མཁས་དབང་དགེ་འདུན་ཆོས་འཕེལ་གྱི《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི》རིན་ཐང་རགས་ཙམ་བརྗོད་པ།

157.jpg

དུས་རབས་ཉི་ཤུ་པའི་སྟོད་དུ་བྱོན་པའི་མཁས་མང་འདུས་པ་རྒྱ་མཚོའི་གཙུག་རྒྱན་མདོ་སྨད་པ་དགེ་འདུན་ཆོས་འཕེལ་མཆོག་གི་འགྲན་ཟླ་མེད་པའི་རྣམ་དཔྱོད་དང་ཤེས་རབ་ཆེན་པོའི་ཉིང་ཁུ་ལས་འཁྲུངས་པའི་བསྟན་བཅོས་གང་ལའང་གཞན་དང་ཐུན་མོང་མ་ཡིན་ཞིང་གཞན་ལས་ཁྱད་དུ་འཕགས་པའི་རིན་ཐང་རེ་རེ་བདོག་པར་མ་ཟད།སོ་སོར་བརྗོད་བྱའི་དོན་གྱི་ཟབ་གསལ་ཟླ་མེད་པ་དེ་དང་རྗོད་བྱེད་ཚིག་གི་སྙན་འཇེབས་བློ་ལྡན་སྐྱེ་བོའི་ཡིད་ཀྱི་དང་བ་འདྲེན་པར་བྱེད་ནུས་པ་དེ་འདྲ་མངའ་བ་ལགས་པས།འདི་ལ་ལྟོས་པས་འདི་ལེགས་འདི་མཆོག་དེ་དམན་དེ་ཞན་ཞེས་བློ་དམན་ཕྲན་ལྟ་བུ་ཞིག་གིས་རྣམ་དབྱེ་འབྱེད་མི་ནུས་པ་དེ་ལྟར་ལགས་མོད། ཤེས་ཚོད་ཙམ་ཞུས་ན།མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་པོད་པར་དུ་བསྐྲུན་ཟིན་པ་དག་ལས་གཞན་གྱིས་ཚབ་བྱེད་མི་ཐུབ་ཅིང་ཤིན་ཏུ་རྩ་ཆེ་བའི་བསྟན་བཅོས་ལྔ་ཡོད་དེ།ལོ་རྒྱུས་སྐོར་ཀྱི《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》དང་། ལྟ་བའི་སྐོར་གྱི《དབུ་མའི་ཟབ་གནད་སྙིང་པོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན》དང་།  ཟིན་ཐོའམ་ཁ་བརྡའི་སྐོར་གྱི《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》དང་། ལོ་ཙཱའི་སྐོར་གྱི《རྒྱ་དཔེ་དུ་མའི་ཚིགས་བཅད་ཕྱོགས་བསྡུས་བྱས་པ་ལེགས་སྦྱར་བང་མཛོད》དང《ཆོས་ཀྱི་ཚིགས་སུ་བཅད་པ》འདི་ལྔ་པོ་ཡིན་ལ།འདི་ལྔ་པོ་ནི་མཁས་དབང་དགེ་ཆོས་ཀྱི་གསུང་འབུམ་ལས་འོ་མའི་ནང་གི་མར་ལྟ་བུ་དེ་ཡིན་པར་མངོན།

158.jpg

དེ་ན་འདི་དག་ལས་ཀུན་ལ་རླུང་ལྟར་གྲགས་པ་ནི་སྔ་མ་གཉིས་ཡིན་ལ།ཕྱི་མ་གསུམ་ལ་དོ་སྣང་སླེབས་པ་ལྟོས་བཅས་ཀྱིས་ཤུགས་ཧ་ཅང་ཆུང་ལ་དེར་སོ་སོར་རྒྱུ་མཚན་ཡང་མཆིས་མོད་སྐབས་སུ་མ་བབས་པས་བསྐྱུངས།དེ་ན་གུས་པས་ཐེངས་འདིར《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》འདི་དཔྱད་གཞིར་བདམས་པའི་དམིགས་ཡུལ་དང་དོན་སྙིང་ནི།(1).