སྲོལ་རྒྱུན་སྙན་ངག་གི་དཔེ་ཡིས་དོན་མཚོན་ཚུལ་ལ་དཔྱད་པ།

སྤྱིར་ན་བརྗོད་བྱ་ཞིག་དཔེ་འགོད་བྱེད་པ་ནི་ཕ་རོལ་པོ་ལ་བརྡ་གསལ་པོར་སྤྲོད་བྱེད་ཀྱི་ཐབས་ཤིག་ཡིན་ལ། བོད་ལ་མཚོན་ན་མིང་བརྡ་དང་། བརྡ་སྤྲོད་རིག་པ། ལེགས་བཤད། རྟ་བཤད། བཟོ་རིག་རི་མོ། གསོ་བ་རིག་པ་སོགས་གང་ལའང་དཔེ་མཚོན་བྱེད་ཐབས་སམ། དཔེ་འགོད་བྱེད་པའི་ཐབས་ནི་གདོད་མ་ནས་ཡོད་པ་འདྲ། ཁྱད་པར་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ཕྱི་མིག་ཅིག་བལྟས་ན་ང་ཚོའི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ནི་མདོར་ན་དཔེ་ཡིས་དོན་མཚོན་ཐབས་ཀྱི་སྒྱུ་རྩལ་སྣ་ཚོགས་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པ་བསྙོན་དུ་མེད། སྔོན་བྱོན་སྐྱེས་ཆེན་དམ་པ་དག་གི་བརྩམས་ཆོས་ལ་མཇལ་ན་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་མཛེས་འཛིན་གྱི་ལྟ་བའི་སྙེག་ས་གཙོ་བོ་ནི།དཔེ་འགོད་དམ་དཔེ་ཡིས་དོན་མཚོན་ཚུལ་གྱི་ཚད་གཞིའི་སྟེང་ནས་གཞལ་བར་འདོད།དེ་བས་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་དེ་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་རྩ་བའི་ཆ་རྐྱེན་དུ་བརྩི་ལ།རྩོམ་ཐབས་དེའི་ཁྱབ་ཁུངས་ཇི་ལྟར་ཡང་ན་རྩོམ་རིག་གི་རིན་ཐང་དེ་ཙམ་ཆེ་བའི་འདུ་ཤེས་ནི་བོད་སྔ་རབས་པའི་དུས་ནས་ཡོད་པ་འདྲ། དེ་ཉིད་རིམ་གྱིས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་རྒྱ་གར་གྱི་དཔེ་ཡིས་དོན་མཚོན་ཐབས་དེ་བོད་དུ་དར་བ་ནས་བོད་ཀྱི་རྩོམ་རིག་གི་ལྗོན་བཟང་དེ་ཉིད་སྔར་ལས་ལྷག་པའི་འདབ་མ་རྒྱས་སུ་བཅུག དེ་བས་འདིར་རྩོམ་ཐབས་དེ་ཇི་ལྟར་འཕེལ་རྒྱས་སུ་སོང་བ་རིམ་པ་བཞིན་བཀོད་ན།

དང་པོ། དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ཀྱི་ཐོག་མའི་རྩ་བ་ཚུགས་ས།

དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ཞེས་པ་ནི་དཔེ་དོན་གཉིས་ལས་དོན་དེ་ཉིད་ཇེ་གསལ་ལམ་མཆོག་དམན་གང་རུང་ཞིག་ཏུ་སྒྲུབ་པའམ་དཔེ་འགོད་ཀྱི་ཐབས་སྣ་ཚོགས་ལ་བརྟེན་ནས་ནས་ཀློག་པ་པོ་དེ་ཉིད་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ལ་ཁྲིད་ཐུབ་པའི་རྩོམ་ཐབས་དེ་ལ་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ཞེས་ངོས་འཛིན་བྱེད་ཆོག་པར་སྙམ། ད་ལྟ་ང་ཚོས་གདོད་མའི་སྙན་ངག་གམ་གླུ་ཚིག་ཏུ་ངོས་འཛིན་བྱེད་པའི་ཨ་མཚར་མཚར་དགུ་དང་། ཨ་ཆགས་ཆགས་དགུ། སྲིད་པ་ཆགས་གླུ། སྲིད་པའི་བ་ཆུང་བཤའ་བ་སོགས་ནི་གདོད་མའི་མི་རྣམས་ཀྱིས་རང་གིས་བསམ་བློའི་སྙིང་སྟོབས་ལ་བརྟེན་ནས་བཟོས་པའི་དམངས་ཁྲོད་དུ་བྱུང་བའི་གླུ་དང་སྙན་ངག་ཏུ་ངོས་འཛིན་གྱིན་ཡོད། གླུ་ཚིག་དེ་དག་གི་སྟེང་ནས་བལྟས་ན། གདོད་མའི་དུས་སྐབས་ནས་དངོས་པོ་ཞིག་ལ་ངོས་འཛིན་བྱེད་དུས། དངོས་པོ་དེའི་བྱེད་ལས་དང་གྲུབ་གཟུགས་སོགས་མཚུངས་པའི་དངོས་པོ་གཞན་ཞིག་དཔེ་རུ་དྲངས་ནས་བརྗོད་དོན་དེ་ཉིད་མཛེས་པར་སྤྲས་པའི་སྲོལ་བྱུང་ཡོད།དཔེར་ན།སྲིད་པའི་བ་ཆུང་བཤས་པའི་གླུ་ལྟ་བུ་ནི་རང་བྱུང་ཁམས་ཀྱི་རི་ཆུ་སོགས་གྲུབ་ཚུལ་ལ་བསམ་གཞིག་ཡང་ཡང་བྱས་མཐར་ནང་བཅུད་ཀྱི་སེམས་ཅན་བ་གླང་གི་ལུས་ཀྱི་གྲུབ་ཚུལ་དེ་ཉིད་དཔེ་ཡིས་མཚོན་ཚུལ་བྱེད་པར་བརྟེན་ནས་གདོད་མའི་མི་རྣམས་ཀྱི་བློ་ངོར་འཚམ་པ་ཞིག་བརྩམས་ཡོད་དེ།རང་བྱུང་འཇིག་རྟེན་སྟེང་གི་ཐོད་འབུར་འབུར་དང་།ལམ་ཀྱག་ཀྱོག ཐང་བདེ་བདེ་སོགས་བ་གླང་གི་ལུས་ཀྱི་གྲུབ་ཆ་རེ་རེ་བཞིན་བ་མགོ་དང་། བ་རྔ། བ་ཀོ་སོགས་རེ་རེ་བཞིན་དཔེ་ལ་བཀོད་ནས་ལྷ་སྒྲུང་ལྟ་བུ་ཞིག་ཏུ་བརྩམས་པ་ནི་གདོད་མའི་རྩོམ་རིག་གི་དཔེ་ཡིས་དོན་མཚོན་ཚུལ་དེ་ཉིད་སྒྱུ་རྩལ་གྱི་མཚོན་ཐབས་ལ་བརྟེན་ཡོད་པས་མཚོན་ཐབས་དེ་ལྟ་བུ་བོད་ཀྱི་རྩོམ་རིག་གི་དཔེ་ཡིས་དོན་མཚོན་ཐབས་ཀྱི་ཐོག་མའི་མགོ་ཚུགས་ས་རེད་ཅེས་བརྗོད་ཆོག་པར་སྙམ། མདོར་ན་གླུ་ཚིག་དེ་ནི་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་དེ་རྩོམ་རིག་གི་སྤྱིའི་འཕེལ་ཕྱོགས་བཞིན་ཐོག་མར་དམངས་ཁྲོད་རྩོམ་རིག་ནས་མགོ་བརྩམས་ཏེ་བོད་ཀྱི་རྩོམ་རིག་གི་ལམ་ཁ་དེ་ཉིད་དཔེ་ཡིས་དོན་མཚོན་པའི་རྩོམ་རིག་གི་ལམ་ཁ་ཞིག་ལ་འཕེལ་རྒྱས་སུ་འགྲོ་བའི་རྟགས་མཚན་རྨད་དུ་བྱུང་བ་ཞིག་ཀྱང་ཡིན་པར་སྙམ།

