དུས་སྐབས་གསར་བའི་བོད་ཀྱི་བརྩམས་སྒྲུང་འབྲིང་གྲས་སྐོར་ལ་དཔྱད་པ།

བོད་ལྗོངས་སློབ་གྲྭ་ཆེན་མོ། རྒྱལ་ལོ་ཚེ་རིང་།

ཆོས་ལུགས་ཀྱི་བསམ་བློ་མཚོན་པའི་བརྗོད་བྱའི་འཕེལ་རྒྱས།

ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་རྐྱེན་བོད་པ་རྣམས་ཀྱིས་ཆོས་གོས་གྱོན་པ་ཚང་མར་དད་པ་རྩེ་གཅིག་ཏུ་བྱ་ཡི་ཡོད་པས་བླ་སྤྲུལ་རྗུན་མ་དང་རྒྱུ་ནོར་ཁོ་ནར་ཞེན་མཁན་གྱི་ཆོས་པ་མང་པོ་ཐོན་ནས་འདུལ་ཁྲིམས་རྡོག་རོལ་ཏུ་གཏོང་མཁན་མང་པོ་བྱུང་།དེ་དག་ལ་སུན་འབྱིན་དང་ཟུར་ཟ་བྱས་པའི་བརྩམས་སྒྲུང་འབྲིང་གྲས་འགའ་ཞིག་ཐོན་ནས་སྐབས་དེའི་རྩོམ་རིག་གི་གར་སྟེགས་ཐོག་གོ་ས་ཆེན་པོ་བཟུང་ཡོད།ལོ་རབས་དགུ་བཅུ་པར་བརྗོད་དོན་དེ་མཚོན་ཐབས་ཐད་ལོ་རབས་གོང་མའི་བརྩམས་སྒྲུང་རྣམས་ཀྱི་རྒྱུན་འཛིན་བྱས་ཡོད་པར་མ་ཟད་བསྟན་བྱའི་གནད་དེ་མཚོན་པར་བྱེད་སྐབས་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་ནི།ཚེ་རིང་དོན་གྲུབ་ཀྱི《ཤི་གསོན》དང《རླུང་ནག་འཚུབ་མ》 《 ཡ་ང་བའི་སྐྱ་རེངས》སོགས་ལ་གཟིགས་ན་ཤེས་ཐུབ།

ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་འབྲིང་གྲས《ཤི་གསོན》ཞེས་པའི་ནང་ཐོག་མར་ངོ་མཚར་གྱི་ལྟས་དང་བཅས་ཏེ་དཔལ་རིན་པོ་ཆེDསྡེ་བར་སླེབས་པ་དང་།བསྟུད་མར་སྡེ་བ་དེར་ངོ་མཚར་གྱི་གནས་ཚུལ་མང་དག་ཅིག་བྱུང་བ།“སྡེ་དཔོན་ཚང་གི་བུ་མོ་མོ་གཤམ་དེ་ལ་ཟླ་དགུ་ཞག་བཅུའི་རྗེས་སུ་མཚེ་མ་ཞིག་སྐྱེས་པ་དང་།ལོ་མང་གར་སོང་ཆ་མིད་དུ་གྱུར་ནས་ལོ་དགུ་འགོར་ཞིང་མི་རྣམས་ཀྱིས་འདྲེས་ཁྲིད་སོང་ཟེར་བའི་བུ་མོ་སྒྲོལ་དཀར་གྱིས་ཀྱང་བྱིས་པ་གཉིས་ཁྲིད་ནས་ཕྱིར་སླེབས་བྱུང”ཞེས་པའི་དོན་ཡ་མཚན་ཅན་མང་པོ་བྱུང་བས་མི་རྣམས་ཀྱིས་དཔལ་རིན་པོ་ཆེར་དད་པ་ཚད་མིད་སྐྱེས་ཏེ་ཡུལ་དེར་གཏན་དུ་བཞུགས་རྒྱུའི་རེ་བ་ཞུས།འོན་ཀྱང་ཡུན་རིང་མ་སོང་བར་དཔལ་རིན་པོ་ཆེ་སྡེ་དཔོན་ཚང་གི་མག་པར་བསྡད་པས་དད་ལྡན་གྱི་མང་ཚོགས་ཇེ་ཉུང་དུ་སོང་།དཔལ་རིན་པོ་ཆེས་རང་གི་འཚོ་གནས་ཆེད་དུ་རྟ་མགྲིན་རྡོ་རྗེར་ངན་སྐུལ་བྱས་ཏེ་ཇག་ལ་བཏང་།གལ་སྲིད་ལེགས་གྲུབ་བྱུང་ཚེ་དཔལ་རིན་པོ་ཆེར་རང་ལ་ཐོབ་པའི་ནོར་གྱི་ཕྱེད་ཀ་ཕུལ་གྱི་ཡོད།དཔལ་རིན་པོ་ཆེ་ནི་ཧམ་སེམས་ཆེ་བའི་མི་ངན་ཞིག་ཡིན་ཏེ་རང་ཉིད་ཕྱུག་པོ་ཆགས་རྒྱུའི་ཆེད་དུ་རང་ལ་དད་པ་ཆེ་བའི་སྦྱིན་བདག་རྒན་རྒོན་གཉིས་ཀྱི་ནོར་རྣམས་བཅོམ་རྒྱུའི་འདོད་སེམས་བཅངས།དེ་ཡང་དཔལ་རིན་པོ་ཆེ་ཁྱིམ་དེར་སླེབས་སྐབས་ལྕགས་ཐག་གིས་སྦྲེལ་བའི་སྒམ་གཉིས་མིག་ལམ་དུ་མཐོང་བས“གལ་ཏེ་ལྕགས་ཐག་གིས་སྦྲེལ་མིད་ན་རྟ་མགྲིན་རྡོ་རྗེ་འདྲ་བའི་རྐུན་མ་ཞིག་གིས་སྒམ་འདི་གཉིས་ངལ་མིད་དུ་རྐུ་ཐུབ”དང་།“གལ་ཏེ་སྒམ་འདི་གཉིས་ལག་ཏུ་ཐོབ་ན་རང་གི་སྒྱུག་པོ་ཚང་ཡང་དབུལ་པོར་བརྩི་ཆོག་སྙམ”ནས་དེ་གཉིས་བརྐུ་རྒྱུའི་སེམས་ཐག་བཅད་དེ་རྟ་མགྲིན་རྡོ་རྗེར་ངན་སྐུལ་བྱས།འོན་ཀྱང་རྗེས་སུ་སྒམ་དེ་གཉིས་ནང་དུ་དངོས་པོ་མང་པོ་མིད་པ་ཤེས་སྐབས་ཁ་འགོག་རྒྱུའི་ཆེད་དུ་རྟ་མགྲིན་རྡོ་རྗེ་བསད།རྟ་མགྲིན་རྡོ་རྗེ་ནི་དཔལ་རིན་པོ་ཆེར་དད་པ་ཧ་ཅང་ཆེ་བས་རང་ཉིད་དྲན་པ་གསོས་སྐབས་དེ་ནི་དཔལ་རིན་པོ་ཆེས་རང་ཉིད་བསྐྱབས་པར་བསམ་པ།རང་ཉིད་ཁྱིམ་དུ་འབྱོར་ཡང་དཔལ་རིན་པོ་ཆེས་དེ་འདྲེ་ཡིན་ཞེས་བཤད་པས་ཡུལ་མི་ཡོངས་ཀྱིས་ཡིད་ཆེས་སྐྱེས་པར་མ་ཟད་རྟ་མགྲིན་རྡོ་རྗེ་འཆི་ཁར་ཡང“དཔལ་རིན་པོ་ཆེ་མཁྱེན”ཞེས་སེམས་གཏིང་ནས་གསོལ་བ་བཏབ།དེའི་ཐོག་ནས་ཆོས་པ་ཞིག་གི་ངན་དགུ་ཚང་བའི་བྱ་སྤྱོད་མཚོན་ཐུབ་ལ།བོད་མི་རྣམས་ཀྱི་དད་སེམས་ཡང་མཚོན་ཐུབ།རྩོམ་པ་པོས་དོན་འདི་ལྟ་བུ་ཞིག་ལ་བརྟེན་ནས་མི་རྣམས་ལ་གང་བྱུང་དུ་མི་གཞན་ལ་ཡིད་ཆེས་བྱས་ཚེ་མཐའ་མ་རང་ཉིད་འཕུང་རྒྱུ་ལས་མིད་པས་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད།བརྩམས་སྒྲུང་དེའི་ནང་གི་མི་སྣ་དཔལ་རིན་པོ་ཆེ་ནི་འདོད་སེམས་ཆེ་ལ་གཡོ་སྒྱུས་ཕྱུག་པའི་ཆོས་པའི་གཟུགས་བཪྙན་ཞིག་ཏུ་བསྐྲུན་ཡོད་པ་དང་།རྟ་མགྲིན་རྡོ་རྗེ་ནི་བློ་སྟོབས་ཡོད་ཀྱང་ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་པ་ཙམ་ཡང་མིད་པའི་ཆོས་དད་ཆེ་བའི་མི་སྣ་ཞིག་ཡིན་པས།ནང་དོན་ཐད་དུས་རབས་གོང་མ་ལས་གཏིང་ཟབ་ཀྱི་ཐོག་ནས་མཚོན་ཡོད།དེ་བཞིན《རླུང་ནག་འཚུབ་མ》དང《ཡ་ང་བའི་སྐྱ་རེངས》ལྟ་བུ།ལོ་རབས་བརྒྱད་ཅུའི་ནང་གསར་རྩོམ་གནང་བའི་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང《སྤྲུལ་སྐུ》ཞེས་པའི་ནང་དུ་ཡུལ་ཕྱོགས་གང་ནས་ཡིན་མིན་མ་ཤེས་པའི་སྐྱེས་པ་ཞིག་ཨ་ཁུ་ཉི་མ་ཚང་ལ་སླེབས་པ་དང་།མི་དེས་རང་ཉིད་བླ་མ་ཆེ་གེ་མོ་ཞིག་གི་སྤྲུལ་སྐུ་ཡིན་པར་བཤད་པས་ནང་མི་ཚང་མར་ཡིད་ཆེས་དང་དད་པ་ཅིག་ཅར་དུ་སྐྱེས།སྤྲུལ་སྐུ་དེས་ཡུལ་མི་རྣམས་ལ་མགོ་སྐོར་བཏང་བར་མ་ཟད་འབྲུག་མོ་བསླུ་ཁྲིད་བྱས།ད་དུང་ལྕགས་མོ་བྱམས་ལ་མ་རུང་བའི་སེམས་ངན་བཅངས་པ་དང་མ་ཉེས་ཁ་གཡོགས་བྱས།ལྕགས་མོ་བྱམས་སེམས་སྡུག་ངང་རང་ཉིད་ཀྱི་ཁྱོ་བོ་ཚེ་རིང་ལ་གསལ་བཤད་ཇི་ལྟར་བྱེད་བསམས་ནས་ཐ་ན་རང་ཤི་བརྒྱབ་པའི་བསམ་བློ་ཡང་འཁོར།ཉིན་ཞིག་ཚེ་རིང་ཕྱིར་སླེབས་པས་ལྕགས་མོ་བྱམས་ནི་དགའ་ཚོར་སྐྱེས་ལ་ཡང་རང་ཉིད་ཀྱིས་ཇི་ལྟར་གསལ་བཤད་བྱེད་དགོས།ཚེ་རིང་གིས་ཡིད་ཆེས་སམ་སྙམ་པའི་སྐབས་དེར་ཚེ་རིང་གིས་སྤྲུལ་སྐུ་རྫུན་མ་དེ་སྤྱི་བདེ་ཅུས་ནས་འཛིན་བཟུང་བྱས་པར་བཤད་པ་དང་དངོས་པོ་རྣམས་ཀྱང་ཕྱིར་སྤྲད།དེ་ནི་སྤྲུལ་སྐུ་རྫུན་མ་ཞིག་གི་ནག་ཉེས་དེ་ཁོའི་བྱ་སྤྱོད་དག་ལས་ར་སྤྲོད་བྱས་པ་དང་མཇུག་ཏུ་སྤྱི་བདེ་ཅུས་ནས་འཛིན་བཟུང་བྱས་པའི་མཇུག་འབྲས་ཤིག་བཀོད་ཡོད་པས་སྤྲུལ་སྐུ་རྫུན་མའི་ནག་ཉེས་ཐེར་འདོན་བྱས་པ་གཙོ་བཟུང་བྱས་ཡོད།ལོ་རབས་དགུ་བཅུའི་བརྩམས་སྒྲུང་འབྲིང་གྲས་རྣམས་ཀྱིས་སྤྲུལ་སྐུ་དེ་དག་གི་ནག་ཉེས་བརྗོད་པ་བརྒྱུད་ནས་དེ་བས་བོད་མི་རྣམས་ཀྱི་དད་སེམས་དེ་མཚོན་པ་གཙོ་བཟུང་བྱས་ཡོད།

