མྱང་ཚ་དཀར་རྒྱན་དང་རོང་ཚ་བཀྲ་ཤིས་འཚོ་ལས་འཕྲོས་ཏེ་བོད་ཀྱི་བུད་མེད་ཀྱི་སྣང་བརྙན་འབྲི་བཞེངས་སྐོར་ཅུང་ཟད་གླེང་བ།

微信图片_20191203152511.jpg

ཚེ་རིང་མཆོག་གྲུབ།  ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་སུ་རུག་ཤོག་ཀ་རུ་སྐྱེས། ཆུང་དུས་ནས་ས་གནས་ཀྱི་སློབ་གྲྭ་ཆུང་འབྲིང་བརྒྱུད་ཅིང་། 2012ལོར་མཚོ་སྔོན་མི་རིགས་དགེ་འོས་སློབ་ཆེན་དུ་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ནས་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་གཙོས་པའི་སློབ་གྲྭ་དེ་གའི་དགེ་རྒན་ཆེན་མོ་སྟོབས་ལྡན་དང་ལྕགས་ཐར་རྒྱལ་སོགས་ལ་སྒོ་གསུམ་གུས་པས་བསྟེན་ཏེ་བོད་ཀྱི་གནའ་རབས་རྩོམ་རིག་གཙོས་པའི་རིག་པའི་གནས་ལ་སློབ་གཉེར་བྱས། མཐར་ཕྱིན་བསླབས་གནས་དཔྱད་རྩོམ་༼བོད་འགྱུར་གྱི་ཆེད་དུ་བརྗོད་པའི་ཚོམས་དང་ཆོས་ཀྱི་ཚིགས་སུ་བཅད་པའི་བར་གྱི་འབྲེལ་བ་ལ་དཔྱད་པ༽ཞེས་པའི་དཔྱད་རྩོམ་ལ་སྐབས་དེའི་སློབ་གྲྭའི་རབ་འབྱམས་ཞིབ་འཇུག་སློབ་མའི་ཕུལ་བྱུང་བསླབ་གནས་དཔྱད་རྩོམ་དུ་བདམས་ཐོན་བྱུང་། སྔ་གཞུག་ཏུ་༼ཁམས་དགེ་འབྲོང་རྫ་སྟོད་ཡུལ་གྱི་ངན་མཐུའི་སྐོར་ལ་ཐོག་མར་དཔྱད་པ།༽དང་། ༼མྱ་ཚ་དཀར་རྒྱན་དང་རོང་ཚ་བཀྲ་ཤིས་འཚོ་ལས་འཕྲོས་ཏེ་བོད་ཀྱི་བུད་མེད་ཀྱི་སྣང་བརྙན་འབྲི་བཞེངས་སྐོར་ཅུང་ཟད་དཔྱད་པ། ༽༼རྫ་སྟོད་ས་གནས་ཀྱི་མི་རིགས་སྐད་ཡིག་གི་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་གྱི་དགོས་གལ་བཤད་པ། ༽༼རྫ་སྟོད་ས་གནས་ཀྱིས་ཕྱིས་བྱུང་སྒྲུང་པ་ལ་སྲུང་སྐྱོང་ཇི་ལྟར་བྱ་དགོས་ཚུལ་གླེང་བ༽སོགས་དཔྱད་རྩོམ་དུ་མ་བོད་ཀྱི་དམངས་སྲོལ་རིག་གནས་དུས་དེབ་དང་། རྩེར་སྙེག་དུས་དེབ། འབྲི་སྟོད་སློབ་གསོའི་དུས་དེབ་སྟེང་སྤེལ་མྱོང་། ད་ལྟ་རྫ་སྟོད་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཤིང་བྱ་བའི་ལས་ཞོར་དུ་ས་གནས་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་གི་ལས་ལ་བརྩོན་བཞིན་ཡོད།


ནང་དོན་གནད་བསྡུས། ཁོ་བོས་དཔྱད་རྩོམ་འདིའི་ནང་དུ་གནའ་རབས་རྩོམ་རིག་གི་ཚབ་མཚོན་མི་སྣ་མྱང་ཚ་དཀར་རྒྱན་དང་དེང་རབས་རྩོམ་རིག་ལས་རོང་ཚ་བཀྲ་ཤིས་འཚོ་གནད་དུ་བཟུང་ནས་བུད་མེད་ཀྱི་སྣང་བརྙན་འབྲི་བཞེངས་ལས་བོད་རང་གི་ཁྱད་ཆོས་ལྡན་པའི་བོད་མོའི་སྣང་བརྙན་འབྲི་བཞེངས་བྱེད་ལུགས་སྐོར་ལ་ཅུང་ཟད་དཔྱད་ཁུལ་བྱས་ཡོད།

གནད་འགག་མིང་བརྡ། གནའ་རབས་རྩོམ་རིག དེང་རབས་རྩོམ་རིག བོད་ཀྱི་བུད་མེད། སྣང་བརྙན།

སྤྱིར་མི་རིགས་སུ་དང་གང་ཡིན་རུང་རང་གི་སྐད་དང་ཡི་གེ་ལ་བརྟེན་པའམ་སྐད་ཡིག་གཞན་གྱི་ལམ་ནས་མི་རིགས་དེའི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འདུ་ཤེས།སྤྱི་ཚོགས་ཀྱི་གནས་བབས་མཚོན་ཐུབ་པར་མ་ཟད།མི་རིགས་དེའི་འཇིག་རྟེན་གྱི་ལྟ་ཚུལ་དང་།མི་ཚེའི་ལྟ་ཚུལ།རིན་ཐང་གི་ལྟ་ཚུལ་སོགས་ཁ་གསལ་མོ་ཞིག་མངོན་ཐུབ་པ་རེད།དེ་བཞིན་རང་མི་རིགས་ཀྱི་གནའ་དེང་རྩོམ་རིག་དག་ལས་དུས་རབས་སོ་སོ་དང་ལོ་རབས་སོ་སོའི་གནས་བབས་ཀྱི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་བསྟུན་ནས་གོང་སྨྲས་ཀྱི་ཡུལ་སྲོལ་གོམ་གཤིས་དང་འདུ་ཤེས་གསལ་པོར་རྟོགས་ཐུབ།བོད་ཀྱི་གནའ་རབས་རྩོམ་རིག་ལས་ལྷ་མོའི་སྣང་བརྙན་དང་བུད་མེད་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་པར་གང་མང་ཡོད་པ་ལས་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་ལེགས་བྲིས་མའི་ནང་གི་རྗེ་བཙུན་སྒྲོལ་མའི་ཕྱིའི་སྣང་བརྙན་དང་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མའི་གཞུང་གི་ཤན་ཤུགས་ཀྱིས་དུས་ཕྱིས་ཀྱི་རྩོམ་པ་པོ་མང་པོ་དེས་ལྷ་མོའི་སྣང་བརྙན་འབྲི་བཞེངས་བྱེད་སྐབས་རྒྱ་གར་གྱི་བུད་མེད་རྐྱང་བ་ལས་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་བོད་ཀྱི་བུད་མེད་ལྷའི་རྣམ་པ་ཅན་བཞེངས་སྐྲུན་བྱས་པ་ཧ་ལམ་མཐོང་དཀོན་པའི་ཚུལ་དུ་འདུག གཙང་སྨྱོན་ཧེ་རུ་ཀས་མཛད་པའི་མི་ལའི་རྣམ་ཐར་ནང་གི་རྗེ་བཙུན་མི་ལ་རས་པའི་མ་ཡུམ་མྱང་ཚ་དཀར་རྒྱན་གྱི་སྣང་བརྙན་འབྲི་བཞེངས་བྱས་པ་ནི་བོད་རང་གི་བུད་མེད་ཀྱི་ཁྱད་ཆོས་ལྡན་ཞིང་སྡུག་བསྔལ་ལ་མགོ་མི་སྒུར་ཞིང་བཙན་པོས་གཉོམ་མི་ཚུགས་པའི་འགྲན་ཟླ་མེད་པའི་དཔའ་མོ་ཞིག་གི་སྣང་བརྙན་གསོན་ཉམས་དང་ལྡན་པར་བྲིས་ཡོད།དེ་དང་མཚོན་པར་ལྷུན་གྲུབ་ཀྱི་སྒྲུང་རྩོམ་རྟ་ནག་སྒྲོག་འགྲོས་ནང་གི་རོང་ཚ་བཀྲ་ཤིས་མཚོ་ཡིས་བྲན་གཡོག་གྲལ་རིམ་དང་དཔོན་ངན་བཤུ་བཞོག་ལ་ངོ་རྒོལ་ཕོད་པའི་དཔའ་མོ་ཞིག་གི་ཕྱི་ནང་གཉིས་ཀའི་སྣང་བརྙན་བཞེངས་སྐྲུན་བྱས་པ་མང་པོ་འདུག །ཡིན་ན་ཡང་གནའ་དེང་རྩོམ་རིག་གི་བར་དུ་བུད་མེད་ཀྱི་སྣང་བརྙན་འབྲི་བཞེངས་བྱ་བའི་ཐད་དུ་བརྩམས་ཆོས་དེའི་རྩོམ་པ་པོ་རབ་ཏུ་བྱུང་མིན་གྱི་ཆ་ནས་བལྟས་ན་མི་འདྲ་ས་ཡོད་པ་མ་ཟད།མི་གཤིས་བརྩི་མཐོང་གི་ཆ་ནས་ཀྱང་ཕྱི་ནང་གི་ཁྱད་ཆོས་བརྗོད་པར་སྙོམས་སྒྲིག་མིན་པའི་གནད་དོན་འགའ་བྱུང་དང་འབྱུང་བཞིན་འདུག་པས།དེར་བརྟེན་བདག་གི་རིཊ་པས་དཔྱད་ཐུབ་ཚོད་ལ་དཔྱད་པ་གཏོང་ཁུལ་བྱས་པ་ཡིན།

