《བཀའ་ཆེམས་ཀ་ཁོལ་མ》ལས་མངོན་པའི་ལྷ་སྒྲུང་དང་རྩོམ་རིག་གི་སྐོར་ལ་དཔྱད་པ།

བོད་ལྗོངས་སློབ་གྲྭ་ཆེན་མོ། གཡང་འཚོ་སྒྲོལ་མ། 

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་བཞིའི་ཡ་གྱལ་ཪྙིང་མའི་གྲུབ་མཐའ་ནི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་ནས་སྤེལ་བར་མཛད་པ་ཡིན་ལ།བོད་བརྒྱུད་ནང་པའི་ཆོས་ལུགས་ལས་ཆེས་སྔ་ཤོས་དང་།ལོ་རྒྱུས་རིང་ཤོས་ཀྱི་གྲུབ་མཐའ་ཞིག་ཡིན།དེ་ལས་འདིར་བརྗོད་པར་བྱ་བའི《བཀའ་ཆེམས་ཀ་ཁོལ་མ》ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དགུང་ལོ67བཞེས་པའི་བོད་རབ་བྱུང་དང་པོའི་བགྲང་བྱ་ཉེར་གཉིས་པ་ས་བྱི་སྟེ།སྤྱི་ལོ1048ལོར་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་བུམ་པ་ཅན་ལས་གཏེར་ནས་བཏོན་ཏེ་ཤོག་དྲིལ་ལ་བུ་ཡིག་བཅད་པ་ཡིན་ལ།གཏེར་ཆོས་འདི་ཀ་བ་བུམ་པ་ཅན་ལས་བཏོན་པས་མཚན་ལའང་ཀ་ཁོལ་མ་ཞེས་བཏགས་པར་བཤད།ད་དུང་བསྟན་བཅོས་ལ《རྣམ་ཐར་ཕྱི་མ་བཀའ་ཆེན་གསེར་གྱི་ཡང་ཞུན》སོགས་མཚན་བྱང་མི་འདྲ་བ་ལྔ་བྱུང་ཡོད།གཏེར་ཆོས《བཀའ་ཆེམས་ཀ་ཁོལ་མ》ཡི་གཞུང་དངོས་ལ་བསྡོམས་པས་ལེའུ་བཅུ་དྲུག་ཡོད་ལ།དེའི་སྟེང་དུ་མཇུག་གི་སྡོམ་བསྣན་པས་ཁྱོན་ལེའུ་བཅུ་བདུན་ཡོད།འདི་ནི་ཪྙིང་མ་པའི་ཆོས་གཞུང་གྲགས་ཆེན་ཞིག་ཡིན་པས།འདིར་གཏེར་ཆོས《བཀའ་ཆེམས་ཀ་ཁོལ་མ》ལས་བསྟན་པའི་བོད་ཀྱི་ལོ་རྒྱུས་དང་།ལྷ་སྒྲུང་།རྩོམ་རིག་གི་རིན་ཐང་བཅས་ལ་དཔྱད་པ་བཏང་ཡོད།

གཅིག གཏེར་ཆོས 《བཀའ་ཆེམས་ཀ་ཁོལ་མ》ལས་མངོན་པའི་ལྷ་སྒྲུང་གི་སྐོར།

ལྷ་སྒྲུང་ལ་འཇིག་རྟེན་ཆགས་ཚུལ་གྱི་ལྷ་སྒྲུང་དང་།རང་བྱུང་གི་ལྷ་སྒྲུང་།དཔའ་བོའི་ལྷ་སྒྲུང་བཅས་གསུམ་ཡོད།དེ་ནི་འཆར་ཡན་རིང་ལུགས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ།དང་པོ་འགྲོ་བ་མིའི་རིགས་ལ་སྟོབས་དང་ཐོན་སྐྱེད་ནུས་པ་ཞན་པ་དང་།ཁོ་ཚོས་རང་བྱུང་ཁམས་ལ་འཐབ་རྩོད་དང་བསྒྱུར་བཀོད་བྱེད་དུས།ཆར་ཆུའི་འཇིགས་པ་དང་ས་ཆུ་མི་རླུང་འབྱུང་བ་བཞི་འཁྲུགས་པའི་གནོད་སྐྱོན་སོགས་ལ་བརྟེན་ནས་ལྷ་སྒྲུང་བྱུང་བ་དང་།དེ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་འཆར་ཡན་རང་བཞིན་གྱི་ངག་ཐོག་གི་སྒྱུ་རྩལ་རྣམ་པ་སྟེ།མི་རྣམས་ཀྱིས་རང་གི་འཆར་སྒོ་དང་།སེམས་ཁམས།འདོད་བློ་བཅས་ལ་བརྟེན་ནས་རང་བྱུང་ཁམས་དང་སྤྱི་ཚོགས་ལྐོག་གྱུར་ནུས་པར་འགྲེལ་བ་དང་གསལ་བཤད་བྱས་པ་ཞིག་ལ་ཟེར།《བཀའ་ཆེམས་ཀ་ཁོལ་མ》ཡི་ནང་དུའང་མི་སྣ་རྟོག་སྣང་ཅན་དུ་བྱས་པའི་དཔའ་བོའི་ལྷ་སྒྲུང་ཡོད་དེ།གཞུང་གི་ལེའུ་བཅུ་བཞི་པའི་ནང་དུ།“བལ་རྗེའི་རྒྱལ་པོ་དང་ཆད་པ་བཙན་པའི་ཆེད་དུ་ལྷ་ཁང་གི་སྒོ་ནུབ་ལ་བསྟན།ཁང་མིག་ཆེ་བ་ཆེ་བར་མཉམ་པ།ཆུང་བ་ཆུང་བར་མཉམ་པ་བྱས་ནས།རྡོ་གསང་ཕུ་ནས་བླངས།རྡོ་ལེན་པ་བཞི་བརྒྱ་ཐམ་པ།……འདམ་པ་སྒོང་བ་བཞི་བརྒྱ་ཐམ་པ།འདམ་པ་སྦྲེང་བ་བཞི་བརྒྱ་བ་སྟེ།རྒྱལ་པོ་ཆེན་པོ་རང་གིས་བཟོ་དཔོན་མཛད་པའི་སྤྲུལ་བའི་སྐྱེ་བོ་བཞི་སྟོང་གིས་ལྷ་ཁང་གི་བཟོ་དང་ལས་མཛད་དེ།ཕྱེད་ས་དང་རྡོ་ལ་བརྩིགས།ཕྱེད་ཤིང་ལ་བརྩིགས་སོ།།ལྷ་སའི་ཡུལ་གྲོང་གི་མི་རྣམས་ཀྱིས་ཅ་ཅོ་པ་ཡ་དང་།ཀུ་དི་རི་ཅོ་དི་རི་ཟེར་བ་ཐོས་སོ།”ཞེས་བཀོད་པར་བལྟས་ན།ང་ཚོའི་སྣང་ངོར་བོད་རྒྱལ་སྲོང་བཙན་སྒམ་པོ་ནི་སྤྱིར་བཏང་གི་མི་ཕལ་བ་ཞིག་མ་ཡིན་པར་ལྷའམ་ལྷའི་འཕྲུལ་དང་ལྡན་པ་ཞིག་ཏུ་མངོན།ཡང་གཞུང་གི་ལེའུ་དྲུག་པར“ཡུལ་ཡར་ལུང་གི་ཕོ་བྲང་ཡུམ་བུ་བླ་སྒང་གི་ནང་ན་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་བ་ལྷ་ཐོ་ཐོ་རི་གཉན་བཙན་བཞུགས་ཏེ་ཡབ་ཡུམ་གཉིས་ལ་བཀུར་བསྟི་མཛད་ཀྱིན་ཡོད་པའི་དུས་ན།ནམ་མཁའ་ལ་རོལ་མོའི་སྒྲ་སྣ་ཚོགས་པ་སྒྲོག་པ་ཞིག་བྱུང་ཙ་ན།……ཤེལ་གྱི་མཆོད་རྟེན་བང་རིམ་བཞི་པ་ཞིག་དང་།གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་པས་གླེགས་བམ་ཞིག་བྱུང་བས།དེ་ཁ་ཕྱེས་ནས་གཟིགས་པས་ཆོས་དང་བོན་གང་ཡིན་ངོ་མ་ཤེས་པས།དེའི་མིང་ནི་གཉན་པོ་གསང་བ་བྱ་བར་བཏགས་ཤིང་།གཉན་པོ་གསང་བ་དེའི་ནང་ནས་མདོ་སྡེ་བཞིའི་གསུང་རབ་བཞུགས་ཡོད་པར་གདའ”ཞེས་ནང་པ་སངས་རྒྱས་པའི་ཆོས་བྱུང་ཚུལ་གྱི་རྣམ་པ་དེ་ལྷ་སྒྲུང་ལྟར་བྲིས་ཡོད་ལ།རྟོག་སྣང་གི་འཆར་སྒོ་ཕུན་སུམ་ཚོགས་པས་སྒྲོ་འདོགས་དང་རབ་བཏགས་བྱས་ནས་སྒྱུ་རྩལ་གྱི་ཉམས་ཐོན་པར་བྱས་ཤིང་།འདི་དག་གིས་སྐབས་དེའི་ལོ་རྒྱུས་དངོས་གཞིར་བཟུང་ཡོད་ན་ཡང་།སངས་རྒྱས་ཆོས་ལུགས་བརྒྱུད་སྒྲོག་གི་དགོས་མཁོ་ངེས་ཅན་ཞིག་ལ་དམིགས་ནས་ནང་པ་ཆོས་ཀྱི་ཆེ་བ་བརྗོད་ཅིང་།ཡོད་ཚད་ལྷའི་སྤྲུལ་བས་བཟོས་པ་ལྟར་བྱས་ཡོད།