གཉིས་པ། དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ལ་འཕེལ་འགྱུར་བྱུང་བ།

བཙན་པོའི་རྒྱལ་རབས་ཀྱི་མགུར་གླུ་སོགས་ལས་དཔེ་ཡིས་དོན་མཚོན་ཚུལ་དེ་ཉིད་མིའི་བྱ་སྤྱོད་དང་གྲུབ་གཟུགས་སོགས་ཀྱང་སྲོག་མེད་ཀྱི་དངོས་པོ་དང་སྲོག་ལྡན་གཞན་ལ་མཚོན་ཚུལ་བྱུང་བས་ནང་དོན་གྱི་ཐད་ལའང་ཅུང་འཕེལ་རྒྱས་སུ་སོང་བ་མཚོན་ཐུབ། སྤྱིར་ན་བཙན་པོའི་སྐབས་ཀྱི་རྩོམ་རིག་ཡང་སྙིང་གི་ཁྱད་ཆོས་ནི་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་དེ་ཉིད་ཡིན་པ་ནི་འདིར་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་སོགས་ལས་ཤེས་ཐུབ། འདིར་ཏུན་ཧོང་གཏེར་ཡིག་ལས་ཡིག་ཆ་ཐོག་མ་རུ་གྱུར་པའི་མགུར་གླུ་དེ་སྤུ་དེ་གུང་རྒྱལ་གྱིས་ལོ་ངམ་ཚར་བཅད་དེ་རང་གི་ཕ་བསད་པའི་ཤ་འཁོན་གླན་རྗེས་སྙིང་ནད་སངས་པའི་མགུར་བཞེངས་པ“འ་བ་ཉི་ཉེ་པ་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག ། ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག ། བརླ་བརྡུངས། ། སྤུར་བཏབ། ། འྭོ་དེ་མྱེད་སྤུ་དེ་མྱེད། །”ཅེས་པའི་ཚིག་དེ་ལྟ་བུ་ལ་མཚོན་ན་སྤྱིར་ཚིག་སྡུད་ཆེ་བ་དང་། བྲིས་པ་མ་དག་པའམ་བརྡ་རྙིང་དགྲོལ་དཀའ་བ་རེ་གཉིས་འདུག་པའི་དབང་གིས། ཚིག་དོན་བྱེ་བྲག་ལ་འགྲེལ་རྒྱག་སྟངས་མི་གཅིག་པ་①ཡོད་ཀྱང་།ཡོངས་གྲགས་ཀྱི་འགྲེལ་སྟངས་ལྟར་ན། ཨ་ཕ་ནི་ཉེ་བོ་ལས་ཀྱང་ཉེ་བའི་མི་ཡིན་པའི་དོན་དེ་བསྟན་པ་དང་། ཚིག་རྐང་གཉིས་པ་དང་གསུམ་པ་གཉིས་དཔེ་ཡིན་ཏེ། ལོ་ངམ་རྟ་རྫི་ཁྱོད་རང་ཚོད་མ་ཟིན་པར་བཙན་པོ་བཀྲོངས་པ་དང་། སྲས་རྣམས་ས་མཐར་སྤྱུགས་པ་ལ་སོགས་པའི་ཚོད་མེད་ཀྱི་བྱ་བ་བྱས་ན། བྱ་དང་ཡོས་བུ་གཉིས་ལུས་བོངས་ཆེ་དྲགས་ཏེ། བྱ་མདུང་རྩེ་ནས་ཤི་བ་དང་། ཡོས་བུའི་པགས་པ་ལྷམ་གྱི་ཡུ་བ་བྱེད་པའི་དཔེ་དང་མཚུངས་པར་ངེད་ཀྱི་ལག་ཏུ་སྲོག་འདོར་བར་འགྱུར་②ཞེས་པ་ལྟར་འགྲེལ་ན། བཙན་པོའི་གཟི་ཉམས་དང་ཆེ་བ་འདོན་པའི་ཕྱིར་དུ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་ཀྱི་ཧེ་བག་ཇི་ལྟ་བུ་ཞིག་ཡིན་པ་བྱ་དང་ཡོས་བུ་གཉིས་ཀྱི་དཔེ་ཡི་སྒོ་ནས་མཚོན་པར་བྱེད་པ་རེད། མདོར་ན་ལོ་ངམ་གྱིས་གྲི་གུམ་བཙན་པོ་ལ་འགྲན་སློང་བའི་མཇུག་འབྲས་བྱུང་བའི་དགོད་བྲོ་བའི་བྱེད་ནུས་དེ་ཡོས་བུ་དང་བྱ་གཉིས་རྒྱལ་པོ་དང་བློན་པོ་ལོ་ངམ་གྱི་ནུས་པ་དང་འོས་ཤིང་འཚམ་པའི་དཔེ་མཚོན་གྱི་སྒོ་ནས་སྦྱར་བ་རེད།

དེར་མ་ཟད་བཙན་པོ་ཁྲི་སྲོང་བཙན་གྱིས་དབའས་དབྱི་ཚབ་ལ་བླངས་པའི་མགུར་ལས།

ཡར་མོ་ནི་ཆུ་ཐུངས་ཀྱིས། །

མདོ་ནས་ནྀ་རྩང་དུ་བསྲིང་། །

ཡར་མོ་ནྀ་ཞེང་ཆུང་ཀྱིས། །

ལྷོ་ནས་ནི་བྱང་དུ་བསྐྱེད། །

འཐབ་འཐབ་ནྀ་འདུ་འདུ་ན། །

ངག་རྗེས་ནི་མྱིས་མྱི་བརྗོད། །

འགྲོ་འགྲོ་ནི་འཆམ་འཆམ་ན། །

ཆགས་ལྷམ་ནི་ཆུས་མྱྀ་སྣང་། །

མགུར་འདི་ལྟ་བུ་ལ་མཚོན་ནའང་ཁྲི་སྲོང་བཙན་གྱིས་ཡར་ལུང་གཙང་པོའི་གཞུང་དང་ཞེང་བསྲིངས་ཤིང་རྒྱ་བསྐྱེད་པ་དཔེ་རུ་བླངས་ནས། སྤུ་རྒྱལ་བཙན་པོའི་ཆབ་སྲིད་དེ་ཆུང་ངུ་ནས་ཆེ་རུ་ཆགས་པའི་གོ་རིམ་③བརྗོད་པ་དེ་ལས་དཔེ་མཚོན་གྱི་ཐབས་དེ་སྤུ་རྒྱལ་བཙན་པོའི་མངའ་ཐང་རྒྱ་ཆེན་པོ་ཡིན་པ་བརྗོད་པའི་ཕྱིར་རྒྱལ་པོའི་མངའ་ཐང་དང་ཡར་ལུང་གཙང་པོ་གཉིས་དཔེ་ཡི་མཚོན་ཐབས་ལ་བརྟེན་ནས་དབའས་དབྱི་ཚབ་ལ་བླངས་པའི་མགུར་ཞིག་རེད།

དེ་བས་གདོད་མའི་དུས་ཀྱི་གླུ་ཚིག་དང་བསྡུར་ན་བཙན་པོའི་སྐབས་ཀྱི་མགུར་གླུ་ནི་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ཐད་སྔར་བས་འཕེལ་རྒྱས་ངེས་ཅན་ཞིག་ལ་ཕྱིན་ཡོད་པར་མ་ཟད། དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ལ་སྐབས་དེའི་སྤྱི་ཚོགས་ཀྱི་མཐོང་ཆེན་ག་འདྲ་ཞིག་བྱེད་པའང་རྟོགས་ཐུབ་པ་རེད།

