ཆོས་ལུགས་དོན་བརྗོད་ཀྱི་ཐད་ནས་བརྩམས་སྒྲུང་གི་མི་སྣའི་གཤིས་ཀ་གླེང་བ།  

    ནང་དོན་གནད་བསྡུས། བརྩམས་སྒྲུང་གསར་པ་བོད་དུ་ཐོག་མར་དར་དུས་གཙོ་བོ་དངོས་གཙོ་རིང་ལུགས་དང་སྤྱི་ཚོགས་རིག་པའི་བསམ་གཞིག་བྱེད་སྟངས་ཀྱིས་རྩོམ་རིག་གི་ལྟ་བ་གྲུབ་པར་བརྩམས་ཡོད་པ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་ལ་སྙོབས་པའི་བློ་བསྐྱེད་རིང་ལུགས་ཀྱི་བསམ་བློ་གཞིར་བཅོལ་ཡོད་པས། རྩོམ་གྱི་མཐོང་སྣེ་མི་འདྲ་བ་མང་པོ་ཞིག་བྱུང་ལ་དེ་ལས་དོན་བརྗོད་ཀྱི་རིག་པ་གྲུབ། བོད་བརྒྱུད་ནང་བསྟན་གྱི་བསམ་བློ་དང་ཆོས་ལུགས་ཀྱི་ཆ་དེ་བོད་རྩོམ་དུ་དོར་མ་མྱོང་ལ་གསར་རྩོམ་གྱི་ལྟ་བ་དང་བསམ་པའི་ལང་ཕྱོགས་ལ་འགྱུར་ལྡོག་ཆེས་ཆེར་ལྡན་པས།ཆོས་ལུགས་བརྗོད་བྱར་བྱས་པའི་བརྩམས་སྒྲུང་དེ་ཡང་སྲོལ་རྒྱུན་གྱི་ཁྱད་ཆོས་དང་བར་ཁྱད་བྱུང་སྟེ་གསར་རྩོམ་གྱི་ལང་ཕྱོགས་མི་འདྲ་ཞིང་། གཟུགས་བཀོད་རང་བཞིན་དང་གཟུགས་བརྙན་གྱི་ཚོར་བ་དེ་ཇེ་གསལ་དུ་བཏང་ཡོད།དཔྱད་རྩོམ་གྱིས་བོད་ཀྱི་དེང་རབས་རྩོམ་རིག་ལས་ཆོས་ལུགས་དོན་བརྗོད་ཀྱི་ཁྲོད་ནས་མི་སྣའི་གཤིས་ཀར་འགྱུར་ལྡོག་ཅི་ཞིག་བྱུང་ཡོད་པ་རྩལ་དུ་བཏོན་ཡོད།

བརྡ་ཆད་གཙོ་བོ། དེང་རབས་བརྩམས་སྒྲུང་། དོན་བརྗོད། མི་སྣའི་གཤིས་ཀ

སྲོལ་རྒྱུན་བརྩམས་སྒྲུང་ལ་མཚོན་ན་མི་སྣའི་གཤིས་ཀ་དེ་དེ་འདྲའི་འཛོམས་པོ་ཅན་ཞིག་མ་ཡིན་ལ།  སྣང་བརྙན་གྱིས་བརྗོད་བྱ་མཚོན་པ་ཅན་ཞིག་ཀྱང་མིན་པར། དེའི་མཛེས་པའི་ཆ་དེ་མི་སྣའི་ཁ་བརྡའི་སྟེང་དུ་ཡོད་པ་དང་མཐར་གཏུགས་ན་དེ་ལེགས་བཤད་ཀྱི་མཛེས་པ་རེད།  སྤྱིར་བཏང་དུ་རྩོམ་རིག་གིས་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་རང་གི་བརྗོད་འདོད་པ་དེ་མཚོན་དགོས་པས། དེང་རབས་བརྩམས་སྒྲུང་གིས་རྩོམ་རིག་གི་རྨང་གཞིའི་ཤེས་བྱ་འདི་ལས་རྐང་ཚུགས་ཏེ།གཏམ་རྒྱུད་རེ་བརྗོད་ནས་བྱུང་རིམ་དང་ལྡན་པར་རང་གི་བརྗོད་འདོད་ཀྱི་བསྟན་དོན་ལ་རྩོལ་བ་བསྐྱེད་ཡོད་ལ། མི་སྣའི་གཤིས་ཀ་དང་བརྗོད་བྱའི་བསྟན་དོན་གང་ཡིན་ཡང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཅིག་སྤེལ་ནས་མཚོན་ཞིང་།གཏམ་རྒྱུད་ཀྱི་བྱུང་རིམ་ལ་དང་དོད་བྱ་བའི་ཐོག་ནས་བརྩམས་སྒྲུང་གསར་པའི་ཐོག་མའི་ཐོད་བརྒལ་གྱི་ཆ་དེ་མངོན་པར་བྱས་ཡོད།དེང་རབས་རྩོམ་རིག་ནི་དེ་དང་མི་འདྲ་བར།དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་མཇུག་ནས་བཟུང་བོད་ཀྱི་རྩོམ་པ་པོ་སྐོར་ཞིག་གིས་སྲོལ་རྒྱུན་གྱི་རྩོམ་སྟངས་རྐྱང་བའི་བཀག་རྒྱ་ལས་གྲོལ་བར་བྱས་ཏེ།སྤྱི་ཚོགས་འཚོ་བ་དངོས་ལ་གདོང་གཏོད་བྱེད་པ་དང་རང་རིགས་ཀྱི་ལྟ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ལས་དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་བོད་མིའི་འཚོ་བའི་སྣང་བརྙན་ངོ་མ་རེ་རྩོམ་དུ་འགོད་མགོ་ཚུགས་པ་དང་། བོད་ལ་རྩོམ་རིག་གསར་པ་དར་ནས་ལོ་ངོ་སུམ་ཅུ་ལྷག་འགོར་བའི་རྩོམ་རིག་གི་འཕེལ་རྒྱས་ཁྲོད་དུ།  དཔལ་དོན་གྲུབ་རྒྱལ་དང་ཚེ་རིང་དོན་གྲུབ་སོགས་སྔོན་སྐྱོད་རྩོམ་པ་པོ་ནས་གསར་དུ་འཚར་ལོངས་འབྱུང་བཞིན་པའི་ན་གཞོན་རྩོམ་མཁན་གྱི་སྡེས།བོད་བརྒྱུད་ནང་བསྟན་དེ་གསར་རྩོམ་གྱི་གོ་རིམ་ཁྲོད་དུ་དོར་མ་མྱོང་ལ་རྣམ་པ་མི་འདྲ་བའི་སྒོ་ནས་ཡིག་ཐོག་ཏུ་ཕབ་འདུག  རྣམ་པ་དེ་ཡང་སྲོལ་རྒྱུན་བརྩམས་སྒྲུང་གི་བསམ་བློ་གཙོར་འཛིན་པའི་ལག་ཆ་ནས་ཁ་ཕྱི་རུ་ཕྱོགས་ཏེ་སྒྱུ་རྩལ་གྱི་སྟེང་དུ་འགྲོ་བཞིན་པས། འདི་རྩོམ་རིག་གི་ཆ་ནས་བལྟས་ན་ཐོད་བརྒལ་ཆེ་ཞིང་སྣ་མང་ཅན་དུ་ཆགས་བཞིན་ཡོད་པ་དང་། བོད་ཀྱི་རྩོམ་རིག་གསར་པ་དེ་ཡང་རིམ་བཞིན་དགག་རྒྱག་སུན་འབྱིན་གྱི་ངོ་བོ་ནས་མི་བུ་སྒེར་གྱི་སྟེང་དུ་འབབ་བཞིན་པའི་རྣམ་པ་ཞིག་ཆགས་བཞིན་ཡོད་དེ། རྣམ་པ་འདི་རུ་རྩོམ་པ་པོའི་བསམ་བློ་ཐམས་ཅད་མི་སྣའི་གཤིས་ཀ་འབྲི་བཞེངས་ཀྱི་སྟེང་དུ་བཞག་ཡོད་པ་དང་། མི་སྣའི་སེམས་ཁམས་ཀྱི་འགྱུར་བ་དང་བྱ་སྤྱོད་དེ་བྱུང་རིམ་གྱི་གཞི་རྩའི་ཆ་རྐྱེན་དུ་གྲུབ།སྒྲུང་གཏམ་འགྲུབ་བྱེད་ཀྱི་སྙིང་པོར་གྱུར་པའི་རྒྱུ་རྐྱེན་ཡང་མི་སྣ་ཡིན་ཞིང་། མི་སྣ་འབྲི་བ་ལ་ཡང་མི་སྣའི་ལས་དབང་འབྲི་བ་དང་མི་སྣའི་གཤིས་ཀ་འབྲི་བ་གཉིས་འདུ། མི་སྣའི་གཤིས་ཀ་དེ་སྒྲུང་གཏམ་རང་བཞིན་ཅན་ཞིག་མ་ཡིན་པར་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་ངོ་མ་ཞིག་ཡིན་པས་བརྩམས་སྒྲུང་གསར་པས་དེ་མཚོན་ཡོད། གཤིས་ཀ་འབྲི་དུས་ཐོག་མར་རྩོམ་པ་པོས་སྤྱིར་བཏང་གི་ཇུས་འགོད་བྱེད་པ་དང་ཞིབ་ཕྲའི་བློས་བསླངས་བརྒྱུད་དེ། ཇུས་འགོད་དེ་དག་ལ་འགྱུར་ལྡོག་འབྱུང་བའི་བརྒྱུད་རིམ་ཞིག་ཆགས་འདུག