ཕོ་མོའི་བརྩེ་དུང་མཚོན་པའི་བརྗོད་བྱའི་འཕེལ་རྒྱས།

ཕོ་མོའི་བརྩེ་དུང་མཚོན་པ་ནི་ལོ་རབས་བརྒྱད་ཅུའི་བརྩམས་སྒྲུང་གི་བརྫོད་དོན་གཙོ་བོ་ཞིག་ཡིན་ལ།ལོ་རབས་དགུ་བཅུ་དང་མ་འོངས་བརྩམས་སྒྲུང་གི་བརྫོད་དོན་གཙོ་གནད་ཅིག་ཀྱང་ཡིན་ངེས།འོན་ཀྱང་སྤྱི་ཚོགས་འཕེལ་རྒྱས་དང་མི་རྣམས་ཀྱི་བསམ་བློའི་འགྱུར་བའི་བབ་དང་བསྟུན་ཏེ་བརྫོད་དོན་ཀྱི་མཚོན་ཐབས་ལ་འགྱུར་བཞིན་ཡོད།ལོ་རབས་བརྒྱད་ཅུའི་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་འབྲིང་གྲས《སད་ཀྱིས་བཅོམ་པའི་མེ་ཏོག》ཅེས་པར་མཚོན་ན་ཚེ་རིང་དང་ལྷ་སྐྱིད་གཉིས་ཀྱི་བརྩེ་དུང་ལ་ཕ་མ་གཉིས་ཀྱི་ཪྙིང་ཞེན་གྱི་བསམ་བློས་བར་ཆད་འཕྲད་པ་དང་།ཚེ་རིང་འཚོལ་བར་འགྲོ་བའི་ལམ་བར་དུ་ལྷ་སྐྱིད་ལ་མི་འདོད་པའི་རྐྱེན་ངན་འཕྲད་དེ་མཐར་ཇོ་མོ་ཞིག་དང་མཉམ་དུ་ཆས།བརྩམས་སྒྲུང་དེའི་ནང་དུ་གཙོ་བོ་བུ་བུ་མོ་མངལ་ན་ཡོད་པའི་དུས་ནས་གཉེན་རྟགས་བརྒྱབ་པ་དང་།དེས་མཚོན་པའི་སྲོལ་རྒྱུན་གྱི་བསམ་བློ་ཪྙིང་པ་དང་ལུགས་སྲོལ་ངན་པ་དེས་མི་རབས་ཕྱི་མའི་གཞོན་ནུ་ཕོ་མོ་གཉིས་ཀྱི་ལས་དབང་ལ་འགྱུར་བ་ཅི་ཞིག་བྱུང་ཡོད་པ་སོགས་བརྗོད་དོན་གྱི་གཙོ་གནད་དུ་བཟུང་ཡོད།འོན་ཀྱང་སྐྱོ་གར་གྱི་མཇུག་འབྲས་དེ་ལྟ་བུ་ཞིག་བཟོ་མཁན་གྱི་ཕྲུ་གུའི་ཕ་མ་གཉིས་ཀྱིས་ད་དུང་རང་གི་ཉེས་པ་ལ་ངོས་འཛིན་གསལ་པོ་བྱུང་མིད་པ་དང་།བརྩམས་ཆོས་དེའི་ནང་གཞོན་ནུ་ཕོ་མོ་དག་གིས་རང་དབང་གི་བརྩེ་དུང་ཐོབ་ཕྱིར་འབད་འབུངས་ཇི་ལྟར་བྱས་པའི་བརྒྱུད་རིམ་དེ་བཏང་སྙོམས་སུ་བཞག་ཡོད།དེ་དང་ལོ་རབས་དགུ་བཅུའི་ཕོ་མོའི་བརྩེ་དུང་མཚོན་པའི་བརྩམས་སྒྲུང་བསྡུར་ན་ཁྱད་པར་ངེས་ཅན་ཞིག་ཡོད་པ་ནི།ཕུན་ཚོགས་བཀྲ་ཤིས་ཀྱི《སྒོ་རས་སྤ་རའི་སྐྱོ་གླུ་ལྷང་ལྷང》དང་ཚེ་རིང་དབྱངས་སྐྱིད་ཀྱི《རབ་རིབ་ཀྱི་ཤུལ་ལམ》ལས་ཤེས་ཐུབ།ཕུན་ཚོགས་བཀྲ་ཤིས་ཀྱི་བརྩམས་སྒྲུང་འབྲིང་གྲས《སྒོ་རས་སྤ་རའི་སྐྱོ་གླུ་ལྷང་ལྷང》ཞེས་པའི་ནང་དུ་བསོད་ནམས་སྒྲོལ་མ་དང་ཨ་ཕོ་ཚེ་དགའ་གཉིས་ཀྱི་ལྷད་མིད་བརྩེ་དུང་ལ་ཕ་ལྷ་དབང་ལགས་ཀྱི་ཪྙིང་ཞེན་དང་།བག་འཁུམ།དོགས་ཟོན་སོགས་དམ་དྲག་ཆེ་བའི་བསམ་བློའི་བཀག་རྡོ་འཕྲད་དེ་ཁོ་གཉིས་ཀྱི་བརྩེ་དུང་ལ་བར་ཆད་བྱུང་ཡོད།འོན་ཀྱང་གཞོན་ནུ་ཕོ་མོ་དེ་གཉིས་ཀྱང་དེ་ལྟ་བུའི་ལས་དབང་ལ་ཁས་བླངས་ནས་སྡོད་མཁན་ཞིག་མ་ཡིན་པར་རང་གི་བདེ་སྐྱིད་ལ་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་ལ་སྔགས་བརྗོད་བྱས་ཡོད།

