་ལགས་ཀྱིས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆP.T.1288སྲོང་བཙན་སྒམ་པོའི་དོན་ཆེན་ལོ་ཚིགས་མ་ཡིག་དང་P.T.1286གཉའ་ཁྲི་བཙན་པོ་བོད་ཀྱི་བཙན་པོར་གྱུར་བའི་མ་ཡིག   ཡིག་ཆའི་ཨང་གྲངས་P.T. 1544གྱི་ཤོག་དྲིལ་སྐོར་ཅིག   ཡིག་ཆའི་ཨང་གྲངས་P.T.1287སྤུ་རྒྱལ་གྱི་ཆབ་སྲིད་ཉམས་གུད་དུ་སོང་བར་སླར་གསོའི་འཆར་འགོད་གྱི་མ་ཡིག་སོགས་ལ་དེང་རབས་ཀྱི་བོད་པའི་སྐད་བརྡས་གོ་སླ་བའི་ངང་འགྲེལ་ཡོད་པར་མ་ཟད།  ད་དུང་ཏུན་ཧོང་ཡིག་རྙིང་གི་མིང་བརྡ་ལ་ལ་གོ་དཀའ་བའི་སྐོར་ལ་ཆེད་དུ་མཆན་བཏབ་ཡོད་དེ། དཔེར་ན། ཏུན་ཧོང་ཡི་གེའི་ཁྲོད་དུ་ར་ས་ཞེས་པ་ནི་དེང་དུས་ཀྱི་ལྷ་སའམ་ལ་སར་འགྱུར་བར་ངེས་ཏེ་སྔོན་མ་གྷ་ངྷའི་ཕལ་སྐད་ལ་ཡང་ར་ལ་ལདྲ་འབོད་པ་འདུག་པ་འདུག་པས་སོ་ལྟ་བུ་དང་། ལྟེ་བུ་དང་ལྟ་བུ་གཉིས་ནི་དོན་གཅིག་དང་། མཆིས་བྲང་ནི་སྔོན་གནས་ཁང་གི་དོན་ལ་འཇུག་ཀྱང་།  ཡིག་རྙིང་གི་ཁྲོད་དུ་ཁྱིམ་ཐབ་དང་མེ་ཐབ།  ཆུང་མ་སོགས་ཀྱི་དོན་དུ་འཇུག་ཚུལ་གསུངས་ཡོད་ལ། ཀླུ་དང་གླུ། བསམ་ཡས་དང་སྤྱན་ཡས།  སྤད་མཚན་དང་ཕ་ཚན།  ངེད་ཅག་དང་ངེད་ཆ་ག  ཕུ་བུ་དང་ཡུ་བོའམ་ནུ་བོ།  བུ་ཚ་སོགས་དང་དོན་གཅིག་ལ་འཇུག་པ་དང་། ཤག་རག་པོ་ནི་གྲོག་པོ། འགྲིག་དང་འགྲིམ། བཅང་དང་བཆང། ལྕག་དང་ལྕགས། ཙ་ཚ་ཛ་འ་སོགས་རེས་མོས་ཀྱི་ཚུལ་དུ་འབྲི་ཚུལ་དང་།   ཀྱང་དང་ཀྱོང་། ལད་དང་རྩད། འཁུ་བ་ནི་ནང་མ་བྱས་ནས་གླུ། གཤིན་ཆིས་དང་ངན་སྤྱོད། ཡར་པ་དང་ཡར། ཆང་མ་མཆིས་དང་ཅང་མ། བདླག་དང་བརླག ཆེད་པོ་དང་ཆེན་པོ།  དོ་ག་དང་དེ་ག⒇སོགས་དོན་གཅིག་ལ་འཇུག་ཚུལ་གསུངས་ནས་ཕྱི་རབས་པ་རྣམས་ཀྱིས་ཏུན་རོང་གི་ཡིག་རྙིང་སོགས་ལ་བལྟ་བདེ་བར་བྱས་ཡོད།   

བདུན་པ། རྒྱལ་ཕྱིའི་སྐད་བརྡའི་དཔྱད་བསྡུར།   

དགེ་ཆོས་ལགས་ཨེ་ཤ་ཡ་ལྷོ་མ་ས་ཁུལ་དུ་ལོ་ངོ་བཅུ་གཉིས་ལྷག་གི་རིང་ལ་འདུག་སྡོད་བྱས་པའི་ཁྲོད།  སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་དང་རྒྱུས་ལོན་ཡག་པོ་ཞིག་བྱེད་ཆེད། ཡུལ་སོ་སོའི་སྐད་རིགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་བྱས་ནས་ཁོས་དབྱིན་ཇིའི་སྐད་དང་སཾ་སྐྲྀ་ཏའི་སྐད། པ་ལིས་སྐད་སོགས་ངེས་པར་དུ་ཤེས་དགོས་པའི་སྐད་རིགས་དག་ལ་བརྟེན་ནས་རྒྱ་གར་དང་བོད་གཉིས་ལ་ཞིབ་འཇུག་བྱས་པར་མ་ཟད། ཁོ་རང་ལ་བྱང་ཆ་ཡོད་པའི་སྐད་རིགས་དག་ལ་དཔྱད་བསྡུར་གྱི་ཐབས་ལམ་སྤྱད་ནས་ཞིབ་འཇུག་བྱས་ཡོད་དེ།  ཐོག་མར་ཁོས་མིའི་རིགས་རིག་པའི་ཐབས་ལམ་སྤྱད་ནས་འཛམ་གླིང་གི་མི་རིགས་དག་ལུས་དང་བད་དབྱིབས་ཀྱི་ཆ་ནས་ཨཱརྱཱནའི(21)རིགས་དང་མོ་གལ(22)གྱི་རིགས་ཆེན་པོ་གཉིས་སུ་དབྱེ་ནས་དེ་དག་གི་ཁོངས་སུ་གཏོགས་པའི་མི་རིགས་དག་བགྲངས་ཡོད་ལ། བོད་རིགས་ནི་མོ་གལ་གྱི་ཁུངས་སུ་བཞག་ཡོད། རྒྱ་གར་བ་རྣམས་ནི་ཨཱརྱཱནའི་མི་རིགས་ཀྱི་ཁུངས་སུ་བཞག་སྟེ་མི་རིགས་དེ་གཉིས་དང་དེ་དག་གི་ཁུངས་གཏོགས་སུ་གྱུར་བའི་མི་རིགས་ཏ་ཟིག་པ་དང་། ཨར་བྷི། ཕི་གླིང་པ། ཨུ་རུ་སུ། སལྦན། རྒྱུག་མ། ཨོ་རྒྱན་སོགས་ནུབ་བྱང་གི་ཡུལ་མི་ཕལ་ཆེ་བ་དག་རྩ་བའི་རིགས་རྒྱུད་གཅིག་ཏུ་གཏོགས་ཚུལ་དང་སྐྲའི་ཁ་དོག་གི་ཆ་ནས་ཁྱད་ཅུང་ཡོད་པ་ལས་དབྱིབས་ཀྱི་ཆ་ནས་ཁྱད་པར་འབྱེད་མི་ནུས་པ་གསུངས་ཡོད་ལ། རྒྱ་གར་ནུབ་ཕྱོགས་ཀྱི་མི་རྣམས་རང་རེའི་ཡུལ་དུ་སླེབས་པ་ན་ཨུ་རུ་སུར་འབོད་ཚུལ་དང་།  ཏ་ཟིག་པ་དང་ཕི་ལིང་གི་སྐྲ་སེར་རིགས་ཀྱི་སྐད་ཀྱང་ལེགས་སྦྱར་སྐད་ཟུར་ཆག་པ་ཡིན་ཚུལ་གསུངས་ཡོད་དེ། དཔེར་ན། ཁའི་སྐད་དོད་དུ་ལེགས་སྦྱར་སྐད་དུ་པི་ཏྲ་ཟེར་ཞིང་།  ཕི་གླིང་པ་རྣམས་ཀྱིས་པཱ་དྲར་འབོད་པ་དང་།  འབར་མ་རྣམས་ཀྱིས་པདྲ།  རོ་མན་པ་རྣམས་ཀྱིས་པཏྲེ།  ཕ་རན་སི་པ་རྣམས་ཀྱིས་པིརེ་སོགས་སུ་འབོད་ལ།   དེ་དག་གིས་སྐད་རིགས་དེ་དག་གི་རྩ་བ་གཅིག་ཡིན་པ་བདེན་དཔང་དང་ར་སྤྲོད་བྱས་ཡོད་དེ། དེང་གི་ལཱ་ཌེན་སྐད(拉丁语)ཡིན་པ་དང་ལ་ཌེན་སྐད་ཀྱི་འབྱུང་ཁུངས་ཀྱང་ལེགས་སྦྱར་སྐད་ཡིན་པ་བདེན་དཔང་བྱས་ཡོད། ཡི་གེ་འང་གོང་གསལ་གྱི་མི་རིགས་དེ་དག་གི་ཡི་གེ་དང་རྒྱ་གར་གྱི་མོ་རྱཱའི་དུས་སྐབས་ཀྱི་ཡི་གེ་རྣམས་ཕན་ཚུན་ཤིན་ཏུ་མཐུན་པ་གསུངས་ཡོད་དེ། དེ་དག་གིས་དགེ་ཆོས་ལགས་ལ་གཏིང་ཟབ་ཤིང་རྒྱ་ཆེ་བའི་སྐད་བརྡ་རིག་པའི་ཆུ་ཚད་ཡོད་པ་མཚོན་ཐུབ་ལ།   ཁོས་ལེགས་སྦྱར་སྐད་ལས་འཕེལ་འགྱུར་བྱུང་བའི་སྐད་རིགས་ཁྲོད་ཨུ་རུ་སུའི་སྐད་དང་ཞིབ་བསྡུར་བྱས་ཡོད་པ་གཤམ་དུ་བཀོད་ན།(23)