གཏམ་རྒྱུད་གསེར་ཐང་ནི་འཕྲིན་ལས་གཞན་ལྟར་རྒྱས་མ་ཐུབ་པའི་བསྟན་བཅོས་རྩ་ཆེན་གསུམ་གྱི་གྲས་ཀྱི་གཅིག་ཡིན་པས་ང་ཚོས་ངེས་པར་དུ་དེར་དོ་སྣང་སླེབས་དགོས་པ་དང་གཅིག(2).གཏམ་རྒྱུད་གསེར་ཐང་འདི་མཁས་དབང་དགེ་ཆོས་མཆོག་གི་གསུང་རྩོམ་ཀུན་ལས་ཆོས་ཚན་གཅིག་ལ་ལྡེབ་གྲངས་ཆེས་མང་ཤོས་དེ་ཡིན་ལ།ཆོས་ཚན་འདིས་ཁོང་གི་གསུང་པོད་དག་ལས་བརྒྱ་ཆ་བཞི་བཅུ་ཟིན་ཏེ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྒྲིགས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་པོད་གསུམ་ཡོད་པར་ཁྱོན་ཤོག་ངོས༡༤༡༣ཡོད་པ་ལས་གཏམ་རྒྱུད་གསེར་ཐང་ལ་ཤོག་ངོས༦༡༤ཡོད་པ་འདི་ཡིས་ཀྱང་གསུང་རྩོམ་འདི་ཉིད་གཞན་ཀུན་ལས་ཤིན་ཏུ་གཙིགས་པ་དཔོག་ཐུབ་ལ།མ་ཟད་མཁས་དབང་དགེ་ཆོས་ཀྱི་རྩོམ་བྱང་ཡོད་དོ་ཅོག་ལ་གཅིག་མཐུན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཧ་ཅང་བབ་ཆགས་དང་སྤྱིར་བཏང་།ཚིག་རྒྱན་གྱིས་མ་སྤྲས་པ་དེ་འདྲ་རྐྱང་ཡིན་མོད། མཚན་བྱང་འདི་ཁོ་ནར“གསེར་གྱི་ཐང་མ”ཞེས་རིན་པོ་ཆེ་གསེར་དང་མཚུངས་པ་ཡིན་ཚུལ་ཤུགས་སུ་བསྟན་པས་འདི་ཉིད་མཁས་དབང་ཁོང་གི་བརྩམས་ཆོས་ཀུན་ལས་གསེར་དང་མཚུངས་པའི་བརྩམས་ཆོས་ཡིན་པར་མ་ཟད།ཁོང་གི“གསེར་དང་མཚུངས་པའི་རྣམ་དཔྱོད”ལས་འཁྲུངས་པའི་འབྲས་རྟགས་ཡིན་པ་དང་གཉིས།(3).གཏམ་རྒྱུད་གསེར་ཐང་འདིས་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་དམིགས་བསལ་གྱི་གོ་གནས་ཤིག་བཟུང་ཡོད་ལ།བོད་ཀྱི་མཁས་པའི་བརྩམས་ཆོས་རྩོམ་པའི་ཐད་ལ་བློ་ཡུལ་ལས་འདས་པའི་ཐོད་བརྒལ་ཆེན་པོ་ཞིག་བྱས་ཡོད་པ་དང་གསུམ།(4).གཏམ་རྒྱུད་གསེར་ཐང་ནི་ལོ་རྒྱུས་དང་ཡིག་ཚང་། ས་མིང་།སྐྱེ་དངོས། ས་ཁམས། རིག་གནས། ཡུལ་སྲོལ། ཆོས་ལུགས། རྩོམ་རིགཚན་རིག་ལ་སོགས་རིག་ཚན་སྣ་མང་འདུས་པའི་རྒྱུན་ཤེས་ལག་དེབ་ཅིག་ཡིན་ལ། དེ་ལྟ་བུའི་རིག་ཚན་དེ་དག་རེ་རེ་ལ་དོན་དངོས་ཁུངས་འཕེར་གྱི་འགྲེལ་བཤད་གནང་འདུག་པས་དེབ་དེར་ཤེས་བྱ་ཀུན་ཁྱབ་ཀྱི་ཆ་ཡང་ལྡན་པ་དང་བཞི།(5).