གཤིས་ཀ་ནི་ཆོ་མེད་ཅིག་མ་ཡིན་པར་དེ་ངེས་པར་མི་བུ་ཞིག་གིས་བྱ་དངོས་གང་ཞིག་གི་ཁྲོད་དུ་བྱས་པའི་འགུལ་སྐྱོད་དང་འགུལ་སྐྱོད་དེ་དག་ལས་ཕྱིར་མངོན་པ་ཞིག་ཡིན་ལ།གཤིས་ཀ་འབྲི་དུས་གཏམ་རྒྱུད་ཅིག་ལ་ངེས་པར་ཁེན་དགོས།ཡང་དེ་གཏམ་རྒྱུད་གཙོར་བཟུང་ནས་འབྲི་བའི་བརྩམས་སྒྲུང་དང་མི་འདྲ་སྟེ། མི་སྣའི་གཤིས་ཀ་མངོན་གསལ་གྱིས་མཚོན་པའི་བརྩམས་སྒྲུང་དུ་གཏམ་རྒྱུད་འགོད་དུས་གཏམ་རྒྱུད་དེ་མི་སྣའི་གཤིས་ཀ་ལ་ཞབས་འདེགས་ཞུ་རུ་འཇུག་རྒྱུ་ལས།གཏམ་རྒྱུད་ནི་རྩོམ་པ་པོའི་གཞི་འཛིན་ས་གཙོ་བོ་དེ་མ་ཡིན་པར།ཁོས་མི་སྣའི་གཤིས་ཀ་དེ་དང་ཁ་འཕྲོད་པའི་གཏམ་རྒྱུད་རེ་གདམ་གསེས་བྱས་ཏེ་གཤིས་ཀ་དེ་འབུར་ཐོན་ཅན་དུ་ཕྱིར་མངོན་དགོས་པར་མ་ཟད།མི་སྣ་གཙོ་བོའི་སྣང་བརྙན་དེ་གཏམ་རྒྱུད་རང་བཞིན་ཅན་ཞིག་མིན་པར་དངོས་ཡོད་ཀྱི་མི་ངོ་མ་ཞིག་དང་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་གྲུབ་གཟུགས་ཤིག་རེད།རྒྱའི་རྩོམ་རིག་པ་གྲགས་ཅན་མོ་ཏུན་ནས་ཀྱང“བརྩམས་སྒྲུང་ལེགས་པོ་ཞིག་འབྲི་ཚེ།ཆེད་དུ་བྱུང་རིམ་གྱི་སྒྲིག་གཞི་ཁོ་ན་ནས་བསམ་བློ་བཏང་ན་མི་ཡོང་བར།གཙོ་བོ་མི་སྣ་དང་རྒྱབ་ལྗོངས་ནས་འདང་རྒྱག་དགོས།བྱུང་རིམ་གྱི་རྣམ་པ་ཅན་དེ་ལ་ཚད་བཀག་ཡོད་དེ།བརྩེ་དུང་འབྲི་བ་ཅན་ཞིག་ལ་མཚོན་ན་ཕོ་མོ་གཉིས་སམ་ཡང་ན་ཕོ་མོ་མང་པོ་ཞིག་གི་བརྩེ་དུང་དེ་མཐའ་མར་དགའ་སྐྱོ་གཉིས་ལས་མ་འདས་པས།ཕྱོགས་གང་ནས་བལྟས་ཀྱང་དེ་འདྲ་མིན་པར་མི་སྲིད།བརྩེ་དུང་མཚོན་པའི་བརྩམས་སྒྲུང་ཞིག་ལ་རང་གི་བྲོ་བ་མ་ཉམས་ཤིང་དེས་མི་སེམས་འགུག་ཐུབ་པ་ནི། དེའི་ནང་གི་མི་སྣའི་གཤིས་ཀ་དང་རྒྱབ་ལྗོངས་ཀྱི་མཁའ་དབུགས་དེ་མ་འདྲ་བས་རེད།ཀློག་པ་པོར་ཀློག་འདོད་སྐྱེས་པ་དེ་ཡང་ཁོ་ཚོའི་ནང་སེམས་གྱི་འགལ་བ་དང་གཤིས་ཀའི་འཕེལ་རིམ་ཡིན་པ་ལས།འགྲིག་ལ་ཁད་དང་ཐོར་ལ་ཁད་ཀྱི་རྨི་ལམ་ལྟ་བུའི་བྱུང་རིམ་དེ་ནི་གཏན་ནས་མ་ཡིན”ཞེས་བརྗོད་འདུག་པས།  དེ་ལྟར་བྱས་ཚེ་བརྩམས་ཆོས་དེ་རྩོམ་རིག་གི་གཏིང་ཟབ་སར་བསྐྱོད་ཡོད་པ་དང་མིའི་རིག་པ་ཡིན་ཞེས་བརྗོད་ཆོག་ཆོག་ཡིན་ལ།རྩོམ་མཁན་གྱིས་ཀྱང་སྒྱུ་རྩལ་ངོ་མ་བོ་དེ་གསར་རྙེད་བྱ་ཐུབ་པ་རེད།

བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་ནང་གི་མི་སྣ་གཙོ་བོ་ཕལ་མོ་ཆེ་ཞིག་ནི་དཀར་ཕྱོགས་ཀྱི་སྐྱེས་བུ་གང་ཞིག་དང་ཡང་ན་དགེ་ཕྱོགས་ལ་རྩོལ་བ་ཅན་ཏག་ཏག་ཡིན་ལ།རོལ་མྱོང་བྱེད་དུས་ཀྱང་ང་ཚོས་ནང་ཆོས་ལས་འཕྲོས་པའི་གཤིས་ཀ་རེ་དང་མི་ཆོས་ལས་བྱུང་བའི་གྲུབ་གཟུགས་རེ་མ་གཏོགས་མིའི་གཤིས་ཀ་ངོ་མ་བོ་དེ་མཐོང་བར་དཀའ།ང་ཚོས་སྤྱིར་བཏང་དུ་བརྩམས་ཆོས་ཤིག་ལ་ཡོངས་ཁྱབ་ཀྱི་བདེན་དགེ་མཛེས་གསུམ་གྱི་ཆ་རྐྱེན་ཚང་དགོས་པར་བརྗོད་པ་དང་།  རྩོམ་ལེགས་པོ་ཞིག་ལ་དངོས་ཡོད་དང་བདེན་པའི་རང་བཞིན་ཡོད་དགོས་པར་བརྗོད་ཚེ།དེས་མིའི་རིགས་ཀྱི་བསམ་པའི་ཡུལ་ཁམས་ཇེ་མཐོ་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་མ་ཟད།ད་དུང་ཀློག་མཁན་ལ་ཡང་མཛེས་རྟོག་གི་ཚོར་སྣང་ཞིག་སྟེར་སྲིད།ཡིན་ཡང་།ལྟ་ཕྱོགས་དེས་ངན་པ་དང་རྫུན་མའི་ཆ་དེ་ཐེར་འདོན་བྱེད་པ་ནི་གཏན་ནས་མ་ཡིན་ལ།མིའི་ནང་སེམས་ཀྱི་མ་རབས་དང་ངན་པའི་ཆ་དེ་རྩོམ་དུ་འགོད་པ་ཡང་མི་རུང་བ་ཞིག་མ་ཡིན་ཏེ།དེ་ལྟར་བྱས་ཚེ་མི་སྣའི་གཤིས་ཀ་དེ་སྐྱོན་ཀུན་བྲལ་དང་དགེ་མཚན་ཀུན་ཚང་ཅན་ཞིག་ཏུ་གྱུར་འདུག་པས།དེའི་སྟེང་དུ་མཐོང་བ་ནི་རྫུས་མའི་མཛེས་དཔྱོད་རང་བཞིན་ཅན་ཞིག་ཡིན་པ་ཤ་སྟག་རེད།དོན་དངོས་ཐོག་མིའི་ནང་སེམས་ཀྱི་འཇིག་རྟེན་དང་གཤིས་ཀ་ངོ་མ་བོ་དེ་ནི་ཀློག་པ་པོར་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་ནང་སེམས་ཀྱི་འགྱུར་བ་དང་བྱ་སྤྱོད།དགའ་སྐྱོ་ཆགས་སྡང་སོགས་མྱོང་དུ་འཇུག་དགོས་ལ།བདེན་རྫུན་དང་བཟང་ངན་བར་གྱི་འཕར་འཆག་དེ་བྲིས་ནས་མིའི་ནང་སེམས་ཀྱི་འགལ་ཟླའི་ཆ་དེ་ཕྱིར་མངོན་དགོས་པ་དང་།གཤིས་ཀ་དེ་ཡང་ཕན་ཚུན་དང་སྔ་གཞུག་ཏུ་འགྱུར་ལྡོག་འགྲོ་བར་སྲིད་པའི་ཉིས་ཟློས་མཉམ་སྡེབ་ཅན(二重组合)གྱི་འགུལ་སྐྱོད་ཅིག་ཡིན་པས།སྲོལ་རྒྱུན་བརྩམས་སྒྲུང་དུ་དེ་ལྟའི་གཤིས་ཀ་ཞིག་འབྲི་བཞེངས་བྱས་པ་ནི་མཐོང་དཀའ།སྐོར་ཞིག་གིས་མི་ལ་རས་པའི་ཨ་མ་མྱང་ཚ་དཀར་རྒྱན་ནི་དེ་ལྟའི་གཤིས་ཀ་འཛོམས་པོ་ཅན་ཞིག་རེད་ཅེས་བརྗོད་ཀྱིན་པར་ཤིན་ཏུ་འཐད།

བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་འཕེལ་རིམ་ལས་མི་སྣ་དེ་སྤྱིའི་ཁྱད་ཆོས་ལྷ་གཤིས་ཅན་ནས་མི་གཤིས་ཅན་དུ་འགྱུར་ལྡོག་བྱུང་བ་ནི་ལོ་རབས་བརྒྱད་ཅུ་པ་ནས་མགོ་ཚུགས་ཤིང་།རིམ་བཞིན་གཤིས་ཀ་ཆིག་རྐྱང་ཅན(单一)ནས་སྣ་མང་ཅན་དུ་ཐོད་བརྒལ་བྱེད་བཞིན་པའི་རྩོམ་རིག་གི་སྣང་ཚུལ་ཞིག་གྲུབ་ཡོད་ཀྱང་དེའི་གོམ་ཁ་ནི་ཧ་ཅང་དལ།བར་སྐབས་དེའི་བརྩམས་སྒྲུང་གིས་མི་སྣའི་གཤིས་ཀ་དེ་རྩོམ་གྱི་བརྗོད་སྙིང་དུ་འཇོག་གིན་པར་མ་ཟད།མི་སྣ་གཙོ་བོའི་གཤིས་ཀ་དེ་གཏམ་རྒྱུད་རང་བཞིན་ཅན་ཞིག་མ་ཡིན་པར་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་ཤ་སྟག་ཅིག་རེད།དཔེར་ན།ཆོས་ལུགས་དོན་བརྗོད་ཀྱི་ཐད་ནས་བྱུང་བའི་འགྱུར་ལྡོག་གི་རིམ་པ་ལྟར་ན། ཆེས་ཐོག་མའི་དུས་ཀྱི《སྤྲུལ་སྐུ》དང《གྲུབ་ཐོབ་རྟ་ནག་ཅན》སོགས་ཀྱིས་མཚོན་པའི་བརྩམས་སྒྲུང་དུ། མི་སྣ་གཙོ་བོའི་གཤིས་ཀ་ནི་མགོ་སྐོར་གཡོ་སྒྱུ་ལ་མཁས་ཤིང་གཞན་ལ་གནོད་བྱེད་པར་དོགས་པ་ཅི་ཡང་མི་བྱེད་པའི་འཇིག་རྟེན་པ་གཡོ་སྒྱུ་ཅན་དག་གིས་ཆོས་ཀྱི་གཟུགས་བརྙན་ལ་བརྟེན་ནས་བྱ་ངན་སྒྲུབ་པ་ཅན་ཏག་ཏག་ཡིན་ལ།གཤིས་ཀ་དེ་ཡང་གཏམ་རྒྱུད་ལ་ཁེན་ནས་བརྗོད་པ་མ་གཏོགས་མི་སྣ་རང་སྟེང་གི་བསམ་བློ་དང་འདོད་པ་ནི་མཐོང་བར་དཀའ།དེ་ལྟར་གྲུབ་པའི་རྒྱུ་རྐྱེན་ཡང་དབྱིན་ཇིའི་དེང་རབས་བརྩམས་སྒྲུང་ཆེད་མཁས་པ་ཧྥོ་སི་ཐེའི་སྐད་ཆས་བཤད་ན།“མི་ཁ་ཤས་ཤིག་ལ་གཏམ་རྒྱུད་ལས་ཅི་ཡང་མི་མཁོ་ལ། དེ་ནི་རྦད་དེ་གདོད་མའི་རང་བཞིན་གྱི་མཚར་སྣང་གིས་ཁ་ལོ་བྱས་པ་ཡིན་པས། གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་གཤིས་ཀ་དེ་དག་གིས་ནི་མིའི་དུས་ཚོད་ཀྱི་འཚོ་བ(时间生活)མཚོན་པ་རེད།”  དེའི་རྗེས་ཀྱི《རིག་མ་བདེ་མཚོ》དང《རླུང་ནག་འཚུབ་མ》སོགས་ཀྱི་མི་སྣ་གཙོ་བོ་དེ་དག་གི་གཤིས་ཀ་ཡང་སྔོན་དང་མི་འདྲ་ས་ཆེན་པོ་མེད་དེ།ངན་སྤྱོད་བྱེད་མཁན་གྱི་མི་སྣ་ལ་འགྱུར་ལྡོག་རེ་བྱུང་བ་མ་གཏོགས་མི་སྣའི་གཤིས་ཀ་འབྲི་བཞེངས་ཀྱི་ཆ་ནས་འགྱུར་བ་ཆེན་པོ་བྱུང་མེད། བླ་སྤྲུལ་གྱི་དམ་པའི་ཡོན་ཏན་མེད་