Screenshot of དགེ་འདུན་ཆོས་འཕེལ་གྱིས་སྐད་བརྡ་རིག་པར་བཞག་པའི་མཛད་རྗེས་དང་དཔྱད་.jpg

གོང་གསལ་གྱི་རེའུ་མིག་འདི་ནི་དགེ་ཆོས་ལགས་ཀྱིས་བཀོད་པའི་ཨུ་རུ་སུའི་སྐད་དང་ལེགས་སྦྱར་སྐད་གཉིས་ཀྱི་ཞིབ་བསྡུར་ཡིན་ལ།   ཞིབ་བསྡུར་བྱས་པ་འདི་ལས་ང་ཚོས་ལེགས་སྦྱར་སྐད་དང་ཨུ་རུ་སུའི་སྐད་གཉིས་ནི་ཨ་མ་གཅིག་གི་བུ་བཞིན་དུ་སྐད་རིགས་གཅིག་ལས་མཆེད་པ་ཤེས་ཐུབ།  གཞན་ཡང་དེང་རབས་ཀྱི་སྐད་བརྡ་རིག་པའི་ཁྲོད་དུ་བོད་དང་འབར་མའི་སྐད་ནི་སྐད་ཆའི་ཁྱིམ་ར་གཅིག་གི་ནང་དུ་གཏོགས་པའི་སྐད་ལ་བཞག་ཡོད་ལ།    དེའི་ཐད་ལ་དགེ་ཆོས་ལགས་ཀྱིས་སྔ་མོ་ནས་ཤེས་རྟོགས་བྱུང་ནས་ཞིབ་འཇུག་བྱས་ཡོད་དེ།   ཐོག་མར་མི་རིགས་འདི་གཉིས་ནི་གང་ཞིག་གང་ལས་མཆེད་པའི་གཏོགས་ཡུལ་ཐད་ཧ་ཅང་འཆད་དཀའ་བའི་གནས་ཡིན་པ་གསུངས་ཡོད་མོད།  གང་ལྟར་ཀྱང་མི་རིགས་དེ་གཉིས་ནི་དང་ཐོག་ཉེ་འབྲེལ་གྱི་ཚོ་ཁག་གཅིག་ལས་མཆེད་པ་ནི་ཁོ་ཐག་ཡིན་པ་ར་སྤྲོད་བྱས་ཡོད་ལ།  མི་རིགས་དེ་གཉིས་ཀྱི་སྐད་རིགས་ཀྱི་ཐོག་ནས་ཀྱང་ཧ་ཅང་འདྲ་མཚུངས་མང་པོ་ཡོད་པ་དཔེར་བཀོད་ནས་བདེན་དཔང་བྱས་ཡོད།(24) 

Screenshot of དགེ་འདུན་ཆོས་འཕེལ་གྱིས་སྐད་བརྡ་རིག་པར་བཞག་པའི་མཛད་རྗེས་དང་དཔྱད་ (1).jpg

གོང་གི་འདི་ལྟ་བུའི་བོད་དང་འབར་མའི་སྐད་བར་ལ་མིང་བརྡ་ཐ་སྙད་ཀྱི་སྟེང་དུ་འདྲ་མཚུངས་ཡོད་པ་བདེན་དཔང་བྱས་ཏེ།  མི་རིགས་འདི་གཉིས་ཀྱང་གནའ་བོའི་དུས་སྐབས་སུ་རིགས་རྒྱུད་གཅིག་ལས་མཆེད་པའང་ར་སྤྲོད་བྱས་ཡོད།   

བརྒྱད་པ། སཾ་བོད་སྐད་བརྡའི་དཔྱད་བསྡུར་ལས་སྒྲ་གཞུང་བོད་དར་གྱི་ལོ་རྒྱུས་ལ་བསྐྱར་ཞིབ་བྱས་པ།  

