རྩོམ་རིག་གཤིབ་སྡུར་གྱི་གོ་དོན་སོ་སོའི་བར་གྱི་དཔྱད་སྡུར།

བོད་ལྗོངས་སློབ་གྲྭ་ཆེན་མོ།  ལྕགས་བྱམས།

  གླེང་གཞི།

འདིར་ཤོག་ཁག་ཆེ་བཞི་ཞེས་དམིགས་སུ་བརྗོད་པ་ནི་རང་རང་གི་ལྟ་གྲུབ་དང་རིག་ཚན་གང་དེའི་མ་ལག་ཆ་ཚང་ཞིག་གྲུབ་ཡོད་པའི་ཆ་ནས་བརྗོད་པ་ཡིན།དེ་ལས་རྒྱལ་ཁབ་གཞན་དག་ལ་རིག་ཚན་འདི་དར་སྤེལ་མ་བྱུང་བའང་མ་ཡིན་ཏེ།དར་ཁྱབ་བྱུང་བའི་རྒྱལ་ཁབ་དག་གི་འདོད་ལུགས་དང་གོ་དོན་ཤོག་ཁག་ཆེ་བཞི་ལས་འདའ་འགོངས་འཛད་མིད་ན་བརྗོད་པའི་དགོས་པ་མ་མཆིས་པས།རེ་ཞིག་བཏང་སྙོམས་སུ་འཇོག་པར་བྱའོ།།

དང་པོ།ཤོག་ཁག་ཆེ་བཞིའི་གོ་དོན།

གཅིག ཧྥ་རན་སིའི་ཤོག་ཁག་གི་གོ་དོན།

ཆ་ཡར(M.FGuyard)གྱིས་བརྩམས་པའི《རྩོམ་རིག་གཤིབ་སྡུར》ཞེས་པའི་དཔེ་དེབ་ཀྱི་སྔོན་འགྲོའི་གཏམ་གླེང་ནང་།རྩོམ་རིག་གཤིབ་སྡུར་ནི་སྤྱིར་རྩོམ་རིག་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན།འདིས་འཛམ་གླིང་སྤྱི་ཁོངས་སུ་གྲུབ་ཟིན་པའི་རྩོམ་རིག་བསམ་བློའི་འབྲེལ་བ་སྣ་ཚོགས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད།དཔེར་ན།པད་ལུན་དང་ཕུ་ཞི་ཅིང་།ཀོ་ཏེ།ཁེ་ལེར།སེ་གེ་ཐ།འོར་ཉི་སོགས་དབར་གྱི་འགལ་འབྲེལ་བརྟག་པ།ཡང་འཛམ་གླིང་ཁྱོན་ཡོངས་སུ་དེ་འབྲེལ་གྱི་རྩོམ་པ་པོའི་བར་དང་བརྩམས་ཆོས་ཀྱི་དབར། ཐ་ན་ཁོང་ཚོའི་འཚོ་བ་སྐྱེལ་སྟངས་སོགས་ཀྱི་ཐུན་མོང་དང་ཐུན་མིན་གྱི་ཆོས་དག་བཙལ་ཐབས་ཤིག་རེད”ཟེར།