པའི་སོ་སྐྱེ་ཐ་མལ་བ་ཞིག་དང་ཇག་རྐུན་ཞིག་དང་དབྱེ་བ་མེད་པའི་ཕུང་འདྲེའི་བྱ་སྤྱོད་མཐར་ཆགས་སུ་བཀྲམ་པའི་ཨ་ལགས་ཐུགས་མཆོག་དང་རིག་མ་བདེ་མཚོ།དཔལ་རིན་པོ་ཆེ།ཨ་ལགས་འབྲོང་སོགས་ཀྱི་གཤིས་ཀ་ནི་ད་དུང་དུས་ཚོད་ཀྱི་འཚོ་བ་ནས་ཐོད་བརྒལ་བྱས་ཏེ།བར་སྟོང་གི་འཚོ་བའམ(空间)ལྷག་ཏུ་རིན་ཐང་གི་འཚོ་བར(价值生活)བསྐྱོད་ཐུབ་མེད།

སྲོལ་རྒྱུན་བརྩམས་སྒྲུང་ནས་བརྩམས་སྒྲུང་གསར་པ་བྱུང་བའི་ཐོག་མའི་དུས་ཡུན་རིང་པོ་ཞིག་གི་ནང་དུ།མི་སྣ་དེ་ནི་བཟང་པོ་ཞིག་གམ་ཡང་ན་ངན་པ་ཞིག་ལས་ལྷག་པའི་གཤིས་ཀ་འབྲི་བ་ནི་ཤིན་ཏུ་ཉུང་སྟེ།“གཅིག་ནི་ཡོད་པའམ་ཡིན་པ་དང་།ཅིག་ཤོས་ནི་མེད་པ་དང་མིན་པའི” བསམ་བློའི་འཁྱེར་སོ་ཡིས་རྩོམ་རིག་ཏུ་དེ་ལྟའི་གཟུགས་བརྙན་ཆགས་པས།བཟང་ངན་གཉིས་བར་གྱི་བར་སྟོང་ཆེན་པོ་ཞིག་སྣང་མེད་དུ་ལུས། སྣང་ཚུལ་འདི་ནི་རྒྱའི་རྩོམ་རིག་ལོ་རྒྱུས་སུ་ཡང་བྱུང་ཡོད་པ་ནི།ལོ་རབས་བདུན་ཅུའི་མཇུག་ཏུ་རྒྱ་ནག་གི་རྩོམ་པ་པོ་མང་པོ་ཞིག་གིས་མཐའ་གཅིག་ཏུ་བཟང་ངན་གྱི་དབྱེ་བ་ཕྱེ་བའི་མི་སྣའི་གཤིས་ཀ་འབྲི་བཞེངས་བྱེད་པར་ཡིད་མ་ཚིམས་པར།སྣང་ཚུལ་འདི་མཇུག་སྒྲིལ་བར་བྱེད་པའི་ཆོད་སེམས་བཅངས་ཏེ།ལིའུ་ཞིན་ཝུའུ་ཡི《འཛིན་བདག》ནང་གི་ཞེ་ཧུའེ་རྨིན་གྱི་གཤིས་ཀ་ལས་མིའི་སྣ་མང་མཉམ་འདུས་ཀྱི་ཆ་དེ་མངོན་པས།ལོ་རབས་བརྒྱད་ཅུའི་ནང་དུ་གཤིས་ཀ་ཟླུམ་དབྱིབས་ཅན་གྱི་མི་སྣའི་གཤིས་ཀ་རེ་སྔ་གཞུག་ཏུ་དེང་རབས་རྩོམ་རིག་ཏུ་བྱུང་བ་རེད། དེ་བས།བོད་རྩོམ་དུ་ཡང་སྣང་ཚུལ་སུན་འབྱིན་གྱི་འཕྲོ་ནས་མི་སྣའི་གཤིས་ཀ་དེ་འཛོམས་པ་ཅན་དུ་སྐྱོད་བཞིན་འདུག

མཁས་གྲུབ་ཀྱི《བཙུན་མ་བསྟན་འཛིན་ཆོས་སྒྲོན》དང་ཚེ་རིང་དོན་གྲུབ་ཀྱི《བཙུན་ཡག》 ཅོ་ནེ་ཡུམ་ཚེ་རིང་གི《སྡོམ་པ་སྲུང་བ》སོགས་སྐོར་ཞིག་གིས་མིའི་གནས་བབ་འབྲི་བའི་སྟེང་དུ་འབབ་ཅི་ཐུབ་བྱས་འདུག་སྟེ།གསར་རྩོམ་གྱི་རྣམ་པ་འདི་རུ་མི་སྣའི་ཕྱི་རོལ་གྱི་འགུལ་སྐྱོད་དང་བཀག་རྒྱ་དེ་ཡོད་ལ། མིའི་ནང་སེམས་ཀྱི་དགོངས་པའམ་དགའ་སྐྱོ་ཆགས་སྡང་དེ་ཡང་མཐོང་ཐུབ།《བཙུན་མ་བསྟན་འཛིན་ཆོས་སྒྲོན》གྱི་ནང་དུ་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་མི་གཤིས་ཀྱི་སྟབས་ཀྱིས་མིའི་འཚོ་སྡོད་ཀྱི་དགའ་སྐྱོ་ཆགས་སྡང་དང་ཡོན་དང་འབུལ་བའི་ཕྱོགས་ཀྱི་ཆགས་སྲེད་སོགས་ཡོད་པའི་སེམས་ཀྱི་འགལ་ཟླ་དེ་རྩོམ་དུ་བཀོད་ལ།《བཙུན་ཡག》གི་ནང་དུ་སྡོམ་ཁྲིམས་དེ་གྲྭ་བཙུན་དཀྱུས་མ་ཞིག་གི་སེམས་ཁམས་ན་ཡོད་པ་ལྷུར་ལེན་པ་དང་མི་གཤིས་ལ་རྟོག་འཇུག་བྱས་ཏེ་མི་ནི་དོན་གྱིས་ཇི་ལྟ་བུ་ཞིག་ཡིན་པ་བྲིས་ཡོད།《སྡོམ་པ་སྲུང་བ》ཡང་དེ་དང་འདྲ་བར།ཨ་ཁུ་གྲགས་པ་དང་ཁྱིམ་བདག་མ་གཉིས་ཉིན་ཤས་རིང་མཉམ་དུ་སྡོད་སྐབས། མིའི་ལྷན་གཤིས་ཀྱི་འདོད་སྲེད་མངོན་པའི་སེམས་འགྱུ་བྲིས་ཏེ་མི་གཤིས་དང་མི་སེམས་ཀྱི་ཁྱད་གཤིས་ཤིག་མཚོན་པའི་མི་ཞིག་བཞེངས་སྐྲུན་བྱས་འདུག་པས།དེ་དག་གི་བར་དུ་མི་ཆོས་ཀུན་སྤྱོད་དང་མི་གཤིས་ཀྱི་འགལ་བ་སྟེ། ཕྱིའི་བཀག་རྒྱ་དང་ནང་སེམས་ཀྱི་འབོད་པ་གཉིས་བར་གྱི་འགལ་བ་ཞིག་ཆགས་པས་ན།མི་སྣའི་གཤིས་ཀ་དེ་འཛོམས་པོ་ཅན་ཞིག་དང་བར་སྟོང་གི་འཚོ་བ་ཅན་ལ་ཕྱོགས་བཞིན་ཡོད་ལ།གཤིས་ཀ་འབྲི་བཞེངས་བྱས་པ་འཁྱོངས་ཡོད་མེད་གང་ཡིན་རུང་རྩོམ་རིག་དེ་མིའི་ངོས་འཛིན་གྱི་ཐད་ནས་གཏིང་ཇེ་ཟབ་ཏུ་ཕྱིན་པ་མཐོང་ཐུབ།

མདོར་ན།བོད་ཀྱི་རིག་གནས་གླེང་དུས་མི་མང་པོ་ཞིག་གི་བློ་ངོར་ཐོག་མར་འཆར་བ་ནི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཡིན་པ་དང་།བོད་ཀྱི་རིག་གནས་ལོ་རྒྱུས་ལ་འཁྱུག་ཙམ་བལྟས་ཚེ།བོད་བརྒྱུད་ནང་བསྟན་གྱི་བསམ་བློ་དང་སྙིང་སྟོབས་ཀྱིས་དངོས་གནས་དུས་ཡུན་ངེས་ཅན་ཞིག་ཏུ་བོད་ཀྱི་གཙོ་རྒྱུག་རིག་གནས་ཀྱི་གོ་ས་བཟུང་ཡོད་པར་མ་ཟད།རྗེ་རིན་པོ་ཆེ་དང་རྒྱལ་དབང་ལྔ་བ་སོགས་ཆོས་ལུགས་པ་གྲགས་ཅན་གྲངས་ལས་འདས་པ་ཞིག་བོད་དུ་འཁྲུངས་པས།བོད་བརྒྱུད་ནང་བསྟན་དར་སྤེལ་དང་ཁྱབ་བསྒྲགས་ཀྱི་ཕྱོགས་ནས་ཀྱང་ནུས་པ་མི་དམན་པ་ཞིག་ཐོན་ཡོད།ནང་བསྟན་གྱི་བསམ་བློ་དེ་ཡང་བོད་ཁུལ་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འདུག་པས། སྐོར་ཞིག་གིས་བོད་ཀྱི་རིག་གནས་ཀྱི་ངོས་ཐད་ནས་བོད་ཀྱི་རྩོམ་རིག་ལ་གདེང་འཇོག་བྱེད་པ་ནི།ང་ཚོའི་མི་རིགས་དང་སངས་རྒྱས་ཆོས་ལུགས་ཀྱི་རྟེན་འབྲེལ་དེ་ཆེ་ཞིང་ཟབ་པ་དང་།བོད་ཀྱི་སྤྱི་ཚོགས་ནི་བོད་ཀྱི་རྩོམ་རིག་གི་ཐད་ཀའི་བྱ་ཡུལ་དུ་གྱུར་པས་ན།བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་ནས་བཟུང་སྟེ་ཆོས་ལུགས་དེ་རྩོམ་རིག་གསར་རྩོམ་ཁྲོད་ནས་དོར་མ་མྱོང་ལ།དེ་རྩོམ་རིག་གི་འཕེལ་རྒྱས་ངོས་སུ་རྣམ་པ་མི་འདྲ་བ་དང་།ནང་དོན་མི་འདྲ་བ་སོགས་ཀྱི་སྒོ་ནས་མངོན་འདུག