སྤྱི་ལོ་དུས་རབས་བདུན་པ་ནས་ཐུབ་པའི་བསྟན་པ་བོད་དུ་དར་བ་ནས་འགོ་བཟུང་སྟེ་སཾ་སྐྲྀ་ཏའི་སྐད་དང་བོད་སྐད་གཉིས་བར་ལ་འབྲེལ་འདྲིས་བྱུང་ལ།  དགེ་ཆོས་ལགས་པཎྜི་ཏ་ར་ཧུ་ལ་དང་མཉམ་དུ་འཕན་ཡུལ་དང་རྭ་སྒྲེང་།  རྒྱལ་རྩེ།  ཞ་ལུ།  བཀྲ་ཤིས་ལྷུན་པོ་སོགས་སུ་རྒྱ་དཔེ་རྩད་འཚོལ་དུ་ཕྱིན་མྱོང་ལ། ལྷག་པར་དུ་བོད་འགྱུར་གྱི་སཾ་སྐྲྀ་ཏའི་སྐད་ཀྱི་ཆོས་གཞུང་དག་ལས་སྔོན་གྱི་རྒྱ་སྐད་གདངས་ཅི་ལྟར་ཐོན་པ་ཙམ་བོད་ཡིག་ལ་བྲིས་ཡོད་པའི་དཔེ་མང་པོ་བཞག་ཡོད་དེ།  དཔེར་ན།  བཛྲ་ལ་འབའ་འཛར་དང་།  པྲཛྙཱ་ལ་ཊཛྙ་ལྟར་དུ་བྲིས་ལ།  གནའ་བྲིས་ཕལ་ཆེར་དུ་པར་འགྱའ། ངྷརྨ་ལ་འདར་མ། སངྒ་ལ་སང་འགའ།  ཙཀྲ་ལ་ཙ་དཀར།  ཏྲཻ་ལོཀ་ལ་ཏར་རེའི་ལོ་ཀ་སོགས་སྒྲ་གདངས་ཅི་ལྟར་འཐོན་པ་བྲིས་ལ།   གནུབས་ཆོས་གྲགས་ཀྱི་ཕྱག་བྲིས་སུ་ཡང་།  བུ་ལ་འབུ་སོགས་བྲིས་པ་བཀོད་ཡོད་པར་མ་ཟད།    ད་དུང་སྔོན་གྱི་ཡིག་རྙིང་རྣམས་སུ་རྒྱ་སྐད་རང་སོར་བཞག་བྱས་པའི་གནས་ཚུལ་ཀྱང་བཀོད་ཡོད་དེ། དཔེར་ན། བུངྔྷ་ལ་སྐྱབས་སུ་འགྲོ་བ་དང་།  སྒྲ་སྦྱོར་བམ་གཉིས་སུ་ངྷརྨ་ཞུ་ཆེན་གྱི་སོགས་དང་། དཔལ་བརྩེགས་ཀྱི་མདོ་བཏུས་བྱ་བ་བསྟན་འགྱུར་དུ་བཞུགས་པ་དེ་དཔེ་རྙིང་འཁྲུལ་མེད་ཅིག་འདུག་པས་དྲོནའི་བུ་ནི་ཏ་ལིའོ།  བུངྔྷའི་སྲས་ནི་ར་ཧུ་ལ(25)སོགས་རྒྱ་སྐད་སོར་བཞག་བྱས་པའི་གནས་ཚུལ་ཀྱང་བཀོད་ཡོད་ལ། ཁོས་ད་དུང་འབྲི་གུང་དཔལ་འཛིན་གྱིས་དང་པོ་འབུས་པས་འབུ་ད་ཡ། བར་དུ་དར་བས་དར་མ་ཡ། མཐའ་མར་སངས་པས་སངྒ་ཡ་ཞེས་བུངྔྷ་ངྷརྨ་སངྒའི་སྒྲ་བཤད་བླུན་པོ་འགའ་ཞིག་གིས་བྲིས་པ་ལ་དགག་པ་མཛད་ཚུལ་དང་། བླ་མ་སོག་ཟློག་པས་དེ་འདྲ་ཡོད་ན་བླུན་ཚིག་ལས་འོས་ཅི་ཡོད་ཞེས་དགག་པ་མཛད་པ་སོགས་བཀོད་ནས་སཾ་སྐྲྀ་ཏའི་སྐད་བོད་དར་གྱི་ལོ་རྒྱུས་ལ་བསྐྱར་ཞིབ་བྱས་ནས་ལེགས་སྦྱར་གཙང་སངས་བ་རྒྱ་ཡིག་ཇི་ལྟ་བུ་བཞིན་བྲིས་ཆོག་པ་དུས་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་མཛད་པ་ཞིག་ཏུ་སྣང(26)ཞེས་སྔོན་གྱི་ཡི་གེ་རྙིང་པ་རྣམས་སུ་རྒྱ་སྐད(27)བྲིས་པ་རྣམས་རྒྱ་སྐད་ཀྱི་གདངས་ཅི་ལྟར་འཐོན་པ་དེ་ལྟར་དུ་བོད་ཡིག་གིས་བྲིས་ཡོད་པ་དང་།  རྒྱ་སྐད་གཙང་སང་པ་ཞིག་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་མཛད་པ་ཡིན་པའི་སྡོམ་ཚིག་བཀོད་ཡོད།  དོན་དངོས་སུའང་ང་ཚོས་སྒྲ་སྦྱོར་བམ་པོ་གཉིས་པའི་པར་གཞི་མི་འདྲ་བ་སོགས་ལ་ཞིབ་འཇུག་བྱས་པའི་ཁྲོད་ལེགས་སྦྱར་སྐད་གཅིག་མཚུངས་མིན་པའི་རྣམ་པ་བྱུང་ལ།   སྐབས་དེར་མཆོན་ན་བོད་མི་ཚོ་སཾ་སྐྲྀ་ཏའི་སྐད་ལ་འབྲེལ་འདྲིས་བྱུང་ནས་ཅུང་མ་འགོར་བའི་དུས་ཡིན་པས།  མི་རང་རང་གི་འདོད་རྒྱལ་དུ་འབྲི་བའི་སྲོལ་ཡོད་པ་ཤེས་ཐུབ་སྟེ།   ང་ཚོས་བོད་རིགས་ཀྱི་སཾ་སྐྲྀ་ཏའི་སྐད་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་ལོ་རྒྱུས་ལ་སྤྱི་སྡོམ་ཙམ་བྱས་ན། དེ་ལ་དུས་རབས་གསུམ་དུ་དབྱེ་ཆོག་སྟེ། གཅིག་ནི་ཆོས་གཞུང་རྙིང་མའི་སྟོད་ཀྱི་དུས་རབས་ཏེ་(前古典时期)   སྤྱི་ལོ་དུས་རབས་7---9བར་ཡིན་ལ། སྤྱིར་བཏང་གི་འབོལ་སྲོལ་ལ་བསྟན་པ་སྔ་དར་གྱི་དུས་སྐབས་ཀྱང་ཟེར།   དུས་སྐབས་གཉིས་པ་ནི་ཆོས་གཞུང་རྙིང་མའི་དུས་སྐབས་ཀྱང་ཟེར་ལ།(古典时期) དེ་ནི་སྤྱི་ལོ་11--14བར་ཡིན་ལ།  ཧ་ལམ་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན།  དུས་སྐབས་འདི་ནི་སཾ་སྐྲྀ་ཏའི་སྐད་བོད་ལ་དར་བ་ཆེས་རྩེ་རུ་ཕྱིན་པའི་དུས་སྐབས་ཀྱང་ཡིན་ལ། སྲོལ་རྒྱུན་གྱི་འབོད་སྲོལ་ལ་བསྟན་པ་ཕྱི་དར་གྱི་དུས་སྐབས་ཀྱང་ཟེར། དུས་སྐབས་གསུམ་པ་ནི་སྤྱི་ལོ་དུས་རབས་བཅུ་དྲུག་པ་ནས་བཅོ་བརྒྱད་པའི་བར་ཡིན་ལ།   འདིར་ཆོས་གཞུང་རྙིང་མའི་སྨད་རྒྱུད་ཀྱི་དུས་རབས་ཀྱང་ཟེར་ལ།(后古典时期)  ཧ་ལམ་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། ཆོས་གཞུང་རྙིང་མའི་སྟོད་ཀྱི་དུས་སྐབས་སུ་སཾ་སྐྲྀ་ཏའི་སྐད་ཀྱི་བརྡ་སྤྲོད་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་མང་པོ་ཞིག་མེད་ལ།  དུས་སྐབས་འདིར་ལོ་ཙཱ་བྱས་པའི་བརྡ་སྤྲོད་ཀྱི་གཞུང་སོགས་ཉར་ཚགས་བྱས་ཡོད་པ་མཐོང་མ་སོང་།   བཀའ་བསྟན་གྱི་ནང་དུའང་ཉར་མེད་པས། སྐབས་དེའི་བོད་རིགས་རྣམས་ཀྱིས་ཇི་ལྟར་སཾ་སྐྲྀ་ཏའི་སྐད་ལ་སློབ་སྦྱོང་བྱས་པ་ཤེས་ཐབས་བྲལ་མོད།  འོན་ཀྱང་ང་ཚོས་གནའ་བོའི་ཡིག་རྙིང་གི་ཁྲོད་དུ་བོད་རིགས་རང་གིས་བྲིས་པའི་སཾ་སྐྲྀ་ཏའི་སྐད་ཀྱི་བརྡ་སྤྲོད་ཀྱི་གཞུང་ཉུང་ཤས་ཤིག་རྙེད་ཐུབ་སྟེ།  དེ་དག་ལའང་དབྱེ་ན་ཁག་གཉིས་རུ་དབྱེ་ཆོག་སྟེ། གཅིག་ནི་ཏུན་ཧོང་ནས་རྙེད་པའི་བོད་ཡིག་གི་ཤོག་དྲིལ་ཡིན་ཏེ། ཤོག་དྲིལ་དེའི་ཁྲོད་སཾ་བོད་བརྡ་སྤྲོད་ཀྱི་དཔྱད་གཞིའི་ཡིག་ཆ་འགའ་རྙེད་ཐུབ་སྟེ།   གཅིག་ནི་འགོས་ཆོས་གྲུབ་ཀྱིས་བྲིས་པའི་བརྡ་སྤྲོད་ཀྱི་གཞུང་ཤིག་སྟེ། བསྟན་བཅོས་དེའི་བོད་ཡིག་གི་བྲིས་མ་རྙིང་པ་དང་རྒྱ་ཡིག་གི་བྲིས་རྙིང་སོགས་མཐོང་ཐུབ་མོད།    འོན་ཀྱང་བསྟན་བཅོས་དེ་ཁོས་བརྩམས་པའམ་ཡང་ན་བསྒྱུར་བ་གང་ཡིན་པར་རྟོག་དཔྱོད་ཞིབ་འཇུག་གི་རྒྱུ་ཆ་གང་ཡང་མེད་པས་ཤེས་ཐབས་བྲལ།  འོན་ཀྱང་དཔྱད་གཞིའི་ཡིག་ཆ་འདི་ལས་ང་ཚོས་ཤེས་ཐུབ་པ་ནི་བོད་མི་ཚོས་སཾ་སྐྲྀ་ཏའི་སྐད་ཀྱི་བརྡ་སྤྲོད་ལ་ཐོག་མར་སློབ་སྦྱོང་དང་ཞིབ་འཇུག་གི་རྣམ་པ་ཇི་ཙམ་ཡིན་པ་ཤེས་ཐུབ་པ་དང་།  གཞན་ཞིག་ནི་ཏུན་ཧོང་ནས་བྱུང་བའིP.T. 849ཡིག་ཆ་“梵藏词汇表”ཞེས་པ་དེ་ཡིན།  