དེང་རབས་སྤྱི་ཚོགས་ཀྱི་ཉལ་ཐ་གསར་བ་སྟེ་ཁ་པར་རམ་སྐད་འཕྲིན།

ཉལ་ཐ་ནི། མེ་ཏོག་གངས་ལྷ་ནས་བཏོན་པའི་འབྱར་བག་ཅན་གྱི་གཤེར་ཁུ་མཁའ་རླུང་ཁྲོད་དབྱང་འགྱུར་དང་རླུང་སྐམ་ཐེབས་རྗེས་གར་ཚི་ཆེ་བའི་མདོག་ཁམ་སྨུག་ཅིག་ཏུ་འགྱུར་གྱིན་ཡོད། དེ་ཡུན་རིང་འཐེན་ན་མིའི་ལུས་པོའི་དབང་པོ་ཁག་གི་ནུས་པ་ཉམས་འགྲོ་བ་དང་ལྷག་པར་དུ་མིའི་ལུས་པོའི་ཕོ་བའི་ནུས་པ་དང་། མཆིན་པའི་ནུས་པ། བུ་བཙའི་ནུས་པ་བཅས་ཉམས་འགྲོ་བ་དང་། ཚད་བརྒལ་འཐེན་ན་མི་ཤི་འགྲོ་བ་ཡིན་པས་མིའི་ཚེ་སྲོག་འཕྲོག་པའི་དུག་རྫས་ཤིག་ཡིན་ལ། མི་སུ་ཞིག་གིས་ཉལ་ཐ་འཐེན་པ་ན་དེ་ལ་ཁ་འབྲལ་མི་ཐུབ་པར་གྱུར་ནས་རང་གི་ཚེ་སྲོག་འཕྲོག་རག་བར་དུ་འཐེན་དགོས་བྱུང་བར་བཤད།

དེང་སང་མེ་ཏོག་གངས་ལྷ་ལས་བླངས་པའི་ཉལ་ཐའི་རིགས་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ལས་བཀག་འགོག་བྱས་ཡོད་པ་དང་། ཉལ་ཐ་འཐེན་མཁན་རྣམས་ལ་རྡུང་རྡེག་ཆེན་པོ་བཏང་ནས་རྩ་ཁྲིམས་ལྟར་བཙོན་འཇུག་བྱས་ཏེ་ཁྲིམས་ལ་སྦྱར་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་ལ་ཉལ་ཐ་འཐེན་མཁན་གྱི་མི་གྲངས་སྔོན་ཆད་དང་བསྡུར་ན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཡོད་པ་རེད། ཡིན་ཡང་དེང་སང་ཆ་འཕྲིན་ལག་རྩལ་དར་བའི་སྒང་འདི་དང་བསྟུན་ནས་སྔོན་ཆད་ཀྱི་ཚེ་སྲོག་འཕྲོག་པའི་ཉལ་ཐའི་ཚབ་ཏུ་ཞི་འཇམ་ལྷོད་བག་ལྡན་པའི་ཉལ་ཐ་འཇམ་པོ་ཞིག་རིམ་གྱིས་འཛམ་གླིང་གི་མི་ཚོགས་ཁྲོད་དུ་ཁྱབ་འགོ་བརྩམས་ནས་རིམ་བཞིན་རིམ་བཞིན་མདོ་དབུས་མཐོ་སྒང་གི་བོད་པ་ཚང་གི་མི་རྣམས་ཀྱི་ནང་དུ་ཞི་འཇམ་ལྷོད་བག་ལྡན་པའི་དུག་མེད་ཤུལ་མེད་ཀྱི་ཉལ་ཐ་ཁྱད་པར་བ་ཞིག་མི་ཀུན་གྱི་ཀླད་པའི་ནང་དུ་ཞུགས་སོང་།

རྣམ་ཀུན་མི་ཚང་མའི་ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་ཀྱི་འདོར་མི་ཐུབ་པའི་ཉལ་ཐ་ཡ་མཚན་འདིས་མི་རྣམས་ཀྱི་ཀླད་པ་དང་སེམས་རྒྱུད་དཀྲུགས་ཏེ། ཉིན་མཚན་དབྱེར་མེད་དུ་སྐྱེ་འགྲོ་ཡོངས་ཀྱི་ལག་ཏུ་བཙིར་ནས་མིག་གིས་ཅེར་ཞིང་། རྣ་བས་ཉན་ཞོར་དུ་ཟས་ཀྱི་ཡི་ག་འགགས་ཞིང་། དུས་ཚོད་དང་ཉི་མ་ཆུད་ཟོས་སུ་བཏང་ནས་གསར་འགྱུར་རྫུན་མ་གང་མང་ལ་ཡིད་ཆེས་དང་། ལ་བཤད་ལུང་བཤད་གང་རུང་གིས་ལས་ཀ་དལ་འགོར་དང་། དགེ་བའི་ལས་ལ་འབད་པའི་སེམས་རྒྱུད་གདོན་གྱིས་བརླན་ནས་ཉི་མ་སྟོང་ཟད་ཀྱི་བྱ་བའི་ལས་ཀྱི་འཁོར་ལོ་བསྐོར་བཞིན། དགེ་ལས་ཀྱི་བྱ་བ་རླབས་ཆེན་གང་མང་ཞིག་དུས་ཚོད་ཀྱི་ཐག་སྒྲ་བར་ན་དོན་མེད་ཆུད་ཟོས་ཀྱི་ལས་ལ་བསྐུར་བའི་ངང་ཚུལ་སྐྱོ་བོ་འདི་དགེ་བའི་ལས་ལ་འབད་པའི་སྐྱེས་མཆོག་ཅིག་གིས་མཐོང་ན་སྐྱོ་བའི་མིག་ཆུ་ཁྲོམ་ཁྲོམ་དབང་མེད་དུ་བཞུར་སྲིད་ངེས།

མི་སེམས་དང་མི་ལུས་ལ་འགྲོགས་པའི་ཉལ་ཐ་གྲུ་བཞི་གློག་གི་རྫུ་འཕྲུལ་ཅན་འདིས། ངའི་དུས་ཚོད་དང་མི་ཚེ་འཕྲོག་སོང་། ངའི་སློབ་སྦྱོང་དང་དུས་ཚོད་འཕྲོག་སོང་། ངའི་གོ་སྐབས་དང་ལས་ཀ་འཕྲོག་སོང་། ངའི་གསེར་ལས་དཀོན་པའི་ལང་ཚོ་དང་དུས་ཚོད་འཕྲོག་སོང་། ཉལ་ཐ་ལས་གདུག་རྩུབ་ཆེ་བའི་འཕྲུལ་རྫས་འདིས་ང་ཚོ་ཚང་མ་རྨོངས་པའི་རྒྱ་རུ་ཚུད་པར་གྱུར། ང་ཚོ་ཡ་རབས་སྤྱོད་བཟང་ལ་འཇུག་པའི་བྱ་བ་ལས་ཀྱི་འཁོར་ལོ་བསྐོར་མཚམས་འཇོག་ཏུ་བཅུག ང་ཚོས་རིན་བྲལ་གྱི་དཔེ་ཀློག་ལ་འཇུག་པའི་དུས་ཚོད་མ་ལུས་ཁྱུར་མིད་བཏང་། ང་ཚོར་རྣམ་གཡེང་དང་སྒྱིད་ལུག་གི་སྦྲིད་སྨན་ཞིག་འཐུང་དུ་བཅུག་སྟེ། ནམ་གསལ་བ་དང་མཉམ་དུ་ཉལ་ཐ་འདི་ལག་ཏུ་འཛིན་དགོས་པ་དང་། ས་རུབ་པ་དང་མཉམ་དུ་ཉལ་ཐ་འདི་ལག་ཏུ་བཟུང་ནས་ནམ་གུང་དཀྱིལ་བར་དུ་བལྟས་ནས་འདུག་དགོས་པས། འདང་བརྒྱབ་ན་ངོ་མ་ཉལ་ཐ་འདིའི་ནུས་པ་འཇིགས་ཡེར་བ་ཞིག་རེད། ཉལ་ཐ་འདིས་སྐྱེ་ཕོ་མོ་ཡོངས་ཀྱི་རྣམ་ཤེས་འཕྲོག་སྟེ། མི་དགོས་པའི་བྱ་བ་ལས་ཀྱི་ཐ་མ་བསྒྲུབ་ཏུ་འཇུག་པ་དང་། དགེ་བའི་ལས་ལ་སྐུལ་བའི་སློབ་གསོ་རང་བཞིན་གྱི་ནང་དོན་རེ་འགའ་ཡང་རྒྱུད་ལ་སྟེར་ངེས་རེད།

