བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཐོག་མའི་བྱུང་རིམ་ལ་དཔྱད་པ།

ཡུས་ཧྲུའུ། ལེགས་སྐྱིད་མཁའ་འགྲོ།

དང་པོ།བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཚན་དོན།

དེ་ཡང《མདོ་སྡེ་སྤྱིའི་རྣམ་བཞག》ལས།“ཕྱོགས་བཅུའི་ཞིང་དང་སངས་རྒྱས་འཁོར་བཅས་ལ།།བརྟེན་ནས་ཐེག་ཆེན་སྡེ་སྣོད་མ་ལུས་པ།།ལེགས་པར་ཐོས་ནས་ཐེག་ཆེན་བསྔོ་བ་དང་།།མཚུངས་པར་ལྡན་པའི་བྱང་ཆུབ་སེམས་བསྐྱེད་དོ།།ས་བཅུའི་སྤྱོད་པ་ལེགས་པར་སྦྱངས་པ་ན།།ཀུན་ཏུ་བཟང་པོའི་སྤྱོད་པ་དང་ལྡན་པའི།།དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ན།།འཇིག་རྟེན་འདས་པའི་ཡོན་ཏན་ཀུན་རྫོགས་འགྱུར།།དེ་ལྟར་ཐེག་ཆེན་ཉམས་སུ་ལེན་པ་ན།།ནོར་བཟང་བཞིན་དུ་ཐེག་ཆེན་བཤེས་གཉེན་བསྟེན།།འདི་དོན་ཤེས་ནས་ཐེག་ཆེན་ཚུལ་རྣམས་ཀུན།།མ་ལུས་པ་ནི་མངོན་དུ་བྱེད་པར་འགྱུར།།”ཞེས་གསུངས་པ་ལྟར།སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་བཀའ་མཐའ་མར་གཏོགས་པའི་ནང་གསེས་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཚན་དོན་བཤད་པར་བྱ་སྟེ།བཟང་པོ་སྤྱོད་པའི་སྨོན་ལམ་འདི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་མཛད་པའི་སྨོན་ལམ་ཕྱོགས་འདི་རུ་བསྡུས་ཤིང་སྨོན་ལམ་ཀུན་གྱི་རྒྱལ་པོ་ཞེས་བྱ་བ་དང་།བཟང་པོ་སྤྱོད་པའི་སྨོན་ལམ་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་ཡང་ཟེར་ཞིང་།དེ་ནི་སྨོན་ལམ་འདེབས་མཁན་གྱི་སྒོ་ནས་མིང་བཏགས་པའོ།།ཀུན་ཏུ་བཟང་པོས་ནོར་བཟང་ལ་སྨོན་ལམ་འདི་གསུངས་སོ།།ཀུན་ཏུ་བཟང་པོ་ནི་སངས་རྒྱས་དངོས་ཡིན།དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྲས་ཀྱི་ཐུ་བོའི་ཚུལ་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་ཏེ།མདོ་གཞུང་འདི་རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ།གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ།བཟང་པོ་སྤྱོད་པ་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོ་སྤྱོད་པའི་དབང་དུ་བྱས་པ་དང་།དམ་པའི་ཆོས་ནི་ཐོག་མར་དགེ་བ།བར་དུ་དགེ་བ།མཐའ་མར་དགེ་བ།དོན་བཟང་པོ།ཚིག་འབྲུ་བཟང་པོ།མ་འདྲེས་པ།ཡོངས་སུ་རྫོགས་པ།ཡོངས་སུ་དག་པ།ཡོངས་སུ་བྱང་བ།བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཡང་།ཐོག་མཐའ་བར་གསུམ་དགེ་བ་ལས་མི་འགལ་ཞིང་།བཟང་པོ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་ན་བཟང་པོ་སྤྱོད་དང་།ཀུན་ཏུ་བཟང་པོ་སྤྱོད་ཅེས་ཀྱང་བྱའོ།།ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ལས།“འདི་