ཡིག་ཆ་དེའི་ཁྲོད་ནང་དོན་སྐོར་ཞིག་བོད་ཡིག་གིས་སཾ་སྐྲྀ་ཏའི་གསལ་བྱེད་རྣམས་བྲིས་ཡོད་པའི་རྣམ་པ་ཅན་ཞིག་ཡིན་ལ།  ཡིག་ཆ་དེའི་སྟོད་རྒྱུད་ནི་སཾ་སྐྲྀ་ཏའི་སྐད་ཀྱིས་བྲིས་ཡོད་ལ།  སྨད་རྒྱུད་ནི་བོད་ཡིག་གིས་སཾ་སྐྲྀ་ཏའི་སྐད་ཀྱི་སྒྲ་བཀོད་འབྲི་བྱས་ཡོད་པས། སྐབས་དེར་བོད་པ་ཚོས་ཕལ་ཆེར་བོད་ཡིག་གིས་སཾ་སྐྲྀ་ཏའི་སྐད་འབྲི་བའི་སྲོལ་ཡོད་པ་འདྲ་ལ།  བོད་མི་ཆོས་སཾ་སྐྲྀ་ཏའི་སྐད་ལ་སློབ་སྦྱོང་བྱེད་ཚུལ་ཀྱི་རྣམ་པ་ཙམ་ཡིག་ཆ་དེ་དག་བརྒྱུད་ནས་ཤེས་ཐུབ།   དོན་དངོས་སུ་བོད་ཡིག་གིས་སཾ་སྐྲྀ་ཏའི་སྐད་འབྲི་བཞིན་པའི་རྣམ་པ་དེ་མུ་མཐུད་དུ་དུས་རབས་ངེས་ཅན་ཞིག་བར་དུ་རྒྱུན་བསྐྱངས་ལ། ང་ཚོས་བོད་ལྗོངས་སོགས་སུ་རྙེད་པའི་ཤིང་ཏ་ལའི་ལོ་མའི་སྟེང་བྲིས་ཡོད་པའི་ཆོས་གཞུང་དག་ལས་ཀྱང་ཤེས་ཐུབ་སྟེ། ཡིག་ཆ་དེའི་རིགས་ལ་ལ་ཞིག་རྒྱ་གར་གྱི་བཙུན་པ་དག་གིས་བོད་དུ་འཁྱེར་ཡོང་བར་འདྲ་ལ།  ལ་ལ་ཞིག་བོད་ཀྱི་བཙུན་པ་དག་རྒྱ་གར་ན་རེནྟྲ་སོགས་དགོན་སྡེ་ཁག་ཏུ་བསྐྱོད་ནས་སློབ་ཁྲིད་ལ་ཉན་སྐབས་ཀྱི་ཟིན་བྲིས་ཡིན་པ་འདྲ།  ཁོ་ཚོས་ཟིན་བྲིས་འབྲི་དུས་སཾ་སྐྲྀ་ཏའི་སྐད་ཀྱིས་མ་བྲིས་པར་བོད་ཡིག་གི་སྒྲས་སཾ་སྐྲྀ་ཏའི་སྐད་ཟིན་བྲིས་སུ་བཏབ་པ་འདྲ། ནང་དོན་ནི་སཾ་སྐྲྀ་ཏའི་སྐད་ཡིན་ལ། བོད་ཡིག་གིས་བྲིས་པ་འདྲ།  འདི་དག་ནི་ཏུན་ཧོང་ནས་རྙེད་པའི་ཡིག་ཆ་ཁག་ཡིན།   གཞན་ཞིག་ནི་སྐབས་དེར་བྱུང་བའི་ཡིག་ཆ་གཙོ་གྲས་ཁག་གཉིས་ཡིན་ཏེ།  སྒྲ་བྱེ་བྲག་ཏུ་རྟོགས་པ་ཆེན་མོ་དང་སྒྲ་སྦྱོར་བམ་པོ་གཉིས་པ་ཡིན། དེབ་དེ་གཉིས་ནི་གོང་དུ་བཤད་པ་ཇི་བཞིན་སམ་བོད་ཤན་སྦྱར་གྱི་མིང་མཛོད་ཅིག་ཡིན་ལ།  སངས་རྒྱས་ཆོས་ལུགས་ཀྱི་ཆོས་གཞུང་བསྟན་བཅོས་དག་བོད་འགྱུར་བྱེད་དུས་ངེས་པར་དུ་མེད་དུ་མི་རུང་བའི་མིང་མཛོད་གཉིས་ཡིན། སྒྲ་བྱེ་བྲག་ཏུ་རྟོགས་པ་ཆེན་མོར་རྗེས་སུ་ཡོན་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ཡིག་ཁ་སྣོན་བྱས་ལ།  དེའི་རྗེས་སུ་འཇར་པན་གྱི་ཡི་གེའང་ཁ་སྣོན་བྱས་ཡོད་དེ།  ད་ལྟ་རིག་གཞུང་ཞིབ་འཇུག་གི་ཁམས་སུ་བཀོལ་སྤྱོད་ཅུང་རྒྱུན་འབྱམས་ཡིན་པ་ནི་སམ་བོད་རྒྱ་འཇར་གྱི་སྐད་བཞིའི་མིང་མཛོད་དེ་ཡིན།  མིང་མཛོད་དེའི་ནང་དུ་མིང་བརྡ་ཁྲི་གཅིག་གི་ཡན་བརྒལ་བ་ཞིག་བསྡུས་ཡོད་ལ།  མིང་བརྡ་དེ་དག་ལ་རིགས་དང་དབྱེ་བ་283དགར་ཡོད།   མིང་མཛོད་དེ་ནི་ཚད་ངེས་ཅན་ཞིག་སྟེང་བཤད་ན་སམ་བོད་བརྡ་སྤྲོད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བསྟན་བཅོས་ཤིག་ཡིན་ཞེས་བཤད་ཀྱང་ཆོག་ལ།   བསྟན་བཅོས་དེས་དང་ཐོག་བོད་རིགས་རྣམས་ཀྱིས་ཇི་ལྟར་སཾ་སྐྲྀ་ཏའི་སྐད་ལ་སློབ་སྦྱོང་བྱས་པ་མཚོན་ཡོད་པར་མ་ཟད། དེའི་ནང་དུ་སེ་བོད་བརྡ་སྤྲོད་ཀྱི་བརྡ་ཆད་31ལྷག་ཀྱང་ནང་དུ་བསྡུས་ཡོད། དེ་ལས་གཞན་ཞིག་ཡོད་པ་ནི་སྒྲ་སྦྱོར་བམ་པོ་གཉིས་པ་ཡིན་ལ། དེའི་ཁྲོད་ཀྱི་མིང་བརྡ་མང་ཆེ་ཤོས་ཤིག་སྒྲ་བྱེ་བྲག་ཏུ་རྟོགས་པ་ཆེན་མོའི་ནང་དུ་བྱུང་ལ། མིང་མཛོད་དེ་གཙོ་བོ་མིང་ཁུངས་རིགས་པའི་སྟེང་མིང་བརྡར་འགྲེལ་བརྒྱབ་པ་དང་ལོ་ཙཱའི་ཚད་གཞི་སོགས་བཤད་ཡོད།   བོད་ཀྱི་ཆོས་གཞུང་གི་བསྟན་བཅོས་དག་ལས་སཾ་སྐྲྀ་ཏའི་སྐད་ཀྱི་མིང་བརྡ་ཐད་ཀར་དུ་སྒྲ་བསྒྱུར་བྱས་ཡོད་པ་ཧ་ཅང་ཉུང་ལ། མང་ཆེ་ཤོས་ནི་དོན་བསྒྱུར་བྱས་པ་ཡིན།   རྒྱ་ནག་གི་ཡི་གེར་ཆོས་གཞུང་དག་ནི་དེ་ལས་ལྡོག་སྟེ་སྒྲ་བསྒྱུར་བྱས་ཡོད་པ་ཅུང་མང་ལ།  ལྷག་པར་དུ་མིའི་མིང་དང་མེ་ཏོག་གི་མིང་།  ཆུ་བོའི་མིང་སོགས་སྒྲ་བསྒྱུར་བྱས་ཡོད་པ་མང་པོ་མཐོང་ཐུབ།    དེ་བས་བོད་ཡིག་ཏུ་བསྒྱུར་དུས་དོན་བསྒྱུར་བྱས་ཡོད་པ་མང་བའི་རྣམ་པས་བོད་རིགས་རྣམས་ཀྱིས་སཾ་སྐྲྀ་ཏའི་སྐད་ལ་གོ་བ་ཟབ་མོ་ལངས་བའི་ཆུ་ཚད་མཚོན་བཞིན་ཡོད་ལ།  མིང་བརྡ་431ལ་མིང་ཁུངས་རིག་པའི་སྟེང་འགྲེལ་རྒྱབ་ཡོད་དེ། དཔེར་ན། བུངྔྷ་ཞེས་པར་རྒྱ་ནག་གི་ཡི་གེའི་སྟེང་སྒྲ་བསྒྱུར་བྱས་ནས་“佛”ཞེས་བསྒྱུར་ཡོད་ལ།   བོད་ཡིག་གི་སྟེང་སངས་རྒྱས་ཞེས་དོན་བསྒྱུར་བྱས་ནས་དེ་ལ་མིང་ཁུངས་རིག་པའི་འགྲེལ་ཞིབ་མོ་བཀོད་ཡོད་དེ།    གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན། བློ་བྱེ་ཞིང་རྒྱས་པས་ན། པདྨ་ཁ་ཕྱེ་ཞིང་རྒྱས་པ་དང་འདྲ་བར་ཡང་བཤད་དེ་སངས་རྒྱས་ཞེས་བྱ།  ཚིག་གི་དོན་སྤྱིར་ན་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་མ་ལུས་པར་བྱང་ཆུབ་པ་ལ་བྱ་ཞེས(29)འགྲེལ་བཀོད་ཡོད།  འདི་དག་གིས་བོད་ཀྱི་ལོ་ཙཱ་བ་དང་རྒྱ་གར་གྱི་པཎྜི་ཏ་དག་གིས་མིང་བརྡ་འདིར་སཾ་སྐྲྀ་ཏའི་སྐད་ཀྱི་སྐད་བརྡའི་ཁོར་ཡུག་ཁྲོད་གོ་བ་ཇི་ལྟར་ལངས་པ་མཚོན་ཡོད། ཏུན་ཧོང་ནས་བྱུང་བའི་ཡིག་ཆ་དང་གོང་གསལ་གྱི་ཡིག་ཆ་གཙོ་གྲས་དེ་གཉིས་ལས་གཞན་ད་དུང་ལྕེ་ཁྱི་འབྲུག་ཟེར་བའི་བོད་རིགས་ཤིག་གིས་བརྩམས་པའི་གནས་བརྒྱད་ཆེན་མོའི་རྩ་བ(30)ཞེས་པའི་སཾ་སྐྲྀ་ཏའི་སྐད་ཀྱི་བརྡ་སྤྲོད་ཀྱི་བརྩམས་ཆོས་ཐུང་ངུ་ཞིག་མཐོང་ཐུབ་མོད། འོན་ཀྱང་བསྟན་བཅོས་དེའི་འགོ་ཁུངས་གང་ཡིན་པའམ་ཡང་ན་གཞན་གྱི་བརྩམས་ཆོས་ལས་དྲངས་བ་གང་ཡིན་པ་རྩད་འཚོལ་མ་བྱུང་། དེ་ལས་གཞན་ཐོན་མི་སཾབྷོ་ཊའི་སུམ་རྟགས་ཀྱི་བརྩམས་ཆོས་ཡིན་ཏེ།  བརྩམས་ཆོས་དེ་གཉིས་ནི་བོད་སྐད་ཀྱི་བརྡ་སྤྲོད་ཀྱི་བརྩམས་ཆོས་གཉིས་ཡིན་མོད། དོན་དངོས་སུ་སཾ་སྐྲྀ་ཏའི་སྐད་ཀྱི་བརྡ་སྤྲོད་ལ་འབྲེལ་བ་ཤིན་ཏུ་ཟབ་ལ། ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡོད།   