གསུམ་པ། རྒྱ་གར་གྱི་དཔེ་ཡིས་དོན་མཚོན་ཚུལ་གྱིས་བོད་ཀྱི་རྩོམ་རིག་ལ་བཏོན་པའི་ཕན་འབྲས།

ཁྲི་སྲོང་ལྡེའུ་བཙན་སྐབས་བསམ་ཡས་སུ་སྒྲ་བསྒྱུར་ཁང་བཙུགས་ཤིང“ནུས་པ་ཡོད་པ་ཀུན་གྱིས་རྒྱ་དཔེ་རྙེད་ཚད་བསྒྱུར། འཚོ་བ་ཐམས་ཅད་བླ་ནས་སྦྱར”④ཏེ་བལ་ཡུལ་དང་ལི་ཡུལ། ཁ་ཆེ་སོགས་ནས་ཀྱང་ནང་པའི་ཆོས་བོད་སྐད་དུ་བསྒྱུར་པ་ནི་བོད་དུ་ནང་ཆོས་གཙོ་བྱས་པའི་རྒྱ་གར་གྱི་རིག་གནས་བོད་དུ་བསྒྱུར་བའི་ཚ་རླབས་ཆེན་པོ་ཞིག་འཕྱུར་མྱོང་བ་རེད། སྐབས་དེ་དང་བསྟུན་ནས་རྩོམ་རིག་གི་ཆ་ནས་བོད་དུ་བསྒྱུར་བ་ནི་ཡིད་ཀྱི་འགྱུར་བ་མཚོན་པའི་རྩོམ་རིག་དང་དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག་གཉིས་སུ་འདུ་ཆོག ཡིད་ཀྱི་འགྱུར་བ་མཚོན་པའི་རྩོམ་རིག་ནི་དཔེར་ན། སྤྲིན་གྱི་ཕོ་ཉ་ལྟ་བུ་རྩོམ་ཧྲིལ་པོ་དཔེ་སྤྲིན་གྱི་སྣང་བརྙན་ལ་བརྟེན་ནས་བྲིས་པས་དཔེ་མཚོན་གྱི་ཐབས་སྤྱད་ཡོད་པ་སྨོས་མེད་རེད། དེར་མ་ཟད་སྐབས་ཐོག་དེར་བསྒྱུར་པའི་ཤེས་རབ་སྡོང་པོ། ཤེས་རབ་བརྒྱ་པ། ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་སོགས་བསླབ་བྱ་དང་བསྟོད་རྩོམ་སོགས་དོན་གྱི་བྱུང་བ་བརྗོད་པའི་རྣམ་ཐར་དང་རྟོགས་བརྗོད་ཀྱང་མང་དུ་བསྒྱུར་པ་དག་ཀྱང་གཙོ་བོ་དཔེ་ཡིས་དོན་མཚོན་ཚུལ་དེ་མ་སྤྱད་པ་མེད་ཀྱང་། འདིར་དཔེ་མཚོན་ཙམ་དྲངས་ན། ཤེས་རབ་བརྒྱ་པ་ལས། ཤེས་རབ་མིག་ཕྱེ་རྣམས་ལ་ནི། །རྒུད་པ་རྣམ་པར་འཇིག་འགྱུར་ཏེ། ། ལག་ན་མར་མེ་ཐོགས་པ་ཡིས། ། མདུན་ན་མུན་པ་མེད་པ་བཞིན། །⑤ཞེས་པ་ནི་ལག་ཏུ་མར་མེ་ཐོགས་ན་མིག་མདུན་གྱི་མུན་པ་རང་ཤུགས་ཀྱིས་ཟད་པ་བཞིན་དུ་ཤེས་རབ་ཀྱི་མིག་ཕྱེ་བའི་སྐྱེས་བུ་ཞིག་ཡིན་ན་རྒུད་པའི་གནས་སུ་འཇིག་པར་མི་འགྱུར་བ་བསྟན་པ་སྟེ། དཔེ་མུན་པས་སྣང་བ་བསྐྲུན་པ་བཞིན་དོན་ཤེས་རབ་ཀྱི་བློ་དང་ལྡན་ན་མི་ཤེས་པའི་རྒུད་པའི་གནས་སུ་ལྷུང་བར་མི་འགྱུར་བར་བསྟན་པ་ནི་དཔེ་ཡི་མཚོན་ཐབས་ལ་བརྟེན་ནས་དོན་རྒུད་པའི་གནས་སུ་ལྷུང་བར་མི་འགྱུར་བ་དེ་བསྟན་པ་ལྟ་བུའོ། །གཞན་ཡང་། སྦྲུལ་ལ་འོ་མ་བླུད་པ་བཞིན། ། དུག་འཕེལ་འགྱུར་བ་ཁོ་ནར་ཟད། ། ངན་པ་རྣམས་ལ་གདམས་པ་ཡང་། ། ཚིག་པ་ཟ་འགྱུར་ཞི་མི་འགྱུར། ། ⑥ལྟ་བུ་ཡང་མཚོན་བྱེད་དཔེ་སྦྲུལ་ལ་འོ་མ་བླུད་ན་དུག་ཏུ་འཕེལ་བ་བཞིན་མཚོན་བྱའི་དོན་ངན་པ་དག་ལ་གདམས་པ་བྱིན་ཡང་ཚིག་པ་ཟ་བའི་རྒྱུ་རུ་འགྱུར་བར་བསྟན་པ་ལྟ་བུའང་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ཁྱད་པར་བ་ལ་བརྟེན་ནས་བརྩམས་པ་རེད། གཞན་ཡང་ཤེས་རབ་སྡོང་པོ་ལས། དམ་པ་མང་པོ་ཁས་འཆེས་མི་བྱེད་ལ། ། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། ། རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། ། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །⑦ ཞེས་པ་འདི་ཡང་རྡོ་ལ་རི་མོ་བྲིས་པ་ལྟ་བུའི་དཔེ་མཚོན་ལ་བརྟེན་ནས་དོན་མཁས་པ་རྣམས་ཀྱི་ཁས་བླངས་པའི་དམ་ཚིག་དེ་དཔེའི་སྒོ་ནས་ཁྱད་ཆོས་དེ་གསལ་བར་བསྟན་པ་རེད། ཚིགས་སུ་བཅད་པའི་མཛོད་ལས། སེམས་ཅན་སྐྱོན་དང་འདྲེས་ན་ཡང་། །ཡོན་ཏན་ལྡན་པས་ཡོན་ཏན་བླང་། ། ཆུ་ལས་འོ་མ་འབྱེད་པ་པ་ཡང་། ། ངང་པ་ལས་གཞན་སུ་ཡིས་ཤེས། །⑧ཞེས་པ་འདི་ཡང་ངང་པས་ཆུ་ལས་འོ་མ་ལེན་པའི་དཔེ་མཚོན་ལ་བརྟེན་ནས་ཡོན་ཏན་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་སྐྱོན་ཡོན་གྱི་བླང་དོར་མ་འཁྲུལ་བར་བསྟན་པ་ལྟ་བུ་ནི་དཔེ་མཚོན་གྱི་ཐབས་ཁྱད་པར་བ་སྤྱད་ནས་དོན་དེ་ཉིད་གསལ་བར་བསྟན་པ་ལྟ་བུ་རེད།

