ཁེར་བུའི《ལྷམ་ཆུང》ལས་འཕྲོས་པའི་རྩོམ་རིག་གི་མྱོང་ཚོར་ཐན་ཐུན།

【ནང་དོན་གནད་བསྡུས།】སྒྲུང་ཐུང《ལྷམ་ཆུང》ནི་བྱིས་པ་ཞིག་གི་ནང་སེམས་ཀྱི་རྙོག་འཛིང་གི་ཆ་དེ་ལྷུར་ལེན་བྱས་པ་བརྒྱུད་དེ། མིའི་སེམས་ཁམས་ཀྱི་ཐག་སྣེ་དེད་ནས་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་ལ་སྙོབས་པ་ཅན་ཞིག་དང་། རྩོམ་པ་པོའི་འཚོ་བའི་ཉམས་མྱོང་གི་རིན་ཐང་ལས་བར་སྐབས་འདིའི་བྱིས་པའི་བརྩེ་དུང་ངམ་སྒྲུང་གཏམ་གྱི་བརྩེ་དུང་དེ་འདུ་ཤེས་ཡོད་པའི་སྒོ་ནས་ཕྱིར་བཀྲམ་ཞིང་། གསར་རྩོམ་གྱི་ལམ་ཁ་ཅུང་ཡངས་པོར་གནས་པ་ཅན་ཞིག་ཏུ་སྣང་།

【བརྡ་ཆད་གཙོ་བོ།】 ལྷམ་ཆུང་། ཉམས་མྱོང་། བརྩེ་དུང་། སྐད་ཆ།

དེ་སྔ《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་སྤེལ་བའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་གྱི་བརྩམས་ཆོས《ལྷམ་ཆུང》ནི་རང་ཉིད་ལ་མཚོན་ན་བག་ཆགས་ཆེས་གཏིང་ཟབ་པ་དེ་དང་།མྱོང་རོལ་གྱི་བློ་སེམས་ཅིག་ཅར་འཕྲོག་ཐུབ་པའི་བརྩམས་ཆོས་ཤིག་ཏུ་སྣང་།རྒྱུ་མཚན་ནི་སྒྲུང་གཏམ་དེར་མངོན་པའི་ཕུན་ཚོགས་ཀྱིས་བསམ་གཞིག་གི་ཀློང་དུ་བརྫངས་ཐུབ་པའི་ཁྱད་ཆོས་ཏེ།རྩོམ་པ་པོས་བརྗོད་འདོད་ཀྱི་དགོས་དབང་ཞིག་གིས་རང་གི་མྱོང་བ་ཞིག་གམ་བསམ་པའི་ཀློང་དུ་ནམ་ཡང་རྒྱུ་བཞིན་པའི་སེམས་ཚོར་ཟབ་མོ་དེ་རྩོམ་དུ་བཀོད་ཡོད་པས། འདིར《ལྷམ་ཆུང》དང་སྦྱར་ནས་རྩོམ་རིག་གི་མྱོང་ཚོར་ཙམ་ཞིག་གླེང་བར་བྱ།

གཅིག རྩོམ་རིག་གི་བདེན་པའི་རང་བཞིན།

རྩོམ་རིག་གི་བདེན་པའི་རང་བཞིན་དེ་བརྩམས་ཆོས་ཁྲོད་ཀྱི་མི་གཤིས་ཀྱི་བདེན་པ་དང་ཁོར་ཡུག་གི་བདེན་པ་ལས་མངོན་ཡོད་པར་མ་ཟད།ལྷག་ཏུ་རྩོམ་པ་པོ་རང་སྟེང་གི་རྩོམ་ལ་འཇུག་པའི་ཟོལ་མེད་ཀྱི་རྣམ་འགྱུར་དུ་མངོན་ཡོད། སྒྲུང་གཏམ་གྱིས་ཐོག་མཐའ་བར་གསུམ་དུ་ལྷམ་ཆུང་གཡར་ནས་རྒྱ་མཚོའི་འཚོ་བའི་ཟུར་ཞིག་གམ་ཡང་ན་རྩོམ་པ་པོའི་ཚོར་བའི་ཟུར་ཞིག་ང་ཚོའི་མིག་མདུན་དུ་བཀྲམ་པ་ཞིག་དང་། མི་ཡི་རང་སྣང་འཇིག་རྟེན་ལ་འཚོལ་རྟོག་དང་སྔོག་འདོན་དེ་དམིགས་སུ་བཟུང་ནས། མིའི་ཕྱིའི་དངོས་ཡོད་ཀྱིས་བསྐྱེད་པའི་སེམས་ཀྱི་མྱོང་བ་དང་། ཚོར་སྣང་དང་ཕྱིར་རྟོག་ལ་མཐོང་ཆེན་མཛད་ཅིང་གཙོ་བོར་བཏོན་ཡོད། མིའི་བག་ཉལ་གྱི་འདུ་ཤེས་དང་འདུ་ཤེས་མོད་པའི་ཟབ་སར་ཞུགས་ནས་མིའི་ནང་སེམས་ཀྱི་ཚོར་བ་ལ་རྟོག་འཇུག་བྱས་ཡོད། བརྩམས་ཆོས་འདི་ལྟ་བུ་ལ་མཚོན་ན། རྩོམ་རིག་གི་ཁེ་ཕན་རང་བཞིན་གྱི་མིག་དབང་སྤྱད་ཚེ་རྩོམ་གྱི་མཛེས་པའི་ཆ་དེ་མཐོང་བར་དཀའ། རྒྱུ་མཚན་ནི་ཁོས་རང་གི་ལྟ་བའམ་མྱོང་ཚོར་རྐྱང་བ་ཞིག་བརྗོད་ཡོད་པས།འདིའི་སྟེང་ནས་རྩོམ་རིག་གིས་མི་སེམས་ལ་འཇུག་པའི་རིན་ཐང་གི་ཆ་དང་བདེན་པའི་རང་བཞིན་གྱི་མཁའ་དབུགས་སྟུག་པོ་ཞིག་བསྐྲུན་འདུག་ལ། མིའི་ནང་སེམས་ཀྱི་མི་གཤིས་ལ་སྙེག་པའི་མིག་དབང་སྤྱད་ན་འགྲིག