བོད་པ་ཚོས་སཾ་སྐྲྀ་ཏའི་སྐད་ལ་ཞིབ་འཇུག་བྱས་པ་ཆེས་ཡང་རྩེར་སོན་པའི་དུས་རབས་ནི་ཆོས་གཞུང་རྙིང་མའི་དུས་སྐབས་ཡིན་ལ།  བསྟན་པ་ཕྱི་དར་གྱི་ལོ་ངོ་400ལྷག་གི་རིང་སྟེ།   སྤྱི་ལོ་དུས་རབས་11ནས་14བར་ཡིན།  དུས་སྐབས་འདིའི་ནང་དུ་གཙོ་བོ་ནི་སྒྲ་གཞུང་ལོ་ཙཱའི་བྱ་བར་བརྟེན་ནས་བྱུང་བ་ཡིན་ལ། བསྟན་འགྱུར་གྱི་ཁྲོད་དུ་སྒྲ་རིག་པའི་བསྟན་བཅོས་47ལྷག་བསྡུས་ཡོད། དེའི་ཁྲོད་37ལྷག་ནི་དུས་སྐབས་དེར་ལོ་ཙཱ་བྱས་ནས་བྱུང་བ་ཡིན། ཕལ་ཆེར་སུམ་ཆའི་གཉིས་ཟིན་ཡོད།   སྒྲ་རིག་པའི་བརྡ་སྤྲོད་ཀྱི་གཞུང་གཙོ་བོ་དག་ཀྱང་དུས་སྐབས་འདིར་བྱུང་ཡོད་དེ།  སྐབས་དེར་བོད་པ་རྣམས་ཀྱིས་སྒྲ་རིག་པ་སློབ་པའི་གཞུང་གཙོ་བོ་ནི་སྒྲ་ཀཱ་ལ་པ་དང་ཙནྡྲ་པ་རྣམ་གཉིས་ཡིན་ལ། གོང་གི་དེབ་37ཁྲོད་དུ་26ནི་སྒྲ་ཀཱ་ལ་པའི་གཞུང་ཡིན།    11ནི་སྒྲ་ཙནྡྲ་པའི་གཞུང་ཡིན།  འདི་དག་ནི་ཆོས་གཞུང་རྙིང་མའི་དུས་སྐབས་སུ་བོད་པ་རྣམས་ཀྱིས་སློབ་སྦྱོང་བྱེད་སྤྱད་ཀྱི་སཾ་སྐྲྀ་ཏའི་སྐད་ཀྱི་གཞུང་ལུགས་གཉིས་ཡིན་པ་དང་།  སྐབས་འདིར་བོད་པ་ཚོས་ཀྱང་སྒྲ་རིག་པ་སློབ་སྦྱོང་བྱས་རྗེས་སཾ་སྐྲྀ་ཏའི་སྐད་ཡིག་ལམ་ནས་གཞུང་དང་བརྩམས་ཆོས་མང་པོ་བརྩམས་བཞིན་ཡོད་དེ།  ཆེས་མིང་དུ་གྲགས་པ་ནི་བུ་སྟོན་རིན་ཆེན་གྲུབ་(1290-1363)ཡིན་ལ།    བུ་སྟོན་ནི་བོད་རང་ས་ནས་བསྐྱེད་བསྲིངས་བྱས་པའི་སྒྲ་རིག་མཁན་པོ་ཞིག་ཡིན་པ་དང་། ཕྱི་རྒྱལ་དུ་འགྲིམ་མ་མྱོང་བའི་སྒྲ་རིག་པ་སྨྲ་བ་ཞིག་ཀྱང་ཡིན། ཁོ་རང་ཞ་ལུ་དགོན་པ་གཙོས་དགོན་སྡེ་སོགས་སུ་སློབ་སྦྱོང་བྱས་ནས་མཚམས་སྦྱོར་ལྔ་པའི་འགྲེལ་པ་དང་ཀ་ལཱ་པའི་མིང་ལེའུ་དྲུག་གི་འགྲེལ་བཤད།   ཀུན་བཤད་ལེའུ་བརྒྱད་ཀྱི་དཔེ་བརྗོད་རྒྱས་འགྲེལ། ཆ་བསགས་མདོའི་ལེའུ་བཞི་པ་བྱིངས་ལས་མིང་དུ་སྒྲུབ་པའི་དཔེ་འགྲེལ་བཅས་སྒྲ་ཀཱ་ལ་པའི་གཞུང་དང་འགྲེལ་མིང་དུ་གྲགས་པ་འདི་དག་བརྩམས་ཡོད་དེ།  ང་ཚོས་ཁོའི་བརྩམས་པའི་སྒྲ་གཞུང་ལ་བལྟས་ན་ཁོ་རང་ནི་སྒྲ་རིག་པར་ཁོང་དུ་ཆུད་ཡོད་པའི་མཁས་པ་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ། གཞན་ཞིག་ནི་ས་བཟང་མ་ཏི་པཎ་ཆེན་ཡིན་ལ།  ཁོ་རང་ནི་གྲུབ་མཐའ་ཇོ་ནང་པར་གཏོགས་པ་དང་། ཁོས་ཀྱང་སྒྲ་ཀཱ་ལ་པའི་གཞུང་ཞིག་བརྩམས་ཡོད་པར་གྲགས།   

