བོད་སྐད་རླུང་འཕྲིན་གྱི་མདོ་འཛིན་པའི་ལས་རིགས་བྱང་ཚད་མཐོར་འདེགས་གཏོང་ཚུལ་སྐོར་གྱི་དཔྱད་པ།

དང་པོ། ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་ངེས་ཅན་ཞིག་དང་ཆབ་སྲིད་གོ་རྟོགས་ཀྱི་བློ་རིག་མྱུར་མོ་ལྡན་དགོས།

ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁྱབ་སྤེལ་གྱི་དགོས་མཁོ་ལ་གཞིགས་ན། མདོ་འཛིན་པས་ངེས་པར་དུ་རང་རྒྱལ་གྱི་དུས་རབས་ཀྱི་ཁྱད་ཆོས་དང་ཆབ་སྲིད་གནས་བབ་ཀྱི་དངོས་ཡོད་དགོས་མཁོ་ཁོང་དུ་ཆུད་དགོས་པར་མ་ཟད། དེ་དང་འཚམ་པའི་མདོ་འཛིན་གྱི་བྱང་ཚད་གོམས་པར་བྱེད་དགོས། བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པ་ཞིག་ལ་མཚོན་ན། ལེ་ཚན་སྒྲུབ་སྟངས་དང་ཁ་ཕྱོགས་གཏོད་ཡུལ་གྱི་ས་ཁུལ་དེའི་གནས་བབ་ཆབ་སྲིད་སོགས་ཀྱི་ཁྱད་ཆོས་ལ་གཞིགས་དགོས། དེའི་ཕྱིར་འབྲེལ་ཡོད་ཚན་པས་མ་མཐའ་ནང་དོན་ཁག་གཉིས་ནས་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པའི་ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་དང་ཆབ་སྲིད་གོ་རྟོགས་མཐོར་འདེགས་གཏོང་དགོས་ཏེ།

གཅིག་ནས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བོད་སྐད་རླུང་འཕྲིན་གྱི་མདོ་འཛིན་པའི་ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་དང་།ཆབ་སྲིད་གོ་རྟོགས་མཐོར་འདེགས་བྱ་རྒྱུའི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཡང་དག་པ་ཆགས་སུ་འཇུག་དགོས་པ་དང་། རྒྱུན་ལྡན་གྱི་ལས་ཀའི་གོ་རིམ་ཁྲོད་དུ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དུས་ཚོད་ལྷག་མ་ཁག་བེད་སྤྱད་དེ།དུས་བཅད་ལྟར་བོད་སྐད་རླུང་འཕྲིན་གྱི་མདོ་འཛིན་པར་ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོ་དང་དྲིལ་སྒྲོག་ལས་དོན་སྤེལ་ཐོག  འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་པ་བྱས་ཏེ།མདོ་འཛིན་པའི་ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་དང་ཆབ་སྲིད་གོ་རྟོགས་ཀྱི་བློ་གྲོས་མཐོར་འདེགས་གཏོང་དགོས།

གཉིས་ནས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་པ་དང་།  དྲིལ་སྒྲོག་བྱང་བུ་དང་སྐད་འཕྲིན་སོགས་བརྒྱུད་ནས་རླུང་འཕྲིན་མདོ་འཛིན་པའི་ཆབ་སྲིད་གཞུང་ལུགས་ཀྱི་ཤེས་བྱ་དང་ཆབ་སྲིད་གོ་རྟོགས་ཇེ་མཐོར་གཏོང་བའི་གལ་ཆེན་རང་བཞིན་གྱི་ནང་དོན་མཁོ་སྤྲོད་བྱས་པ་བརྒྱུད།  བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པས་ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་དང་གོ་རྟོགས་ཇེ་མཐོར་གཏོང་བའི་གལ་ཆེན་རང་བཞིན་ལ་རོགས་འདེགས་བྱེད་པ་དང་། མདོ་འཛིན་པའི་ལས་ཞོར་གྱི་དུས་ཚོད་ནང་ངེས་པར་དུ་རང་རྒྱལ་གྱི་མིག་སྔའི་ཆབ་སྲིད་ཕྱོགས་ཀྱི་ནང་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། འབྲེལ་ཡོད་གནད་དོན་ལ་རང་ངོས་ནས་དབྱེ་ཞིབ་བྱས་ཐོག ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་དང་ཆབ་སྲིད་གོ་རྟོགས་མཐོར་འདེགས་བཏང་སྟེ།རྗེས་ཕྱོགས་ཀྱི་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