རྩོམ་རིག་བརྩམས་ཆོས་ཡག་ཤོས་ཤིག་ལ་མཚོན་ན། མི་སྣའི་སེམས་ཁམས་ཀྱི་འགྱུར་བ་ཞིག་ངེས་པར་དུ་མཁོ། རྩོམ་པ་པོས་དྲང་ཕྱོགས་ནས་ཡ་རབས་ཀྱི་སེམས་ཁམས་དང་སྤྲོ་བའི་སེམས་ཁམས་བརྗོད་ཆོག་ལ། ལྡོག་ཕྱོགས་ཀྱི་འགལ་འདུའི་སེམས་ཁམས་དང་གསང་བའི་སེམས་ཁམས་སོགས་ཀྱང་མངོན་ཆོག རྩོམ་དུ་སེམས་གཅོང་གིས་ཁེངས་ཤིང་ཁེར་རྐྱང་ལ་གོམས་པའི་བྱིས་པ་ཞིག་གི་སེམས་ཁམས་ཞིབ་འབྲི་བྱས་ཡོད་དེ། དཔེར་ན། གདོང་ན་དགའ་སྤྲོའི་འཛུམས་མདངས་ཕར་ཞོག སྡུག་འདོམ་པ་གང་གིས་ཉི་མ་སྤྲིན་གྱིས་བསྒྲིབས་པ་བཞིན་དང་། རྒྱ་མཚོ་གཅིག་པུ་སློབ་གྲྭའི་རྒྱབ་ལོགས་སུ་ཡོད་པའི་རྐང་ལམ་དེད་དེ་རྣང་ཞིང་གི་ཕྱོགས་སུ་འགྲོ་བ། ལྷམ་ཕུད་རྗེས་མལ་ཁང་དུ་ལོག་སྟེ་ཐད་ཀར་མལ་ཐུལ་ནང་དུ་འཛུལ་བྱུང་བ་སོགས་ཀྱི་ཆ་ནས་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་ལྷུག་པོར་བརྗོད་ཡོད།