སྤྱི་ལོ་དུས་རབས་བཅུ་བཞི་བའི་ཕྱི་རྗེས་སུ་སྒྲ་རིག་པའི་གཞུང་བཅུ་གསུམ་བརྩམས་ཡོད་ལ། དེ་དག་ནི་སྤྱི་ལོ་དུས་རབས་བཅུ་དྲུག་ནས་བཅོ་བརྒྱད་བར་གྱི་བརྩམས་ཆོས་དག་ཡིན།  དུས་སྐབས་དེ་ནི་སྒྲ་རིག་པ་ཧ་ཅང་དར་ཆེ་བའི་དུས་ཡིན་ཏེ།  སྐབས་དེར་རྒྱལ་དབང་ལྔ་བ་ཆེན་པོའི་རྒྱབ་སྐྱོར་གྱིས་འོག་ཏུ་སྒྲ་རིག་པ་དར་རྒྱས་ཧ་ཅང་ཆེ་ལ།   སྒྲ་རིག་པའི་གཞུང་ལུགས་ཀྱི་བརྩམས་ཆོས་མང་པོ་ཞིག་ཁོས་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་བྱུང་བ་ཡིན་ལ།  དུས་སྐབས་དེར་ཀྱང་སྒྲ་ཀཱ་ལ་པ་དང་ཙནྡྲ་པར་ཞིབ་འཇུག་བྱེད་པའི་མིའང་ཡོད་མོད།   འོན་ཀྱང་དུས་སྐབས་འདིར་སྒྲ་རིག་པའི་གཞུང་ལུགས་གསར་བ་མང་པོ་བྱུང་ཡོད་དེ།   སྒྲ་པ་ནི་ནི་དང་།   མནཛྙི་ཤྲི་དང་།  དབྱངས་ཅན་མ་སོགས་བྱུང་ཡོད། སྐབས་དེར་སྒྲ་དབྱངས་ཅན་མ་ནི་ཁ་ཆེ་ཡུལ་དུ་ཧ་ཅང་དར་ཆེ་བའི་གཞུང་ལུགས་ཤིག་ཡིན་ལ།  བོད་པ་ཚོ་སྒྲ་གཞུང་དེ་དང་འབྲེལ་འདྲིས་བྱུང་རྗེས་སྒྲ་གཞུང་གསར་བ་དེ་བོད་ཁུལ་དུ་ནང་འདྲེན་བྱས་ལ།  སྐབས་དེར་བོད་ཡུལ་དུ་སྒྲ་གཞུང་གཞུང་ལུགས་ཆེན་པོ་ལྔ་ཡོད་དེ། ཙནྡྲ་བ་དང་། ཀཱ་ལ་པ་དང་། སྒྲ་པ་ནི་ནི། མན་ཛྙུ་ཤྲི།  དབྱངས་ཅན་མ་སོགས་ཡིན།  ཆེས་དར་ཆེ་བ་ནི་སྒྲ་དབྱངས་ཅན་མ་ཡིན།  ཆོས་གཞུང་རྙིང་མའི་སྟོད་རྒྱུད་དུ་སྒྲ་ཀཱ་ལ་པ་ཡིན།  སྐབས་དེར་བོད་རངས་ནས་བྱུང་བའི་སྒྲ་རིག་པའི་ཆེད་མཁས་མང་པོ་བྱུང་ཡོད་དེ། དེ་དག་གི་ཁྲོད་ཆེས་མིང་དུ་གྲགས་པའི་མཁས་པ་ཆེན་པོ་གསུམ་ཡོད་དེ།  གཅིག་ནི་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོངབཟང་པོ་ཡིན(1449---1527)ཏེ། ཁོས་བུས་སྟོན་གྱི་སློབ་རྒྱུན་རྒྱུན་བསྐྱངས་ལ།  ང་ཚོས་ཁོའི་རྣམ་ཐར་ནང་བལྟས་ནའང་ཤེས་ཐུབ་སྟེ།  ཁོས་བུ་སྟོན་མིག་དཔེར་བཟུང་ནས་སློབ་སྦྱོང་བྱས་མྱོང་བ་དང་།  མི་ཚེ་གང་བོར་སྒྲ་རིག་པར་གསན་བཞེས་ལེགས་པར་མཛད་ནས་《གཞུང་ལུགས་ཀ་ལཱ་པའི་ཊཱཀ་དང་སྒྲའི་བསྟན་བཅོས་མུན་པའི་སྒྲོན་མེ།》《ཀ་ལཱ་པའི་སྤྱི་དོན་བརྡ་སྤྲོད་གསལ་བའི་མེ་ལོང་།》《སྐད་གཉིས་མཁས་པའི་རྣམ་བཤད་》སོགས་མང་པོ་བརྩམས་ཡོད་པར་མ་ཟད།  ཆོས་གཞུང་ལོ་ཙཱའང་མང་པོ་བྱས་ཡོད། གཞན་ཞིག་ནི་ཇོ་ནང་ཏཱ་ར་ན་ཐ་( 1575-1634)ཡིན་ཏེ།   ང་ཚོས་ཁོའི་གསུང་འབུམ་གྱི་ནང་དུ་བལྟས་ན་ཁོས་ཀྱང་སྒྲ་རིག་པའི་གཞུང་ལུགས་སོགས་བོད་འགྱུར་དང་སཾ་སྐྲྀ་ཏའི་སྐད་ཀྱི་བརྩམས་ཆོས་མང་པོ་བོད་འགྱུར་བྱས་ལ།    སྒྲ་རིག་པའི་གཞུང་གི་འགྲེལ་མང་པོ་བརྩམས་ཡོད་དེ།   དབངས་ཅན་བྱཱ་ཀ་ར་ཎའི་འགྲེལ་པ་དང་དཔལ་སྒྲའི་སྙེ་མ་དུ་མའི་དོན་སོགས་བརྩམས་ཡོད་པར་གྲགས།  དེ་ལས་གཞན་དུས་ཀྱི་ཆ་ནས་ཧ་ཅང་འཕྱི་བའི་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་དུ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་(1700- 1774)ཡིན་ཏེ།  ཁོ་རང་ཡང་སྒྲ་རིག་པའི་བརྡ་སྤྲོད་ལ་ནང་བྱན་ཆུད་ལ། ཚོས་ཁོའི་རྣམ་ཐར་གྱི་ཟིན་བྲིས་ལ་བལྟས་ན་ཁོ་རང་བོད་ཡུལ་གྱི་ས་ཆ་སོ་སོ་དང་བལ་ཡུལ་སོགས་ས་ཆ་མང་པོར་བསྐྱོད་ནས་སྒྲ་རིག་པའི་གཞུང་ལུགས་ཀྱི་བརྩམས་ཆོས་མང་པོ་བསྡུ་བསྒྲིགས་བྱས་ལ། ས་སྐྱ་དང་ཞ་ལུ། བལ་པོ་སོགས་ས་ཆ་མང་པོར་བསྐྱོད་ནས་སྒྲ་རིག་པའི་ཕྱག་དཔེ་གང་མང་བསྡུ་གསོག་བྱས་པ་དང་།   ཁོས་སྒྲ་པཱ་ནི་ནིའི་འགྲེལ་བའང་བརྩམས་ཡོད་ལ། སྐབས་འདིར་མཚོན་ན་རྒྱ་གར་དུ་སྒྲ་རིག་པའི་གཞུང་ལུགས་ཉམས་དམས་སུ་སོང་བ་དང་།    སངས་རྒྱས་ཆོས་ལུགས་ཀྱང་རྒྱ་གར་དུ་ཉམས་དམས་སུ་སོང་ཡོད་པའི་དུས་ལ་ཁེལ་ཡོད། ཁོས་བོད་སྐད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་ཀྱང་མང་པོ་བརྩམས་ཡོད།  གོང་གསལ་གྱི་འདི་དག་ནི་བོད་རིགས་ཀྱིས་སྒྲ་རིག་པར་ཞིབ་འཇུག་བྱས་པའི་ལོ་རྒྱུས་ལ་སྤྱི་སྡོམ་ཐུང་ངུ་ཞིག་མཛད་པ་ཡིན་ལ།  སློབ་སྦྱོང་བྱས་པའི་གོ་རིམ་མདོ་ཙམ་གླེང་པའང་ཡིན།  དེ་བས་ང་ཚོས་འདིར་འདི་འདྲའི་སྡོམ་སྤྱི་ཞིག་བཀོད་ཆོག་སྟེ། ཆེས་ཐོག་མར་བོད་པ་ཚོས་རྒྱ་གར་གྱི་དགེ་རྒན་ལ་བརྟེན་ནས་སློབ་སྦྱོང་བྱས་ལ། མཐའ་མར་རང་ཉིད་ཀྱིས་མི་གཞན་ལ་འཁྲིད་ཐུབ་པའི་ཆུ་ཚད་ཤིག་ལ་སློབ་ཡོད་ཅེས་བཤད་ཆོག་ཆོག་ཡིན།   གོང་གསལ་གྱི་དགེ་ཆོས་ལགས་ཀྱིས་གསུངས་བའི་སཾ་སྐྲྀ་ཏའི་སྐད་བོད་ཡིག་གི་འབྲི་བའི་རྣམ་པ་དེ་ཆོས་གཞུང་རྙིང་མའི་དུས་སྐབས་ལ་ཁེལ་ཡོད་པས། དུས་སྐབས་དེར་སཾ་སྐྲྀ་ཏའི་བརྡ་སྤྲོད་ཀྱི་གཞུང་སོགས་ཀྱི་མ་ལག་བོད་དུ་བྱུང་མེད་ལ། གོང་དུ་བཤད་པ་ཇི་བཞིན་བོད་པ་ཚོས་སཾ་སྐྲྀ་ཏའི་སྐད་ལ་འཚོལ་ཞིབ་དང་སློབ་སྦྱོང་གི་དུས་རབས་ཤིག་ལ་ཁེལ་ཡོད་པས། སཾ་སྐྲྀ་ཏའི་སྐད་རྣམས་བོད་ཡིག་གི་འབྲི་བའམ་ཡང་ན་མཁས་པ་སོ་སོས་རང་རང་གི་འདོད་རྒྱལ་དུ་འབྲི་བའི་སྲོལ་བྱུང་བ་ཡིན་འདོད་ལ། སཾ་སྐྲྀ་ཏའི་སྐད་བོད་ཡིག་གིས་སྒྲ་བསྒྱུར་གྱི་བྱེད་ཐབས་བཀོད་ནས་འབྲི་བའམ་ཡང་ན་བོད་ཡིག་གིས་བྲིས་ཡོད་པ་དག་ལ་ཞིབ་འཇུག་བྱས་ཚེ་བྲིས་དཔེ་རྙིང་མ་དེའི་རིགས་ཀྱི་ལོ་རྒྱུས་ཀྱི་བརྡ་འཕྲིན་ལ་ངེས་ཤེས་གསལ་བོ་ཞིག་འདྲོངས་ཐུབ།  

