མཁས་དབང་དགེ་འདུན་ཆོས་འཕེལ་མི་ཚེ་ཧྲིལ་བོའི་ནང་དུ་གནད་ཆེ་ས་འགའ་བཤད་པ་གེ་སར་གྱི་མདའ་མོ།

70.jpg

དེ་ཡང་སྙན་པའི་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་པའི་མཁས་དབང་ཉིད་ཀྱི་མི་ཚེ་ཧྲིལ་བོའི་ནང་དུ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ནས་དུས་ཐུང་སྐད་ཅིག་ཙམ་ཡང་ལྷོད་མེད་ཧུར་བརྩོན་གནང་བའི་མཛད་རྗེས་རླབས་ཆེ་བ་ནི་འདས་ཟིན་པའི་ལོ་རྒྱུས་ཀྱི་མདའ་མོ་གཞུང་ལས་གསལ་ཆ་བཀོད་པ་དང་མཁས་དབང་མང་བོའི་ངག་ལས་ཀྱང་བསྟོད་བསྔགས་ཀྱི་མེ་ཏོག་གི་ཆར་བ་བབས་བཞིན་ཡོད།

དང་བོ། སྔོན་ཐོན་གྱི་བསམ་བློ།

གང་གི་རང་བྱུང་སྙིང་གི་དབུས་ན་གནས་པ་ཞེས་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་མཚོན་ཡོད་པ་ནི་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་བོད་ཡུལ་མཐར་ནས་ཧྲིལ་བོ་བཙན་འཛུལ་བྱེད་པའི་ལྐོག་ཐབས་གཡོ་ཇུས་སྣ་ཚོགས་འཐེན་བཞིན་པའི་སྣང་ཚུལ་མི་བཟོད་པ་དེ་ལ་དམིགས་ནས་བོད་རིགས་མི་དམངས་དག་ལ་གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་།། འཕྲུལ་འཁོར་ཐབས་ཤེས་གློག་གི་སྒྲོན་མེ་ཡིས།། དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།། སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་གྱིས།། ཞེས་ཚོར་བ་རྣོ་ཞིང་སྤྱང་གྲུང་ལྡན་པའི་ངང་ནས་དུས་ཐོག་ཏུ་དྲན་སྐུལ་གྱི་ཅོང་བརྡའི་ཚིག་འདི་ཐོག་མ་གནང་བ་རེད།

ཡང་བོད་རིགས་མི་དམངས་ཀྱི་རྒྱུད་ན་གནའ་ནས་ད་བར་གོམས་སྲོལ་རྙིང་བ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་རྙིང་བ། སངས་རྒྱས་ཆོས་ལུགས་ཤན་ཤུགས་སོགས་འགོ་ནད་བཞིན་འགོས་པ་འདིས་བོད་རིགས་མི་དམངས་ཀྱི་མདུན་སྐྱོད་ཀྱི་གཞུང་ལམ་ཆེན་མོ་ལ་བཀག་འགོག་དྲག་པོ་བྱས་ཚུལ་ལ་གཟིགས་ནས་ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས།། ཀུན་ལ་དོགས་པ་ཟ་བ་གྲུང་པོ་བྱེད།། རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས།། ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ།། འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།། ཞེས་གསུངས་པ་དེ་གནད་ལ་འཁེལ་ཞིང་དོན་དངོས་སུ་གནས་པའི་སྦེད་གསང་གི་སྒོ་ཆེན་གཏོར་བྱེད་ཀྱི་དྲག་ཆས་མཚོན་ཆ་ཞིག་རེད། དེང་སྐབས་ཀྱང་བོད་ཀྱི་སྤྱི་ཚོགས་སུ་གནས་ཚུལ་འདི་ལྟ་བུ་གནས་ཡོད་པས། གལ་ཏེ་ཕུགས་རེ་ལྡན་པའི་བོད་གཞོན་ཕོ་མོ་ཞིག་ཡིན་ན། གནས་ལུགས་འདི་ལ་རྣམ་དཔྱོད་རེ་འཇུག་རྒྱུ་གལ་ཤིན་ཏུ་ཆེ་བའོ།། སྔོན་བོད་ཀྱི་སྤྱི་ཚོགས་རྙིང་བ་སྐབས་སུ་བུད་མེད་ལ་བཪྙས་བཅོས་དང་། དམའ་འབབ། འཕྱ་སྨོད། རྩིས་མེད། མ་རབས་བཅས་བརྗོད་པ་ཁོ་ན་མ་གཏོགས། ཕོ་མོ་འདྲ་མཉམ་དང་། བུད་མེད་ཀྱི་གོ་གནས་མཐོང་ཆེན་བྱེད་ཡོད་པ་སོགས་ནི་བོད་ཀྱི་དེབ་ཐེར་དང་ལོ་རྒྱུས། དམངས་ཁྲོད་སོགས་སུ་ཧ་ཅང་མཐོང་རྒྱུ་དཀོན་པོ་ཞིག་རེད། འོན་ཀྱང་མཁས་དབང་ཁོང་གིས་གོང་ལྟར་མཛད་པ་ཕར་ཞོག བུད་མེད་ཀྱི་ཡོན་ཏན་ལ་བསྔགས་པ་དང་། ཕོ་མོ་ཕན་ཚུན་འདྲ་མཉམ་དང་མཐོང་ཆེན་མཛད་ཡོད་པ་ནི《འདོད་པའི་བསྟན་བཅོས》ལས་རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།། རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས།། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།། མེད་དུ་མི་རུང་བ་ནི་བུད་མེད་ཡིན།། ཞེས་དང་། ཡང་དེ་ལས་ཡངས་པའི་འཇིག་རྟེན་མྱ་ངམ་ཐང་བཞིན་ཆེ།། ལས་མང་ཁུར་གྱིས་སྐྱེས་བུ་ངེས་པར་སྐྱོ།། དེ་ལ་དགའ་བའི་སྤྲོ་བ་སྦྱིན་ནུས་པའི།། རྩེད་གྲོགས་བུ་མོ་ལས་ཀྱི་སྤྲུལ་བ་འདྲ།། མཐོང་བའི་ཡིད་དགའ་གཟུགས་ཀྱི་ལྷ་མོ་སྟེ།། རིགས་རྒྱུད་བཟང་བོ་བསྐྱེད་པའི་ཞིང་ས་ཡིན།། 

སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་། སྐྱོ་བའི་སེམས་གསོ་གཏོང་བའི་སྙན་ངག་མཁན།། ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ།།ཚེ་གཅིག་རྩེ་དགའ་སྐྱོང་བའི་གྲོགས་མོ་ཉིད།། ཅེས་བུད་མེད་ཀྱི་ཡོན་ཏན་དང་ནུས་པ་དག་ལ་རེ་རེ་བཞིན་བསྔགས་བརྗོད་མཛད་མཁན་ནི་བོད་ཀྱི་མཁས་མང་གི་དབུས་སུ་ཁོང་ཉིད་ཤིང་རྟ་སྲོལ་འབྱེད་དོ།།

71.jpg

གཉིས་པ། བཙོན་ཁང་དུ་འཇུག་དོན་དངོས།

མཁས་དབང་གང་གི་རྒྱལ་གཅེས་བསམ་བློ་དང་མི་རིགས་ལ་དགའ་ཞེན། མཐའ་ན་བདག་གཞན་སུ་ལའང་ཕན་པ་ཙམ་མ་གཏོགས་གནོད་པའི་བྱ་བ་སྤུ་ཙམ་ཡང་སྒྲུབ་མེད་པ་མཁས་མང་སྐར་ཚོགས་ཀྱི་དབུས་ན་སྐད་གསེང་མཐོན་པོའི་ངང་ནས་བརྗོད་ན་ཅི་མི་ཆོག འོན་ཀྱང་ཚང་མའི་སེམས་ཀྱི་ཟུར་ཞིག་ན་གང་ཉིད་མུན་ནག་བཙོན་ཁང་དུ་འཇུག་དོན་གང་འདྲ་ཡིན་ནམ་སྙམ་པའི་དོགས་པ་ཕྲ་མོ་རང་བཞིན་ཤུགས་ནས་འབྱུང་སྲིད། གསང་བའི་དྲི་བ་འདི་ལ་ལན་ཁ་གསལ་ཞིང་ཆ་ཚང་བ་ཞིག་འདེབས་དགོས་ན་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་རེད། དུས་དེར་བོད་ས་གནས་སྲིད་གཞུང་གི་ནང་ཁྲོད་ངན་ལྷུང་རུལ་སུངས་གྱུར་ཡོད་པ་དང་། ཨ་ཁུ་དགེ་བཤེས་རྣམས་མི་རེའི་ཁོང་ན་ཕྲག་དོག་གི་དུག་མདའ་རེ་སྒོམ་པ། དབྱིན་ཇི་བཙོན་རྒྱལ་རིང་ལུགས་པས་ཁྲེལ་མེད་ལུགས་མེད་ཀྱི་སྒོ་ནས་གཡོ་ཐབས་གང་ནུས་ཀྱིས་བཙན་འཛུལ་བྱེད་སྒང་ཡིན་པས་སྤྱི་ཚོགས་ཐོག་ཧ་ཅང་རྙོག་འཛིང་ཆེ་བའི་ཉ་རྒྱ་ལྟ་བུ་རེད་འདུག འོན་ཀྱང་གསང་བ་འདི་རྗེས་རབས་པ་རྣམས་ཀྱིས་ཤེས་དགོས་པ་དང་གནས་ཚུལ་དངོས་གསལ་བཤད་བྱེད་རྒྱུ་ནི་ལོས་རྒྱུས་ཀྱི་འོས་འགན་དང་སྤྱི་ཚོགས་ཀྱི་རེ་འདུན་ཀྱང་ཡིན་ལ། ད་སྐབས་ཕྲན་གྱིས་ཤེས་ཚོད་དང་གོ་ཚོད་འདིར་གླེང་ན། མཁས་དབང་ཉིད་ནང་བའི་ཆོས་སྡེ་འགྲིམས་ནས་རྒྱ་གར་འཕགས་ཡུལ་དུ་མ་ཕེབས་པའི་སྐབས་འདིར། དགོན་སྡེ་སྣ་ཚོགས་དང་ཨ་ཁུ་དགེ་བཤེས་མང་བོ་དང་འབྲེལ་འདྲིས་ཟབ་མོ་ཡོད་ལ་འགལ་ཟླའང་མང་བོ་བྱུང་ཡོད་དེ། དཔེར་ན། 