དང་པོ།གནའ་དེང་རྩོམ་རིག་ལས་བོད་ཀྱི་བུད་མེད་ཀྱི་ནང་སེམས་ཀྱི་འཇིག་རྟེན་སྐོར་གླེང་བ།

རང་རེ་བོད་མི་རིགས་འདི་ལ་མཚོན་ན་བོད་མི་མང་ཆེ་བའི་རུས་རྐང་དུ་ཐིམ་པའི་མི་རིགས་གཞན་དང་མི་འདྲ་བར་སེམས་གྱི་སྐྱབས་རྟེན་ཆེས་གཙོ་བོ་ཞིག་ཡོད་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་རེད། འཚེ་མེད་སྙིང་རྗེའི་ཆོས་འདིས་ང་ཚོས་ཅི་བྱས་ལས་དང་ཐད་ཀར་དུ་ང་ཚོའི་འཇིག་རྟེན་གྱི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། འཚོ་བ་དང་དམ་ཟབ་འདྲེས་ཡོད་པའི་རྐྱེན་གྱིས། ད་གཟོད་བོད་མི་རིགས་ཀྱི་སྐྱ་སེར་ཕོ་མོ་སུ་ཡིན་ནའང་དེའི་ནང་བཞིན་བྱ་ལས་སྒྲུབ་པ་དང་མི་གཤིས་གསོ་སྐྱོང་། གཞན་ཕན་འཚེ་མེད་ཀྱི་བསམ་བློ་ཞིག་མངོན་སུམ་དུ་རྒྱུན་སྐྱོང་བྱས་ཡོད་པ་རེད། བོད་ཀྱི་བུད་མེད་ཞིག་ཡིན་ན་སྤྱིར་བཏང་གི་འཚོ་བའི་ཁྲོད་དུ་རང་གཤིས་ཞི་ཞིང་དུལ་བ་དང་བཟོད་བསྲན་ཆེ་བ་མ་ཟད།སྡུག་གི་ལྗིད་ཚད་ཆེན་པོར་ཐེག་པའི་མོ་རབ་ཀྱི་སྣང་བརྙན་དེ་མཛེས་དཔྱོད་རིན་ཐང་ལྟ་བའི་ཆ་ནས་མཆོག་ཏུ་གྱུར་བ་ཞིག་ཏུ་བརྩི་བ་དེ་རེད།དེ་དག་ལས་རུས་པའི་རྒྱན་ཅན་གྱིས་མཛད་པའི་མི་ལའི་རྣམ་ཐར་དུ་རྗེ་མི་ལ་ཤེས་རབ་རྒྱལ་མཚན་སྐུ་འདས་རྗེས་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་མི་ལ་ཤེས་རབ་རྒྱལ་མཚན་གྱི་ཁ་ཆེམས་ལ་བརྩི་འཇོག་མ་བྱས་ཤིང་ཕོ་ནོར་ཚང་མ་ཨ་ཁུས་བདག་འཛིན་བྱས་པ་དང་མོ་ནོར་ཡོད་ཚད་ཨ་ནེས་བདག་འཛིན་བྱས་ཏེ་མྱང་ཚ་དཀར་རྒྱན་ཁོང་མ་སྨད་གསུམ་དབྱར་ཞིང་ལས་ཨ་ཁུའི་གཡོག་དང་དགུན་འབྲོག་ལས་ཨ་ནེའི་གཡོག་ཏུ་སྤྱད་པ་དང་།ཁ་ལ་ཟ་རྒྱུ་ཟས་དང་ལུས་ལ་གོན་རྒྱུ་གོས་ཀྱང་ཆེས་ཐབས་སྡུག་མ་གཏོགས་སྤྲད་རོགས་མ་བྱས་པས་གསོན་ཚེ་དམྱལ་བའི་སྡུག་བསྔལ་མང་པོ་མྱངས་དགོས་བྱུང་།ཁྱོ་བོ་མི་ལ་ཤེས་རབ་རྒྱལ་མཚན་འཚོ་བའི་སྐབས་སུ་ཁོང་ཚང་ནི་རྒྱུ་འབྱོར་བ་ནོར་གྱིས་ཕྱུག་ཞིང་ལས་ཐམས་ཅད་བཀའ་བཞིན་སྒྲུབ་མཁན་ལག་གཡོག་ཡོད་པ་མ་ཟད།ད་དུང་ཅི་ཞིམ་ཞིམ་ཟས་དེ་ཟ།གང་མཛེས་མཛེས་གོས་དེ་གྱོན།མཐོན་པོའི་ཁྲི་ལས་བཀའ་བསྩལ་ནས་བསྡད་ཆོག་པའི་དུད་ཁྱིམ་ཞིག་ཡིན་མོད།འོན་ཀྱང་མི་ལ་ཤེས་རབ་རྒྱལ་མཚན་ཚེ་ལས་འདས་པ་དང་མཉམ་དུ་གནམ་ས་བླ་འོག་བརྗེས་འདྲའི་མི་ཤི་རྒྱུ་ཟད་གྱི་གོད་ཆགས་ཆེན་པོ་ཞིག་ཁོང་མ་སྨད་གསུམ་པོའི་མགོ་ཐོག་ཏུ་ལྷུང་བ་རེད།ངོ་མ་བཤད་ན་སྐབས་དེར་ཐོས་པ་དགའ་དང་སྤེ་ཏ་གཉིས་ནི་ལོ་ན་ཕྲ་བས་ཁྱོ་བོ་འདས་པའི་སྡུག་བསྔལ་དང་དུད་ཚང་དེའི་ཕོ་ལས་མོ་ལས་ཡོངས་སུ་མྱང་ཚ་སྐར་རྒྱན་གཅིག་པུའི་ལུས་ཐོག་ཏུ་བབས་པ་མ་ཟད།ཕ་ཤུལ་བུ་འཛིན་དང་ཁྱིམ་རྒྱུད་བསྐྱར་གསོ་བྱ་བའི་འགན་འཁྲི་ཆེན་པོ་ཞིག་ཀྱང་བཅག་ནས་ཤུལ་དུ་ལུས།དེ་སྔོན་ལྟར་བཀའ་བསྩལ་བཞིན་བསྡད་པ་ནས་གཞན་གྱི་གཡོག་ཏུ་གྱུར་བ་དང་།དེ་སྔོན་རྒྱུ་འབྱོར་བས་ཕྱུག་པའི་ནོར་བདག་ནས་ལྟོ་ཕོར་བར་རེ་བའི་བདག་མེད་དུ་གྱུར་བ་དང་།དེ་སྔོན་གོས་གང་དྲོ་གང་མཛེས་གྱོན་པ་ནས་དགུན་གྲང་འཁྱག་མི་ཐུབ་རས་རྐྱང་གྱོན་དགོས་པའི་སྡུག་བསྔལ་ཞིག་མྱོང་དགོས་བྱུང་ན་ཡང་ཁ་ཕོ་བསྡམས་ཏེ་བཟོད་བསྲན་ཐུབ་པའི་བུད་མེད་དེའི་ནང་སེམས་ཀྱི་སྣང་བརྙན་ཞིབ་འབྲི་བྱས་འདུག་ལ།ཉིན་ཞིག་བུ་ཐོས་པ་དགའ་ཡིས་ངག་ནས་གླུ་དབྱངས་འགུག་པར་ཐོས་མ་ཐག་ཏུ་མྱང་ཚ་དཀར་རྒྱན་གྱིས།ངེད་མ་སྨད་ལས་སྡུག་པ་ནི་ས་ཐོག་ན་མེད་པས་ཁོས་ད་རུང་གླུ་ལེན་ཟེར་བཞིན།སྐས་རིང་བ་ལས་བབས།ཐུང་བ་ལས་མཆོངས་སྟེ།ཐལ་བ་དེ་གདོང་ལ་བཏབ།ཡོག་པོ་དེ་མགོ་ལ་ལན་འགའ་བརྒྱབ་ནས་ཡབ་མི་ལ་ཤེས་རབ་རྒྱལ་མཚན་ཁྱོད་ལ་བུ་འདི་འདྲ་སྐྱེས་སོ།ཁྱེད་རབས་ཆད་གདའ།①ཞེས་པའི་ཚིག་དེ་ལས་ང་ཚོས་རྟོག་ཐུབ་པ་ཞིག་ནི་མྱང་ཚ་དཀར་རྒྱན་ནི་ཁྱོ་ཤུག་བར་དུ་བརྩེ་དུང་མི་འགྱུར་རྡོ་ལ་བརྐོས་པའི་རི་མོ་ལྟར་འཛིན་པ་དང་།དགའ་ན་སྙིང་གཏམ་བཤད་ས་དང་སྡུག་ན་མིག་ཆུ་འདོན་སའི་དཔེ་དེ་ལོ་ཟླ་ཡི་བདེན་དཔང་གིས་དོན་དངོས་ཀྱི་ལག་ལེན་བྱས་པར།ཆེས་རང་གཤིས་བརྟན་པའི་བུད་མེད་ཞིག་ཡིན་པ་མ་ཟད།སྤྱིར་བཏང་ཡིན་ན་མ་ཡིས་རང་གི་བུ་ལ་ཐལ་བ་འདེབས་ག་ལ་སྲིད་ཀྱང་།འོན་ཀྱང་སྐབས་དེར་མྱང་ཚ་སྐར་རྒྱན་གྱིས་རང་གི་བུའི་གདོང་ལ་ཐལ་བཏབ་པའི་ཞོར་དུ་མགོ་ལ་ཡོག་པོས་ལན་འགའ་བརྒྱབ་པ་དང་།ཡབ་མི་ལ་ཤེས་རབ་རྒྱལ་མཚན་ཁྱེད་རབས་ཆད་འདུག་ཅེས་པའི་སྐད་ཆ་དང་ལུས་ཀྱི་སྣང་བརྙན་ཞིབ་འབྲི་བྱས་པ་དེས་མྱང་ཚ་དཀར་རྒྱན་གྱི་སེམས་གཏིང་ལ་ཤོད་མི་ཐུབ་པའི་ན་ཟུག་ཞིག་ཡོད་པ་དང་།ཕ་ཤུལ་བུ་ཡིས་འཛིན་ཐུབ་ཐག་ཆོད་པའི་བུ་ཞིག་གསོ་སྐྱོང་བྱེད་རྒྱུར་མོའི་སེམས་ཁོང་དུ་ཁྲག་དང་འདྲེས་པའི་ལོ་ཟླའི་ཁྲོད་བཟོད་སྒོམ་དང་བག་ལ་ཉལ་བའི་འདུ་ཤེས་དྲག་པོ་དེ་གློ་བུར་ཐོལ་གྱིས་རྡོལ་བའང་མཚོན་ཐུབ།གཞན་ཡང་མྱང་ཚ་དཀར་རྒྱན་གྱིས་མི་ལ་ཤེས་རབ་རྒྱལ་མཚན་གྱི་ཁ་ཆེམས་ནང་བཞིན་བུ་ཐོས་པ་དགས་མནའ་མ་ལེན་མ་རན་བར་དུ་ཨ་ཁུ་དང་ཨ་ནེ་འཁོར་དང་བཅས་པས་ཐུབ་ཚོད་དང་གཉའ་མནོན།བརྙས་བཅོས།མཐོང་ཆུང་ཅི་འདྲ་བྱས་ཀྱང་ཁོང་ཚོས་མཐའ་རྔ་མ་མི་ལ་ཤེས་རབ་རྒྱལ་མཚན་གྱི་ཁ་ཆེམས་ལ་བརྩི་སྲུང་བྱེད་པ་དང་ཤི་བོ་ལ་ཕན་པའི་ཆོས་སྒྲུབ་ཞོར་དུ་རེ་སྒུག་དང་བཟོད་སྒོམ་བྱས།བུ་ཐོས་པ་དགའ་ལ་མནའ་མ་ལེན་རན་པའི་དུས་ལ་ཐུག་དུས་མྱང་ཚ་སྐར་རྒྱན་གྱིས་སྔར་མི་ལ་ཤེས་རབ་རྒྱལ་མཚན་གྱིས་བཞག་པའི་ཁ་ཆེམས་ཀྱི་ནང་དོན་ཤེས་གསལ་མཁན་ཨ་ཁུ་ཨ་ནེ་གཙོས་པའི་གཉེན་ཉེ་འབྲེལ་ཚང་མ་ཇ་ཆང་གི་སྟོན་མོར་གདན་ཞུས་བྱས་ཏེ་ཕ་ཤུལ་བུ་ཡིས་འཛིན་དགོས་པའི་རེ་བ་བཏོན།བློ་ཡུལ་ལས་འདས་པ་ཞིག་ནི་རི་རབ་ཟོས་ཀྱང་མི་བརྒྱགས་པ།རྒྱ་མཚོ་བཏུང་ཡང་མི་ཚིམ་པའི་ཨ་ཁུ་དང་ཨ་ནེས་དོན་དེ་ཁས་མི་ལེན་པ་མ་ཟད།ཁོང་མ་སྨད་ལ་མནར་གཅོད་ཚད་མེད་བྱས་སྟབས་མྱང་ཚ་དཀར་རྒྱན་ཨ་ནེ་འཁོར་དང་བཅས་པ་ལ་ལྟ་ཚུལ་འགྱུར་ནས་འཁོན་ལན་སློག་པ་དང་ཕ་རོལ་ཆམ་ལ་དབབ་ཆེད་བུ་ཐོས་པ་དགའ་མཐུ་སློབ་ཏུ་མངག་རྒྱུ་སེམས་ཐག་བཅད་དེ།ཁྱིམ་དེ་ན་ཡོད་པའི་བྲེ་སེ་སྟག་ཆུང་གི་ཕྱེད་ཙམ་བཙོང་ནས་མཐུ་སློབ་ཏུ་མངགས་པའི་བློ་སྤོབས་སྐྱེས་པ་མ་ཟད་ལག་ལེན་དུའང་བཏབ།དེ་དུས་མངའ་རིས་དོལ་ནས་ཡིན་པའི་གཅེས་ཕྲུག་ལྔ་དབུས་གཙང་དུ་མཐུ་དང་ཆོས་བསླབ་པར་འགྲོ་བ་རེད།ཨ་མས་དེ་དག་ལ་ངའི་བུ་འདི་སྙིང་རུས་ཡེ་ན་མེད།ཁྱེད་གྲོགས་པོ་རྣམས་ཀྱིས་བསྐུལ་ལྕག་གྱིས་ལ་མཐུ་ཤིན་ཏུ་མཁས་པ་ཞིག་སློབས་ཤོག་ཅིག །འདིར་སླེབས་དུས་སྣེ་ལེན་དང་བྱ་དགའ་གཟབ་པར་བྱེད་ཅེས་པ་དང་།འགྲོ་ཁར་མ་ངུ་བཞིན་བུ་འུ་ཅག་མ་སྨད་ཀྱི་ལས་བསྐོས་ལ་ལྟོས་ལ།ཡུལ་དུ་མཐུ་རྟགས་ཐོན་པ་ཞིག་ཅིས་ཀྱང་གྱིས་ཤོག་ཅིག །ཁོང་ཚོའི་མཐུ་དང་འུ་ཅག་གི་མཐུ་མི་འདྲའོ། །ཁོང་ཚོ་གཅེས་ཕྲུག་རང་དགའ་རྒྱགས་པའི་མཐུ་ཡིན་པར་འདུག །འུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱོད་སྙིང་རུས་སྐྱེད་ཤོག་ཅིག །རྒྱ་ལ་གལ་ཏེ་བུ་ཁྱོད་ཀྱིས་ཡུལ་དུ་མཐུའི་རྟགས་མ་ཐོན་པར་ལོག་བྱུང་ན་ང་མ་རྒན་མོ་ཁྱོད་རང་གི་མདུན་དུ་ལྕེབས་ནས་ཤི་རྒྱུ་ཡིན་བཤད།②ཅེས་པས་ཚིག་དུམ་སྙིང་ལ་ཚགས་ཤད་ཐེབས་ཏུ་འཇུག་པ་ལྟ་བུའི་ཨ་མས་བུ་ཕྲུག་ལ་ཆེས་མཐའ་མཇུག་ཏུ་བཏོན་པའི་རེ་སྙེག་ཡིན་ལ།བུ་ཆུང་ཐོས་པ་དགས་ནུས་མཐུ་སློབ་པའི་སྙིང་ཕུར་ཡང་འདི་ལས་གཞན་མེད།འདི་ནི་དགའ་སྐྱོ་ཆགས་སྡང་མ་ལུས་མངོན་པའི་བུད་མེད་ཆེས་སྤྱིར་བཏང་བ་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་ལ།ཡབ་མི་ལ་ཤེས་རབ་རྒྱལ་མཚན་གཤིན་ཡུལ་དུ་བུད་མ་ཐག་ཨ་ཁུ་དང་ཨ་ནེས་ཁྱིམ་དེའི་ཤུལ་ལུས་ཚོ་ལ་ཅུང་ཙམ་ཡང་སྣང་འཇོག་མ་བྱས་ནས་བརྙས་བཅོས་དང་མི་རྒྱུད་ལ་ཉམས་དམས་བྱས་པར་བཟོད་སྒོམ་གྱི་ཚད་ངེས་ཅན་ཞིག་ཏུ་སླེབས་པ་ཅིང་།ཁོ་ཚོས་ལས་རྒྱུ་འབྲས་དང་དགེ་སྡིག །དཀར་ནག་བདེན་རྫུན་སོགས་ཁ་ནས་བཤད་པ་ཙམ་མ་གཏོགས་ལག་ལེན་དངོས་སུ་གཅིག་ཀྱང་བརྩི་སྲུང་མ་བྱས།དེ་བས་མོ་གཅིག་པུས་བཟོད་བསྲན་གྱིས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀ་དང་མི་འགལ་བའི་དམ་ཚིག་བསྲུང་ཀྱང་མི་ངན་དེ་དག་གི་བྱ་སྤྱོད་ཇེ་དྲག་ཇེ་སྡུག་ཏུ་སོང་བར་བརྟེན།ད་གཟོད་མི་ངན་དེ་དག་ཚར་གཅོད་པའི་འདུན་མ་སེམས་གཏིང་ནས་སྐྱེས་ཤིང་།མོ་རང་ལ་མཚོན་ན་ཆེས་ཨུ་ཐུག་ཐབས་ཟད་ཀྱི་སྣེ་ལ་གཅར་བས་གདམ་གསེས་མེད་པའི་གདམ་གསེས་ཤིག་ཀྱང་ཡིན་སྲིད།བསམ་པ་བཞིན་སྒྲུབ་ཕོད་པ་དང་འགྱུར་བ་མེད་པའི་ནང་སེམས་ཀྱི་སྣང་བརྙན་དེ་ཞིབ་འབྲི་བྱས་ཡོད་པ་རེད།སྣང་བརྙན་དེས་རང་རེ་བོད་ཀྱི་བུད་མེད་ཞིག་གིས་ཕྱིའི་ཞི་དུལ་གྱི་སྣང་བརྙན་འོག་ཏུ་སྦས་པའི་ནང་སེམས་ཀྱི་ཞུམ་པ་མེད་པའི་སྤོབས་པ་དང་དཀའ་སྡུག་གཉིས་ཀ་གདོང་ལེན་ཕོད་པའི་སྙིང་དང་།མཐར་ཐོས་པ་དགའ་ཡིས་ཨ་མའི་རེ་བ་འགྲུབ་པར་བྱས་རྗེས་མོས་སླར་ཐོས་པ་དགའ་སྡིག་བཤགས་ཀྱི་ཆེད་དུ་ཆོས་བསླབ་ཏུ་བརྫངས་པ་དེས་བུད་མེད་དེའི་སེམས་ཁོང་ནས་འགྱོད་བཤགས་དང་ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་ཀྱི་བག་ཆགས་ཤིག་རུས་རྐང་དུ་ཐིམ་ཡོད་པའང་ཞར་ལ་རྟོགས་ཐུབ །དེ་དང་མཚུངས་པར་དེང་རབས་ཀྱི་བརྩམས་སྒྲུང་རྟ་ནག་སྒྲོག་འགྲོས་ནང་དུ་རོང་ཚ་བཀྲ་ཤིས་མཚོའི་སྣང་བརྙན་བཞེངས་སྐྲུན་བྱེད་སྟངས་ཐད་རོང་ཚ་བཀྲ་ཤིས་མཚོས།གཉོམ་ཆུང་འདུག་ཤེས་ན་བཙན་པོས་སྒུལ་མི་ཚུགས་ཟེར་ཡང་།གཉོམ་ཆེ་ན་བརྙས་བཅོས་བྱེད་པ་ཇེ་ཐུ་ཇེ་སྡུག་ལས་མེད།སྐྱིད་ཀྱི་མགོ་འཕང་དམའ་དགོས།སྡུག་གི་མགོ་འཕངས་མཐོ་དགོས།③ཅེས་རོང་ཚ་བཀྲ་ཤིས་མཚོའི་མི་སྣའི་གཤིས་ཀ་ཞིབ་འབྲི་དང་བསམ་བློའི་འཕོ་འགྱུར་སོགས་ནི་མྱང་ཚ་སྐར་རྒྱན་དང་མི་འདྲ་ས་ཞིག་ཡོད་པ་ནི།ལྷན་གྲུབ་ཀྱིས་རོང་ཚ་བཀྲ་ཤིས་འཚོའི་སྐྱེ་གཟུགས་ཡིད་ཆགས་པའི་མི་དེ་དག་གི་འདོད་སྲེད་ཧམ་པའི་སྤྱོད་ངན་སྐྱུགས་བྲོ་བ་དེ་ཉིད་དམིགས་ཕིགས་ནས་བྲིས་པ་དེ་ཡིན་ལ་འོན་ཀྱང་དེ་ནི་རྩོམ་པ་པོ་རབ་ཏུ་བྱུང་མིན་གྱིས་ཐད་ནས་རྩོམ་གྱི་བཀག་རྒྱ་ཡོད་མེད་ཀྱི་ཁྱད་པར་ལས་འབྱུང་སྲིད།དཔེར་ན་མདོ་མཁར་ཞབས་དྲུང་བ་དང་བོད་མཁས་པའི་ཕོ་མོའི་བར་གྱི་འདོད་པ་དེ་ཆེས་ཆེར་བཟུང་ནས་བྲིས་པ་ཧ་ཅང་ཐལ་བས་ཚེ་ཏན་ཞབས་དྲུང་གིས་བཀའ་བཀྱོན་གནང་བ་ལྟ་བུ་དེ་རེད།།རོང་ཚ་བཀྲ་ཤིས་མཚོའི་སྐྱེས་གཟུགས་ལ་མི་ངན་དག་འདོད་པ་སྐྱེས་ཏེ་རྟ་མགྲིན་རྡོ་རྗེའི་མནའ་མ་ཡིན་པ་ཤེས་བཞིན་དུ་ཐེངས་གང་མང་ཞིག་ལ་བརྙས་བཅོས་བྱས་པ་དང་བདག་འཛིན་བྱེད་པའི་བསམ་པས་ཐོག་མར་ཁ་ཡག་ཚིག་སྙན་གྱི་གཡོ་ཟོལ་དང་དེ་རྗེས་རྒྱུ་འབྱོར་བས་བསླུ་བྲིད།མཐར་མར་རང་གི་སྐྱེས་པ་ལ་བརྙས་བཅོས་བཏང་མོད།་མོར་ཁ་ཡོད་ཀྱང་སུ་ལ་ཡང་མ་བཤད།སེམས་ཡོད་ཀྱང་བཟོད་བསྲན་གྱིས་བསྡད་པ་ནི་མྱང་ཚ་དཀར་རྒྱན་བཞིན་སྡུག་ལ་མ་ཐུག་བར་དུ་བཟོད་སྒོམ་ཆེ་བ་དང་མི་ངན་དེ་དག་གི་བྱ་སྤྱོད་ལ་མཚམས་ཤིག་འཇོག་རྒྱུ་ཨེ་ཡོད་བསམ་ནས་བསྡད་པ་རེད།འོན་ཀྱང་གྲལ་རིམ་སྤྱི་ཚོགས་ནང་དུ་གནས་ལུགས་དང་བདེན་དོན་བཀུར་བའི་བསམ་ཤེས་ཉུང་པས་བཟོད་སྒོམ་བྱས་ནས་སྡོད་ཐབས་མེད་པ་ཤེས་ཏེ།མོས་མཐའ་གཅིག་ཏུ་དབང་ཤེད་ཆེ་བའི་དཔོན་ཚང་དང་མི་ངན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་སེམས་ཚོར་སྐྱེས་ནས་ཨ་མ་རྒན་མོའི་སེམས་ཁམས་ཀྱང་དེ་ལྟར་བསྒྱུར་གང་ཐབས་བྱས་པས།སྒྲུང་གཏམ་འདི་ལས་ཚོར་བ་ཆེས་རྣོ་ས་ནི་བཀྲ་ཤིས་མཚོའི་སེམས་ཁམས་ཀྱི་འགྱུར་བ་ཆེ་ས་ཡིན་པ་སྟེ།ཨ་མ་ལགས།ཁྱོད་ཀྱིས་ནམ་ཡིན་རུང་བཟོད་པ་སྒོམས།བཟོད་པ་སྒོམས་ཟེར་མོད།འོན་ཀྱང་བཟོད་པ་སྒོམས་ནས་ཡོང་རྒྱུ་ཅི་ཡོད།ལྷག་པར་ཅི་བྱེད་ལ་གནས་ལུགས་མེད་པའི་མི་ཐ་ཤལ་བར་བཟོད་པ་བསྒོམས་ན་འཕར་སྤྱང་ལ་སྙིང་རྗེ་བསྒོམས་པ་ལྟར་ཇེ་ཐུ་ཇེ་སྡུག་ལས་མེད།མཐར་ཁྱོད་ཁྱིས་མ་བསད་ན་ཁྱོད་ཉིད་གསོད་ངེས་པས།བྱོལ་སོང་བཞིན་གཞན་གྱིས་སྲོག་ལེན་པ་ལ་ལག་ཡ་ཙམ་ཡང་མི་བྱེད་པ་སུ་ཡོད།གལ་ཏེ་མི་ངན་དེ་ཚར་མ་བཅད་ན་ང་ཚོ་ནམ་ཡིན་རུང་བདེ་བར་འདུག་པའི་གོ་སྐབས་ཡོད་མི་སྲིད།འདི་བྱས་པས་དེང་ཕྱིན་ཆད་གཞན་གྱིས་ཀྱང་ཐུབ་ཚོད་བྱེད་མི་ཕོད།བུ་རང་སྐྱེས་ཀྱིས་རང་མདོག་སྟོན་མ་ཐུབ་ན་སྐྱིད་གཞན་ན་རེ་ས་མེད།④ཞེས་རོང་ཚ་བཀྲ་ཤིས་མཚོའི་སེམས་ཁམས་འབྲི་ཞིབ་བརྒྱུད་བཀས་བཀོད་རྒྱུད་འཛིན་གྱི་སྐབས་དེའི་དཔོན་ངན་གྱི་བཙན་ཤེད་དང་གཉའ་གནོན་གྱི་ཐུབ་ཚོད་ལ་སེམས་གཏིང་ནས་ཁོང་ཁྲོ་ལངས་པ་དང་རང་ལ་ཆེས་མ་མཐའ་ཡང་ཐོབ་འོས་པའི་མི་སྒེར་གྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་བུད་མེད་མང་ཆེ་བའི་སེམས་ཁོང་དུ་ལྷན་སྐྱེས་སུ་ཉལ་བའི་སྤོབས་པ་དེ་རྐྱེན་དང་ཕྲད་ནཐོན་པ་ཤེས་ཐུབ་པ་མ་ཟད།ཆེས་དམའ་རིམ་གྱི་བུད་མེད་དཀྱུས་མའི་སེམས་ཁམས་ཀྱི་བག་ལ་ཉལ་བའི་གནས་ཚུལ་ངོ་མ་དེ་ཡང་མཐོང་ཐུབ་ཅིང་།གཞན་ཡང་རང་ཚུགས་ལ་རྒྱ་མི་འཆོར་བའི་ཡ་རབས་མཛངས་མ་ཞིག་ལ་ཚང་བའི་ཡོན་ཏན་ཡང་ཤུགས་ལ་མངོན་ཡོད།

གཉིས་པ།གནའ་དེང་རྩོམ་རིག་ལས་བོད་ཀྱི་བུད་མེད་ཀྱི་ཕྱིའི་སྐྱེ་གཟུགས་སྐོར་གླེང་བ།

གནའ་དེང་རྩོམ་རིག་ལས་བུད་མེད་ཀྱི་ཕྱིའི་སྐྱེ་གཟུགས་སྐོར་གླེང་བ་ཅུང་མང་བ་དང་།དེ་ལས་གནའ་རབས་རྩོམ་རིག་ནི་དེང་རབས་རྩོམ་རིག་དང་མི་འདྲ་ས་ཞིག་ཡོད་པ་ནི་བུད་མེད་ཀྱི་ཕྱིའི་མཛེས་ཆོས་གླེང་བའི་ཞོར་ནང་སེམས་ཀྱི་ཁྱད་ཆོས་སམ་ཡོན་ཏན་ཤུགས་དྲག་ཏུ་བསྟན་ཡོད།དེ་ནི་གནའ་རབས་རྩོམ་རིག་གི་དགེ་མཚན་གཙོ་བོ་ཞིག་ཡིན་ཞེས་བརྗོད་ཀྱང་ཆོག་པར་སྙམ།རྒྱུ་མཚན་ནི་ཕྱིའི་སྐྱེ་གཟུགས་མ་གཏོགས་ནང་གི་ཡོན་ཏན་མ་གླེང་ཚེ་བུད་མེད་དེ་ནི་གསེར་དངུལ་སོགས་ནོར་བུའི་རིགས་རྣམ་པ་སྣ་ཚོགས་ཀྱིས་རྒྱན་པའི་ཁོག་སྟོང་གི་བུམ་པ་ཞིག་དང་གཅིག་མཚུངས་རེད་འདུག །གཞན་ཡང་གནའ་རབས་རྩོམ་རིག་ལས་བུད་མེད་ཚོའི་སྣང་བརྙན་བཞེངས་སྐྲུན་བྱེད་དུས་སྤྱི་ཁྱོན་ཡོངས་ནས་བལྟས་ཡོང་ན།གནའ་རབས་རྩོམ་རིག་མང་ཕལ་ཆེར་གྱི་ནང་དུ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀྱི་ཤུགས་ཚད་འདྲ་འདྲ་ཡིན་པ་ལས་འགའ་ཞིག་གི་ནང་དུ་དམ་པའི་ལྷ་ཆོས་ཀྱི་ལྕི་ཚད་ཅུང་མཐོ་བར་ཟིན་འདུག །དེ་བས་གནའ་རབས་རྩོམ་རིག་ལས་བུད་མེད་ཀྱི་ཕྱིའི་སྐྱེ་གཟུགས་བཞེངས་སྐྲུན་བྱེད་དུས་བུད་མེད་ཀྱི་སྣང་བརྙན་དེ་ལྷ་མོའི་སྣང་བརྙན་ལ་ཧ་ཅང་ཐག་ཉེ་བ་མ་ཟད།ལྷ་མོའི་སྐྱེ་གཟུགས་དེ་རྒྱ་གར་གྱི་བུ་མོའི་རྣམ་ན་ཅན་དུ་བྱས་པ་རེད།དེ་འདྲ་ཞིག་ཡིན་པའི་ཆ་ལ་བཏང་ན་ང་ཚོ་བོད་པའི་བུད་མེད་ཀྱི་་དངོས་ཡོད་སྣང་བརྙན་དང་བར་ཐག་ཧ་ཅང་རིང་ཞིང་།འོ་ན་རྒྱ་གར་གྱི་བུད་མེད་ལྷའི་རྣམ་ཅན་དུ་བྱས་ནས་བྲིས་ན་ཆོག་ན་རང་རེའི་བུད་མེད་ཚོ་ལྷའི་རྣམ་ཅན་དུ་བྲི་མི་ཆོག་པའི་རྒྱུ་མཚན་ཅི་ཡང་མེད་དེ།སྔ་མོ་ཆོས་རྒྱལ་བཙན་པོའི་སྐབས་སུ་ལྷ་མོ་འོད་ཟེར་ཅན་མ་དང་ཁར་ས་པ་ཎིའི་འདྲ་སྐུ་བཞེངས་སྐབས་བོད་ཀྱི་བུད་མེད་དག་ལ་མ་ཕྱི་བྱས་ཏེ་བཞེངས་པ་རྒྱལ་རབས་ཆོས་འབྱུང་ཁག་ཏུ་ཡོངས་སུ་གྲགས་པ་མ་ཡིན་ནམ།དེ་བས་རང་རེའི་མཁས་པ་ཚོས་སྨྱུག་ཁ་འདི་ནས་བསྒྱུར་ཏེ་བོད་རང་གི་བུད་མེད་ཀྱི་སྣང་བརྙན་ལྷ་མོའི་རྣམ་ཅན་དུ་འབྲི་བཞེངས་ནི་དུས་ལ་བབས་ཤིང་བསྒྲུབ་དགོས་པའི་དོན་དག་ཉག་གཅིག་གོ །དེ་ནི་ང་ཚོའི་རྩོམ་རིག་གི་སྟེགས་བུར་ཆད་པ་ཁ་བསབ་དང་སྔར་མེད་གསར་གཏོད་ཅིག་ཅི་ལ་མིན། ལྷ་སྒྲུང་བཞིན་གནས་པ་ལས་མངོན་སུམ་དུ་མཐོང་རྒྱུར་དཀའ་བའི་རྒྱ་གར་བུད་མེད་ཀྱི་ཁྱད་ཆོས་སྟོན་པ་དཔེར་ན།སྐྱེས་རབས་སོ་བཞིའི་མྱོས་བྱེད་མའི་རབས་ལས་མིང་གི་ཡོན་ཏན་བརྗོད་པའི་སྐོར་དུ།དཔལ་མོ་གཟུགས་དང་ལྡན་པ་བཞིན།དགའ་མ་མངོན་སུམ་གྱུར་པ་བཞིན།ལྷའི་བུ་མོ་བཞིན་གཟུགས་དང་གཟི་མདངས་མཆོག་དང་ལྡན་པ།ལྟ་ན་སྡུག་པ།བུད་མེད་རིན་པོ་ཆེའི་རབ་ཏུ་བཀུར་བ་ཞིག་ཡོད་པར་གྱུར་ཏོ། །འདོད་ཚང་མ་བྲལ་བས་ནི་དེ་ཡི་ལུས།ཇི་སྲིད་མཐོང་བར་གྱུར་ན་དེ་སྲིད་དུ།དེ་ཡི་གཟུགས་དང་ཡོན་ཏན་རྣམས་ལ་ཆགས།དེ་ཡི་ལྟ་བ་བཟློག་པར་ཡོད་མི་ནུས།དེ་བས་ན་གཉེན་རྣམས་ཀྱིས་ཀྱང་།དེ་ཡི་མིང་ལ་མྱོས་བྱེད་མ་བཏགས།⑤ཅེས་མྱོས་བྱེད་མའི་ཕྱིའི་སྐྱེ་གཟུགས་ནི་ལྷ་མོའི་སྣང་བརྙན་ཅན་དུ་བྲིས་པ་ཡིན་ལ།བུད་མེད་ནང་གི་ལྟ་བས་ཆོག་མི་ཤེས་པའི་གཟུགས་ཀྱི་གཟི་མདངས་དང་ལྟ་ན་རབ་ཏུ་སྡུག་པ་མ་ཟད།མི་ལུས་ལས་འདས་པའི་སྐྱེ་གཟུགས་ཤིག་བཞེངས་སྐྲུན་བྱས་པ་དེས་དངོས་