དགུ་བ། བོད་ཀྱི་ཡིག་གཟུགས་ཐད་ཀྱི་ཞིབ་འཇུག   

བོད་ཀྱི་ཡིག་གཟུགས་ལ་སྤྱིར་དེང་གི་དུས་སུ་འབྲི་ཚུལ་ཆེན་པོ་གཉིས་མཆིས་ཏེ།   དབུ་ཅན་དང་དབུ་མེད་གཉིས་ཡིན་ལ།   དེ་དག་གི་འབྱུང་ཁུངས་ལ་སྔ་རབས་མཁས་པ་མང་པོས་དཔྱད་པ་མང་དུ་བཏང་ནས་བཞེད་པ་མི་མཐུན་པ་མང་དུ་མཆིས་མོད།    དེ་དག་ལས་མཁས་དབང་དགེ་ཆོས་ལགས་ཀྱི་ཞིབ་འཇུག་བྱས་པ་ནི་སྔོན་ན་མེད་པའི་གསར་གཏོད་ཆེན་པོ་ཞིག་དང་བོད་ཀྱི་ཡིག་གཟུགས་ཀྱི་བྱུང་འཕེལ་ལ་སྤྱི་སྡོམ་བྱས་པ་གནད་དུ་འཐིང་བའི་སྡོམ་ཚིག་ཞིག་ཏུ་མཆིས་ཏེ།   ཁོས་སྤྱི་ལོ་1938ལོའི་ཡུལ་སོ་སོའི་གསར་འགྱུར་མེ་ལོང་བམ་པོ་དགུ་པའི་(ཨང་གྲངས་7--8)སྟེང་དུ་དབུ་ཅན་ལས་དབུ་མེད་རང་བྱུང་དུ་གྲུབ་པ་(31)ཞེས་པའི་དཔྱད་རྩོམ་ཁྲོད་དུ་བོད་ཡིག་གི་ཡིག་གཟུགས་ཀྱི་འཕེལ་འགྱུར་ལ་དཔྱད་ཞིབ་ནན་མོ་བཏང་ཡོད་ལ།   སྤྱིར་བོད་ཡིག་ནི་གུཔྟའི་ཡི་གེ་ལ་མ་དཔེ་བྱས་ནས་གསར་དུ་བཟོས་ཚུལ་དང་།  ཡིག་ཆའི་ཡིག་གཟུགས་ལ་ཞིབ་བསྡུར་བྱས་པ་བརྒྱུད་ནས་བོད་ཡིག་གི་དབུ་ཅན་ལས་དབུ་མེད་དུ་འཕེལ་འགྱུར་བྱུང་བའི་དུས་སྐབས་མི་འདྲ་བ་སོ་སོའི་རྗེས་ཤུལ་ལ་རྟོག་དཔྱོད་བྱས་ཤིང་།  དབུ་མེད་ནི་དང་པོ་ནས་ཆེད་དུ་བཟོས་པ་མ་ཡིན་པར་དབུ་ཅན་མགྱོགས་པོར་བྲིས་པ་ལས་རང་བཞིན་གྱིས་བྱུང་བར་ཡིག་རྙིང་གི་དཔེ་དང་ད་དུང་ལྷོ་ཡིག་ཏུ་གྲགས་པ་འབྲུག་ཡུལ་ན་འབྲི་བཞིན་དག་ལ་ཞིབ་བསྡུར་བྱས་ནས་བདེན་དཔང་དང་ར་སྤྲོད་བྱས་ཡོད་ལ། བོད་ཀྱི་ལོ་རྒྱུས་མཁན་པོ་བུ་སྟོན་དང་འགོས་ལོ་སོགས་ཀྱིས་ཀྱང་གསུངས་མེད་ཚུལ་སོགས་ལུང་དུ་དྲངས་ནས་ར་སྤྲོད་བྱས་ཡོད།

ལུང་ཁུངས།   

①ཤེས་རབ་རྒྱ་མཚོ།    《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་མདོར་བསྡུས།》  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1989ལོར་པར་སྐྲུན་བྱས།   

②《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1988ལོར་པར་དུ་བསྐྲུན།   

③ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བསྒྲིགས་པའི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།》  དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་1990ལོར་པར་དུ་བསྐྲུན།   

④རྡོ་རྗེ་རྒྱལ།  《དགེ་འདུན་ཆོས་འཕེལ།》  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1997ལོར་པར་དུ་བསྐྲུན།    

⑤杜永彬著:《二十世纪西藏奇僧 》 (人文主义先驱更敦群培大师评传 ),北京,中国藏学出版社, 2001年。     

⑥  Le  mecdant  de 1’Amdo  par Heatherstoddard   Paris societe d’ Ethnographie  1985.   ⑦པདྨ་ལྷུན་གྲུབ་ཀྱིས་བརྩམས་པའི་《བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་གི་ལོ་རྒྱུས།》  སྤྱི་ཚོགས་ཚན་རིག་ཡིག་ཆའི་པར་སྐྲུན་ཁང་གིས་སྤྱི་ལོ་2012ལོར་པར་དུ་བསྐྲུན།   

⑧⒃(23)(24)(25)(26)《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།》དེབ་དང་པོ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་1990ལོར་པར་དུ་བསྐྲུན། P247  P277  P274-275  P150 -151  P146 P275  P264   

⑨ཧེ་ཙིཞེས་པ་ནི་ཕལ་ཆེར་རྒྱ་ནག་གི་སྐད་ཀྱི་回族ཞེས་པ་དང་དོན་གཅིག་ཏུ་གནང་སྟེ།  མི་རིགས་འདི་ནི་གནའ་རབས་ཀྱི་ཨ་རབ་ཀྱི་མི་རིགས་ལས་མཆེད་ལ། འདི་གར་ཧེ་ཙིའི་སྐད་ཅེས་པའང་ཨ་རབ་ཀྱི་སྐད་ཡིན་ནམ་སྙམ།    

⑩于维雅主编:《东言语言文字与文化》,北京大学出版社, 2002年版, 第 130- 13 1页、第 154- 163页

⑾བུ་སྟོན་རིན་ཆེན་གྲུབ།   《བུ་སྟོན་ཆོས་འབྱུང་》ལས། བོད་ལ་ཡི་གེ་མེད་པས་ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་སློབ་ཏུ་བཏང་བྱས་པ་པཎ་ཊི་ཏ་ལྷ་རིག་པ་སེང་གེ་ལ་སྒྲ་བསླབས་ཏེ་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། ཨཱ་ལི་བཞིར་བསྡུས་ཏེ་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སའི་སྐུ་མཁར་མ་རུར་བཅོས་ནས་ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད་།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་1988ལོའི་ཟླ་9པར་པར་དུ་བསྐྲུན།  P182   ⑿རྒྱལ་མཆོག་ལྔ་བ་ཆེན་པོ།  《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1980ལོར་པར་དུ་བསྐྲུན།  P20-21  

 ⒀དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2006ལོར་པར་དུ་བསྐྲུན།  P186   

⒁ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་《རྒྱལ་རབས་གསལ་བའི་མེ་ལོང་》 དུ། ལཱཉྪ་ལྷའི་ཡི་གེ་འདྲ། དེ་ལ་དཔེ་བྱས་ནས་ཡི་གེ་དབུ་དུ་བྱས།  ལྦརྟུ་ལ་ཀླུའི་ཡི་གེ་འདྲ།  དེ་ལ་དཔེ་བྱས་ནས་ཡི་གེ་ཟུར་ཅན་དུ་བྱས་སོ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་པར་དུ་བསྐྲུན།  P69-70    

⒂稻叶正就:《西藏古典文法学成立》

⒄⒅⒆དགེ་ཆོས་ལགས་ཀྱིས་བརྩམས་པའི་《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ།》 《གངས་ཅན་རིག་མཛོད་》 པོད་གྲངས་བཅུ་གཉིས་པ།  《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》 དེབ་གསུམ་པ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་1990ལོར་པར་དུ་བསྐྲུན། P226 P226   P238-239   

⒇《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》 པོད་གསུམ་པའི་དགེ་འདུན་ཆོས་འཕེལ་གྱིས་བསྡུ་རུབ་གནང་བ་ཏུན་ཧོང་ཡིག་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་1990ལོར་པར་དུ་བསྐྲུན།  P150- 151   P156   P275   P264   

(21)ཨཱ་རྨྱནའི་རིགས་ནི་རྒྱའི་སྐད་དུ་雅里安རིགས་རྒྱུད་ལ་གོ་དགོས།   

(22)མཽ་གལ་གྱི་རིགས་ནི་དེང་གི་སོག་པོའམ་མོང་གོལ་རིགས་རྒྱུད་ལ་གོ་དགོས་སྙམ།   

(27)རྒྱ་སྐད།  འདི་གར་རྒྱ་སྐད་ཅེས་པ་ནི་སཾ་སྐྲྀ་ཏའི་སྐད་ལ་གོ་དགོས་ལ།   དགེ་ཆོས་ལགས་ཀྱི་གསུང་རྩོམ་ཁྲོད་དུ་སཾ་སྐྲྀ་ཏའི་སྐད་ལ་རྒྱ་སྐད་ཅེས་ཐ་སྙད་འདི་མང་པོ་བཀོལ་སྤྱོད་བྱས་ཡོད།   

(28)P.T.849ཡིག་ཆ་འདི་ནི་རྒྱའི་སྐད་དུ་“梵藏词汇表”ཞེས་བཀོད་ཡོད་ལ།  བོད་ཡིག་གི་ཡིག་ཆའི་མ་ཕྱི་ལ་ཁ་བང་མེད།  ཡིག་ཆ་འདི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་གི་དྲ་ཚིགས་བརྒྱུད་ནས་བཙལ་ཆོག  

(29)《སྒྲ་སྦྱོར་བམ་པོ་གཉིས་པ།》  མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2005ལོར་པར་དུ་བསྐྲུན།  P74   

(30)《གནས་བརྒྱད་ཆེན་པོའི་རྩ་བ་》 ཞེས་པ་ནི་ལྕེ་ཁྱི་འབྲུག་གིས་བརྩམས་ལ།  ད་ལྟ་བསྟན་འགྱུར་ཁྲོད་དུ་མཐོང་ཐུབ་སྟེ། བསྟན་འགྱུར་པེ་ཅིན་འདྲ་བཤུས་མའི་མདོ་འགྲེལ།  པོད་གྲངས་144པའི་ཨང་གྲངས་5836ཁྲོད་ཡོད་ལ།  P88-3-6   P89-4 - 7   

(31)ཨ་མེ་རུ་ཀའིTBRCནས་ཡོད་པའི་ཡིག་ཆ་ཡུལ་སོ་སོའི་གསར་འགྱུར་མེ་ལོང་།   སྤྱི་ལོ་1938ལོའི་དེབ་གཉིས་པའི་སྟེང་གསལ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།