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་དངོས་ཡོད་སྤྱི་ཚོགས་ལ་དམིགས་པའི་མིག་དབང་སྤྱད་དེ་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་དགོངས་པར་བསྟུན་པའི་རྩོམ་པ་པོ་བྱིངས་ཀྱིས།  སྲོལ་རྒྱུན་བརྩམས་སྒྲུང་གི་ནང་བསྟན་གྱི་བསམ་བློ་སྟོན་པའམ་སྒྲོག་པའི་བྱ་བྱེད་ལས་ཐོད་བརྒལ་བྱས་ཏེ། མི་བུ་སྒེར་གྱི་སྟེང་ལ་འབབ་པ་དང་བོད་མིའི་འཚོ་སྡོད་ཀྱི་ངོས་ནས་བོད་ཀྱི་རིག་གནས་ལ་དོགས་དཔྱོད་བྱེད་པའི་བརྩམས་སྒྲུང་སྐོར་ཞིག་བོད་ཀྱི་རྩོམ་རིག་གསར་པའི་ཁྲོད་དུ་བྱུང་། བརྩམས་སྒྲུང་དེ་དག་ཐོག་མའི་དུས་སུ་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་གི་ཤན་ཤུགས་ཐེབས་ཏེ།གཏམ་རྒྱུད་ཀྱི་བྱུང་རིམ་མཚར་པོ་ཅན་དང་རྩོམ་གྱི་ནང་དོན་དེ་མི་སྣའི་ཁ་བརྡ་ལ་ཁེན་པ་སོགས་སྒྱུ་རྩལ་གྱི་མཛེས་པ་ཆེས་དམའ་ས་ཞིག་ཏུ་ལུས་འདུག་ཀྱང་། མི་རིགས་གཞན་པའི་རྩོམ་རིག་དང་གཞན་གྱི་རིག་གནས་ལ་འབྲེལ་འདྲིས་བྱས་པ་བརྒྱུད་ནས། བོད་ཀྱི་རིག་གནས་ཡང་བསྐྱར་ངོས་འཛིན་ཐོབ་པ་དང་ལྷག་པར་མི་བུ་སྒེར་དང་མི་གཤིས་ཀྱི་ཆ་ལ་ངོས་འཛིན་ཐོབ་པས།དེ་དང་མཐུན་པའི་བརྩམས་སྒྲུང་མི་ཉུང་བ་ཞིག་བྱུང་བ་དང་།  སྒྱུ་རྩལ་གྱི་ཆ་ནས་ཀྱང་སྔར་ལས་ཕུན་ཚོགས་སུ་འགྲོ་བཞིན་ཡོད།  སྤྱིར་བོད་མི་བྱིངས་ཀྱིས་བསམ་བློ་གཙོ་བོར་འཛིན་པའི་འདུ་ཤེས་ལས་བརྩམས་སྒྲུང་དུའང་བསམ་བློའི་ཤུགས་ཆེ་བ་ལས་སྒྱུ་རྩལ་གྱིས་ཁ་དོག་མཚར་ཞིང་མངོན་ཆུང་གིས་མཚོན་པའི་ཆ་དེ་ཤིན་ཏུ་དཀོན་པས།བོད་ཀྱི་རྩོམ་རིག་གསར་པར་མཚོན་ན་འདི་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཅིག་ཡིན་པ་དང་། སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་ད་དུང་ཤུགས་སྣོན་བྱེད་པའི་བར་སྟོང་ཆེན་པོ་ཞིག་ལུས་འདུག་གོ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།