དེ་བས། སྒྲུང་གཏམ་འབྲི་མཁན་ཞིག་ལ་མཚོན་ནས་བརྗོད་ན། དེར་མཁོ་བའི་ཉམས་མྱོང་ནི་བྱེ་བྲག་ཅན་ཞིག་དང་དངོས་གནས་ཅན་ཞིག འབྲེལ་ཆགས་ཅན་ཞིག་ཅིས་ཀྱང་ཡིན་དགོས། འདི་ལྟའི་ཉམས་མྱོང་ཅན་གྱིས་ནི་ནཱ་ཕོ་ལོན་གྱི་ཆུང་ལ་ཚོན་པོ་ཡིན་པའི་ལག་པ་ཞིབ་འབྲི་བྱེད་ཐུབ་ལ་འཕགས་མ་ལྷ་ཁང་གི་ཆུ་ཚོད་ཆེན་པོ་དེའང་འབྲི་ཐུབ། ཐ་ན་ཉམ་ཆུང་བའི་འབུ་སྦྲང་ཞིག་འཁོར་སྒམ་གྱི་དྲ་མའི་ངོས་སུ་གྲང་བར་དོགས་པའི་གཤོག་སྒྲོའི་རྣམ་པ་སོགས་ཕྲ་རབ་ཀྱི་རྣམ་པ་དེ་ཀློག་པ་པོའི་མིག་མདུན་དུ་མངོན་ཐུབ་པར་མ་ཟད། འཕར་ཆག་ཆེ་བའི་དོན་དག་ཅིག་གི་བརྒྱུད་རིམ་ཡང་རྩོམ་དུ་འབྲི་ཐུབ། དེས་ཀློག་པ་པོའི་བློ་ངོར་ཁོར་ཡུག་ཅིག་དང་ཤ་ཁྲག་གདོས་བཅས་ཀྱི་མི་བུ་ཞིག བྱ་དངོས་ཞིག་གི་དར་རྒྱས་ནས་ཉམས་རྒུད་ཀྱི་བྱེ་བྲག་གི་རྣམ་པ་སོ་སོ་འགོད་པར་ནུས། ཏག་ཏག《ལྷམ་ཆུང》ལ་བལྟས་རྗེས། རྩོམ་མཁན་གྱི་དྲན་པའི་ངོས་སུ་རྒྱུ་ཆ་འབོར་ཆེན་ཞིག་གསོག་ཡོད་པ་དང་། རང་རྣམ་གྱི་ངོ་བོར་གཏོགས་པའི་རྩོམ་གྱི་མཁའ་དབུགས་ཤིག་མྱོང་ཐུབ། རྩོམ་པ་པོས་རང་གི་འཚོ་བའི་གྲུབ་ཆའམ་བརྒྱུད་རིམ་དེ་རྩོམ་དུ་འགོད་ཐུབ་པ་དེ་ནི་རྩོམ་འདིའི་ཡོན་ཏན་རེད། འདི་ནི་སྒྲུང་གཏམ་གྱི་ཡོན་ཏན་ཡང་རེད། ནང་སེམས་ལ་རྟོག་འཇུག་ཐུབ་པའི་བརྩམས་ཆོས་ཀྱི་ཟབ་ཚད་གང་འདྲ་ཡིན་རུང་། དེས་ནང་སེམས་མངོན་པའི་མི་སྣ་དེ་གནས་སྐབས་སུ་ཞིབ་ཏུ་འབྲི་བར་བསྒྱུར་ཐུབ། 《ལྷམ་ཆུང》ཀློག་དུས་བལྟས་ཚོད་ཀྱིས་རྒྱ་མཚོའི་གཏམ་རྒྱུད་སྦྱར་ཡོད་པ་ཞིག་ཏུ་སྣང་མོད། དོན་དུ་ཚད་ཅུང་མཐོན་པོའི་སྒོ་ནས་རྩོམ་པ་པོ་རང་སྟེང་གི་གཏམ་རྒྱུད་དམ་སེམས་ཚོར་དུ་བཀྲམ་འདུག སྒྲུང་གཏམ་དུ་ཚད་རིམ་ངེས་ཅན་ཞིག་གི་ནང་དུ་ཞིབ་འབྲི་བྱེད་མཁན་དེ་གཏམ་རྒྱུད་ཁྲོད་དུ་མི་སྣ་དང་གྱེས་ཆོག་ལ། ཡིབ་སྦས་བྱས་པའི་རྩོམ་པ་པོ་དེ་ཡང་ཀློག་པ་པོ་དང་རིང་དུ་བཀྱེད་ཆོག་པས།《ལྷམ་ཆུང》གི་རྩོམ་པ་པོས་ལྷམ་ཆུང་དང་རྒྱ་མཚོ། རྩོམ་མཁན་རང་ཉིད་སོགས་མཐོང་སྣེ་སྣ་འགའ་གཞིར་བྱས་ཏེ། མི་སྣ་དེ་རྒྱང་ནས་ཉེ་སར་དྲུད་པའི་ཁྱབ་ཁོངས་ཀྱི་འགྱུར་བ་ཞིག་ཀྱང་བསྐྲུན་འདུག སྒྲུང་གཏམ་གྱི་བདེན་པའི་རང་བཞིན་གྱི་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན། བདེན་པའི་རང་བཞིན་དེ་ཚོར་ཤེས་དང་རྗེས་དཔག་གཉིས་ཕྱོགས་གཅིག་ཏུ་འདྲེས་བཞིན་པར་ཁ་ཕྱོགས་ཡོད་པ་རེད། ཚའོ་ཝུན་ཞོན་གྱིས་ཀྱང་སྒྲུང་གཏམ་འབྲི་མཁན་ཞིག་གི་རང་གི་ཚོར་བ་ཟབ་མོ་དེ་ནི་ནམ་ཡང་ཆེས་གལ་ཆེ་བ་རེད་ཅེས་བརྗོད་བཞིན་ཡོད་ལ། དེ་ལྟའི་ཚོར་བས་སྨྱུག་འོག་གི་འཚོ་བ་དེ་ཕུན་སུམ་ཚོགས་པར་འགོད་ཐུབ་ལ་རྩོམ་དུ་བསམ་བློ་ཡང་ཕྱུག་པོར་འགྱུར་བས། ཕུན་ཚོགས་ཀྱི་འཚོ་བས་དངོས་ཡོད་ཀྱི་དོན་སྙིང་ལྡན་པའི་འཚོ་བ་ཞིབ་འབྲི་ཐུབ་ཅིང་། བསམ་བློའི་ཁྱབ་རྒྱ་ཟབ་པའི་སྒྲུང་གཏམ་གྱིས་སྒྲུང་གཏམ་དེ་འཚོ་བའི་ཁེ་ཕན་ལ་བསྙེགས་པ་ཅན་ལས་འདའ་འགོངས་བྱེད་ཐུབ། སྒྲུང་གཏམ་གྱི་དོན་དངོས་རང་བཞིན་གྱི་འཚོལ་སྙེག་ནི་སྒྲུང་གཏམ་གྱི་སྒྱུ་རྩལ་ལ་འཇུག་པ་དང་སྒྱུ་རྩལ་གྱི་ཁམས་བསྐྲུན་པར་ཕན་ཁེ་ཅིས་ཀྱང་འབྲེལ་བ་ཟབ་མོ་ཡོད།