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་ཞེས་བྱ་བ་ནི།བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསུངས་པའམ།བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པས་ཀུན་ཏུ་མཛེས་པ་དང་།སྐྱོན་ཐམས་ཅད་བྲལ་བས་ཀུན་ཏུ་ཀུན་ནས་བཟང་བའི་ཕྱིར་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱི་མིང་ཡིན་ལ།

སྨོན་ལམ་འདི་ལ་ཡང་བྱང་ཆུབ་ཀྱི་སྤྱོད་པ་ཐམས་ཅད་འདུས་པའི་ཕྱིར།སངས་རྒྱས་བྱང་སེམས་ཀུན་གྱི་སྨོན་ལམ་མོ།།”ཞེས་གསུངས་པ་ལྟར་ན།བཟང་པོ་སྤྱོད་པའི་སྨོན་ལམ་འདི་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་ཡང་བྱ་བ་དང་།བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཡོངས་སུ་འདུས་པ་སྨོན་ལམ་གྱི་མདོ་ཆེན་པོ་ཡིན་པའི་ཕྱིར།《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག》ལས།“དང་པོ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་སངས་རྒྱས་ཕལ་པོ་ཆེ་ནི།བརྡ་ཪྙིང་དུ་སངས་རྒྱས་རྨ་ག་ཆད་དུ་གྲགས་ཤིང་།ཡང་སྙན་གྱི་གོང་རྒྱན་དུའང་བསྒྱུར་བ་ཡོད་དེ།དེ་ལྟ་བུའི་མཚན་དེའང་བྱེ་བྲག་གི་མིང་སྤྱི་ལ་བཏགས་པར་གསལ་ཏེ།མདོ་འདིའི་ལེའུ་ཉི་ཤུ་རྩ་དགུའི་བར་དུ་ཕལ་པོ་ཆེ་ཞེས་དཀར་ཆག་ལྡན་དཀར་མ་སོགས་སུ་བཤད་པ་གང་ཞིགདེའི་ལྷག་མ་རྣམས་ལའང་མཚན་དེ་ལྟར་གྲགས་པའི་ཕྱིར་རོ།།དེས་ན་མཚན་དེ་ལྟ་བུ་དང་ལྡན་པའི་མདོ་སྡེ་འདི་ལ།སྤྱིར་ཤོ་ལོ་ཀ་འབུམ་དང་།ལེའུ་བརྒྱ་ཡོད་པ་ལས།སྔོན་ན་ལནྡ་བི་ཧ་ར་ལ་མིའི་དགྲ་བྱུང་བའི་རྐྱེན་གྱིས།མ་ཚང་བའི་འཕྲོ་ཅི་ཙམ་བཞུགས་པ་བསྒྱུར་བའི་གླེགས་བམ་སྟེ”ཞེས་གསུངས་པ་ལྟར།བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་འདིའི་མིང་ཆ་ཚང་ལ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་ཕལ་པོ་ཆེ་ཟེར་ཏེ།སྤྱིར་མདོ་སྡེ་འདི་ག་ལ་ཤོ་ལོ་ཀ་འབུམ་དང་ལེའུ་བརྒྱ་ཡོད་པར་བཤད་ཀྱང་།སྔོན་ཆད་ན་ལནྡ་བི་ཧ་ར་ལ་མིའི་དགྲ་བྱུང་བའི་རྐྱེན་གྱིས་ཁ་མི་ཚང་བར་གྱུར་ཏེ་ད་ལྟ་བཀའ་འགྱུར་དུ་བཞུགས་པ་ལ་ལེའུ་ཞེ་ལྔ་ཡས་མས་དང་བམ་པོ་བརྒྱ་དང་བཅུ་དྲུག་ལྷག་ཡོད།《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག》ལས།“ཞེ་གཉིས་པ་ཀུན་བཟང་གི་སྤྱོད་པ་བསྟན་པའི་ལེའུ་རྣམས་ལ་བམ་པོ་བརྒྱད་དེ།གླེགས་བམ་སྔ་མའི་ཀུན་ཏུ་བཟང་པོས་བསྟན་པའི་ལེའུ་ནས།འདིའི་བར་ཁྱོན་བསྡོམས་ཤོ་ལོ་ཀ་སྟོང་བརྒྱད་བརྒྱ།བམ་པོ་བཅུ་དྲུག་ཡོད་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ་ཞེས་གྲགས་སོ།།”ཞེས་གསུངས་པ་ལྟར།གླེགས་བམ་སྔ་མའི་ཀུན་བཟང་གིས་བསྟན་པའི་ལེའུ་སོ་གཉིས་ནས་ལེའུ་ཞེ་གཉིས་པ་ཀུན་བཟང་གི་སྤྱོད་པ་བསྟན་པའི་ལེའུ་རྣམས་བམ་པོ་བཅུ་དྲུག་ཡོད་དེ་ཡོངས་གྲགས་སུ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ་ཞེས་འབོད་དོ།།