དེར་བརྟེན་བརྩམས་སྒྲུང་དེའི་ནང་དུ་གཙོ་བོ་རང་དབང་གི་བརྩེ་དུང་ལ་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་ལ་བསྟོད་པ་བྱེད་པ་གཙོར་བཟུང་བྱས་ཏེ་བརྗོད་དོན་མཚོན་པར་བྱས་ཡོད།

ཚེ་རིང་དབྱངས་སྐྱིད་ཀྱི《རབ་རིབ་ཀྱི་ཤུལ་ལམ》ཞེས་པའི་ནང་དུ་གསལ་སྒྲོན་ནི་དབྱངས་སྐྱིད་ཀྱིས་ཆུང་དུས་ནས་སྙོར་སྐྱོང་བྱས་པ་ཞིག་ཡིན།ད་ལྟ་རང་ཉིད་ལས་ལ་ཞུགས་པའི་ལོ་ཚོད་ཟིན་པས་གསལ་སྒྲོན་གྱིས་ལས་མི་བསྡུ་བའི་ཀུང་ཟི་ཞིག་ཏུ་མིང་ཐོ་བཀོད།གསལ་སྒྲོན་ལ་མཆིན་ནད་ཡོད་པ་དེས་མོ་རང་སློབ་གྲྭ་ཆེན་མོར་བསྐྱོད་ཐུབ་མིད་ལ་ད་ལྟ་ལས་ཀར་ཞུགས་པར་ཡང་བར་ཆད་བཟོས།གཏན་ཆགས་ཀྱི་ལས་ཤིག་མིད་པ་དང་དབྱངས་སྐྱིད་ཀྱི་སེམས་ལ་ཕོག་པའི་གཏམ་རྣམས་ལས་གསལ་སྒྲོན་མོ་རང་ལས་ལོ་རྒན་ཙམ་དང་བུ་མོ་སྔ་འཛར་ཞིག་ཡོད་པའི་དཔལ་ལྡན་གྱི་མནའ་མར་འགྲོ་རྒྱུའི་ཐག་བཅད།དཔལ་ལྡན་ནི་རང་གི་བཟའ་ཟླར་བརྩེ་བའི་མི་ཞིག་ཡིན་པ་དང་།གསལ་སྒྲོན་གྱིས་བུ་མོ་སྔ་འཛར་དེར་རང་གི་བུ་མོ་བཞིན་བྱམས་སྐྱོང་བྱས་པར་བརྟེན་ཁོ་གཉིས་ཧ་ཅང་མཐུན་པའི་བཟའ་ཚང་ཞིག་ཏུ་ཆགས།འོན་ཀྱང་གསལ་སྒྲོན་གྱིས་རང་གི་སློབ་གྲོགས་དར་རྒྱས་ཀྱི་རོགས་རམ་འོག་ཚོང་ཁང་བཙུགས་པ་དང་རྒྱུན་དུ་དར་རྒྱས་ཀྱིས་རོགས་རམ་བྱས་པར་དཔལ་ལྡན་གྱིས་གོ་བ་ལོག་ལེན་བྱས་ཏེ་མཐའ་མར་འཆམ་མཐུན་ལྡན་པའི་བཟའ་ཚོ་དེ་གཉིས་ཁ་བྲལ་དུ་ཕྱིན།དེའི་ཐོག་ནས་དེང་དུས་མི་རྣམས་ཀྱི་དཔལ་འབྱོར་ཆུ་ཚད་ལེགས་སུ་ཕྱིན་པ་དང་བསྟུན་ནས་བརྩེ་དུང་ལ་འཛིན་པའི་རིན་ཐང་ལྟ་བ་ཡང་འགྱུར་བཞིན་ཡོད་པ་མཚོན་ཐུབ།དེ་བས་བརྩེ་དུང་ལ་བློ་རྩ་མི་བརྟན་པ་དང་བཟའ་ཚང་བར་ལ་ཡིད་ཆེས་མི་བྱེད་པའི་བྱ་སྤྱོད་ལ་ཁ་རྡུང་བཏང་ཡོད།དེ་ལྟ་བུའི་སྣང་ཚུལ་ནི་དེང་སྐབས་སྤྱི་ཚོགས་ཁྲོད་ཧ་ཅང་མང་པོ་ཡོད་པ་བརྩམས་སྒྲུང་གི་མཇུག་ཏུ་བསྟན་པའི་དར་རྒྱས་ཀྱི་གཏམ་སྟེ“འོན་ཀྱང་དེང་སྐབས་བཟའ་ཚོ་ཁ་བྲལ་མཁན་མང་བས་ཁོ་ཚོའི་རྒྱུན་ལྟོར་གྱུར་ཟིན་ཏེ་སྣང་ཚུལ་དེ་རིགས་ལ་སྣང་འཇོག་མིད་པར་འདིར་ཡོང་མཁན་ཚང་མར་ལག་འཁྱེར་ནག་པོ་རེ་སྤྲོད་ཀྱི་ཡོད”ཅེས་པ་ལས་མཚོན་ཐུབ།