བཞི་པ། མེ་ལོང་མ་ལས་བསྟན་པའི་དཔེ་ཡིས་དོན་མཚོན་ཚུལ།

སྤྱིར་བོད་དུ་རྒྱ་གར་གྱི་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་དེའི་ཤན་ཞུགས་མགོ་སྔ་ནའང་། ཕྱིས་སུ་སྙན་ངག་མེ་ལོང་མ་བོད་དུ་དར་བ་ནས་རྩོམ་ཐབས་དེ་ཕལ་ཆེར་གཞུང་ལུགས་ཀྱི་ངོ་བོར་གྲུབ། སྤྱིར་ན་བོད་དུ་སྙན་ངག་མེ་ལོང་མ་དར་བ་ནས་བོད་ལ་རྩོམ་རིག་གི་གཞུང་ལུགས་མེད་པའི་དུས་རབས་དེ་མཇུག་རྫོགས་ནས་རྩོམ་པ་པོ་ཚང་མས་ཀྱང་མེ་ལོང་མའི་རྩོམ་སྲོལ་ལ་སྦྱངས་ནས། རྩོམ་འབྲི་བའི་སྲོལ་བྱུང་བ་ཡིན་ཡང་། དེ་ཡང་མདོར་དེད་ན་ཕལ་ཆར་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ཀྱི་གཞུང་ལུགས་ཤིག་རེད་ཅེས་ཀྱང་མི་ཆོག་པ་མེད་པ་འདྲ། མེ་ལོང་མ་བོད་དུ་དར་བའི་དགེ་མཚན་གཙོ་བོ་ནི་དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ཀྱི་གཞུང་ལུགས་ཤིག་ཡིན་ལ། མེ་ལོང་མའི་རྩོམ་རིག་ཡང་སྙིང་ལྟ་བུ་ནི་དོན་རྒྱན་སོ་ལྔ་ཡིན་ལ། དོན་རྒྱན་སོ་ལྔ་ལས་ཆེས་གལ་ཆེ་བའི་རྒྱན་དག་ཀྱང་དཔེ་འགོད་དམ།དཔེ་ཡིས་དོན་མཚོན་པའི་རྩོམ་ཐབས་ཀྱི་གཞུང་ལུགས་ཤིག་ལས་མ་འདས། དོན་རྒྱན་སོ་ལྔ་ལས། དཔེ་རྒྱན། གཟུགས་རྒྱན། དོན་གཞན་བཀོད་པའི་རྒྱན། སྲིད་པ་ཅན། རབ་རྟོག ཕུལ་བྱུང་། བསྡུས་བརྗོད། རྒྱུའི་རྒྱན། ཕྲ་མོའི་རྒྱན། རིམ་པ་ཅན་གྱི་རྒྱན། དགའ་བའི་རྒྱན། བསྙོན་དོར། སྦྱར་བའི་རྒྱན།མཚུངས་སྦྱོར་གྱི་རྒྱན། ངེས་བསྟན་གྱི་རྒྱན། ལྷན་ཅིག་བརྗོད་པའི་རྒྱན། རབ་སྤེལ་གྱི་རྒྱན་སོགས་བཅུ་བདུན་ཙམ་ནི་མཐར་གཏུགས་ན་དཔེ་རྒྱན་ཞེས་མིང་མ་བཏགས་ཀྱང་། ཚང་མ་དཔེ་ཡིས་དོན་མཚོན་ཚུལ་ཐབས་མི་འདྲ་བ་འབའ་ཞིག་ལས་མ་འདས། འདིར་ཡིག་ཚོགས་བསྐྱུང་བའི་ཕྱིར་དུ་རེ་རེ་ལ་གསལ་བྱེད་ཀྱི་དགོས་པ་ཆུང་བར་སྙམ། བོད་དུ་མེ་ལོང་མ་དར་བའི་རྗེས་ནས་རྗེ་ཙོང་ཁ་པ། ཞང་ཞུང་ཆོས་དབང་གྲགས་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྡོ་རིང་པཎྜི་ཏ།ཉེ་རབས་ཀྱི་སྒིས་སྟེང་བློ་བཟང་དཔལ་ལྡན་སོགས་གྲགས་ཆེ་བའི་རྩོམ་པ་པོ་རིམ་པར་བྱོན་པ་དེ་དག་གི་རྩོམ་རིག་སྒྱུ་རྩལ་གྱི་ཚད་ནི་བོད་ཀྱི་རྩོམ་རིག་གི་གར་སྟེགས་སྟེང་ན་ཆེ་ཆེར་མངོན་པར་གསལ་བའི་རྒྱུ་མཚན་ཀྱང་གཙོ་བོ་སྙན་ངག་མེ་ལོང་མའི་ནང་གི་དཔེ་འགོད་དམ་དཔེ་ཡིས་དོན་མཚོན་ཚུལ་གྱི་རྩོམ་ཐབས་དེ་རྩོམ་ཡིག་གི་ཐོག་མཐའ་བར་གསུམ་དུ་འོས་འཚམ་གྱིས་སྤྱད་ཡོད་པས་རེད། མེ་ལོང་མ་བོད་དུ་དར་བ་ནས་རྒྱ་གར་གྱི་དཔེ་འགོད་བྱེད་པའི་ཐབས་རྩལ་མི་འདྲ་བ་མང་པོ་ཞིག་བོད་ཀྱི་རྩོམ་རིག་གི་ཞིང་སར་འདེབས་ཐུབ་བྱུང་བ་དེ་རེད། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་བ་ནས་དུས་ཡུན་རིང་པོ་ཞིག་ལ་རྩོམ་པ་པོ་ཞིག་ཡིན་ན།དཔེ་འགོད་ཀྱི་ཐབས་མེད་པའམ་དཔེ་ཡིས་དོན་མཚོན་པའི་རྩོམ་རིག་གི་ཐབས་འཕྲུལ་དེ་སྤྱད་མེད་ན་རྩོམ་པ་པོའི་གྲས་སུའང་ཕལ་ཆེར་ཚུད་དཀའ་བའི་གནས་སུ་གྱུར། དེ་བས་ང་ཚོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རྩོམ་རིག་གི་ཁྱད་ཆོས་ཀྱང་དཔེ་ཡིས་དོན་མཚོན་པའི་ཐབས་རྩལ་སྣ་ཚོགས་པ་ཡོད་པ་དེ་ཡིན་ལ། རྩོམ་ཐབས་དེ་ཉམས་སོང་བ་ཡིན་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རྩོམ་རིག་གི་བྲོ་བ་ཉམས་སོང་བའང་ཤེས་ཐུབ་པ་རེད།