གཉིས་པ། ཆེད་ལས་ཤེས་བྱའི་བྱང་ཚད་ལྡན་ཞིང་ཕྱོགས་སོ་སོའི་གནས་ཚུལ་ལ་ངོས་འཛིན་ཡང་དག་པ་ཡོད་དགོས།

དབྱེ་བསྡུར་བྱས་པའི་གནས་ཚུལ་ལྟར་ན། བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པས་རང་ཉིད་ཀྱི་ཆེད་ལས་ཤེས་བྱའི་ཆུ་ཚད་མཐོར་འདེགས་ནུས་ལྡན་གཏོང་འདོད་ན། ངེས་པར་དུ་གཤམ་གྱི་ཚན་པ་བཞི་ལ་དོ་སྣང་བྱ་དགོས་ཏེ།

1.བསམ་གཞིག་གི་ཚོར་བ་མྱུར་མོ་ཞིག་དང་སྐད་ཆའི་གོ་བརྡ་སྤྲོད་ཤུགས་ལེགས་པོ་ཞིག་དགོས། བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པར་མཚོན་ན། ཉིན་རྒྱུན་བྱུང་ཟིན་པའམ་འབྱུང་བཞིན་པའི་དོན་དག་ཁག་གི་ཆ་འཕྲིན་ལ་བོད་སྐད་ཡིག་གི་མཚོན་བྱེད་ཡང་དག་པ་དང་འགྲོགས་ནས་བབ་བསྟུན་གྱི་ཐག་གཅོད་བྱ་དགོས་པར་མ་ཟད། ཆ་འཕྲིན་བསྡུ་ལེན་དང་ཆ་འཕྲིན་ཕྱིར་སྒྲོག་གི་བརྒྱུད་རིམ་ཐུང་དུ་བཏང་ན།ད་གཟོད་གསན་མཁན་གྱི་མཚར་སྣང་འདྲེན་ཐུབ་པ་དང་། རླུང་འཕྲིན་ལེ་ཚན་གྱི་གསན་ཚད་ཀྱང་མཐོར་འདེགས་གཏོང་ཐུབ། དེ་ལས་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པར་སྐད་ཆའི་གོ་བརྡ་སྤྲོད་ཤུགས་ཆེན་པོ་ལྡན་པའི་ཞོར་དུ་བསམ་གཞིག་གི་ཚོར་སྐྱེན་མྱུར་མོ་ཞིག་དགོས་ཀྱི་ཡོད་པ་མཐོང་ཐུབ།