གཉིས། རྩོམ་རིག་གི་སྐད་ཆ།

སྤྱིར་བཏང་སྒྲུང་གཏམ་ཞིག་ལ་མཚོན་ན། བདེན་ཐུབ་ཀྱི་ཆ་དེ་ནི་གཙོ་བོར་འཛིན་པ་ཅན་ཞིག་ཡིན་ལ། བདེན་ཐུབ་ཀྱི་ཆ་དེ་གཙོ་བོ་རྩོམ་གྱི་སྐད་ཆའི་སྟེང་དུ་བབས་འདུག 《ལྷམ་ཆུང》དུ་རྒྱ་མཚོ་སྟེ་བྱིས་པ་ཆུང་ཆུང་ཞིག་གི་མཐོང་སྣེ་སྤྱད་དེ་མི་གཤིས་ཀྱི་ངོས་ནས་བསམ་གཞིག་བྱེད་པ་དང་མི་སེམས་ལ་སྙོབས་པར་རྩོལ་བཞིན་པས། མི་འབྲི་དུས་མིའི་མཐར་ཐུག་ལ་སྙོབས་ཐུབ་པའི་བསམ་བློའི་སྐྱོང་བ་གཙོར་བཟུང་ཡོད་ཅིང་། རྩོམ་གྱི་མི་སྣ་གཙོ་བོ་བྱིས་པ་ཞིག་ཡིན་རུང་དེའི་སྟེང་དུ་མི་གཤིས་ཀྱི་མཛེས་པའམ་མི་ཇུས་རིང་ལུགས་ཀྱི་མི་ཇུས་སེམས་ཁུར་ཞིག་མཐོང་ཐུབ། སྐད་ཆ་ཡང་ཁོའི་ལོ་ཚོད་དང་རན་པོ་ཡོད་པར་རྩོམ་པ་པོས་གཟས་ནས་རྩོམ་དུ་འགྲེལ་བཤད་བྱེད་པ་བཀག་ནས། ཕྱི་རོལ་ཡུལ་གྱི་རྣམ་པ་ཞིབ་འབྲི་བྱས་པ་བརྒྱུད་དེ།རང་གི་བརྗོད་པར་འདོད་པའི་སྐད་ཆའམ་ཚོར་བ་དེ་སྐད་ཆའི་ལོགས་སུ་ཡིབ་པར་བྱས་འདུག

དེ་ཆི་ཁོ་ཧྥུས་རྟ་རྐུན་ཞིག་ཞིབ་འབྲི་བྱེད་དུས་རྟ་རྐུ་བ་དེ་དོན་དག་ངན་པ་ཞིག་ཡིན་པ་འགྲེལ་བཤད་མི་བྱེད་པར། དེ་ཀློག་པ་པོར་རང་ཉམས་ཀྱིས་མྱོང་དུ་འཇུག་དགོས་ལ། རྩོམ་པ་པོའི་ལས་ཀ་ནི་ཁོ་ཚོ་མི་ཅི་ལྟ་བུ་ཞིག་ཡིན་པ་ཞིབ་འབྲི་བྱེད་པ་དེ་རེད་ཟེར་བ་དང་ཁ་འཕྲོད་འདུག་པས། འདིས་སྒྲུང་གཏམ་འདི་ལ་བལྟས་ཚོད་ཀྱིས་རང་བྱུང་གི་དྲི་མ་ཞིག་སྦྱིན་ཐུབ་ཡོད། བྱེད་ཐབས་འདི་ལྟ་བུས་སྒྲུང་གཏམ་གྱི་བསམ་པའི་རྣམ་པ(精神形式)ཆགས་ཡོད།