དཔྱད་གཞིའི་ཡིག་ཆ།

① 《རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》p54 p26

②《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》p58

③《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》སྟོད་ཆ།p313

④《ཁྱད་པར་འཕགས་བསྟོད་ཀྱི་འབྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན》p115

⑤རྒྱ་ཡེ་བཀྲ་བྷོ། 《ལེགས་བཤད་ཟླ་བའི་སྣང་བ》 མི་རིགས་དཔེ་སྐྲུན་ཁང་། p496 p504 p506 p543

ཟླ5པའི་ཚེས15ཉིན། ཟི་ལིང་གྲོང་ཁྱེར་གྱི་བཟོ་འགོད་གཙོ་བོ་སྟེ་དཀྱིལ་སྙིང་ཐང་ཆེན་བྱང་བསྐྱེད་བཟོ་འགོད་ཀྱི་ཞིན་ཧའེ་ལམ་གྱི་བསྲིངས་མཚམས་ཀྱི་བྱང་ཁུལ་དེ་གཞིས་དམངས་ལ་སྒོ་ཕྱེ། ལྗང་མདོག་དང་འཆམ་མཐུན་ཡིན་པའི་མཛེས་སྡུག་གི་རི་མོ་ཞིག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བདེ་བླག་ངང་འཚོག་པར་བསུ་མ་བྱེད་པ་དང་མཚུངས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།