གཞན་ཡང་བཀྲ་ཤིས་དཔལ་ལྡན་གྱི《རི་མགོ་མཐོན་པོའི་ཉི་མ》ཞེས་པའི་ནང་དུ་གཙང་ཁུལ་གྱི་བུ་མོ་གཅིག་ལ་ཁྱོ་བོ་གསུམ་ཙམ་ཡོད་པའི་ལུགས་སྲོལ་དང་རྫ་ལས་གཉེར་མཁན་གྱི་འཚོ་བ་མཚོན་པར་བྱས་ཡོད།དེ་ཡང་ཟླ་བ་ཕན་ཐོགས་ལ་ཁྱོ་བོ་གསུམ་ཡོད་པ་ལས་པ་ཚེ་ཕུད་གཞན་ཚང་མ་མོ་རང་ལས་ལོ་ཆུང་བས་མོ་ལ་གཅེས་ལགས་ཞེས་འབོད་ཀྱི་ཡོད།ཟླ་བ་ཕན་ཐོགས་སྡེ་ནུབ་ཀྱི་མནའ་མར་སླེབས་པ་ནས་ལོ་ཁ་ཤས་རིང་ལ་མོའི་གཟུགས་པོའི་ཆ་རྐྱེན་ཞན་པར་བརྟེན་ཕྲུ་གུ་འཁོར་ཡང་སྐྱེ་ཐུབ་པ་ཞིག་བྱུང་མིད།རྗེས་སུ་ནང་མི་རྣམས་ཀྱིས་ཐབས་གང་དྲག་བྱས་ཏེ་མོ་ལ་མངལ་འཁོར་ཏེ་ཕྲུ་གུ་བུ་ཞིག་བཙས་པས་ནང་མི་ཚང་མ་དགའ་སྤྲོས་ཁེངས།གཙང་ཁུལ་གྱི་ལུགས་སྲོལ་ལ་བུ་མང་པོ་ཁྱིམ་གཅིག་ནང་མཉམ་དུ་འཚོ་བ་བསྐྱལ་བ་དེ་ཡང་ཁྱིམ་གྱི་དཔལ་འབྱོར་ཡོང་འབབ་ལ་བསམ་བློ་བཏང་བ་ཞིག་ཡིན་པས།ཟླ་བ་ཕན་ཐོགས་ལ་བུ་རྣམས་ཁ་འཐོར་དོགས་པའི་སེམས་ཁྲལ་ཆེན་པོ་ཞིག་སྔ་ས་ནས་ཡོད་པར་བརྟེན་སྡེ་ནུབ་ཀྱི་ཁྱིམ་ལས་ཕྱིར་ཐོན་ནས་རང་དང་ཕྲུ་གུ་གཅིག་པུར་འཚོ་བ་བསྐྱལ་རྒྱུའི་སེམས་ཐག་བཅད།མོ་རང་སྡེ་ནུབ་ཚང་གི་མནའ་མ་བྱས་པའི་རིང་ལ་རང་གི་ཁྱོ་བོ་རྣམས་དང་ནང་མི་རྒན་གཞོན་ཚང་མར་གུས་བཀུར་ཆེ་ལ་ལས་ལ་བརྩོན་པས་བུ་ཆེ་བ་པ་ཚེ་ཡིས་བློས་མི་ཐོངས་བར་མོ་དང་མཉམ་དུ་འགྲོ་རྒྱུའི་བློ་ཐག་བཅད་པ་རེད།བརྩམས་སྒྲུང་དེའི་ནང་རྩོམ་པ་པོས་གཙང་ཁུལ་གྱི་གཉེན་སྲོལ་མཚོན་པར་བྱས་ཡོད་ལ་ཕ་མ་ཚོས་ཁྱིམ་གྱི་དཔལ་འབྱོར་ཁོ་ན་ལས་ཕྲུ་གུ་ཚོའི་མི་ཚེར་བསམ་བློ་མ་བཏང་བ་དང་ཟླ་བ་ཕན་ཐོགས་ཀྱི་བློ་རྩ་མི་བརྟན་པའི་བརྩེ་དུང་ལ་ཁ་རྡུང་ཡང་བཏང་ཡོད།དེ་ལྟར་ལོ་རབས་དགུ་བཅུའི་བརྩེ་དུང་གི་བསམ་བློ་མཚོན་པའི་བརྩམས་སྒྲུང་རྣམས་ཀྱི་བརྗོད་དོན་ནི་ལོ་རབས་གོང་མ་བཞིན་བསམ་བློ་ཪྙིང་པའི་བཀག་རྒྱ་ལས་གྲོལ་མི་ཐུབ་པའི་ལྟ་བ་ཁོ་ན་མ་ཡིན་པར།ལོ་རབས་དགུ་བཅུའི་དུས་སུ་ཕོ་མོའི་བརྩེ་དུང་ལ་རང་དབང་འཐོབ་ཡོད་རུང་བློ་རྩ་མི་བརྟན་པའི་གཞོན་ནུ་དེ་རྣམས་ལ་རྩོམ་པ་པོས་ཁ་རྡུང་བཏང་བ་དེ་གཙོ་གནད་དུ་བཞག་ཡོད།