རྩོམ་དུ་མངོན་པའི་མི་སྣ་ནི་སྣ་མང་ཅན་དང་གཤིས་ཀ་མི་འདྲ་བ་མང་པོ་ཞིག་གིས་གྲུབ་ཡོད་པས། མི་སྣའི་སྐད་ཆའི་ཆ་ནས་ཀྱང་རྣམ་པ་མི་འདྲ་བ་མང་པོ་ཞིག་ཆགས་ཡོད་ངེས། དེ་ཡང་རིགས་བགྲེས་བྱས་ན་ཁ་སྐད་རང་བཞིན་དང་རང་གཤིས་ཅན་གཉིས་ལས་མ་འདས། འདི་ནས་བརྗོད་པའི་ཁ་སྐད་རང་བཞིན་ཅན་དེ་ཡིག་སྐད་དང་སྦྲགས་ནས་དཔྱད་པ་ཞིག་རེད། འཚོ་བའི་ཁྲོད་དུ་ལས་སྣ་རྣམ་པ་སྣ་ཚོགས་ལ་འཇུག་པའི་མི་ཡོད་པས། ཁོ་ཚོས་བཤད་ཀྱིན་པའི་སྐད་ཆར་ཡང་ཁྱད་པར་ཅུང་ཙམ་ཡོད་དེ། རོང་འབྲོག་མང་ཚོགས་སམ་ཡིག་རྨོངས་པའི་སྐད་ཆར་ཡུལ་སྐད་དང་ལུང་སྐད་ཀྱི་ཤས་ཆེ་ཞིང་།དཔེ་ཆ་པ་དང་རིག་གནས་པར་མཚོན་ན་ཡིག་སྐད་དང་གཞུང་ལུགས་ཀྱི་སྐད་ཆ་དེ་མང་ཙམ་བརྗོད་པ་རེད།

སྤྱིར་ང་ཚོས་རྒྱུན་པར་མྱོང་རོལ་བྱེད་ཀྱིན་པའི་སྒྲུང་གཏམ་དུ་ཡང་མི་སྣ་འདི་དག་ནི་ཡལ་མ་མྱོང་བས། རྩོམ་པ་པོའི་སྐད་ཆ་ནི་བརྩམས་ཆོས་ནང་གི་མི་སྣའི་སྐད་ཆའི་ཚབ་བྱེད་ཡིན་པ་དང་།ཞིབ་འབྲི་པའི་ཡིག་ཐོག་གི་སྐད་ཆ་དེ་ཡང་མི་སྣའི་ཁ་སྐད་དང་མཐུན་དགོས།ཁ་སྐད་རང་བཞིན་ཅན་ནི་བརྩམས་ཆོས་ནང་གི་མི་སྣའི་སྐད་ཆ་འབྲི་བའི་ཆེས་གཞི་རྩའི་ཆ་རྐྱེན་ཡིན་པ་དང་། ཚད་གཞི་དེ་ལ་ཐོན་པར་སྤྱིར་བཏང་དུ་དཀའ་ལས་ཅུང་ཟད་ཡོད་ངེས། རིག་གནས་པ་དང་ཧེ་བག་ཆེན་པོ་ཡོད་པའི་རོང་འབྲོག་མང་ཚོགས་སམ་ཡང་ན་ཡིག་རྨོངས་པའི་སྐད་ཆ་འབྲི་དུས་ལྷག་ཏུ་ཁ་སྐད་རང་བཞིན་ལ་དོ་སྣང་བྱེད་དགོས་ཏེ། རིག་གནས་དང་གཞུང་ལུགས་ཀྱི་སྐད་ཆར་གཞོལ་ནས་མི་སྣའི་ཐོབ་ཐང་དང་མཐུན་པའི་ཁ་སྐད་སྤྱོད་པ་དང་། མི་སྣ་མི་འདྲ་བའི་སྐད་ཆ་རེ་རེས་དེའི་བསམ་བློ་མངོན་ཡོད་པར་མ་ཟད་ནམ་རྒྱུན་གྱི་འཚོ་བའི་སྣང་ཚུལ་ཞིག་ཀྱང་མཚོན་པར་འདུག་པས། རྩོམ་པ་པོས་མི་སྣའི་ཁ་སྐད་རང་བཞིན་ཅན་ལ་དོ་སྣང་བྱེད་པའི་མུར། མི་སྣའི་སྐད་ཆ་དེ་གསོན་ཉམས་ལྡན་ཞིང་གནད་ལ་ཁེལ་བ་ཅན་གྱིས་བརྗོད་དོན་འབུར་དུ་ཐོན་པ་དང་སྒྱུ་རྩལ་གྱི་མཛེས་སྣང་ཞིག་མངོན་པར་བྱེད་དགོས།སྒྲུང་གཏམ་གྱི་མི་སྣའི་སྐད་ཆ་དེ་ནི་སྙན་ཚིག་ཅན་གྱིས་མཚོན་མི་དགོས་ལ། ཟློས་གར་ཅན་དུ་ཡང་འགྱུར་མི་དགོས་པར། ཚད་རིམ་མཐོན་པོའི་འཚོ་བ་ཅན་དུ་བྱེད་དགོས་པས་ན།སྙན་ངག་དང་ཟློས་གར་ལས་ལྷག་ཏུ་རང་གཤིས་ཅན་དུ་ཐོན་སླ། མི་སྣའི་སྐད་ཆའི་རང་གཤིས་ཅན་ནི་མི་སྣ་དེས་བརྗོད་པའི་སྐད་ཆ་དེ་མི་སྣའི་ཐོབ་ཐང་དང་ལོ་ཚོད། བསམ་བློ་དང་གཤིས་ཀ་སོགས་དང་མཐུན་པར། མི་སྣ་ཅི་ལྟ་བུ་ཞིག་གིས་སྐད་ཆ་ཅི་ལྟ་བུ་ཞིག་བཤད་པ་དེ་རེད། མི་སྣའི་ཁ་བརྡ་འབྲི་བར་དངོས་ཡོད་འཚོ་བར་ཆ་རྒྱུས་ཡོད་པ་ཁོ་ནས་མི་ཆོག་པར།མི་སྣའི་གཤིས་ཀ་དང་གནས་ཚུལ་ལ་གཞིག་དགོས་ཤིང་།སྒྱུ་རྩལ་གྱི་འཇིག་རྟེན་གསར་བཞེངས་བྱེད་པའི་གོ་རིམ་ཁྲོད་དུ་ཞུགས་ནས་སེམས་ཞིབ་མོ་རྣལ་ལ་ཕབ་སྟེ་འཚོལ་དཔྱོད་བྱེད་དགོས་པ་རེད།