བོད་ཀྱི་རིག་གནས་ནི་མདོར་དེད་ན་གནའ་བོའི་རྒྱ་གར་གྱི་རིག་གནས་ཡིན་ཏེ་ང་ཚོས་བོད་བཙན་པོའི་སྐབས་ནས་བཟུང་སངས་རྒྱས་ཀྱི་བཀའ་མདོ་སྡེ་སྣོད་གསུམ་དང་གསང་སྔགས་རྒྱུད་སྡེ་བཞི་ལ་སྦྱངས་ནས་ཡོང་པ་འདི་དག་ནི་གནའ་བོའི་རྒྱ་གར་གྱི་རིག་གནས་ཁ་རྐྱང་ཡིན་སྟབས།ང་ཚོས་རང་གི་རིག་གནས་ཀྱི་མགོ་ཁུངས་ངོས་ཟིན་པ་དང་དེའི་རིན་ཐང་རྟོགས་པ།རང་གི་རིག་གནས་ཀྱི་འཕེལ་རྒྱས་ཀྱི་གོམ་འགྲོས་དང་གནས་ཚུལ་ངེས་པའི་ཆེད་ངེས་པར་དུ་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་དང་འགྲོ་འདུག་སྤྱོད་སྟངས་སོགས་ཤེས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན།དེ་ན་གཏམ་རྒྱུད་གསེར་ཐང་དུ་རང་ཅག་བོད་ཀྱི་གོམས་སྲོལ་མང་པོ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ“གཟུགས་བརྙན་འཕོས་པའི་རི་མོ་བཞིན་དུ་གནས”ཡོད་པའི་དོན་དེ་ཉིད་ར་སྤྲོད་གནང་ཡོད་ཅིང་དོན་དེ་ཉིད་གསལ་བཤད་རྒྱས་པ་མཛད་ཡོད་པ་དང་ལྔ།(6).འཕྲིན་ལས་ཆེས་ཆེར་རྒྱས་པའི་རྒྱལ་རབས་དེབ་ཐེར་དཀར་པོའི་ཐོག་མའི་ས་བོན་ཡང་ཆོས་ཚན་འདི་ཉིད་དུ་ཡོད་པ་དང་དྲུག(7).མཁས་དབང་དགེ་ཆོས་མཆོག་གིས་རང་མི་རིགས་ཀྱི་ཆེད་དུ་དཀའ་སྡུག་ཚད་ལས་འདས་པ་ཞིག་བརྒྱབ་ཡོད་ཀྱང་།ཁོང་གིས་རང་རྣམ་སོགས་ཟུར་དུ་མཛད་མེད་པ་མ་ཟད། “དཀྱུས་མའི་བརྗོད་བྱར་མཐོང་སྟེ”ཞེས་གསུངས་ནས་ཁོང་རང་གི་སྐྱིད་སྡུག་དག་བྲིས་མེད་མོད།གཏམ་རྒྱུད་གསེར་ཐང་འདི་མཁས་དབང་དགེ་ཆོས་གར་ཕེབས་ཅི་མཛད་ཀྱི་ལོ་རྒྱུས་ངེས་ཐུབ་པའི་རང་རྣམ་ལྟ་བུ་ཞིག་ཀྱང་ཡིན་པ་དང་བདུན།(8).གཞན་དུ་ན།གཏམ་རྒྱུད་གསེར་ཐང་གི་ཁྱད་ཆོས་དང་རིན་ཐང་གལ་ཆེན་གཅིག་ནི། མཁས་དབང་དགེ་ཆོས་ནི་སྤྱི་ཚོགས་ཀྱི་རྙོག་འཛིང་ཛ་དྲག་ཅན་ཞིག་དང་རིག་གནས་སྣ་མང་གི་ཚ་རླབས་ཆེ་བའི་སྐབས་ཤིག་ཏུ་སྐུ་འཁྲུངས་ལ།མཁས་དབང་དགེ་ཆོས་ཁོང་གི་དུས་སྐབས་སུ།  དབྱིན་ཆེན་མོའི་རིག་གནས་མིའི་རིགས་རིག་པ་སྨྲ་བའི་ཡབ་ཆེན་ཐྲ་ལིར(Edward Burnett Tylor. 爱德华·伯内特·泰勒,1832-1917)ལགས་དང་། ཧྥ་རེ་ཟར(James GeorgeFrazer.