ཡོད་ཀྱི་སྣང་བརྙན་ལ་བར་ཐག་ཇེ་རིང་དུ་སོང་བ་རེད།སྤྱིར་ལྷ་དང་ལྷ་མོའི་སྣང་བརྙན་ནི་མིའི་ལུས་ལ་དཔེ་བྱས་ཏེ་དེ་ལ་ཁ་སྣོན་དང་ཇེ་ཡག་ཏུ་བཏང་པ་ཞིག་ཡིན་པར་ཐེ་ཚོམ་མི་དགོས་པ་ཞིག་ཡིན་ཞིང་།རྩོམ་པ་པོ་རྣམས་ཀྱིས་བུད་མེད་ཞིག་གི་ཕྱིའི་སྣང་བརྙན་བཞེངས་སྐྲུན་སྐབས་སུ་དཔེ་ལྷ་མོ་ལ་བཞག་སྟེ་མཛེས་མའི་སྐྱེ་གཟུགས་འབྲི་བཞེངས་བྱེད་པ་དང་མིའི་ལུས་ཚད་ལས་བརྒལ་ཅི་ཐུབ་བྱེད་པ་མ་གཏོགས་དོན་དངོས་ཀྱིས་མི་དང་ཆ་མཚུངས་པ་དང་མིའི་ལུས་ཚད་ལ་མཐུན་པའི་ཕྱིའི་སྣང་བརྙན་འབྲི་བཞེངས་བྱས་པ་ནི་ཉུང་ཉུང་ཡིན་པར་འདུག །ཡང་གཞོན་ནུ་ཟླ་མེད་ཀྱི་ནང་དུ་ཡིད་འོང་མའི་སྣང་བརྙན་བཞེངས་སྐྲུན་སྐབས་སུ།བུད་མེད་གཟུགས་མཛེས་ཤིང་ལྟ་ན་སྡུག་པ།ཁ་དོག་མཆོག་དང་ལྡན་པ།མདངས་རྒྱས་པ།ལུས་ལ་ཙན་དན་དང་།ཁ་སྒོར་ཨུཏྤལའི་དྲི་ལྡང་བ།བུད་མེད་ཀྱི་མཚན་བཟང་པོ་བཅོ་བརྒྱད་ཀྱིས་མཛེས་པར་བརྒྱན་པ།སྲེད་ལྡན་མ་ལུས་པའི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་པ།རྣམ་པ་མི་ལས་འདས་པ་འཆི་མེད་དགའ་མ་དག་གིས་ཀྱང་བསྒྲུན་པར་མི་བཟོད་མཚར་སྡུག་འོད་དུ་ཆགས་པ་ཡིད་འོང་མ།⑥ཞེས་བཙུན་མོ་དེའི་ཕྱིའི་སྐྱེ་གཟུགས་གི་སྣང་བརྙན་བཞེངས་སྐྲུན་བྱས་པའི་སྐབས་སུ་མི་ལུས་ལས་བརྒལ་བ་མ་ཟད་ལྷ་མོ་རྣམས་ཀྱིས་ཀྱང་འགྲན་མི་ནུས་པའི་བུད་མེད་སྐྱེ་གཟུགས་ཧ་ཅང་མཛེས་སྡུག་ལྡན་པ་དང་བུད་མེད་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་བ་ཞིག་ཡིན་པར་བསྟན་འདུག །གོང་འོག་གཉིས་ཀའི་ཐད་ནས་ཕྱིའི་སྐྱེ་གཟུགས་བཞེངས་སྐྲུན་བྱེད་པར་རི་མོ་མཁས་ཅན་ཞིག་གི་གཟབ་ནན་གྱི་པིར་རྩེ་ལས་ཐོན་པ་བཞིན་དུ་མཛེས་མ་ཞིག་བཞེངས་སྐྲུན་བྱས་པ་མ་ཚད།བུད་མེད་ལ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ཚང་བ་ལྷ་མིན་ལྷ་དང་འདྲ་བའི་ཕྱིའི་སྐྱེ་མཆེད་ལྡན་པར་བྱས་ཡོད།ཡང་རྗེ་དགེ་འདུན་གྲུབ་ཀྱི་ལེགས་བྲིས་མའི་ནང་རྗེ་བཙུན་སྒྲོལ་མའི་སྣང་བརྙན་བཞེངས་སྐྲུན་བྱས་པ་ནི།ནུ་འབུར་རབ་རྒྱས་ཟག་མེད་བདེ་བའི་གཏེར། །ཞལ་རས་ཟླ་བ་རྒྱས་པའི་འཛུམ་དཀར་ཅན། །ཞི་བའི་ཉམས་ལྡན་ཐུགས་རྗེའི་སྤྱན་ཡངས་མ། །སེང་ལྡེང་ནགས་ཀྱི་མཛེས་མ་ཁྱོད་ལ་འདུད། །⑦ཅེས་པ་དང་།མར་གད་རི་བོས་འཇའ་ཚོན་གྱོན་པ་བཞིན། །སྐུ་སྟོད་ལྷ་རྫས་གོས་ཀྱི་ག་ཤ་ཅན། །ཕྲ་ཞིང་ལྡེམ་ལ་མཛེས་པའི་རྐེད་སྐབས་ནི། །པཉྩ་ལི་ཀའི་ཤམ་ཐབས་འཛིན་ལ་འདུད། །ཅེས་པའི་ཤོ་ལོ་ཀ་འདི་གཉིས་ནང་དུ་རྗེ་བཙུན་སྒྲོལ་མའི་སྐུ་གཟུགས་དེ་གཙོ་བོར་བསྟན་ཡོད་ལ།ལྷ་མོ་དེའི་ནུ་འབུར་ནི་རབ་ཏུ་རྒྱས་པ་མ་ཟད་ནམ་ཡང་བྲང་ཁོག་གི་སྟོད་དུ་བུམ་པ་ཆ་འགྲིག་ཇི་བཞིན་ཟག་པ་མེད་པར་གནས་ཤིང་ཞལ་རས་ནི་བཅོ་ལྔའི་ཟླ་བ་ལ་ནག་ནོག་གི་དྲི་མས་མ་གོས་པ་དང་དགྱེས་འཛུམ་ཉམས་ཀྱིས་གཞུགས་ཚུལ་དེ་དག་ཞིབ་འབྲི་བྱས་འདུག །གཞན་ཡང་ལྷ་མོ་དེའི་སྐྱེས་མདངས་དང་ཕྲ་བའི་རྐེད་སྐབས།ཡིད་དུ་འོང་བའི་སྣང་བརྙན་དག་རིམ་བཞིན་ཞིབ་འབྲི་བྱས་པ་རེད།མདོར་ན་དེ་དག་ཚང་མ་ནི་དངོས་ཡོད་ཀྱི་བུད་མེད་མཛེས་མ་ཞིག་གི་སྣང་བརྙན་ལ་དཔེ་བྱས་ཏེ་དེ་ལ་སྦྱར་སྣོན་གང་ཐུབ་བྱས་པ་བརྒྱུད་ལྷ་མོའི་སྣང་བརྙན་དེ་བཞེངས་སྐྲུན་བྱས་པ་དང་མཐར་ལྷ་མོའི་སྣང་བརྙན་དེ་སླར་ཡང་བུད་མེད་ཐོག་ཏུ་སྦྱར་ན་ང་ཚོའི་བློ་ཡུལ་དུ་ཤོང་དཀའ་བའམ་དོན་དངོས་འཚོ་བའི་ཁྲོད་དེ་ལྟ་བའི་བུད་མེད་ཞིག་ཡོད་ན་དེ་ནི་ངོ་མ་མཛེས་མའི་སྣང་བརྙན་དང་མཐུན་པ་ཡིན་མིན་གནད་དོན་ཞིག་རེད་འདུག །འོན་ཀྱང་དུས་རབས་བཅོ་ལྔའི་ནང་སྙན་ངག་མེ་ལོང་མའི་གཞུང་དེ་བོད་ལ་འགྱུར་བ་ནས་མགོ་བཟུང་བོད་ཀྱི་བུད་མེད་དག་གི་ཕྱིའི་སྐྱེ་གཟུགས་བརྗོད་སྟངས་དེ་གཞི་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་།སྙན་ངག་མེ་ལོང་མ་ནི་རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་གྱིས་བརྩམས་པས།དེའི་ནང་གི་རྩ་བའི་དཔེ་བརྗོད་ཚང་མ་རྒྱ་གར་གྱི་ཡུལ་སྲོལ་གོམ་གཤིས་དང་ས་གཤིས་ལ་བསྟུན་ནས་བྲིས་པ་ཡིན་ལ།རྒྱ་གར་གྱི་ས་གཤིས་ཁོར་ཡུག་ལྟར་ན་ཧ་ཅང་ཚ་དྲོད་ཆེ་ས་ཡིན་རྐྱེན་རྩ་བའི་དཔེ་བརྗོད་ནང་དུ་བུད་མེད་མཛེས་མའི་དཔེ་ནི་ཆུ་སྐྱེས་ཀྱི་པད་མ་དང་དཀར་གསལ་གྱི་ཟླ་བ་བཞིན་གྲང་བའི་རེག་བྱ་ཅན་གཙོར་བྱས་ཏེ་བཞག་པ་མ་ཟད།གདོང་གི་དབྱིབས་ནི་གོར་གོར་ཅན་གྱི་བཅོ་ལྔའི་དུང་ཟླ་འདྲ་བ་དང་མིག་འབྲས་ཀྱི་ཁ་དོག་ནི་སྔོན་པོ་ལ་དཔེ་བཞག་འདུག །སྙན་ངག་མེ་ལོང་མའི་དངོས་དཔེ་རུ།ཁྱོད་ཀྱི་གདོང་ནི་པད་མ་བཞིན། །མིག་དག་ཨུཏྤལ་སྔོན་པོ་བཞིན། །⑧ཞེས་དང་།རྣམ་འགྱུར་གྱི་དཔེ་རུ།ལུས་ཕྲ་ཁྱོད་ཀྱི་བཞིན་རས་ནི། །ཟླ་བའི་དཀྱིལ་འཁོར་ལས་བཏོན་བཞིན། །པདྨའི་ནང་ནས་བྱུང་བ་བཞིན། །⑨ཞེས་དང་།བསྡུས་དཔེ་རུ།ཁྱོད་གདོང་མཛེས་པ་ཁོ་ན་ཡིས། །ཟླ་བའི་རྗེས་སུ་འགྲོ་མིན་ཏེ། །དགའ་སྐྱེད་ལས་ཀྱིས་ཀྱང་ཞེས། །⑩ཞེས་དང་།ཆོས་དཔེ་རུ།མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར། །⑾ཞེས་རྩ་བའི་དཔེ་བརྗོད་དེ་དག་ལ་གཞིགས་ན་རྒྱ་གར་གྱི་བུད་མེད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་མ་ཟད།ཁོང་ཚོའི་ས་བབས་ཀྱི་གནམ་གཤིས་དང་ཡུལ་སྲོལ་གོམ་གཤིས་སོགས་ལ་ཧ་ཅང་མཐུན་པ་རེད།འོན་ཀྱང་གོང་གི་རྒྱ་གར་གྱི་བུད་མེད་ཀྱི་ཁྱད་ཆོས་དེ་དག་བོད་པའི་བུད་མེད་རྣལ་མ་ཞིག་གི་ཐོག་ཏུ་སྦྱར་ན་རྒྱ་མགོ་བོད་སུག་གི་དཔེ་ལྟར་མཐོང་ན་ཡིད་དུ་འབབ་པ་ཞིག་གཏན་ནས་ཡོང་བ་མི་སྲིད།ང་ཚོ་སྒང་པ་བོད་ནི་གནའ་ནས་ད་བར་དུ་མདོ་དབུས་ས་ཁུལ་དུ་གཞིས་ཆགས་ཤིང་འཚོ་བའི་མི་རིགས་ཤིག་ཡིན་ལ།གནམ་གཤིས་ཧ་ཅང་འཁྱགས་པ་མ་ཟད།ཁོར་ཡུག་རྩུབ་པས།ང་ཚོ་ནི་ཉི་ཟེར་ལ་དགའ་བ་དང་གནག་ཕྱུགས་ལ་གཞི་རྟེན།གདོང་མདོག་དང་གཤིས་ཀ་སོགས་གང་ནས་ཀྱང་ཡུལ་གཞན་དང་མི་འདྲ་བར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་རེད།གཞན་ད་དུང་མིག་གི་ཐད་ནས་བཤད་ན་རང་རེ་བོད་ཀྱི་ཐུན་མོང་གི་མིག་མདོག་ནི་དཀར་ནག་གཉིས་ཀྱིས་གྲུབ་པ་ཞིག་ཡིན་པ་མ་གཏོགས་གོང་ལྟར་སྔོན་པོ་ཞིག་ག་ལ་ཡིན།གལ་ཏེ་དེ་འདྲ་ཡིན་རྒྱུའི་དབང་དུ་བཏང་ན་ཡང་མིག་ལམ་དུ་མཛེས་པོར་མི་སྣང་།བོད་རང་གི་སྙན་ངག་གི་གཞུང་ཐོག་མ་སྙན་ངག་མེ་ལོང་མ་དེ་ཡིན་པའི་དབང་གིས་དེས་བོད་ཀྱི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་གྱིས་ད་བར་དུ་རྩོམ་པ་པོའི་སྨྱུག་རྩེ་ནས་བོད་རང་གི་ཁྱད་ཆོས་ལྷའི་རྣམ་ཅན་དུ་འབྲི་བཞེངས་བྱས་པ་ནི་ཉིན་མོའི་སྐར་མ་བཞིན་གྱུར་བ་དེ་ནི་རྩོམ་པ་པོ་རྣམས་ལ་ད་ལྟའི་བར་དུ་ལྷགས་པའི་དོན་གནད་ཅིག་དང་རང་རེ་བོད་ཀྱི་རྩོམ་རིག་གི་སྟེགས་བུའི་སྟོང་ཆ་ཆེན་པོ་ཞིག་རེད་ཅེས་མི་བརྗོད་ཐབས་མེད་དུ་གྱུར།

མཆན་འགྲེལ།

①②རྗེ་བཙུན་མི་ལ་རས་པའི་རྣམ་ཐར།གཙང་སྨྱོན་ཧེ་རི་ཀས་མཛད།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2013ལོ།p30.p32

③④(བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས)རྟ་ནག་སྒྲོག་འགྲོས།འགྱུར་མེད་ཀྱིས་སྒྲིག མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་།1991ལོ།

དཔེ་སྐྲུན་ཁང་།p228.p231

⑤སྐྱེས་རབས་སོ་བཞིའི་རྩ་འགྲེལ།སློབ་དཔོན་དཔའ་བོས་མཛད།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།མྱོས་བྱེད་མའི་

རབས།1988ལོ།p60

⑥གཞོན་ནུ་ཟླ་མེད་ཀྱི་རྣམ་ཐར།མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས།བོད་ལྗོངས་མི་དམངས་དཔེ་སྐྲུན་

ཁང་།2000ལོ།P13﹣14

⑦བསྟོད་སྨོན་ཕྱོགས་བསྒྲིགས།རྗེ་ཙོང་སོགས་ཀྱིས་མཛད།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2012ལོ།p242

⑧⑨⑩⑾ཚངས་སྲས་བཞད་པའི་སྒྲ་དབྱངས།བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས།ཀན་སུའུ་མི་རིགས་དཔེ་སྐྲུན་

ཁང་གིས་བསྐྲུན།1997ལོ།དངོས་དཔེ།p102རྣམ་འགྱུར་གྱི་དཔེ།p157བསྡུས་དཔེ།p110ཆོས་དཔེ།p100

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།