གཉིས། ཨ་རིའི་ཤོག་ཁག་གི་གོ་དོན།

《རྩོམ་རིག་གཤིབ་སྡུར་ཞིབ་འཇུག་གི་འགྱུར་རྩོམ་བསྡུ་བསྒྲིགས》ནང་ཨ་རིའི་གཤིབ་སྡུར་མཁན་རི་མ་ཁ(HenryH.H.Remak)ཡི《རྩོམ་རིག་གཤིབ་སྡུར་གྱི་མཚན་ཉིད་དང་ཕན་ནུས》ཞེས་པའི་དཔྱད་རྩོམ་ལས།“རྩོམ་རིག་གཤིབ་སྡུར་ནི་རྒྱལ་ཁོངས་གཅིག་ལས་བརྒལ་བའི་རྩོམ་རིག་ཞིབ་འཇུག་ཡིན་པར་མ་ཟད།རྩོམ་རིག་དང་རིག་ཚན་གཞན་བར་གྱི་དད་མོས་མངའ་ཁོངས་དང་འབྲེལ་བ་ཡོད་པའང་ཞིབ་འཇུག་བྱེད་ཀྱིན་ཡོད།དེའི་ནང་སྒྱུ་རྩལ(དཔེར་ན།རི་མོ།བརྐོས་མ།བཟོ་བཀོད།གླུ་དབྱངས།)མཚན་ཉིད་རིག་པ།ལོ་རྒྱུས།སྤྱི་ཚོགས་ཚན་རིག(དཔེར་ན།ཆབ་སྲིད།དཔལ་འབྱོར།སྤྱི་ཚོགས་རིག་པ།)རང་བྱུང་ཚན་རིག ཆོས་ལུགས་སོགས་འདུས་པ་དང་།མདོར་ན།རྩོམ་རིག་གཤིབ་སྡུར་རིག་པ་ནི་རྒྱལ་ཁབ་གཅིག་དང་རྒྱལ་ཁབ་གཞན་ཞིག་ཐ་ན་རྒྱལ་ཁབ་གཞན་དུ་མའི་དབར་གྱི་རྩོམ་རིག་དང་ཡང་ན་མིའི་རིགས་ཀྱི་སྒོ་གསུམ་གྱི་བྱ་བ་གཞན་བར་གཤིབ་སྡུར་བྱེད་ཆོག་པ་ཞིག་ཡིན་ཟེར།”

གསུམ། ཨུ་རུ་སུའི་ཤོག་ཁག་གི་གོ་དོན།

རྒྱ་ནག་གི་གཤིབ་སྡུར་མཁན་ཀྲོ་ཞའོ་ཆིས་བརྩམས་པའི《རྩོམ་རིག་གཤིབ་སྡུར་སློབ་དེབ》ནང་།“རིར་མ་སི་ཅིས1976ལོར《སུའུ་ལེན་ཤེས་བྱ་ཀུན་ཁྱབ་ཆེན་མོ》གསར་རྩོམ་བྱས་པའི《རྩོམ་རིག་གཤིབ་སྡུར》གྱི་ས་བཅད་ལས།“ལོ་རྒྱུས་རིག་རྩལ་རིག་པའི་གཤིབ་སྡུར་རིག་པ་ནི་རྩོམ་རིག་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན། ཁོས་རྒྱལ་སྤྱིའི་རྩོམ་རིག་བར་གྱི་འབྲེལ་བ་དང་འབྲེལ་ཐག་ལ་ཞིབ་འཇུག་དང་།འཛམ་གླིང་གི་རྩོམ་རིག་སྒྱུ་རྩལ་གྱི་སྣང་ཚུལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ལའང་ཞིབ་འཇུག་བྱེད་བཞིན་ཡོད།རྩོམ་རིག་དངོས་དོན་འདྲ་བ།ཕྱོགས་གཅིག་ནས་ཕལ་ཆེར་སྤྱི་ཚོགས་དང་མི་རིགས་སོ་སོའི་རིག་གནས་འཕེལ་རྒྱས་འདྲ་བ།ཕྱོགས་གཞན་ཞིག་ནས་ཕལ་ཆེར་མི་རིགས་སོ་སོའི་བར་རིག་གནས་དང་རྩོམ་རིག་གི་འབྲེལ་བ་ཡོད་པ།དེ་མཐུན་གྱི་ས་གནས་ལ་དབྱེ་ན། རྩོམ་རིག་བརྒྱུད་སྤེལ་གྱི་རིགས་མཚུངས་དང་རྩོམ་རིག་གི་འབྲེལ་ཐག་དང་ཤུགས་རྐྱེན།སྤྱིར་བཏང་དུ་ཕན་ཚུན་མཉམ་གཅིག་ཏུ་བཀོལ་བ་ཡིན་ཡང་དེ་དག་གཞི་གཅིག་ཏུ་བསྲེས་ནས་བརྗོད་པ་མ་ཡིན”ཞེས་བཀོད་ཡོད།