འཇིག་རྟེན་བྱ་དངོས་ལ་དྲི་མས་མ་གོས་པ་ཞིག་མེད་པ་ནང་བཞིན། སྒྲུང་གཏམ་གྱི་སྐད་ཆར་མི་འདང་ས་ཞིག་ཡོད་པ་ནི།རྩོམ་མཁན་ཞིག་ལ་མཚོན་ན་རྩོམ་འབྲི་དུས་ངེས་པར་དུ་བབ་ཆགས་དང་དོན་དངོས། རང་བྱུང་གི་ཡོན་ཏན་འདུ་དགོས་ལ། སེམས་པ་གཅིག་མཐུན་གྱི་བསམ་པའི་རིན་ཐང་བསྐྲུན་པ་ཅན་ཞིག་ཡིན་པས། འཁྲབ་སྟོན་གྱི་ཆ་དང་རིང་དུ་བཀྱེད་དགོས།《ལྷམ་ཆུང》གིས་འདིའི་ཕྱོགས་ཀྱི་ཡོན་ཏན་ལྷུར་ལེན་བྱས་ཡོད་ཀྱང་།ཏག་ཏག་ཞིབ་འབྲི་བྱེད་དུས་སྐད་ཆའི་འདེམ་སྒྲུག་དང་ནང་སེམས་ལ་འཇུག་པའི་སྒྲུང་གཏམ་གྱི་སྐད་ཆའི་སྒྱུ་རྩལ་གྱི་ཆ་ནས་དང་དོད་བྱས་པ་ཅུང་ཉུང་འདུག རྒྱུ་མཚན་ནི་སྒྲུང་གཏམ་དུ་མི་སྣའི་ཁ་བརྡ་ལ་འཚོ་བའི་སྐད་ཆ་འབྲི་ཐུབ་མེད་པ་སོགས་ཀྱི་མི་འདང་བའི་ཆ་ལྡན་པས། དེས་རྩོམ་གྱི་སྐད་ཆའི་སྒྱུ་རྩལ་གྱི་བཟང་བའི་ཡོན་ཏན་གྱི་ཆ་དེ་མར་ཅུང་དྲུད་ཡོད།

གསུམ། མི་སྣའི་གཤིས་ཀ་འབྲི་བཞེངས།

གཤིས་ཀ་ནི་ཆོ་མེད་ཅིག་མ་ཡིན་པར་དེ་ངེས་པར་དུ་མི་བུ་ཞིག་གིས་བྱ་དངོས་གང་ཞིག་གི་ཁྲོད་དུ་བྱས་པའི་འགུལ་སྐྱོད་དང་འགུལ་སྐྱོད་དེ་དག་ལས་ཕྱིར་མངོན་པ་ཞིག་ཡིན་ལ། གཤིས་ཀ་འབྲི་དུས་གཏམ་རྒྱུད་ཅིག་ལ་ངེས་པར་དུ་འཁེན་དགོས། ཡང་དེ་གཏམ་རྒྱུད་གཙོར་བཟུང་ནས་འབྲི་བའི་སྒྲུང་གཏམ་དང་མི་འདྲ་སྟེ། མི་སྣའི་གཤིས་ཀ་མངོན་གསལ་གྱིས་མཚོན་པའི་སྒྲུང་གཏམ་དུ་གཏམ་རྒྱུད་འགོད་དུས་གཏམ་རྒྱུད་དེ་མི་སྣའི་གཤིས་ཀ་ལ་ཞབས་འདེགས་ཞུ་རུ་འཇུག་རྒྱུ་ལས། གཏམ་རྒྱུད་ནི་རྩོམ་པ་པོའི་གཞི་འཛིན་ས་གཙོ་བོ་དེ་མ་ཡིན་པར། ཁོས་མི་སྣའི་གཤིས་ཀ་དེ་དང་ཁ་འཕྲོད་པའི་གཏམ་རྒྱུད་རེ་གདམ་གསེས་བྱས་ཏེ་གཤིས་ཀ་དེ་འབུར་ཐོན་ཅན་དུ་ཕྱིར་མངོན་དགོས་པར་མ་ཟད།མི་སྣ་གཙོ་བོའི་སྣང་བརྙན་དེ་གཏམ་རྒྱུད་རང་བཞིན་ཅན་ཞིག་མིན་པར་དངོས་ཡོད་ཀྱི་མི་ངོ་མ་ཞིག་དང་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་གྲུབ་གཟུགས་ཤིག་ཡིན། རྒྱའི་རྩོམ་རིག་པ་གྲགས་ཅན་མའོ་ཏུན་ནས་ཀྱང“སྒྲུང་གཏམ་ལེགས་པོ་ཞིག་འབྲི་ཚེ། ཆེད་དུ་བྱུང་རིམ་གྱི་སྒྲིག་གཞི་ཁོ་ན་ནས་བསམ་བློ་གཏོང་བ་ནི་མི་ཡོང་བར།གཙོ་བོ་མི་སྣ་དང་རྒྱབ་ལྗོངས་ནས་འདང་བརྒྱག་དགོས།བྱུང་རིམ་གྱི་རྣམ་པ་ཅན་དེ་ལ་ཚད་བཀག་ཡོད་དེ།བརྩེ་དུང་འབྲི་བ་ཅན་ཞིག་ལ་མཚོན་ན་ཕོ་མོ་གཉིས་སམ་ཡང་ན་ཕོ་མོ་མང་པོ་ཞིག་གི་བརྩེ་དུང་དེ་མཐའ་མར་དགའ་སྐྱོ་གཉིས་ལས་མ་འདས་པས།ཕྱོགས་གང་ནས་བལྟས་ཀྱང་དེ་འདྲ་མིན་པར་མི་སྲིད།ཀློག་པ་པོར་ཀློག་འདོད་སྐྱེས་པ་དེ་ཡང་ཁོ་ཚོའི་ནང་སེམས་ཀྱི་འགལ་བ་དང་གཤིས་ཀའི་འཕེལ་རིམ་ཡིན་པ་ལས། འགྲིག་ལ་ཁད་དང་ཐོར་ལ་ཁད་གྱི་རྨི་ལམ་ལྟ་བུའི་བྱུང་རིམ་དེ་ནི་གཏན་ནས་མ་ཡིན”ཞེས་བརྗོད་འདུག་པས། དེ་ལྟར་བྱས་ཚེ་བརྩམས་ཆོས་དེ་རྩོམ་རིག་གི་གཏིང་ཟབ་སར་བསྐྱོད་ཡོད་པ་དང་མིའི་རིག་པ་ཡིན་ཞེས་བརྗོད་ཆོག་ཆོག་ཡིན་ལ། རྩོམ་མཁན་གྱིས་ཀྱང་སྒྱུ་རྩལ་ངོ་མ་བོ་དེ་གསར་རྙེད་ཐུབ་པ་རེད།