2.མདོ་འཛིན་པར་རང་ཉིད་ཀྱི་མདོ་འཛིན་ཁྱད་ཆོས་ཡོད་དགོས། བོད་སྐད་རླུང་འཕྲིན་གྱི་ཕུལ་དུ་བྱུང་བའི་ལེ་ཚན་མདོ་འཛིན་པ་ཞིག་ཡིན་ན། ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་དང་།  རང་གི་ཁྱད་ཆོས་དེ་སུས་ཀྱང་ཚབ་བྱེད་མི་ཐུབ་པ་ཞིག་ཡིན་དགོས། རང་ཉིད་ཀྱི་ཁྱད་ཆོས་ཡོད་དགོས་ན་མདོ་འཛིན་པས་རྒྱུན་ལྡན་གྱི་ལས་ཀའི་གོ་རིམ་ཁྲོད་དུ་འཚོལ་ཞིབ་དང་སྦྱོང་བརྡར་བྱས་ཏེ།རང་གི་ཁྱད་ཆོས་དེ་ཕྱོགས་བསྡོམས་བྱ་དགོས། དཔྱད་ཞིབ་བྱས་པ་ལྟར་ན། སྐད་ཆའི་གོ་བརྡ་སྤྲོད་པའི་ནུས་པ་ཆེན་པོ་ཞིག་ལྡན་པའི་བོད་སྐད་ལེ་ཚན་མདོ་འཛིན་པ་ཞིག་ཡིན་ན། ཁོ་ལ་དེ་དང་བསྟུན་པའི་རང་ཉིད་ཀྱི་ཁྱད་ཆོས་ཤིག་ཡོད་ངེས་ཡིན་ཏེ། བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པ་དག་ནི་སྐད་ཆ་གོ་བརྡ་སྤྲོད་མཁས་པ་དང་གོ་རིམ་ཡོད་པ། བྱང་ཚད་མཐོ་བ། སྐད་ཆའི་སྒྱུ་རྩལ་ལ་བྱང་ཆ་ལྡན་པ་ཞིག་ཡིན་ངེས་རེད།

3.མདོ་འཛིན་པར་ནང་བསམ་བློའི་བྱང་ཚད་ངེས་ཅན་ཞིག་ལྡན་དགོས། རླུང་འཕྲིན་ལེ་ཚན་མདོ་འཛིན་པའི་བསམ་བློའི་བྱང་ཚད་ཅེས་པ་ནི“མདོ་འཛིན་པའི་ལས་རིམ་ལག་ལེན་བརྒྱུད་རིམ་ཁྲོད་ཀྱི་སེམས་ཁམས་དབང་ནུས་བརྟན་པོ་ཞིག་ལ་ཟེར”[1]བ་དང་། དེ་ནི་རླུང་འཕྲིན་ལེ་ཚན་མདོ་འཛིན་པའི་སེམས་ཁམས་སྤྱིའི་གཤིས་རྒྱུད་དང་སེམས་ཁམས་ཀྱི་བྱང་ནུས་སོགས་གོམས་སྲོལ་མྱོང་གསུམ་གྱི་ཕྱོགས་བསྡུས་བྱང་ཚད་ཅིག་ལ་ཟེར་བ་རེད།  ནང་བསམ་བློའི་བྱང་ཚད་བརྒྱུད་དེ་མདོ་འཛིན་པའི་ཕྱོགས་སོ་སོའི་འགལ་རྐྱེན་སྣ་ཚོགས་སེལ་བར་བྱེད་ཐུབ་ལ། ཡང་དག་པའི་རྣམ་པའི་སྒོ་ནས་གནད་སྒོ་ཁག་ཐག་གཅོད་བྱེད་ཐུབ།

4.མདོ་འཛིན་པར་སྐད་ཆའི་རང་གཤིས་དང་ཁྱད་ཆོས་འབུར་དུ་ཐོན་དགོས། བོད་སྐད་རླུང་འཕྲིན་གྱི་ལེ་ཚན་ལ་མཚོན་ན། བོད་སྐད་ཀྱི་ཁྱད་ཆོས་དང་ལག་ལེན་རྣམ་པ་མ་དོར་བའི་སྒོ་ནས་སོ་སོའི་མདོ་འཛིན་གྱི་རང་གཤིས་དང་ཁྱད་ཆོས་གདོད་དགོས་ཏེ། མདོ་འཛིན་པས་གསར་འགོད་པས་བཀོད་པའི་བོད་ཡིག་གི་ཆ་འཕྲིན་རྣམས་ཁོང་དུ་ཆུད་རྗེས། རང་ཉིད་ཀྱི་བསམ་བློའི་འཁོར་ཕྱོགས་དང་མདོ་འཛིན་སྒྱུ་རྩལ་གྱི་ཆ་དེ་མངོན་ཐུབ་དགོས་པར་མ་ཟད། ལེ་ཚན་གྱི་མགོ་མཇུག་བར་གསུམ་དུ་རང་ཉིད་ཀྱི་གཤིས་སུ་གྲུབ་པའི་མདོ་འཛིན་ཁྱད་ཆོས་དེ་མངོན་ཐུབ་དགོས་ཏེ།  རླུང་འཕྲིན་ལེ་ཚན་གྱི་གསོན་ཤུགས་དེ་གཙོ་བོ་མདོ་འཛིན་པའི་མི་སྒེར་གྱི་ཡིད་དབང་འཕྲོག་ཤུགས་དེས་རྒྱབ་རྟེན་བྱས་ཡོད་པས་སོ། །