གཉིས་པ།བཟང་པོ་སྤྱོད་པའི་སྨོན་ལམ་ཐུབ་པའི་བཀའ་ཡིན་མིན་གྱི་དོགས་དཔྱོད།

བཟང་པོ་སྤྱོད་པའི་སྨོན་ལམ་འདི་གསུང་མཁན་དང་དོན་ཅི་ལ་གསུངས་པའི་རྒྱུ་མཚན་བཤད་པའོ།།བཟང་པོ་སྤྱོད་པའི་སྨོན་ལམ་འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཡོངས་སུ་འདུས་པ་སྨོན་ལམ་གྱི་རྒྱལ་པོའམ་མདོ་ཆེན་ཡིན་པའི་ཕྱིར།ཐེག་པ་ཆེན་པོའི་མདོ་འཕགས་པ་སངས་རྒྱས་ཕལ་པོ་ཆེ་དེ་ཉིད་ཀྱི་མཇུག་གི་ཆ་ལ་གནས་པ་ལས་སྨོན་ལམ་འདི་ཕྱུང་བའོ།།《ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》ཀྱི་ཤོག་དྲིལpt.149 ལས།“༄༅།།འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདི་དང་པོར་བཤད་པའི་གླེང་གཞི་ནི།ཚོང་དཔོན་གྱི་བུ་ནོར་བཟང་ཞེས་བྱ་བས།ཤེས་རབ་རྣོ་བའི་མཆོག་ཏུ་ཕྱིན་པའ་ནི།དམ་པའི་ཆོས་མདོ་དང་རྒྱལ་བའ་བསམ་གིས་མྱི་ཁྱབ་ཞིག་ཞུགས་སུ་ཕུད་ནས།དད་པ་ཆེ་བའི་མཆོག་ཏུ་ཕྱིན་པས་ནི།འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་མ་གསན་པའི་ཕྲན་བཞིན་དུ་དགེ་བའི་བཤེས་གཉེན་བརྒྱ་རྩ་གཅིག་ཞལ་མཐོང་བའ་ལས།ཀུན་གྱི་ཞལ་ནས་རང་མྱི་ཤེས་པ་ནི་མ་ཡིན་ན།ངའི་འདུལ་སྐལ་དུ་ཁྱོད་མ་གྱུར་ཏོ།།གསུངས་པས་གསན་ནས།དགེ་བའི་བཤེས་གཉེན་དེ་རྣམས་བར་ཐག་ནི་རྟ་པའི་གདུགས་ལམ་ཙམ།རྐང་ཐང་གི་ཞག་ལམ་ཙམ་ཞིག་མཆིས་སོ།།དགེ་བའི་བཤེས་གཉེན་བརྒྱ་ཐམ་པའ་ལ་ཞུགས་དང་།།འཕགས་པའ་འཇམ་དཔལ་གི་ཞལ་མཐོང་ནས།འཕགས་པའ་འཇམ་དཔལ་ལ་ཞུས་པ་ལས།ངས་མྱི་ཤེས་པ་ནི་མ་ཡིན་ན་ངའི་འདུལ་སྐལ་དུ་མ་བབས་པ།རྒྱ་གར་གི་ཡུལ་བྱང་ཆུབ་ཆེན་པོ་མ་ཧ་བོ་དེའི་གླིང་ན་འཕགས་པའ་ཀུན་ཏུ་བཟང་པོ་བཞུགས་པས།

འཕགས་པ་ཀུན་ཏུ་བཟང་པོ་ལ་ཞུས་ཤིག་པར་ལུང་བསྟན་ཏོ།།དེ་ནས་ཚོང་དཔོན་གི་བུ་ནོར་བཟང་གིས་མ་ཧ་བོ་དེ་བྱང་ཆུབ་ཆེན་པོའི་གླིང་དུ་འཕགས་པ་ཀུན་ཏུ་བཟང་པོ་ལ་ཞུས་པས།འཕགས་པ་ཀུན་ཏུ་བཟང་པོ།འཕགས་པ་སྟུག་པོ་བཀོད་པ་ཞེས་ཀྱང་བྱ།སངས་རྒྱས་ཕལ་པོ་ཆེ་ཞེས་ཀྱང་བྱ།མང་པོ་འདུལ་བ་ཞེས་ཀྱང་བྱ།སྙན་གི་གོང་རྒྱན་ཞེས་ཀྱང་བྱ།རྨ་ག་ཆེ་ཞེས་ཀྱང་བྱ་བ་དེའི་ནང་ནས་བསལ་ཏེ་བཤད་ནས།དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་གི་ཐུགས་དམ་དུ་བཞེས་པས།མོས་པར་སྤྱོད་པ་ལས་དང་པོ་རབ་ཏུ་དགའ་བའི་བདེན་པ་མཐོང་།དེ་དང་མཚུངས་པར་རྒྱ་གར་གྱི་ཡུལ་དུ་ཡང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཐུགས་དམ་དུ་བཞེས་པས།མང་པོས་འཕགས་པ་ཀུན་ཏུ་བཟང་པོའི་དངོས་གྲུབ་བཪྙེས་སོ།།”ཞེས་བཀོད་པ་དང་།《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག》ལས།“སྡོང་པོས་བརྒྱན་པའི་ལེའུའི་འཕྲོ་བམ་པོ་ཉི་ཤུ་རྩ་གཅིག་དང་།དེའི་གཤམ་དུ་ནོར་བཟང་གིས་ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར་སྡོང་པོས་བརྒྱན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་སྤྱོད་པ་ཕྱོགས་གཅིག་པ་གསུངས་པ།”ཞེས་གསུངས་པ་ལྟར།གཞོན་ནུ་ནོར་བཟང་གིས་ཐོག་མར་འཇམ་དབྱངས་ནས་མཐའ་མ་ཀུན་ཏུ་བཟང་པོའི་བར་བཤེས་གཉེན་བརྒྱ་བསྟེན་པ་དེ་རྣམས་ཀྱིས་ཆོས་སྣ་ཚོགས་བསྟན་ཅིང་། བྱམས་པས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང་།སངས་རྒྱས་ཏེ་ཀུན་ཏུ་བཟང་པོས་གཞོན་ནུ་ནོར་བཟང་ལ་སྨོན་ལམ་འདི་གསུངས་སོ།།སྨོན་ལམ་གྱི་མདོ་འདི་བཀའ་མིན་ནམ་ཞེ་ན།བཀའ་ཡིན་ཏེ།བཅོམ་ལྡན་འདས་ཀྱི་གསུང་རབ་ལ་དབྱེ་སྒོ་དུ་མ་ཡོད་པ་ལས་བདག་རྐྱེན་གྱི་སྒོ་ནས་དབྱེ་ན་གསུམ་སྟེ།ཞལ་ནས་གསུངས་པའི་བཀའ་དང་།བྱིན་གྱིས་བརླབས་པའི་བཀའ་དང་།རྗེས་སུ་གནང་བའི་བཀའོ།།དང་པོ་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་ཚུལ་བསྟན་པ་དང་མདོ་དཀོན་བརྩེགས་སོགས་ལྟ་བུའོ།།གཉིས་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་གསུམ་སྟེ།སྐུའི་མཛད་པའི་བྱིན་གྱིས་རློབ་སྟེ།ས་བཅུ་པ་ལ་སོགས་པའི་མདོ་སྟོན་པར་མཛད་པ་ལྟ་བུའོ།།གསུང་གིས་བྱིན་གྱིས་རློབ་སྟེ།མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལ་སོགས་པ་ལྟ་བུའོ།།ཐུགས་ཀྱིས་བྱིན་གྱིས་རློབ་སྟེ།ཀུན་ཏུ་བཟང་པོའི་སྤྱོད་པ་སྟོན་པའི་མདོ་འདི་ལ་སོགས་པ་ལྟ་བུའོ།།གསུམ་པ་བཀའ་བསྡུ་བ་པོ་རྣམས་ཀྱིས།ཐོག་མར་ཀླད་ཀྱི་དོན།བར་དུ་གཞུང་གི་དོན།མཐའ་མར་མཇུག་གི་དོན་ལ་སོགས་པ་བཀོད་པ་རྣམས་ཏེ།ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་དེའི་ཆོས་ཁུངས་སངས་རྒྱས་ལ་ཐུག་ཡོད་པ་བཤད་མ་དགོས་པས།བྱིན་གྱིས་བརླབས་པའི་བཀའ་སྟེ་ཐུགས་ཀྱིས་བྱིན་གྱིས་བརླབས་པར་ཁུངས་སུ་གཏུགས་སོ།།《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག》ལས།“བྱིན་གྱིས་བརླབས་པའི་སྐབས་སུ་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལ་བོད་ཀྱི་མཁས་པ་རྣམས་ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ།ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ།ཐུགས་བདེན་པས་བྱིན་གྱིས་བརླབས་པ་སྟེ་གསུམ་དུ་དབྱེ་ཞིང་།”ཞེས་གསུངས་པ་ལྟར།ཀུན་ཏུ་བཟང་པོ་སྤྱོད་པའི་མདོ་འདིའི་ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པའོ།།བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྡོ་བརྐོས་མ་འདི་ལ་མཚོན་ན།ཐོག་མར་གསུང་མཁན་ཀུན་ཏུ་བཟང་པོ་ཡིན།ཀུན་ཏུ་བཟང་པོ་སངས་རྒྱས་དངོས་ཡིན་ལ།ཆོས་ཁུངས་སྟོན་པ་སངས་རྒྱས་ལ་ཐུག་ཡོད་པ་བཤད་མ་དགོས་པས།བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྡོ་བརྐོས་མ་འདི་ཡང་ཁུངས་སྟོན་པ་སངས་རྒྱས་ལ་གཏུགས་དགོས་པ་ཤེས་ཐུབ་པའོ།།