གཤིས་ཀ་དེ་ཡང་ཕན་ཚུན་དང་སྔ་གཞུག་ཏུ་འགྱུར་ལྡོག་འགྲོ་བར་སྲིད་པའི་ཉིས་ཟློས་མཉམ་སྡེབ་ཅན(二重组合)གྱི་འགུལ་སྐྱོད་ཅིག་ཡིན་པས།《ལྷམ་ཆུང》དུ་གཤིས་ཀ་དེ་ཡང་མི་སྣ་རང་སྟེང་གི་བསམ་བློར་འདོད་དེ།ཕྱིའི་བཀག་རྒྱ་དང་ནང་སེམས་ཀྱི་འབོད་པ་གཉིས་བར་གྱི་འགལ་བ་ཞིག་ཆགས་པས་ན།མི་སྣའི་གཤིས་ཀ་དེ་འཛོམས་པོ་ཅན་ཞིག་དང་བར་སྟོང་གི་འཚོ་བ་ཅན་ལ་ཕྱོགས་བཞིན་ཡོད་ལ།གཤིས་ཀ་འབྲི་བཞེངས་བྱས་པ་འཁྱོངས་ཡོད་མེད་གང་ཡིན་རུང་རྩོམ་རིག་དེ་མིའི་ངོས་འཛིན་གྱི་ཐད་ནས་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད་པ་མཐོང་ཐུབ། རྒྱ་མཚོའི་རྩོམ་ཧྲིལ་པོོའི་སེམས་གཅོང་ནས་ཆེས་མཐའ་མའི་ལོ་གསར་རྒད་པོ་བསུ་བའི་རྨི་ལམ། ལྷམ་སོ་མ་གོན་ནས་ཞིང་གྲོང་གི་སྲང་ལམ་ཐམས་ཅད་དང་སློབ་གྲྭའི་གྲུ་ཟུར་གང་རུང་དུ་གོམ་པ་བཞག་ན་འདོད་པའི་སེམས་ཁམས།ད་དུང་ལྷམ་སོ་མ་གོན་ནས་བྱ་ལས་མང་པོ་ཞིག་སྒྲུབ་པའི་འདོད་བློ་གང་མང་ཞིག་གིས་རྒྱ་མཚོའི་གཤིས་ཀ་ནི་དུས་ཚོད་ཀྱི་འཚོ་བ་ནས་ཐོད་བརྒལ་བྱས་ཏེ།བར་སྟོང་གི་འཚོ་བའམ(空间)ལྷག་ཏུ་རིན་ཐང་གི་འཚོ་བར(价值生活)བསྐྱོད་པར་བརྩོན་བཞིན་ཡོད།

མདོར་ན། བོད་ལ་རྩོམ་རིག་གསར་པ་དར་འཕྱི་བ་དང་། སྲོལ་རྒྱུན་སྒྲུང་གཏམ་དང་སྒྲུང་གཏམ་གསར་པའི་སྒྱུ་རྩལ་གྱི་ངོ་བོའི་བར་ཐག་ཤིན་ཏུ་རིང་བས། རྩོམ་པ་པོ་དང་ཀློག་པ་པོ་གང་ཞིག་ཡིན་རུང་སྒྱུ་རྩལ་གྱི་བློ་སྦྱོང་དེ་གཞན་སྟོབས་ཀྱིས་མ་ཐོབ་པ་སོགས་ཀྱིས་གསར་རྩོམ་དང་མྱོང་རོལ་གྱི་ཆུ་ཚད་དེ་ཧ་ཅང་ཉམ་ཆུང་བར་ཡོད་ལ།སྤྱི་ཚོགས་ཀྱི་གནད་དོན་གང་ཞིག་རྩོམ་ནང་འདྲེན་པ་དང་དེར་དགའ་བ་ལས། བྱུང་རིམ་དང་བཀོད་འབྲི། མི་སྣའི་སྣང་བརྙན་སོགས་སྒྱུ་རྩལ་གྱི་ཆ་ལ་དེ་འདྲའི་དོ་སྣང་མི་བྱེད་པ་རེད། སྤྱིར་སྒྲུང་གཏམ་ཞིག་ལ་བསམ་བློའི་བསྟན་དོན་ཡོད་པར་མ་ཟད། འཚོ་བའི་རྫུ་ངད་ཆེས་ཆེར་ལྡན་དགོས་པ་ཞིག་ཡིན་པ་དང་ཅི་ཞིག་འབྲི་བ་ལས་ཇི་ལྟར་འབྲི་བ་གཙོ་ཞིང་། སྒྱུ་རྩལ་གྱི་སྣང་བརྙན་གྱི་སྒོ་ནས་རང་མཚན་གྱིས་མཚོན་དགོས་པ་བཅས་གལ་ཤིན་ཏུ་ཆེ་བས། རྩོམ་པ་པོར་མཚོན་ན་འཚོ་བའི་ཉམས་མྱོང་མང་པོ་ཞིག་དགོས་ལ་འཚོ་བའི་ཁྲོད་དུ་ཡོད་པའི་རིན་ཐང་ཅན་དང་དོན་སྙིང་ཡོད་པའི་ཆ་དེ་མཐོང་དགོས་པ་དང་སྒྱུ་རྩལ་གྱི་འཕྲི་སྣོན་ཐད་ནས་ཀྱང་བྱང་ཆ་ཡོད་དགོས་པ་ནི་ཐོག་མའི་སྔོན་འགྲོ་ཡིན་ནོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།