མི་དང་འབྲལ་མེད་ཀྱི་རྫས་ངན་ཉལ་ཐ་འདིས་ང་ཚོའི་དུས་ཚོད་དང་ལས་ཀ་འཕྲོག་པ་ཉུང་ཉུང་མིན། དུག་རིགས་ལས་རིང་དུ་བརྒལ་བའི་ཉལ་ཐ་འདི་རྩེ་མཚམས་རེ་ཞིག་མཚམས་མ་བཞག་ན། ང་ཚོ་མི་བུ་ཀུན་གྱི་བླ་དང་རྣམ་ཤེས་འཕྲོག་སྟེ་མི་ཡུལ་འདི་མི་མ་ཡིན་དང་གསོན་འདྲེ། འགོང་འདྲེ་ཡིས་ཁེངས་ནས་འཇིག་རྟེན་གྱི་ཁམས་འདིར་དགེ་ལས་ཀྱི་བྱ་བར་འབད་པའི་བྱང་ཆུབ་སེམས་བསྐྱེད་སྒོམ་པའི་ཀུན་གཞི་རྣམ་ཤེས་འཛོམས་པའི་མི་ཚོགས་ཤིག་འཇོམས་པར་ངེས། དེ་བས་མི་མངོན་པའི་དབྱིངས་ན་ཡིབ་པའི་རྫས་ངན་ཉལ་ཐ་འདི་ལུས་དང་འབྲལ་བའི་དུས་ཚོད་རིང་དུ་བཏང་ནས། རྫས་ངན་འདིས་གནའ་ནས་རང་ཉིད་ཀྱི་བླ་དང་རྣམ་ཤེས་བརྐུས་སོང་བ་སད་རྟོགས་བྱུང་སྟེ་ཕྱིར་འགུགས་ཐབས་བྱེད་དགོས། ད་རུང་ང་ཚོ་མུ་མཐུད་དུ་རྫས་ངན་འདིའི་ཁམས་དང་བསྟུན་ནས་ཉིན་མཚན་དབྱེར་མེད་དུ་ལུས་དང་གྲིབ་མ་མཉམ་འགྲོགས་ལྟར་བྱས་ནས་བསྡད་ན། ཐ་མར་ང་ཚོ་ཅི་ཡང་མི་ནུས་པའི་མི་བུ་ལང་ཤོར་རྩྭ་གཟན་ཞིག་ཏུ་འགྱུར་ཁོ་ཐག་རེད།