གསུམ་པ། མི་རིགས་རང་གི་སྐད་ཆའི་གོམས་སྲོལ་དང་ཡུལ་སྲོལ་རིག་གནས་སོགས་ལ་བྱང་ཆ་ལྡན་དགོས།

སྐད་རིགས་གང་དང་གང་ཡིན་ཡང་མི་རིགས་དེའི་སྐད་ཆའི་གཤིས་ལུགས་ཐུན་མོང་མ་ཡིན་པ་ཞིག་ཡོད་སྲིད། རླུང་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་ལ་མཚོན་ན། སྐད་ཁོངས་དེའི་རྗོད་བྱེད་སྐད་ངག་གི་ཐུན་མིན་ཁྱད་ཆོས་ལ་མཁས་དགོས་པར་མ་ཟད། དེར་བསྟུན་གྱི་འབྲེལ་ཡོད་ཤེས་བྱའི་བྱང་ཆའམ་སློབ་གཉེར་གྱི་སྦྱངས་པ་སྔོན་དུ་འགྲོ་དགོས། གལ་སྲིད་དེ་ལྟར་མིན་ན། སྐད་ངག་ལེགས་པ་དང་། ལས་རིགས་དེར་ཞུགས་པ་ཙམ་པོས་ནི་སྐད་ཁོངས་གཅིག་གི་མདོ་འཛིན་ལས་རིགས་དེ་ཚད་དང་ལྡན་པའི་སྒོ་ནས་སྒྲུབ་རྒྱུ་ཤིན་ཏུ་དཀའ་ཁག་ཆེ་བའི་ལས་ཀ་ཞིག་ཡིན།