《བླ་བྲང་ལ་བསྐུར་བའི་ཀ་རྩོམ།》ལྟ་བུ་དང་། ཡང་ཁོང་གིས་མིང་གི་དགེ་བཤེས་ཀྱིས་ཅི་ཡང་མི་ཕན་ཞེས་གསུངས་པ་འདིས་ཨ་ཁུ་དགེ་བཤེས་མང་པོས་དགེ་བཤེས་ཞེས་པའི་ཐ་སྙད་སྙན་མོ་དེ་ལོ་རེ་ཟླ་རེ་བཞིན་བསམ་རྒྱུ་དང་སྒྲུབ་རྒྱུ། རེ་འདུན་ཡིན་པས་དགེ་ཆོས་ཁོང་གིས་དྲང་བདེན་གྱི་ཚིག་འདི་ལྟ་བུས་ཁོ་ཚོའི་སྙིང་ལ་ཚེར་མ་བཙུགས་པ་བཞིན་འཁོན་འཛིན་གྱི་སྙིང་ནད་མེ་ལྟར་འབར་བཞིན་ཡོད། དེ་དང་མཚུངས་པར་རྒན་པོ་ཤེས་རབ་རྒྱ་མཚོའི《དགེ་ཆོས་རྣམ་ཐར།》ལས་དོན་དུ་ཕྲག་དོག་གི་ཆོས་གོས་ཞབས་ནས་དབྱེན་སྦྱོར་གྱི་དུག་མདའ་མང་བོ་འཕང་བའི་རྒྱུ་མཚན་མང་བོ་རྗེས་སུ་གོ་བྱུང་། ཞེས་ཨ་ཁུ་དགེ་བཤེས་རྣམས་ཀྱིས་ཕྲག་དོག་གི་དུག་མདའ་འཕང་བ་དང་འཁོན་འཛིན་གྱི་སྙིང་ནད་དུ་བཅངས་ཡོད་པ་འདི་ལས་གསལ་བོ་བསྟན་ཡོད། མཁས་དབང་ཉིད་རྒྱ་གར་འཕགས་ཡུལ་སོགས་ཕྱིའི་རྒྱལ་ཁམས་འགྲིམས་ནས་བཟུང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཁོ་ན་སྒྲུབ་པ་འདིས། དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་མིག་ནང་གི་ཚེར་མ་ལྟ་བུ་གྱུར། འགོ་དེ་ནས་བཟུང་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་དམག་དོན་དོ་དམ་ལག་བསྟར་བྱས་ཏེ། དགེ་ཆོས་ས་གར་སོང་དུ་དབྱིན་ཇིའི་མི་ཞིག་བྱ་ར་བར་ཆེད་གཏོང་བྱས་ཡོད་སྟབས་ནམ་ཡང་འདུག་བཟོད་མི་བདེ་བར་གཏད་པ་དང་། བོད་སྲིད་གཞུང་གི་བཀའ་བློན་ཀ་ཤོད་པ་དང་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཀྱིས་ཀྱང་བོད་དུ་ཕྱིར་ཕེབས་དགོས་པའི་འཕྲིན་ཡིག་ནན་ཅན་ཕུལ་བ་དང་བཅས། གང་ལྟར་ཡང་བོད་དུ་ཕྱིར་ཕེབས་དགོས་བྱུང་། བོད་དུ་ཕེབས་རྗེས་སུ་རྒྱ་གར་སྲིད་གཞུང་དོན་དངོས་སུ་དབྱིན་ཇིས་དབང་བསྒྱུར་བ་གིས་བོད་སྡོད་སྐུ་ཚབ་དབྱིན་ཇི་བ་རི་ཅར་སྒྲི་ས་ན་ཟེར་བ་ལ། དགེ་ཆོས་སྤོམ་མདའ་ཨ་ཕོ་རབ་དགའ་སོགས་ཀྱི་སྒྲིག་འཛུགས་བོད་ཀྱི་ཆོས་སྲིད་ལམ་ལུགས་རྙིང་བར་བསྒྱུར་བཅོས་བྱེད་པའི་ཚོགས་པ་ཞིག་ཡིན་ནང་ཞུགས་ཡོད་པས་དོགས་ཟོན་བྱེད་དགོས་པའི་གསང་བརྡ་གཏོང་བ་ལྟར། དེས་ཀྱང་སྐབས་དེའི་བོད་ཀྱི་བཀའ་བློན་ཀ་ཤོད་པ་ལ་གསང་བརྡ་གཏོང་བ་རེད། བཀའ་བློན་ཀ་ཤོད་པ་ནི་དབྱིན་ཇི་བཙན་འཛུལ་བའི་རྗེས་སུ་ཁྱི་མོ་བཞིན་དུ་རྒྱུགས་ནས། རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་དྲག་ཏུ་འཆིང་མཁན་གྱི་དཔའ་བོ་ཞིག་དང་། ཤ་བོ་ཚེ་རིང་གིས་ཁོང་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་ཆབ་སྲིད་ཀྱི་སྙན་ངག་པ་བླ་ན་མེད་པ་ཞིག་རེད། ཅེསདང་། ཡང་ཧོར་ཁང་བསོད་ནམས་དཔལ་འབར་ལགས་ནས་ཀྱང་། ཁོང་ནི་བཙན་རྒོལ་རྒྱལ་གཅེས་པ་བཟང་བོ་ཞིག་དང་། ངེས་པ་དོན་གྱི་མཁས་པ་ཞིག་ཡིན་ཞེས་པའི་ཚད་ལྡན་གྱི་སྐྱེས་བུ་དམ་པ་ལ་བརྟག་དཔྱད་གང་ཡང་མ་བྱས་ཤིང་། གནས་ཚུལ་དངོས་ཅི་ཡིན་གསལ་ཆ་མེད་པའི་ངང་ནས་མི་དམངས་ཀྱི་མདུན་དུ་དགེ་འདུན་ཆོས་འཕེལ་གྱིས་བརྒྱ་ལོར་བོད་དངུལ་སྲང་བརྒྱ་ཐམ་པའི་ཤོག་ལོར་རྫུན་མ་བཟོས་ཟེར་བའི་དཀྲོག་གཏམ་སྒྲོག་སྟེ། 1946ལོའི་ལོ་སྨད་དུ་ཁོང་ཉིད་འཛིན་བཟུང་བྱས་པ་རེད། དོན་དངོས་སུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་བ་དང་གཅིག ཨ་ཁུ་དགེ་བཤེས་མང་བོའི་ཕྲག་དོག་གིས་ཆོས་གོས་ཞབས་ནས་དབྱེན་སྦྱོར་གྱི་དུག་མདའ་མང་བོ་འཕང་ཡོད་པ་དང་གཉིས། དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་རྗེས་འབྲང་ཀླད་མེད་བཀའ་བློན་ཀ་ཤོད་པ་ལྟ་བུ་དང་གསུམ་འཛོམས་ཡོད་པ་ལས་ལོ་རྒྱུས་དེབ་ཐེར་དུ་ཡ་ང་བའི་གནས་ཚུལ་འདི་བྱུང་བ་རེད།

73.jpg

གསུམ་པ། ནག་ཉེས་ཡོད་མེད་ཀྱི་སྐོར།

ཁོང་ཉིད་བཙོན་ཁང་མུན་ནག་ཏུ་འཇུག་དགོས་པའི་གནས་ཚུལ་འདི་འདྲ་དངོས་གནས་ཡོད་དམ་སྙམ་ན། རྩ་བ་ནས་མེད་པ་རེད། སྐུ་ཉིད་བཙོན་ཁང་དུ་བཅུག་ཡོད་པའི་སྐབས་རཀ་ར་སྤྲུལ་སྐུ་མིང་སྲིང་གཉིས་ལ་བསྐུར་བའི་ཡི་གེར། ང་མགོན་མེད་འཁྱམས་པོ་ཞིག་བཙོན་ཁང་དུ་ལྷུང་བ་སྡུག་བསྔལ་ཆེ་ཡང་། སེམས་ཀྱི་ཟུར་ཞིག་ནས་ང་ཉེས་མེད་ཡིན་བསམ་པའི་བདེན་པའི་རང་ཞལ་འདིས་འཛུམ་སྟོན་ཅིང་ཞེས་དང་། ཡང་ཧོར་ཁང་བསོད་ནམས་དཔལ་འབར་ལགས་ལ་བསྐུར་བའི་ཡི་གེ་ལས་རང་རེས་རྒྱལ་རབས་རྩོམ་འཕྲོ་ཅན་འདི་ཙམ་ལུས་པ་བྱུང་ན་ཡང་། ད་ལན་ཀྱི་ཁོ་བོའི་ནག་ཉེས་ཆེ་ཆུང་ཅི་ཡིན་བོད་ཀྱི་ཤེས་ལྡན་ཡོངས་ཀྱི་མདུན་དུ་མ་འོངས་པ་ན་ཐག་ཆོད་པ་ཞིག་འོང་ངེས་པ་ཡིན། དེ་དུས་སྙིང་དེ་ལས་ཚོམ་པ་དང་བློ་ཁ་དེ་ལས་ཁེངས་པ་འོང་རྒྱུ་མེད། ཅེས་གསུངས་པ་ལས་སྐབས་དེར་དབྱིན་ཇི་བཙན་འཛུལ་པ་དང་ཀླད་མེད་ཀ་ཤོད་པ་ལྟ་བུས་བཙན་དབང་གིས་བཅུག་པ་རེད་མ་གཏོགས་ནག་ཉེས་ཆེ་ཆུང་གང་ཡིན་མངོན་གསལ་རྟོགས་ངེས། དངོས་གནས་བཤད་ན་མཁས་དབང་ཁོང་ལྟ་བུ་ནག་ཉེས་ཡོད་མེད་ཀྱི་ས་མཚམས་སུ་བཞག་ནས་གླེང་མོ་མཛད་རྒྱུ་འདི་ནི་རང་མགོ་རང་གིས་རྡུང་བ་མ་ཡིན་ནམ། ཟུར་ཞུགས་ཀྱི་སྤུན་ཟླ་རྣམ་པས་མཐོང་ན་ཧ་ཅང་དགོད་སྤྲོ་བའི་གནས་སུ་ཅི་མི་འགྱུར། ཁོང་ལྟ་བུ་རང་བཞིན་ཉིད་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་མཛད་མཁན་གྱི་དཔའ་བོ་ཞིག བཙོན་ཁང་མུན་ནག་ནང་དུ་རང་དབང་གི་གོ་སྐབས་ཅུང་ཟད་ཀྱང་མེད་པར་བྱ་རྒོད་པོ་རྙི་ལ་ཚུད་པ་བཞིན་གྱི་སྡུག་བསྔལ་ནི། བཟོད་གླགས་མེད་པ་ཞིག་ཡིན་པ་བསམ་གྱིས་ག་ལ་ཁྱབ། འོན་ཀྱང་ཁོང་གི་ཟུངས་ཁྲག་རེ་རེར་བཀྲམ་པའི་ལྡོག་ཐབས་མེད་པའི་རྩ་བའི་རྩ་དོན་ནི་རྒྱལ་རབས་རྩོམ་འཕྲོ་ལས་རང་སྡེའི་རིགས་ལ་ཞེན་པ་དཀར་བོའི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།། རང་གིས་ནུས་པའི་སྲིད་ཞུ་ཅུང་ཟད་སྒྲུབ།། ཞེས་སྙིང་སྟོབས་དགུ་འགྱུར་གྱིས་རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་གྱི་བསམ་བློ་མཚོན་ཡོད་པ་དེ་རེད། དེའི་ཕྱིར་རང་རེའི་རྗེས་འཇུག་པ་རྣམས་ཀྱིས་ཀྱང་མིག་དཔེ་བཟང་བོ་མདུན་དུ་བཞག་ནས་དེའི་ཕྱོགས་སུ་སྐྱོད་དགོས་པ་ནི་རང་རེའི་ཀུན་གྱིས་མ་སྐུལ་ཕྲག་ཏུ་བབས་པའི་ལས་སྐལ་རེད་དོ།  །

72.jpg

(རྔ་བའི་གསར་འགྱུར་དྲ་བ་ལས་བཤུས།)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།