སྒྱུ་རྩལ་མཚོན་ཐབས་ཀྱི་འཕེལ་རྒྱས།

དེ་མིན་བརྗོད་དོན་མཚོན་ཐབས་ལ་ཡང་འཕེལ་རྒྱས་ཀྱི་ཐད་དཔེ་གཞན་ཞིག་ནས་གླེང་ན།ལོ་རབས་བརྒྱད་ཅུའི་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་འབྲིང་གྲས《སད་ཀྱིས་བཅོམ་པའི་མི་ཏོག》ཅེས་པའི་ནང་དུ་མི་སྣ་གཙོ་བོ་ཚེ་རིང་དང་ལྷ་མོ།རིག་ཡགལྷ་སྐྱིད།ཕུན་ཚོགས་སོགས་ཀྱི་གཏམ་གླེང་རྣམས་མིང་བརྡ་དང་པོ་བཀོལ་ཏེ་བྲིས་ཡོད།ལོ་རབས་དགུ་བཅུའི་བཀྲ་ཤིས་དཔལ་ལྡན་གྱི་བརྩམས་སྒྲུང་འབྲིང་གྲས《ཁ་ཤུལ་གྱི་ཉི་མ》ཞེས་པའི་ནང་གི་མི་སྣ་གཙོ་བོ་དབྱངས་སྒྲོལ་དང་ཉི་མ་ཚེ་རིང་།རྣམ་རྒྱལ་སོགས་ཀྱི་སེམས་གཏམ་དེ་རྣམས་ཡང་མིང་བརྡ་དང་པོ་བཀོལ་ཏེ་བྲིས་ཡོད་པ་གོང་གི་བརྩམས་སྒྲུང་དེ་དང་མཚུངས་ཡང་དོན་གྲུབ་རྒྱལ་གྱི《སད་ཀྱིས་བཅོམ་པའི་མེ་ཏོག》ཅེས་པའི་ནང་དུ་ཚེ་རིང་གི་སྐད་ཆ།ལྷ་མོའི་སེམས་གཏམ།ལྷ་སྐྱིད་ཀྱི་སྡུག་བསྔལ།ཕུན་ཚོགས་ཀྱི་གོ་རྟོགས་ཞེས་སོ་སོར་ཁ་བྱང་ཆུང་བ་རེ་བྲིས་ཡོད་པ་དེ་ལས་ཀློག་པ་པོར་ལམ་སེང་དེའི་ནང་གི་མིང་བརྡ་དང་པོ་དེ་ཡང་སྙིང་སུ་ཡིན་པ་གསལ་པོར་ཤེས་ཐུབ།ལོ་རབས་དགུ་བཅུའི་བརྩམས་སྒྲུང་འབྲིང་གྲས་བཀྲ་ཤིས་དཔལ་ལྡན་གྱི《ཁ་ཤུལ་གྱི་ཉི་མ》ཞེས་པར་ཁ་བྱང་ཆུང་ངུ་དེ་ལྟ་བུ་ཞིག་བཀོད་སྒྲིག་བྱས་མིད་ལ་ད་ལྟ་ང་ཞེས་པ་དེ་དབྱངས་སྒྲོལ་གྱི་སེམས་གཏམ་ཤོད་པའི་སྐབས་ལ་ཡང་གློ་བུར་དུ་ཉི་མ་ཚེ་རིང་གི་གནས་ཚུལ་བརྗོད་པ།ཡང་གློ་བུར་དུ་རྣམ་རྒྱལ་གྱི་ཆག་སྒོ་བཤད་པ་སོགས་ཀློག་པ་པོར་ཡ་མཚན་དང་བསམ་གཞིག་གི་བར་སྟོང་ཞིག་བཏོད་དེ་ཡང་བསྐྱར་ལྟ་འདོད་ཀྱི་བློ་ཞིག་དབང་མིད་དུ་སྐྱེ་རུ་བཅུག་ཡོད།དེར་བརྟེན་ལོ་རབས་དགུ་བཅུའི་བརྩམས་སྒྲུང་གི་འབྲི་ཐབས་དང་སྒྱུ་རྩལ་གྱི་ཆ་གང་ཐད་ལ་འཕེལ་རྒྱས་ཕྱིན་ཡོད་པ་མཚོན་ཐུབ།

