རྩོམ་རིག་ལས“མྱོང་བ”ཞེས་པར་གོ་བ་ཇི་ལྟར་ལེན།

འབྲོང་བུ་རྡོ་རྗེ་རིན་ཆེན།


རྩོམ་རིག་གཞུང་ལུགས་ཀྱི་སྒོ་ནས་བཤད་ན།  ཉམས་མྱོང་ནི་རྩོམ་གྱི་ཆེས་རྩ་བར་གྱུར་པའི་རྨང་གཞིའི་རྒྱུ་ཆ་ཡིན་ཟེར་བ་ལྟར།  རྩོམ་ནི་རང་ཉིད་ཀྱི་ཉམས་མྱོང་གིས་འབྲི་བ་ཡིན་ཟེར་བ་དེ་ལ་གོ་བ་ཞིབ་མོ་ལེན་རྒྱུ་ཡོད།  སྤྱིར་ཉམས་མྱོང་ལ་དངོས་བརྒྱུད་དང་བརྒྱུད་བརྒྱུད་ཀྱི་ཁྱད་ཡོད་ལ།  བརྒྱུད་བརྒྱུད་ཡིན་ཀྱང་རྩོམ་གྱི་ནང་དོན་དངོས་ཡིན་ཆོག་སྟེ།  གཞན་གྱི་ཁ་ནས་དང་།  དཔེ་དེབ་ཀྱི་ངོས་ནས།  གློག་བརྙན་གྱི་ངོས་སོགས་ནས་མཐོང་ཞིང་བསགས་པ་ནི་དངོས་བརྒྱུད་མིན་ཀྱང་རང་གི་ཉམས་མྱོང་ལ་ངེས་པར་བརྩི་བ་དེང་གི་རྩོམ་དཔྱད་པ་མང་པོ་བསམ་ཚུལ་གཅིག་མཐུན་ཡིན།  ལུའུ་ཞུན་གྱིས་ཀྱང་སྐད་ཆ་དེ་འདྲ་གསུངས་པ་ངས་དངོས་སུ་རིག་མྱོང་།  དེ་ལྟར་ན་ཀློག་པ་པོ་འགུགས་ཐུབ་པའི་རྩོམ་གྱི་མཛེས་ཚོར་དེ་ཡང་གཞན་གང་དང་ཅི་ཡིས་གནང་བ་མ་ཡིན་པར་བརྒྱུད་པའི་ཉམས་མྱོང་ནང་འདུས་ཀྱི་ཉམས་མྱོང་དངོས་དེ་སྙིགས་མ་བཙགས་ནས་བྱུང་བ་ཞིག་རེད།  དེས་ན་ཁྱེད་ཀྱིས་གསུངས་པའི་མྱོང་བས་འབྲི་དགོས་ཟེར་བ་ནི་མ་མཐའ་ཡང་གཞན་ནས་བསགས་པའི་མཐོང་ཐོས་ཀྱི་རྒྱུ་ཆ་དག་ཀྱང་ནང་དུ་བསྡུས་ནས་བཤད་དགོས་པས།  ཁྱེད་ཀྱི་སྤྱི་སྡོམ་གྱི་སྐད་ཆ་དེའི་ནང་དོན་ནི་རང་གི་བསམ་ཚུལ་ལས་ཀྱང་ཆེས་ཆེར་འགོངས་ནས་འདུག་གོ །(སྐབས་འདིར་བརྒྱུད་པའི་ཉམས་མྱོང་དེ་ཡང་ནང་ལ་གཏོགས་པ་མ་རྗེད)གཞན་ཡང་།  མྱོང་བ་མ་ཐེ་བའི་རྒྱུ་ཆ་གཞན་ཞིག་ཡོད།  དེ་ནི་འཆར་ཡན་(想象)ཟེར་བ་དེ་རེད།(རྟོག་བཟོའི་རྩོམ་ཡིག་ཚང་མ་འཆར་ཡན་གཙོ་བོས་བྲིས་པ་ཡིན་ལ།དངོས་བྲིས་རྩོམ་ཡིག་ཀྱང་འདི་ལས་ཕལ་ཆེར་མ་འདས)ཁྱེད་ཀྱི་ལྟ་ཚུལ་ཏེ།  མྱོང་བས་འབྲི་དགོས་ཟེར་བ་དེས་འཆར་ཡན་གྱིས་བྲིས་མི་ཆོག་པ་དེ་རྣམ་པར་བཅད་འདུག   འཆར་ཡན་དེ་རྣམ་པའི་སྟེང་ནས་བཤད་ན་མྱོང་བ་ལས་ཆེ་ཞིང་ལྷག་པ་ཞིག་རེད།  ལྷག་པར་དུ་སྙན་ངག་མཁན་གྱི་འཆར་ཡན་ནི་སྒྲུང་གཏམ་པ་ལས་ཀྱང་བཀག་རྒྱ་མེད་པ་ཞིག་སྟེ།  སྙན་ངག་པའི་འཆར་ཡན་ནིདངོས་དོན་དང་བར་ཐག་རིང་ཞིང་།བྱེ་བྲག་ལ་མི་འབབ་པ།  རྒྱུན་མཐུད་རང་བཞིན་མེད་པ་ཞིག་ཡིན།འོན་ཀྱང་ང་ཚོས་མཉམ་འཇོག་དགོས་པ་ཞིག་ནི་འཆར་ཡན་ཇི་ལྟར་ཕུན་སུམ་ཚོགས་ཀྱང་དེའི་རྨང་གཞི་ནི་སྔར་བཞིན་རང་གི་མྱོང་བ་ཡིན་པ་ཤེས་པར་བྱའོ། །  