བཞི། ཀྲུང་གོའི་ཤོག་ཁག་གི་གོ་དོན།

སོན་ཅའེ་ཡོད་ཀྱིས་བརྩམས་པའི《བསྡུས་གསལ་རྩོམ་རིག་གཤིབ་སྡུར》ནང་།དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་། རང་རྒྱལ་གྱི་རྩོམ་རིག་གཤིབ་སྡུར་གྱི་སློབ་དཔོན་ཆེན་མོ་ཅི་ཞན་ལིན་གྱི《མི་དམངས་ཉིན་རེའི་ཚགས་པར》སྟེང་སྤེལ་བའི་རྩོམ་ཡིག་ཅིག་ཏུ།གང་འདྲ་ཞིག་ལ་རྩོམ་རིག་གཤིབ་སྡུར་ཟེར་ཞེས་པར་བསྡུས་གསལ་དང་ཡང་ན་ཡང་དག་གི་ལན་ཞིག་བཏབ་ཡོད་དེ།“རྒྱལ་ཁབ་མི་འདྲ་བའི་རྩོམ་རིག་ཁྱེར་ཡོང་ནས་གཤིབ་སྡུར་བྱེད་པ་འདི་ལ་རྩོམ་རིག་གཤིབ་སྡུར་གྱི་གོ་དོན་དོག་པོ་དང་།རྩོམ་རིག་གཤིབ་སྡུར་གྱི་ཁྱབ་རྒྱ་ཆེ་བའི་གོ་དོན་ནི།རྩོམ་རིག་དང་འབྲེལ་ནས་རིག་ཚན་གཞན་པ་ཁྱེར་ཡོང་ནས་གཤིབ་སྡུར་བྱེད་པ་དང་།དེའི་ཁོངས་སུ་སྤྱི་ཚོགས་ཚན་རིག་དང་ཐ་ན་རང་བྱུང་ཚན་རིག་ཀྱང་འདུས”ཞེས་རྩོམ་རིག་གཤིབ་སྡུར་ལ་རྒྱ་ཆེ་ཆུང་གཉིས་ཀྱི་ལམ་ནས་གོ་དོན་ཞིག་བཞག་ཡོད་པ་དང་། ཡང་དབྱང་ནའེ་ཆའོ་ཡིས་གསར་རྩོམ་བྱས་པའི《རྩོམ་རིག་གཤིབ་སྡུར་རགས་བཤད》ཅེས་པའི་ནང་གོང་གི་དེ་ལས་ལྡོག་པའི་གོ་དོན་ཞིག་བཞག་ཡོད་པ་ནི།

“མི་རིགས་གཅིག་གི་མངའ་ཁོངས་ནང་།སྐད་ཆ་དང་རིག་གནས། རྒྱལ་ཁོངས་སོགས་བརྒལ་མིད་པའི་རྩོམ་རིག་དང་དེ་འབྲེལ་གྱི་རིག་ཚན་གཞན་བར་གཤིབ་སྡུར་ཞིབ་འཇུག་གནང་བ་ཡང་རྩོམ་རིག་གཤིབ་སྡུར་ཁོངས་སུ་གཏོགས”ཞེས་བརྗོད་འདུག

གཉིས། ཤོག་ཁག་ཆེ་བཞིའི་འདོད་ལུགས།

གཅིག  ཧྥ་རན་སིའི་འདོད་ལུགས།

གཤིབ་སྡུར་བྱ་ཡུལ་གྱི་བརྩམས་ཆོས་དེ་ངེས་པར་རྒྱལ་ཁོངས་མི་འདྲ་བ་ཡིན་པའི་ཁར་ལོ་རྒྱུས་སྟེང་མངོན་ལྐོག་གང་རུང་གི་འབྲེལ་བ་དངོས་ཡོད་ཅན་ཡིན་པ་དང་། ནུས་ཤུགས་ཡོད་རྒུའི་འབྱུང་ཁུངས་མི་འདྲ་བའི་དོན་དངོས་ཕྱོགས་གཅིག་ཏུ་བསྡུས་ནས་དོན་དངོས་རེ་རེ་གསལ་བཤད་དང་ངོས་འཛིན་གྱི་རྒྱ་ཇེ་ཆེ་རུ་བཏང་བའི་རྨང་གཞིའི་ཐོགདེ་འབྲེལ་གྱི་མཇུག་འབྲས་དང་རྒྱུ་རྐྱེན་བཙལ་ཪྙེད་ཐུབ་པ་ནི་ཤོག་ཁག་འདིའི་ཡང་སྙིང་རེད།