རྩོམ་པ་པོ་དང་བརྩམས་ཆོས་འཕེལ་རྒྱས།

སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་ཚུན་མི་རིགས་སྲིད་ཇུས་དོན་འཁྱོལ་ལེགས་པར་བྱུང་བས་རྩོམ་རིག་གི་གོ་གནས་སླར་གསོ་བྱུང་བར་བརྟེན་ཀྲུང་གོ་ཡོངས་ལ་ཚ་ཚ་འུར་འུར་གྱིས་རྩོམ་རིག་གསར་རྩོམ་བྱེད་པའི་ཚ་རླབས་ཤིག་འཕྱུར།བོད་དུ་ཞི་བའི་བཅིངས་འགྲོལ་བཏང་བ་ནས་ལོ་ངོ་སུམ་ཅུའི་རིང་གསར་རྩོམ་གྱི་ལས་ལ་འཇུག་མཁན་མང་ཆེ་བ་ནི་རྩོམ་པ་པོ་རྒན་གྲས་རྣམས་ཡིན།དེའི་རྗེས་ཏང་གི་སྲིད་ཇུས་བཟང་པོའི་འོག་སྤྱི་ཚོགས་ཀྱི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ།དབུལ་ཕྱུག་དང་གོ་གནས་མཐོ་དམན་སོགས་ལ་མ་ལྟོས་པར་བུ་ཕྲུག་ཚང་མ་སློབ་ཞུགས་བྱ་ཆོག་པའི་གོ་སྐབས་ཐོབ་པ་ནི་འགྱུར་ལྡོག་ཆེས་ཆེན་པོ་ཞིག་རེད།ཤེས་ཡོན་ཅན་གསོ་སྐྱོང་བྱ་རྒྱུའི་དགོས་དབང་གིས་བོད་རིགས་སློབ་མ་རྣམས་ཀྱིས་རྒྱ་ཡིག་སྦྱོང་བ་དང་།རྒྱ་ཡིག་སྦྱོང་བའི་གོ་སྐབས་དང་བསྟུན་ནས་མི་རིགས་གཞན་གྱི་རིག་གནས་ལ་འདྲིས་ཆ་བྱུང་སྟེ་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་ལ་རྨང་གཞི་ལེགས་པོ་བསྐྲུན་ཡོད།མ་གཞི་བོད་ལ་ཞི་བའི་བཅིངས་འགྲོལ་མ་བཏང་གོང་ནས་མི་རིགས་གཞན་གྱི་སྐད་རིགས་སྦྱོང་བའི་སློབ་གྲྭ་ཡོད་རུང་།སྐབས་དེ་དུས་མི་སེར་ཕལ་བའི་བུ་ཕྲུག་རྣམས་ལ་སློབ་གྲྭར་ཞུགས་པའི་གོ་སྐབས་མིད།བཅིངས་འགྲོལ་བཏང་རྗེས་བྱིས་པ་དང་གཞོན་ནུ་མང་པོ་སློབ་གྲྭར་ཞུགས་པའི་གོ་སྐབས་བཟང་པོ་ཐོབ་པ་དེས་རྩོམ་པ་པོའི་དཔུང་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་རྒན་དར་གཞོན་གསུམ་གྱི་རྩོམ་པ་པོའི་དཔུང་ཚོགས་ཤིག་ཆགས།རྒན་དར་གཞོན་གསུམ་གྱི་རྩོམ་པ་པོའི་དབར་ལ་རིགས་པའི་གཞུང་ལུགས་ཀྱི་ལྟ་ཚུལ་མི་འདྲ་བ་ཡོད་ལ་ཐ་ན་གདོང་ཐུག་ཡང་བྱེད་སྲིད།འོན་ཀྱང་རང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་དང་འཕེལ་རྒྱས་གཏོང་རྒྱུའི་དམིགས་ས་དེ་གཅིག་ཏུ་ཕྱོགས་ཡོད།

རྩོམ་པ་པོའི་དཔུང་ཚོགས་འཕེལ་རྒྱས་ཕྱིན་པའི་རྐྱེན་གཙོ་བོ་ཞིག་ནི་དུས་དེབ་ཡིན།ལོ་རབས་བརྒྱད་ཅུའི་གོང་ལ་མ་གཞི་རྩོམ་རིག་འགྲེམ་སྤེལ་ཆོག་པའི་ཚགས་པར་ཁག་ཅིག་ཡོད་རུང་དེར་སྙན་རྩོམ་ཁག་ཅིག་ལས་བརྩམས་སྒྲུང་སྤེལ་བའི་གར་སྟེགས་ཤིག་མིད། 1980ལོ་ནས་བོད་ཁུལ་དུ་བོད་ཡིག་དུས་དེབ་མང་དུ་ཐོན་པ་དེས་བརྩམས་སྒྲུང་སྤེལ་བར་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད། 1980ལོར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང་།1981ལོར《སྦྲང་ཆར》དང《ཟླ་ཟེར》《མང་ཚོགས་སྒྱུ་རྩལ》སྤེལ་བ།1989ལོར《གངས་རྒྱན་མི་ཏོག》སྤེལ་བ།དུས་དེབ་དེ་དག་གིས་བོད་རིགས་རྩོམ་པ་པོ་རྣམས་ལ་བརྩམས་སྒྲུང་འགྲེམ་སྤེལ་བྱེད་པའི་ཞིང་ས་གཤིན་པོ་ཞིག་བཏོད་ཡོད་པ་དང་།རྩོམ་རིག་གསར་རྩོམ་ལ་དགའ་ཞེན་ཡོད་པ་དག་ལ་ཚོད་ལྟ་བྱེད་པའི་མོས་ཤུགས་ཀྱང་གནང་ཡོད།དེ་ལྟར་གསར་རྩོམ་གྱི་རྒྱུན་མ་ཆད་པར་བརྩམས་སྒྲུང་ཡང་རབས་དང་རིམ་པ་མང་པོ་ཞིག་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འདྲེན་ཐུབ་ཡོད།འོན་ཀྱང་དུས་དེབ་དེ་དག་མ་བྱུང་གོང་ལ་བོད་དུ་བརྩམས་སྒྲུང་གསར་རྩོམ་མ་བྱུང་བའམ་འགྲེམ་སྤེལ་བྱས་མ་མྱོང་བ་ཞིག་མ་ཡིན་ཏེ་བོད་ཀྱི་དེང་རབས་བརྩམས་སྒྲུང་ཐོག་མ་དོན་གྲུབ་རྒྱལ་གྱི《དཔལ་མཚོ》དང《འབྲུག་མཚོ》གཉིས་ནི་ལོ་རབས་བདུན་ཅུའི་དུས་སྨད་དུ《མཚོ་སྔོན་བོད་ཡིག་གསར་འགྱུར》ཐོག་བཀོད་ནས་འགྲེམ་སྤེལ་བྱས་ཡོད།དེ་ལྟར་བོད་ཀྱི་རྩོམ་རིག་གར་སྟེགས་ཐོག་ཐོན་པའི་རྩོམ་པ་པོ་ཇེ་མང་དུ་སོང་བས་རྩོམ་པ་པོའི་དཔུང་ཁག་ཆེན་པོ་ཞིག་གྲུབ་ཡོད།