詹姆斯•G•弗雷泽,1854-1941)ལགས་དང་། མིའི་རིགས་རིག་པ་སྨྲ་བའི་སློབ་དཔོན་བྷི་རན(AlfredRadcliffe-Brown.阿尔弗雷德·拉德克利夫-布朗,1884-1942)ལགས། སྤྱི་ཚོགས་མིའི་རིགས་རིག་པ་སྨྲ་བའི་སློབ་དཔོན་མཱ་ལིན་ནོ་སི་ཁེ(Malinowski.马林诺夫斯基,1884-1942)ལགས་སོགས་ཞལ་བཞུགས་པར་མ་ཟད། སློབ་དཔོན་ཁོང་རྣམ་པའི་མིའི་རིགས་རིག་པ་དང་རིག་གནས་མིའི་རིགས་རིག་པའི་ཐད་བརྩམས་ཆོས་གང་ལེགས་བརྩམས་བཞིན་པའི་སྐབས་དང་ཉེ་བར། རང་ཅག་བོད་ཀྱི་ཡུལ་དུའང་མིའི་རིགས་རིག་པ་དང་རིག་གནས་མིའི་རིགས་རིག་པའི་མཁས་པ་བྱོན་པར་མ་ཟད་དེའི་ཐད་ཀྱི་བརྩམས་ཆོས་ཀྱང་བྱུང་ཡོད་དེ།དེ་ནི་གཏམ་རྒྱུད་གསེར་ཐང་འདི་ཡིན་ལ།མཁས་དབང་དགེ་ཆོས་ནི་བོད་མི་མིའི་རིགས་རིག་པ་བ་ཐོག་མ་དེ་ཡིན་ལ། ཆེས་ཐོག་མར་མིའི་རིགས་རིག་པའི་དགོངས་པ་དང་མཐུན་པའི་བརྩམས་ཆོས་རྩོམ་མཁན་ཡང་ཡིན་པ་དང་བརྒྱད།(9).བོད་ཀྱི་རིག་གནས་ཀྱི་སྲོག་དང་རྒྱུན་ནི་སངས་རྒྱས་ཆོས་ལུགས་འདི་ཡིན་མོད།འདི་ལ་བོད་མི་ཚོས་ལྐུགས་པ་ཨུ་ཚུགས་ཀྱི་དད་པ་འབའ་ཞིག་གི་རྣམ་ཐར་སྐྱོང་བཞིན་པའི་སྐབས།བོད་ཀྱི་མི་ལས་སྐད་གསེང་མཐོན་པོས་རང་རེའི་ནང་པ་སངས་རྒྱས་པའི་ཆོས་འདི་དེང་གི་རིག་པ་གསར་པ་སྟེ་ཚན་རིག་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་པར་མ་ཟད།ཚན་རིག་དང་མཉམ་དུ་བགྲོ་གླེང་བྱེད་ནུས་པ་ཞིག་ཡོད་ཅེས་ནང་ཆོས་དང་ཚན་རིག་གཉིས་བགྲོ་གླེང་བྱེད་ཐུབ་པར་གསུངས་མཁན་ཐོག་མ་དེ་དགེ་ཆོས་རེད་ལ།དེ་ཡང་ཐོག་མར་གཏམ་རྒྱུད་གསེར་གྱི་ཐང་མ་འདིའི་ནང་དུ་གསུངས་འདུག་པས་དང་དགུ་སོགས་ཀྱི་དོན་སྙིང་མང་པོ་མཆིས་སོ། །

159.jpg

དེ་ལྟར་ལགས་མོད། དགེ་ཆོས་ཞིབ་འཇུག་པ་ཚོ་དགེ་ཆོས་སྐུ་སྒེར་གྱི་ལོ་རྒྱུས་ཙམ་དང་། སྙིང་སྟོབས་ཙམ་འབའ་ཞིག་ལ་མགོ་བོ་མགལ་མེ་ལྟར་འཁོར་ཏེ།《རྒྱལ་ཁམས་རིག་པའི་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》འི་ཐད་ལ་དོ་སྣང་སླེབས་མཁན་ཤིན་ཏུ་ནས་དཀོན། ཁ་ཁེར་ཞིག་ཡོད་པ་ནི་འདི་དག་སྟེ། སྤྱི་ལོ༡༩༩༠ཡས་མས་སུ་མཛད་མེད་དམ་སྙམ་པའི་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་གྱི《མཁས་དབང་དགེ་འདུན་ཆོས་འཕེལ་གྱི〈རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ〉འི་གླེང་བརྗོད》ཅེས་པ་དང་།༡༩༩༩ལོར་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་བརྩམས་པའི《བོད་རིག་པའི་དཔྱད་གླེང་གྲོག་ཆུ་ཕྲ་མོའི་སྟངས་སྟབས》ཅེས་པར། གཏམ་རྒྱུད་གསེར་གྱི་ཐང་མའི་ཟིན་བྲིས་དགེ་ཆོས་དགོངས་རྒྱན་ཞེས་བྱ་བ་ཞེས་པ་དང་བཅས་དགེ་ཆོས་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་གསུམ་བཞུགས།༢༠༡༠ལོར་བུ་མོ་བདེ་དགའ་ཡིས་རབ་འབྱམས་མཐར་ཕྱིན་དཔྱད་རྩོམ་ལ་བྲིས་པའི《〈རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ〉དང〈བོད་ཁམས་བསྐོར་བ〉གཉིས་ཀྱི་གཤིབ་བསྡུར་ཞིབ་འཇུག》ཅེས་པ། ཡན་མོང་ཁྲིན(严梦春)དང་མཁའ་འབུམ་རྒྱལ་གཉིས་ཀྱིས་བྲིས་པའི《མིའི་རིགས་རིག་པའི་བོད་རིགས་ཞིབ་འཇུག་ཕྱོགས་བསྡུས་ཀྱིས་བཤད་པ》ཞེས་པ།༢༠༡༡ལོར་གཡུ་སྒྲོན་གྱིས་བྲིས་པའི《མཁས་དབང་དགེ་འདུན་ཆོས་འཕེལ་དང་སྔ་རབས་བོད་ཀྱི་མིའི་རིགས་རིག་པར་ཞིབ་འཇུག__〈གཏམ་རྒྱུད་གསེར་ཐང〉གི་མི་རིགས་ལོ་རྒྱུས་ཀྱི་ཁྱད་ཆོས་གླེང་བ》ཞེས་པ། ཟླ་བ་ཚེ་རིང་གིས་བྲིས་པའི《〈གཏམ་རྒྱུད་གསེར་ཐང〉དུ་བཀོད་པའི་ས་མིང་ལ་ལོ་རྒྱུས་ས་ཁམས་རིག་པའི་ངོས་ནས་གསལ་འགྲེལ》ཞེས་པ།  ༢༠༡༥ལོར་སྒོ་ཤེས་རབ་རྒྱ་མཚོས་འཆད་ཁྲིད་སྒྲ་ཕབ《ཧི་མ་ལ་ཡའི་ཕར་ཚུར__〈གཏམ་རྒྱུད་གསེར་ཐང〉ལེའུ་དང་པོའི་སློབ་ཁྲིད་སྒྲ་བཤུས》ཞེས་པ།༢༠༡༤ལོར་མགོན་པོ་ཚེ་རིང་གིས་རྒྱ་ཡིག་གི་ལམ་ནས་བྲིས་པའི《དགེ་འདུན་ཆོས་འཕེལ་གྱི〈གཏམ་རྒྱུད་གསེར་ཐང〉ལ་དཔྱད་པ》ཞེས་པ་ཤོག་ངོས་གསུམ་ཅན་ཞིག་འདུགཝེ་ཕན་ཕན(魏盼盼)གྱིས་བྲིས་པའི《〈གཏམ་རྒྱུད་གསེར་ཐང〉རགས་བཤད》ཅེས་པ་ཤོག་ལྡེབ་གཅིག་ཅན་སོགས་མཆིས་མོད།སློབ་ཁྲིད་དང་ཟིན་བྲིས་སོགས་ཕུད་པའི་དཔྱད་རྩོམ་དུ་བྲིས་པ་དག་ལ་གཅིག་མཐུན་གྱི་ཞན་ཆ་ཞིག་ཡོད་པ་ནི་ཞིབ་འཇུག་ཐབས་ལམ་སྣ་མང་གིས་དཔྱད་པ་བྱས་མེད་པ་དང་།དཔྱད་པ་ཧ་ཅང་རྩིང་རགས་ཅན། སྤྱི་བཤད་ཙམ་དུ་སོང་འདུག་གིབྱ་འཚོལ་བྱེའུ་འཚོལ་གྱིས་དཔྱད་པ་ཐིང་པ་ཞིག་ཕལ་ཆེར་གཅིག་ཀྱང་མི་འདུག་ལ།ད་སྔ་གཏམ་རྒྱུད་གསེར་ཐང་སྐོར་ལ་དཔྱད་རྩོམ་ལེགས་ཤོས་ཤིག་ཡོད་ན་དེ་ནི་ཟམ་གདོང་རིམ་པོ་ཆེའི་དེ་ཡིན་པར་སྣང་ཡང་། དེ་ཡང་དུས་ཀྱིས་བསྐལ་ཏེ་གསེར་ཐང་ཧྲིལ་བོ་གཟིགས་ཐུབ་མེད་པ་དང་།རྒྱུ་ཆ་སྐོར་ཞིག་མ་མཇལ་བས་གནད་འགག་ཅན་གྱི་ནོར་བ་རེ་འགའ་ཡང་མཆིས་པ་མ་ཟད། དེ་ནི་གསེར་ཐང་གི་ལེའུ་ཚན་དང་པོ་ཁོ་ནའི་དཔྱད་བརྗོད་ཡིན་པས་ཁ་མ་ཚང་བའི་གནད་ཀྱང་མཆིས་སྲིད་པ་གདོན་མི་ཟ་བའི་གནས་ལགས། །

གཏམ་རྒྱུད་གསེར་ཐང་གི་འགྱུར་གྱི་ཐད་ལ། ༢༠༡༣ལོར་དགེ་བཤེས་གླིང་རུ་པ་ཐུབ་བསྟན་སྦྱིན་པ་དང་ཕྱི་རྒྱལ་པ་ཌོ་ནེལ་ཌི་ལཱོ་ཕེ་ཛི་གཉིས་ཀྱིས་རྫོགས་པར་དབྱིན་འགྱུར་ཞུས་ནས།ཆི་ཁ་གོ་སློབ་གྲྭ་ཆེན་མོ་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་འདུག ༡༩༩༦ལོར་སྐལ་བཟང་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་གི་གསུམ་ཆ་གཅིག་ཙམ་རྒྱ་འགྱུར་ཞུས་འདུག་ལ།ད་སྔ་བར་དུ་རྒྱ་འགྱུར་ཆ་ཚང་བྱུང་མེད་ཚོད་འདུག༢༠༡༣ལོར་ཨ་རིའི་བོད་རིག་པའི་མཁས་པ་དང་དགེ་རྒན་ཆེན་མོ་ལོ་ཕི་ཟི་ལགས་ཀྱིས་གཏམ་རྒྱུད་གསེར་ཐང་ཆ་ཚང་དབྱིན་འགྱུར་ཞུས་འདུག་ལ། དེབ་ཀྱི་མིང་ལ《གསེར་མདོག་གི་བཞིན་རས། འཛམ་གླིང་རིང་ལུགས་པ་ཞིག་གི་གནས་མཇལ་ལོ་རྒྱུས》(The Golden Surface,the Story of aCosmopolitan’s Pilgtimage)ཞེས་བཏགས་འདུག མ་ཟད་ཁོང་གིས༢༠༠༣ལོར་དབྱིན་ཇིའི་ཨོ་ཁི་སི་ཧྥོར་དྷི(Oxford)རུ་ཐེངས་བཅུ་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་སྟེང་།《དགེ་འདུན་ཆོས་འཕེལ་གྱི་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལོ་རྒྱུས》( Dge vdun chos vphel 's Historyof Colonialism)ཞེས་པའི་དཔྱད་འབྲས་སྙན་ཞུ་ཕུལ་འདུག་ལ།དེ་ནི་དགེ་ཆོས་མཆོག་གི《གཏམ་རྒྱུད་གསེར་ཐང》སོགས་ཀྱི་བརྩམས་ཆོས་ཁྲོད་དུ་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་གྱི་དགོངས་པ་བསྟན་ཡོད་པ་སོགས་ཀྱི་སྐོར་རེད།

《རྟོག་གེ་པའི་གཟུང་འཛིན》ལས་ཁོལ་དུ་ཕྱུང་། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།