གསུམ་པ།བཟང་པོ་སྤྱོད་པའི་སྨོན་ལམ་བོད་འགྱུར་མའི་ཐོག་མ་གང་དང་ལོ་ཙཱ་པ་སུ་ཡིན་གྱི་སྐོར།

མཁས་པས་མཐོང་ན་ངོ་མཚར་སྐྱེས་པ་དང་།།བུ་སློབ་རྣམས་ཀྱིས་གསོལ་བ་འདེབས་པའི་རྟེན།།ནང་བསྟན་གྲུབ་མཐའ་རྣམས་ཀྱིས་རྩིས་མཐོང་བྱེད།།སྨོན་ལམ་ཀུན་གྱི་རྒྱལ་པོའི་བཟང་སྤྱོད་དོ།།ནང་བསྟན་ཆོས་གཞུང་གི་ཁྲོད་ནས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་དང་།འདི་ལ་རྒྱུས་ལོན་དང་ཞིབ་འཇུག་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེའོ།།དེས་ན་སྨོན་ལམ་འདི་བོད་ཡིག་ཏུ་ཐོག་མར་སུས་བསྒྱུར་པའི་སྐོར་ལ།སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག》ལས།“སྒྱུར་བྱེད་ནི་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།སུ་རེནྡྲ་བོ་དྷི་དང་།ལོ་ཙཱ་པ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པར་བཤད་དོ།།”ཞེས་དང་།བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི《བུ་སྟོན་ཆོས་འབྱུང》ལས།“བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཤོ་ལོ་ཀ་དགུ་བཅུ་རྩ་བདུན།བྱམས་པའི་སྨོན་ལམ་ཤོ་ལོ་ཀ་སུམ་ཅུ།མཆོག་གི་སྤྱོད་པའི་སྨོན་ལམ་ཤོ་ལོ་ཀ་ཉི་ཤུ་རྩ་གསུམ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར།”ཞེས་དང་།ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི《བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་གནད་དོན་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས》ཞེས་པ་ལས།“འདིར་འགྱུར་བྱང་མི་འབྱུང་བ་ནི་འདི་ཕལ་པོ་ཆེ་ནས་ལོགས་སུ་ཕྱུང་བའི་དབང་གིས་ཡིན་ལ།ཕལ་ཆེན་ནི་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་རོ།།”ཞེས་དང་།རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི《འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་བ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ་བཞུགས་སོ》ལས།“བཻ་རོ་ཙ་ན་རཀྵི་ཏ་ལ་སོགས་པ་འདིའི་གཞུང་འགྲེལ་རྣམས་འགྱུར་མཛད”ཅེས་བཀོད་ཡོད།སྨོན་ལམ་འདི་སྒྱུར་མཁན་གང་ཡིན་ཐད།མཁས་དབང་རྣམས་ཀྱིས་བཞེད་ཚུལ་ཅུང་ཟད་མི་མཐུན་ཏེ།《བུ་སྟོན་ཆོས་འབྱུང་》དང《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག》