བརྩམས་ཆོས་ནི་རྩོམ་པ་པོའི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཚོན་པའི་མངོན་རྟགས་ཤིག་ཡིན།ལོ་རབས་དགུ་བཅུའི་ནང་དུ་བརྩམས་སྒྲུང་གསར་རྩོམ་གྱི་ལས་ལ་ཞུགས་པའི་རྩོམ་པ་པོ་ཇེ་མང་དུ་ཕྱིན་པ་དེས་ཐོག་མར་བརྩམས་སྒྲུང་གསར་རྩོམ་གྱི་གྲངས་འབོར་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།གྲངས་འབོར་དེར་གཞིགས་པའི་བརྩམས་ཆོས་ཀྱི་སྤུས་ཚད་ལ་ཡང་འཕེལ་རྒྱས་བྱུང་ཡོད་ཅིང་།བརྩམས་སྒྲུང་གི་བསམ་བློའི་ནང་དོན་མཚོན་ཐབས་ཐད་འཕེལ་རྒྱས་ཕྱིན་ཡོད་ལ་མཚོན་བྱའི་ནང་དོན་གྱི་ཁྱབ་རྒྱ་ཡང་ཇེ་ཆེར་སོང་ཡོད།ལོ་རབས་དགུ་བཅུ་པར་ལོ་རབས་གོང་མར་མི་སྣ་ཙམ་གཙོར་འཛིན་པའི་དུས་སྐབས་ནས་མི་སྣའི་གཤིས་ཀ་གཙོ་བཟུང་གི་དུས་སྐབས་སུ་འཕེལ་རྒྱས་ཕྱིན་ཡོད་པ་དང་།བརྗོད་དོན་ཆིག་རྐྱང་ཡིན་པ་ནས་བརྗོད་དོན་སྣེ་མང་ཅན་དུ་ཕྱོགས་པ།སྒྲིག་གཞི་དང་བྱུང་རིམ་བཀོད་སྒྲིག་བྱེད་པའི་ཐད་ལ་ཡང་རང་དབང་ཆེ་རུ་སོང་ཡོད། དེ་ལྟ་བུའི་འཕེལ་རྒྱས་མི་ཉུང་བ་ཕྱིན་ཡོད་པ་ནི་རྩོམ་པ་པོ་རྣམས་ཀྱིས་རྩོམ་རིག་གཞུང་ལུགས་དང་མི་རིགས་གཞན་གྱི་གསར་རྩོམ་ཐབས་ལམ་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད་པ་དང་།རང་གི་ཐུན་མིན་གྱི་བློ་སྦྱོང་ལ་བརྟེན་པ་ནི་བརྗོད་མིད་ཡིན།འོན་ཀྱང་བོད་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་ལམ་ལ་སྤྲོ་བར་ཞུགས་པའི་རྩོམ་པ་པོ་ཡོད་ཚད་མི་རིགས་གཞན་གྱི་སྐད་ལ་བྱང་ཆུབ་པ་ཞིག་མིན་པས།མི་རིགས་གཞན་གྱི་རྩོམ་རིག་ལ་དོ་སྣང་བྱེད་པའི་གོ་སྐབས་དེ་ལྟ་བུ་བྱུང་བ་ནི་ཡིག་སྒྱུར་མཁན་རྣམས་ཀྱི་ཕྱག་རྗེས་དང་ཡང་ཁ་བྲལ་ཐབས་མིད།དེར་བརྟེན་དུས་དེབ་དང་རྩོམ་པ་པོའི་དཔུང་ཁག

ཡིག་སྒྱུར་མཁན་སོགས་ཀྱི་ཆ་རྐྱེན་འོག་བོད་ཀྱི་བརྩམས་སྒྲུང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ན།ལོ་རབས་དགུ་བཅུའི་བརྩམས་སྒྲུང་འབྲིང་གྲས་ལ་ཡང་བརྗོད་བྱའི་ནང་དོན་དང་རྣམ་པ་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་ཡང་ཚུལ་དེ་ལས་མ་འདས་སོ།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།