གཉིས། ཨ་རིའི་འདོད་ལུགས།

འདིའི་འདོད་ལུགས་ནི་ཧྥ་རན་སིའི་ཤོག་ཁག་ལས་ཐོད་བརྒལ་བྱས་ཏེ། རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་རུང་མངོན་ལྐོག་གང་རུང་ནས་ཐད་ཀར་འབྲེལ་བ་ཡོད་དགོས་པ་མ་ཡིན་པར།རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ་ཞིག་གི་རྩོམ་རིག་ཡིན་ཕྱིན་དེ་གཉིས་བར་གཤིབ་སྡུར་བྱ་ཆོག་པར་མ་ཟད།ཐ་ན་རྩོམ་རིག་དང་སྒྱུ་རྩལ་གཞན་བར་ལ་ཡང་གཤིབ་སྡུར་བྱས་ཆོག་པས་ན་དེ་ལ“རིག་ཚན་མཚམས་འགྲོལ་གྱི་གཤིབ་སྡུར”ཞེས་ཀྱང་བརྗོད།

གསུམ།  ཨུ་རུ་སུའི་འདོད་ལུགས།

རྩོམ་རིག་གཤིབ་སྡུར་རིག་པའི་བསྡུར་ཡུལ་ནི་རྒྱལ་ཁབ་མི་འདྲ་བ་གཉིས་ཡན་ཡིན་པའི་ངེས་པ་མིད་པར།རྒྱལ་ཁོངས་གཅིག་གི་ནང་གི་མི་རིགས་སོ་སོའི་བར་ལའང་གཤིབ་སྡུར་བྱས་ཆོག

བཞི།  ཀྲུང་གོའི་ཤོག་ཁག་གི་འདོད་ལུགས།

ཡན་ཧྲོ་ཏང་དང་ཁྲིན་སི་ཧུ་གཉིས་ཀྱིས་གཙོ་སྒྲིག་མཛད་པའི《རིག་གནས་མཚམས་འགྲོལ་གྱི་ཞིབ་འཇུག གང་འདྲ་ཞིག་ལ་རྩོམ་རིག་གཤིབ་སྡུར་ཟེར》ཞེས་པའི་དེབ་ནང་།“རྒྱལ་ཁབ་ཀ་པའི་རྩོམ་རིག་གཞུང་ལུགས་ཀྱིས་རྒྱལ་ཁབ་ཁ་པའི་རྩོམ་རིག་བརྩམས་ཆོས་རྒྱས་བཤད་བྱེད་པ་དང་།ཡང་རྒྱལ་ཁབ་ཁ་པའི་རྩོམ་རིག་གཞུང་ལུགས་ཀྱིས་རྒྱལ་ཁབ་ཀ་པའི་རྩོམ་རིག་བརྩམས་ཆོས་རྒྱས་བཤད་བྱེད་པ།འདི་ལྟ་བུའི་ཕན་ཚུན་བར་རྒྱས་བཤད་བྱེད་པ་ནི་ཀྲུང་གོའི་རིག་གནས་མཚམས་འགྲོལ་གྱི་རྩོམ་རིག་ཞིབ་འཇུག་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཙ་ན།རྒྱས་བཤད་ཞིབ་འཇུག་ནི“ཀྲུང་གོའི་ཤོག་ཁག”གི་འདོད་ལུགས་ཡིན།

གསུམ་པ། གོ་དོན་སོ་སོའི་བར་གཤིབ་སྡུར་དང་ལྷན་དུ་དེ་འབྲེལ་གྱི་སྡུར་འབྲས་ཤིག་སྔོག་འདོན་བྱེད་པ།

དང་པོ་ཧྥ་རན་སིའི་ཤོག་ཁག་གི་ཤུགས་རྐྱེན་གཤིབ་སྡུར་སྨྲ་བའི་མཚན་ཉིད་ངོ་བོ་སྟེང་ནས་རྒྱལ་སྤྱིའི་རྩོམ་རིག་བསམ་བློའི་འབྲེལ་བ་སྣ་ཚོགས་ལ་ཞིབ་འཇུག་བྱ་རྒྱུའི་ཁ་གཡང་ཙམ་ཡོད་ཀྱང་།དོན་ལ་ཡོ་རོབ་ཁྱབ་ཁོངས་ནས་ཕྱི་ལ་འདའ་མིད་པ་དང་།གཤིབ་སྡུར་བྱ་ཡུལ་ཡང་ཁྱབ་ཁོངས་དེའི་ནང་གི་རྩོམ་པ་པོ་དང་བརྩམས་ཆོས་བར་ཡིན་པ།གཤིབ་སྡུར་བྱ་ཡུལ་གྱི་རྩོམ་རིག་བར་ལ་མངོན་ལྐོག་གང་རུང་ནས་ཐད་ཀར་འབྲེལ་བ་ཡོད་པ་བཅས། མིའི་རིགས་ཀྱི་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་གོ་རིམ་ཁྲོད།གཅིག་མཐུན་གྱི་ངོས་འཛིན་དང་གཅིག་མཐུན་གྱི་ཚོར་བ་བྱུང་བ་སྣང་མིད་བྱས་པ་དང་ལྷན་འཛམ་གླིང་གི་ཡུལ་གྲུ་གཞན་གྱི་རྩོམ་རིག་ལ་ལྟོས་བཅས་ཀྱིས་སྣང་ཆུང་བྱས་འདུག བར་དུ་ཨ་རིའི་ཆ་མཉམ་གཤིབ་སྡུར་སྨྲ་བའི་རྩོམ་རིག་གཉིས་ཀྱི་བར་འབྲེལ་བ་དངོས་སུ་ཡོད་མིད་ལ་མ་བལྟས་པར་དེ་གཉིས་བར་གཤིབ་སྡུར་བྱ་ཆོག་པ་དང་། རྒྱལ་ཁོངས་བརྒལ་དགོས་པའི་ངེས་པ་མིད་པར་མི་རིགས་ཕན་ཚུན་བར་ལ་གཤིབ་སྡུར་བྱས་ཆོག་ཅེས་པ་ཐོད་བརྒལ་རང་བཞིན་དུ་མངོན་པར་མ་ཟད།ད་དུང་རྩོམ་རིག་གཤིབ་སྡུར་ལ་གནས་དང་དུས་ཀྱི་ཚད་བཀག་ཡོད་པ་མ་ཡིན་པར་ནུབ་གླིང་གི་དུས་རབས་བར་མའི་རྩོམ་དང་ཤར་ཕྱོགས་ཀྱི་རྩོམ་ཡང་གཤིབ་སྡུར་གྱི་ཡུལ་ལ་བཞག་ན་འགྲིག་པའི་འདོད་ལུགས་བཏོན་ཡོད།གཞན་གྱི་ལེགས་རྩོམ་དང་བསྡུར་ན།རང་ཉིད་ཀྱི་མི་འདང་ས་ཁ་སྣོན་དང་འཛམ་གླིང་རྩོམ་རིག་ལ་ཕྱོགས་པའི་རྟགས་སུ་བཀྲ་ཡང་།རང་རྒྱལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ས་དང་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པས། དེ་ཉིད་བསྐྱུར་ནས་རྒྱུན་དུ་ནུབ་གླིང་གི་རྩོམ་རིག་བར་གཤིབ་སྡུར་བྱ་རྒྱུ་གོམས་པར་གྱུར་ན་ཅིས་ཀྱང་སྐྱོན་དུ་ངེས།དེ་ལས་ལྡོག་སྟེ་རྒྱལ་ཁོངས་བརྒལ་མི་དགོས་པ་ནི་ནང་ཁུལ་གྱི་རིག་གནས་སྣ་མང་གཤིབ་སྡུར་བྱ་ཐུབ་རུང་།འཛམ་གླིང་གི་གྲགས་རྩོམ་བར་གཤིབ་སྡུར་བྱ་མི་ཐུབ་པའང་སྐྱོན་དུ་ངེས་སོ།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།