བོད་སྐད་རླུང་འཕྲིན་གྱི་མདོ་འཛིན་པའི་ཚད་གཞི་ལ་མཚོན་ན། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་སོ་སོའི་ཁྱད་པར་ལ་གཞིགས་ནས་དེ་བསྟུན་གྱི་སྨྲ་བརྗོད་ལ་མཁས་དགོས་པ་ནི་བླང་བྱ་གལ་ཆེན་ཞིག་ཡིན། ཨ་མདོའི་ཡུལ་སྐད་ཀྱི་རླུང་འཕྲིན་མདོ་འཛིན་གྱི་ལས་རིགས་ལ་མཚོན་ན། ཨ་མདོའི་སྐད་དང་བསྟུན་པའི་རྗོད་བྱེད་སྐད་ངག་ལ་བྱང་རྒྱུ་ནི་ཡུལ་སྐད་དེའི་ཁོངས་སུ་གཏོགས་པའི་རླུང་འཕྲིན་ལས་རིགས་པ་རྣམས་ཀྱི་བླང་བྱ་ཡིན་ལ། རྒྱ་ཆེའི་གསན་མཁན་སྤྱི་ལ་དམིགས་པའི་གཞི་རྩའི་བླང་བྱ་ཞིག་ཀྱང་ཡིན། མདོ་འཛིན་པ་ལ་མཚོན་ན། ཆེད་ལས་ཤེས་བྱ་མང་པོ་ཞིག་སློབ་རའི་གླིང་ནས་བསླབས་པ་ཡིན་ན་ཡང་། སྐད་ངག་གི་ཁྱད་ཆོས་དང་། རྗོད་བྱེད་ཀྱི་བརྡ་མཚོན་ཕུན་སུམ་ཚོགས་པའི་རྣམ་པ་སོགས་ནི་སློབ་གླིང་གི་ཤེས་བྱ་ལས་གཞན།ད་དུང་རོང་འབྲོག་གི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་དུ་ཟབ་ཞུགས་བྱས་ཏེ་བསླབ་དགོས་པར་མ་ཟད། དེའི་སྐོར་ལ་བྱང་ཆ་ཆེ་བའི་དམངས་ཁྲོད་མཁས་པ་དག་གི་མདུན་དུ་བཅར་ཏེ་མྱོང་བ་དངོས་སུ་བསླབ་པ་དང་བརྒྱུད་པ་ཡིན་ན། མདོ་འཛིན་པའི་འཇོན་ཐང་ཆེར་སྐྱེད་འབྱུང་ཐུབ་པ་དང་། མདོ་འཛིན་ཁྱད་གཤིས་ཀྱང་རོང་འབྲོག་མང་ཚོགས་ཀྱི་ཁམས་དང་མོས་པར་བསྟུན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོད་པ་གདོན་མི་ཟ།  དེ་བཞིན་བོད་སྐད་ཀྱི་མདོ་འཛིན་པས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ས་གནས་སོ་སོའི་དམངས་སྲོལ་རིག་གནས་སྣ་ཚོགས་ཀྱི་ཤེས་བྱའི་བྱང་ཚད་ངེས་ཅན་ཞིག་ཁོང་དུ་ཆུད་ཐུབ་པ་དགོས་པ་ཡང་ལས་རིགས་འདིའི་ཐུན་མོང་མ་ཡིན་པའི་བླང་བྱ་ཞིག་ཏུ་ངེས།

མཇུག་གི་གཏམ།

བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པ་ཞིག་ཡིན་པའི་ཆ་ནས།  སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་གསན་མཁན་གྱི་དངོས་ཡོད་དགོས་མཁོ་སྐོང་ཅི་ཐུབ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་གསར་གཏོད་ཀྱི་འདུ་ཤེས་མཐོན་པོ་ཞིག་བཟུང་ནས་རང་ཉིད་ཀྱི་རིག་གནས་བློ་སྦྱོང་དང་ཆེད་ལས་ཤེས་བྱའི་ཆུ་ཚད་མཐོར་འདེགས་བཏང་སྟེ་རང་ལ་མངའ་བའི་ཐུན་མོང་མ་ཡིན་པའི་མདོ་འཛིན་གྱི་ཁྱད་ཆོས་མཐོར་འདེགས་བྱས་པ་ཡིན་ན།  ད་གཟོད་ཚད་དང་མཐུན་པའི་བོད་སྐད་མདོ་འཛིན་པ་ཞིག་བྱེད་ཐུབ་པ་དང་། ཀུན་གྱི་དགའ་བསུ་ཐོབ་པའི་རླུང་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་མིང་གྲགས་ཅན་ཞིག་ཏུ་ཆགས་ཐུབ་པ་ཡིན་ནོ། །

[1] ལྷག་པ། 《དུས་རབས་གསར་བའི་བོད་སྐད་རླུང་འཕྲིན་གྱི་འགན་བབས་དང་འགན་བབས་ལག་བསྟར་བྱེད་པའི་ཁྱད་ཡོན་ལྔ་ལྡན་གྱི་བྱང་ཚད་སྐོར་རགས་ཙམ་གླེང་བ།》2010ལོའི《བོད་སྐད་ཡིག་ལས་དོན》དེབ་ཕྲེང་དང་པོ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།