དཔེར་ན།  གུར་དོན་གྱི་༼རླུང་།  ནང་ནས་ཕྱི་ལ་གཡུགས༽ལྟ་བུ་དང་།  གཞན་ཡང་ང་ཚོས་《ཐུ་བྷོད་རྒྱལ་རབས་ཀྱི་གཏམ་རྒྱུད》བཀླགས་ན་གསལ་བོར་ཤེས་ཐུབ་སྟེ།  དེའི་རྩོམ་པ་པོ་དོན་གྲུབ་དབང་འབུམ་གྱི་བོད་ཀྱི་རྒྱལ་བོ་གཅིག་ཀྱང་རིག་མ་མྱོང་ལ་སུ་ལའང་འཕྲད་མ་མྱོང་མོད།  འཆར་ཡན་ལ་བརྟེན་ནས་གཉའ་ཁྲི་བཙན་པོས་སྟག་བསད་པའི་སྒྲུང་གཏམ་ཞིག་གསར་རྩོམ་བྱས་པ་བོད་ཀྱི་ལོ་རྒྱུས་ན་མཐོང་རྒྱུ་མེད་་ཀྱང་ལོ་རྒྱུས་མཁས་པ་སུས་ཀྱང་དེ་མ་རེད་ཟེར་ནས་དགག་པ་རྒྱག་རྒྱུ་ཕར་ཞོག  དེ་ལས་ལྷག་པས་དགའ་བསུ་བྱེད་ཀི་ཡོད།  རླབས་ཆེན་གྱི་རྩོམ་པ་པོ་གང་མང་ཞིག་མྱོང་བས་དབུལ་ཡང་འཆར་ཡན་གྱིས་བརྩམས་ཆོས་མིང་གྲགས་ཅན་བྲིས་ཡོད་པ་མོ་པོ་སང་གིས《羊脂球》ཅེས་སྨད་ཚོང་མའི་འཚོ་བ་བྲིས་ཡོད་པ་དེ་ལྟ་བུ་དང་།  ཡང་《སྦྲང་ཆར》དུ་བཀོད་པའི་《བུད་མེད་ཡུལ་བྱོལ་བ་ཞིག་གི་ལོ་རྒྱུས》ལྟ་བུ་རེད་དེ།  མོ་པོ་སང་ལ་མཚོན་ན་ཚེ་གང་བོར་ཆུང་མ་མེད་ཅིང་མྱི་རྐྱང་ལ་བསྡད་པ་ཞིག་ཡིན་ལ། འཁྲིག་སྤྱོད་ལའང་ཧ་ཅང་མྱོང་བ་མེད་པའི་རྩོམ་པ་པོ་ཞིག་རེད།   ཡང་གཅིག་བཤད་ན།  གལ་ཏེ་ང་ཚོས་《མེ་རི》ཟེར་བ་འབྲི་ཚེ།་མེ་རི་མཐོང་མ་མྱོང་ཡང་མེ་ནི་ག་འདྲ་ཡིན་པ་དང་རི་ནི་ཇི་ལྟ་བུ་ཞིག་ཡིན་པ་ཤེས་པའི་མྱོང་བའི་སྟེང་ནས་《མེ་རི》ཟེར་བའི་རྩོམ་ཞིག་འབྲི་ཐུབ་ལ་བྲི་ཡང་དགོས་པ་ཞིག་རེད།  དེ་ལྟར་བཤད་ན།  ང་ཚོས་ད་དུང་གནས་ལུགས་གཞན་ཞིག་ཤེས་ཐུབ་པ་ནི།  འཆར་ཡན་གྱིས་མྱོང་བ་ལ་ཁ་གསབ་རྒྱག་ཐུབ་པ་དེ་རེད།  དེ་ནི་གཞན་གྱིས་བཤད་པའི་སྡོམ་ཚིག་ཅིག་རེད།  དེ་བས།  མྱོང་བ་རྣལ་མ་ཞིག་དང་འཆར་ཡན་ཕུན་སུམ་ཚོགས་པ་ནི་རྩོམ་པ་པོར་ལྡན་འོས་པའི་ལག་ཆ་གཉིས་རེད།  མདོར་ན།  མྱོང་བ་ཁོ་ནས་རྩོམ་བྲིས་ན།  རྩོམ་གྱི་བླ་སྲོག་ལ་གཡེང་ཤུགས་ཀྱིས་བཏེགས་ནས་བརྗོད་སྙིང་གཏིང་ཟབ་ཏུ་བསྙབ་མི་ཐུབ་པའི་སྐྱོན་འབྱུང་ལ།  བརྩམས་ཆོས་ཀྱི་རྣམ་པ་ཡང་སྣ་གཅིག་ཅན་དུ་འགྱུར་རྒྱུ་ལས་འོས་མེད་དོ། །

༢༠༡༦/༤/༥ཉིན།

གདན་ཞུའི་རྩོམ་སྒྲིག་པ་གཅན་རྣམ་ཐར་གྱིས་འོས་སྦྱོར་བྱས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།