དེང་གི་ཉལ་ཐ་གསར་བ་སྟེ། ལག་ཁྱེར་ཁ་པར།  དེང་སང་གི་སྐྱེ་འགྲོ་ཡོངས་ཀྱི་ལུས་ལ་ངེས་པར་མཁོ་བའི་ཉལ་ཐ་གསར་བ་འདིས། མི་སེམས་དང་མི་གཤིས་ལ་བཟང་ངན་གང་རུང་གི་དྲི་མ་བསྒོས་ཡོད་པ་དང་། གསེར་ལས་རིན་ཐང་ཆེ་བའི་མི་བུ་ཀུན་གྱི་དུས་ཚོད་ཅི་འདྲ་མང་པོ་ཞིག་འཕྲོ་བརླག་དང་ཆུད་ཟོས་སུ་བཏང་བ་སུ་ཞིག་གིས་བགྲངས་ནས་ཚར་རམ། ནུས་པ་བླ་ལྷག་གི་མཐོ་བའི་རྫས་ངན་ཉལ་ཐ་འདི་རིམ་བཞིན་ང་ཚོའི་ལུས་དང་རིང་དུ་འབྲལ་བའི་དུས་ཚོད་ཇེ་རིང་དུ་བཏང་སྟེ། རིན་བྲལ་གྱི་དུས་ཚོད་དམ་འཛིན་བྱས་ཏེ། ང་ཚོའི་མདུན་རྒྱབ་གང་རུང་ན་ལས་རྒྱུ་ཡོད་པའི་དགེ་ལས་བྱ་བ་གང་རུང་ལ་འབད་དེ། རང་ཉིད་ཀྱི་མི་ཚེ་འདི་རྫས་ངན་ཉལ་ཐ་དང་འདྲ་བའི་ཁ་པར་དང་འགྲོགས་ནས་དོན་མེད་དུ་རྫོགས་པར་བཅུག་ན་རིན་ཐང་ཡོད་དམ། ཉིན་མཚན་དབྱེར་མེད་དུ་རྫས་ངན་ཉལ་ཐ་དང་འདྲ་བའི་ཁ་པར་འདི་ལ་འགྲོགས་པ་ནང་བཞིན་རི་ལྟར་བརྩིགས་ཡོད་པའི་རིག་གཞུང་གི་དཔེ་ཆ་ཞིག་དང་འབྲལ་མེད་དུ་འདུག་ཐུབ་རྒྱུ་ན་ཅི་འདྲའི་ཐོབ་བྱ་མང་པོ་ཞིག་ཡོད་ངེས་ཡིན་ལ། ཤེས་བྱའི་རྒྱ་མཚོའི་འཇིངས་ངོགས་ནས་རིག་པའི་བུ་ལ་རྐྱལ་རྩལ་འཛོམས་ནས་མུ་མཐའ་བྲལ་བའི་འཚོ་བའི་གཏིང་རུམ་ནས་བུད་དེ། སྤྱི་ཚོགས་ཀྱི་ཟ་ཟུར་གང་རུང་ནས་ཀུན་ལ་ཕན་ཐོགས་པའི་རིག་བཟང་གི་མི་བུ་ཞིག་ཏུ་འགྱུར་སྲིད། སྤུན་ཟླ་ཚོ། དེང་གི་ཉལ་ཐ་གསར་བ་སྟེ། རྫས་ངན་ཁ་པར་འདི་ལ་རེ་ཞིག་འགྲོགས་པའི་དུས་ཚོད་ཐུང་དུ་བཏང་སྟེ། རང་གི་མིག་མདུན་གྱི་བྱ་བ་སྣ་ཚོགས་ལ་ཧུར་གྱིས་འཇུག་སྟེ། རང་ཉིད་ཀྱི་རྣམ་ཤེས་དང་བླ་ཕྱིར་བཀུགས་ནས། མིག་མདུན་དུ་གནས་པའི་རང་དོན་དང་གཞན་དོན་གྱི་བྱ་བའི་ལས་རིམ་སྣ་ཚོགས་ལ་ཧུར་བརྩོན་གྱིས་འབད་པ་བྱས་ཏེ། མི་ཚེ་དོན་སྙིང་དང་ལྡན་པར་བྱེད་དུ་འཇུག་ཡ། དགོས་མེད་རྣམ་གཡེང་དང་སྒྱིད་ལུག་གི་ལས་སུ་ཞུགས་ཆེད་བཟི་སྨན་རིལ་བུ་སྟེར་བའི་དེང་གི་རྫས་ངན་ཉལ་ཐ་སྟེ་ཁ་པར་འདི་དང་རིང་དུ་བྲལ་ནས་གསེར་ལས་དཀོན་པའི་དུས་ཚོད་མང་པོ་ཞིག་དཔེ་ཀློག་དང་སློབ་སྦྱོང་གི་དུས་ཚོད་ཕྱོགས་སུ་བཀོལ་ཡ། མ་འོངས་རྗེས་རབས་པ་རྣམས་ཀྱིས་ཀྱང་འབྲལ་བར་དཀའ་བའི་དེང་གི་ཉལ་ཐ་གསར་བ་སྟེ་ལག་ཁྱེར་ཁ་པར་རྩེ་བའི་དུས་ཚོད་ཇེ་ཐུང་དུ་བཏང་སྟེ། རིག་གནས་ཤེས་བྱ་སྦྱངས་པའི་དུས་ཚོད་སྟེང་དུ་སྟོབས་ཤུགས་མང་པོ་བཀོལ་ནས་རང་གི་རྒྱུད་ལ་འོད་སྟོང་འབར་བའི་རིག་གནས་གསར་བའི་ཉི་གཞོན་འཕྲོ་རུ་འཇུག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་འགངས་ཆེན་ཞིག་ཡིན་ནོ།།

 2017.8.21

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།