གཉིས་ཀྱིས་པཎ་ཆེན་ཛི་ན་མི་ཏྲ་དང་།སུ་རེནྡྲ་བོ་དྷི་དང་།ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་བ་ཡིན་པར་གཞིར་བྱས་ཡོད།ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི《བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བར་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་གནད་དོན་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས》དང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི《འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་བ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ་བཞུགས་སོ》གཉིས་སུ་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་བ་ཡིན་པར་བཀོད་ཡོད།《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག》དང་གཞུང་འགྲེལ་ཆེན་པོ་གཉིས་ཀྱིས་བཟང་པོ་སྤྱོད་པའི་སྨོན་ལམ་མདོ་ཕལ་པོ་ཆེའི་ཆ་ཤས་སྡོང་པོ་བཀོད་པའི་མདོ་ལས་བྱུང་བ་བཞེད་ཚུལ་མཐུན་འདོད།བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཇུག་ཏུ་འགྱུར་བྱང་ཅི་ཡང་བཀོད་མིད་པར་དེ་ནས་ཤེས་ཐུབ།གཞན་ཡང《བུ་སྟོན་ཆོས་འབྱུང》དང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི《འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ་བཞུགས་སོ》ལས“ཡེ་ཤེས་སྡེ་ལ་སོགས་པའི་འགྱུར།”དང“བཻ་རོ་ཙ་ན་རཀྵི་ཏ་ལ་སོགས་པ་འདིའི་གཞུང་འགྲེལ་རྣམས་འགྱུར་མཛད”ཅེས་བཀོད་པ་སོགས་ཀྱི་ཚིག་ནས་ལོ་ཙཱ་བ་གཞན་གྱིས་གྲོགས་བྱས་ཡོད་པར་དང་།སྒྱུར་མཁན་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།སུ་རེནྡྲ་བོ་དྷི་དང་།ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་དང་།ལོ་ཆེན་བཻ་རོ་ལ་སོགས་པས་བསྒྱུར་བ་ཡིན་པར་སྙམ། 《བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་གནད་དོན་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས》དང་གཞན་གྱིས་བཞེད་པ་ཅུང་ཟད་མི་འདྲ་ཡང་སྐྱོན་མིད་ཅིང་།ཐམས་ཅད་ཞལ་གཅིག་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་དེ་མདོ་ཕལ་པོ་ཆེའི་ཆ་ཤས་སྡོང་པོ་བཀོད་པའི་མདོ་ལས་བྱུང་བ་བཤད་པ་དེ་གཙོ་ཆེ་བས།དོན་ལ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།སུ་རེནྡྲ་བོ་དྷི་དང་།ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་དང་།ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱི་བཀའ་དྲིན་ཡིན་ལ།སི་ཏུ་པཎ་ཆེན་གྱིས《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག》ལས་གསུངས་པ་ལྟར་ཡིན་ནམ་སྙམ་མོ།།《བུ་སྟོན་ཆོས་འབྱུང》ལས།“བཀའ་མཐའ་མ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་བསྐོར་བའི་བཀའ་ལ།སངས་རྒྱས་ཕལ་པོ་ཆེ་ལ།སངས་རྒྱས་ཕལ་པོ་ཆེ་དང་།འཕགས་པ་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་མཛད་པ་དང་ཞིང་ཁམས་དང་འཁོར་དང་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་དང་ཟབ་པ་དང་རྒྱ་ཆེ་བའི་དོན་མཐའ་དང་དབུས་མིད་པར་སྟོན་པ་སངས་རྒྱས་ཕལ་པོ་ཆེ་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ལེའུ་ནས་སྡོང་པོ་བཀོད་པའི་ལེའུ་བཞི་བཅུ་རྩ་ལྔ་པ་ཡན་ཆད་ལ་ཤོ་ལོ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་སྟེ་བམ་པོ་བརྒྱ་སུམ་ཅུ་དང་ཤོ་ལོ་ཀ་སུམ་ཅུ་བཻ་རོ་ཙ་ན་རཀྵི་ཏས་ཞུ་ཆེན་བགྱིས”ཞེས་གསུངས་པ་ལྟར་ན།བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཕལ་པོ་ཆེ་ཞེས་བྱ་བའི་མདོ་རུ་གཏུགས་པ་དང་།ཕལ་པོ་ཆེ་མདོའི་འགྱུར་བྱང་ལྟར་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཡང་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།སུ་རེནྡྲ་བོ་དྷི་དང་།ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར།བཻ་རོ་ཙ་ན་རཀྵི་ཏས་ཞུ་ཆེན་བགྱིས།ཞེས་གསུངས་པ་ལྟ་བུར་གཞིགས་ན་སྒྱུར་མཁན་སུ་ཡིན་ཁ་ཚོན་གཅོད་ཐུབ་བོ།།

བོད་ཀྱི་ལོ་རྒྱུས་རྣམས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྐབས་ཐོག་དེར་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་བར་མཛད་པ་ཡིན།རྒྱ་གར་འཕགས་པའི་ཡུལ་ནས་སློབ་དཔོན་པད་མ་འབྱུང་གནས་གཙོ་བྱས་པའི་མཁས་གྲུབ་གཉིས་ལྡན་གྱི་ལོ་པཎ་མང་པོ་གདན་དྲངས་པ་དང་བོད་ནས་ལུང་བསྟན་ལོ་ཙཱ་བ་རྣམ་གསུམ་གཙོས་སློབ་བུ་མང་པོ་འཕགས་ཡུལ་དུ་བརྫངས།སློབ་དཔོན་དང་ལོ་པཎ་བཀའ་དྲིན་ཅན་དག་ལ་བརྟེན་ནས་རྒྱལ་བའི་བཀའ་དང་བསྟན་བཅོས་སོགས་མ་ལུས་པ་བོད་དུ་བསྒྱུར་ཏོ།།བཟང་པོ་སྤྱོད་པའི་སྨོན་ལམ་དེ་ཡང་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཆུ་མགོ་གངས་ལ་ཐུག་པ་ལྟར་རྒྱ་གར་འཕགས་པའི་ཡུལ་གྱི་མ་ཡིག་ཁུངས་ལ་གཏུགས་ནས་བོད་ཀྱི་ལོ་ཙཱ་བ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་ཅིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཤིང་གཏན་འབེབས་མཛད་པས།མ་ཡིག་གི་དོན་ལ་འཕྲི་སྣོན་སོགས་ཀྱི་དྲི་མས་མ་སྦགས་པར་བརྗོད་བྱ་ཁུངས་བཙུན་པ་སོགས་ཀྱི་ཁྱད་ཆོས་མང་དུ་མཆིས།དེར་མ་ཟད་བཙན་པོ་རྒྱལ་རབས་ཀྱི་སྤྱི་ཚོགས་གོ་གནས་དང་རིག་གནས་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་གི་རིན་ཐང་གཞལ་དུ་མིད་པ་ཞིག་ཡོད་དོ།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།