གཉིས། གཏེར་ཆོས《བཀའ་ཆེམས་ཀ་ཁོལ་མ》ལས་མངོན་པའི་རྩོམ་རིག་གི་སྐོར།

གཏེར་ཆོས་འདིའི་ཁྲོད་རྒྱ་བཟའ་དང་བལ་བཟའ་མ་འཆམ་པར་ཁ་འཛིང་ཤོར་བའི་སྐབས་ཀྱི་གཏམ་སྤྱོད་ཞིབ་འབྲི་དང་།གཞན་ལྷ་སའི་སྨྱོན་མ་ཞེས་ལྷ་ཁང་བཞེངས་པའི་ལོ་རྒྱུས་དག་ཀ་བ་བུམ་པ་ཅན་གྱི་ནང་དུ་སྦས་ཡོད་པར་སྟོན་མཁན་གྱི་བུད་མིད་སྨྱོན་མ་དེའི་སྣང་བཪྙན་ཞིབ་འབྲི་བྱས་པ་སོགས་ཧ་ཅང་གསོན་ཉམས་ལྡན་པ་དང་།གཞན་ཡང་རང་བྱུང་ཁོར་ཡུག་ཞིབ་འབྲི།རྒྱ་བཟའ་དང་བལ་བཟའ་བསུས་ཚུལ་གྱི་གཏམ་རྒྱུད་ཀྱི་བྱུང་རིམ་སོགས་ངོ་མཚར་ལྡན་ནའང་།ལོ་རྒྱུས་དང་མི་སྣའི་གཏམ་སྤྱོད་སོགས་ཚིགས་བཅད་ཀྱི་ལམ་ནས་བྲིས་པས་འདི་ནི་དུས་རབས་བཅུ་གཅིག་དང་བཅུ་གཉིས་པར་གཏེར་ནས་བཏོན་པའི་གཏེར་ཆོས《བཀའ་ཆེམས་ཀ་ཁོལ་མ》སོགས་ཀྱི་ཁྱད་ཆོས་ཤིག་ཏུ་མངོན་ལ།དུས་ཕྱིའི་རྩོམ་རིག་བརྩམས་ཆོས་གང་མང་ཞིག་གིས་ཀྱང་དེ་ལ་ལད་མོ་བྱས་པ་ཧ་ཅང་མང་བར་མ་ཟད།རྒྱལ་དབང་ལྔ་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལྟ་བུ་ལ་མཚོན་ན་ལོ་རྒྱུས་འབྲི་བར་ཚིག་རྒྱན་གྱིས་བཅིངས་པས་ཚིག་ཧ་ཅང་སྙན་ལ།བཅད་ལྷུག་སྤེལ་མའི་རྩོམ་རྣམ་འདི་འཕེལ་རྒྱས་སུ་སོང་བའི་ཆེས་མཐོ་རླབས་ཀྱི་མཚོན་བྱེད་ལྟ་བུར་གྱུར་ཡོད་པས།འདིར་ཚིགས་བཅད་ཀྱི་སྐོར་ཅུང་ཟད་བཀོད་ན།

སྙན་ངག་མི་ལོང་མར།“ལུས་ནི་བརྗོད་པར་འདོད་པ་ཡི།།དོན་གྱིས་རྣམ་བཅད་ཚིག་གི་ཕྲེང་།།དེ་ཡང་ཚིགས་བཅད་ལྷུག་པ་དང་།།སྤེལ་མ་རྣམ་གསུམ་ཉིད་དུ་གནས།།”ཞེས་གསུངས་པ་ལྟར།བསྟན་བཅོས་གང་ཞིག་ཡིན་ཡང་དེ་ལ་གཏན་ཆགས་ཀྱི་རྩོམ་ལུས་ཤིག་ཡོད་ལ།དེ་ཡང་བཅད་པ་དང་ལྷུག་པ།སྤེལ་མ་གསུམ་དུ་མ་འདུས་པ་མིད།གཏེར་ཆོས《བཀའ་ཆེམས་ཀ་ཁོལ་མ》ལ་མཚོན་ན།དེའི་རྩོམ་ལུས་ནི་བཅད་ལྷུག་སྤེལ་མར་གཏོགས་ལ།བཅད་པ་ལྷུག་པ་ལས་མང་བ་དང་།བཅད་པ་ལ་ཡང་ཚེག་བར་བདུན་མ་དང་དགུ་མ།བཅུ་གཅིག་སོགས་ཅི་རིགས་སྣང་།དེ་ལས་ལྷུག་པས་ལོ་རྒྱུས་དང་སྒྲུང་གི་སྐོར་ཞིབ་འབྲི་བྱས་པ་མང་ལ།བཅད་པས་མི་སྣའི་གཏམ་སྤྱོད་ཞིབ་འབྲི་བྱས་ཡོད་དེ།དཔེར་ན།“ཁ་བ་ཅན་གྱི་མི་རྣམས་བསྡུ་བའི་ཕྱིར།།ཁྱོད་ཀྱི་སེམས་དང་སྤྱོད་ཚུལ་འདི་ལྟར་མཛོད།།ལྟ་བ་མཐོ་ཞིང་སྤྱོད་པ་ཞིབ་པར་མཛོད།།ཐེག་སྟོབས་ཆེ་ཞིང་ཁོག་ཡངས་ཆེ་བར་མཛོད།།ནངས་པར་སྔ་ལངས་ནུབ་མོ་ཉལ་འཕྱི་མཛོད།།བཀའ་བློན་བདེ་ཞིང་མཛེས་ལེགས་འཇམ་པར་མཛོད།།ལུས་ཚགས་དམ་ཞིང་ལུས་སྒོ་བསྲུང་བར་མཛོད།།ལག་གོར་འཁྱུག་ཅིང་ལག་བྱད་གཙང་བར་མཛོད།།བསོག་བུན་མཁས་ཤིང་ཚགས་ནི་དམ་པར་མཛོད།།”ཅེས་རྒྱ་ནག་རྒྱལ་པོས་ལྷ་ཅིག་ཨོང་ཅོང་ལ་སྨྲས་པའི་གཏམ་སྟེ་མི་ཆོས་བསླབ་བྱ་ལྟ་བུ་ཞིག་ཡིན་ལ།དེ་ནི་ཚེག་བར་དགུ་མའི་སྒྲ་རྒྱན་གྱི་ནང་གསེས་ཟུང་ལྡན་གྱི་རྒྱན་ཡིན་ཏེ།རྣམ་པ་ནི་ཆ་བཞི་དང་ཡ་གཅིག་ཅན་གྱི་ཚིག་རྐང་རེ་རེའི་མཇུག་ཏུ།མཛོད་ཅེས་མཐའ་ན་ཡོད་པའི་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གྱི་རྒྱན་ཡིན་ལ།

ཚིག་སྦྱོར་མཛེས་ཤིང་འབྲེལ་ཆགས་པས་རྣ་བར་སྙན།གཞན་ཡང་གཞུང་དུ།ཡབ་རྒྱལ་པོས་ལྷ་ཅིག་ལ་བསྟོད་པ་ནི།“ཨོང་ཅོང་ཞེས་བྱའི་བུད་མིད་དམ་པ་འདི།།ལུས་ནི་ཧ་ཅང་མི་རིང་མི་ཐུང་སྟེ།།ཧ་ཅང་མི་སྦོམ་ཧ་ཅང་མི་ཕྲ་ཞིང་།།རྐེད་པ་གཞུ་འདྲ་བལྟ་བས་ཆོག་མི་ཤེས།།འཇིག་རྟེན་ཀུན་གྱི་བཟོ་རྣམས་ཇི་སྙེད་པ།།མ་ལུས་ཀུན་ལ་འདི་ནི་ཕ་རོལ་ཕྱིན།།འཇིག་རྟེན་ཁམས་ཀྱི་གླུ་གར་ཇི་སྙེད་པ།།མ་ལུས་དེ་དག་ཀུན་གྱི་ཚུལ་ལ་མཁས།།རྒྱབ་མདུན་གང་ནས་བལྟས་ཀྱང་ཀུན་མཛེས་པ།།འདོད་ཆགས་ཞེ་སྡང་གཏི་མུག་མ་མཆིས་ཏེ།།སྨྲའམ་མི་སྨྲ་འཛུམ་ཞིང་དགོད་ཀྱང་རུང་།།རྟག་ཏུ་བག་ཡོད་དྲན་པ་ཤེས་བཞིན་ལྡན།།”ཞེས་པ་འདི་ཡང་ཚེག་བར་དགུ་མ་ཡིན་ལ།དེ་ལས་ཚིགས་བཅད་དང་པོས་ཨོང་ཅོང་གི་གཟུགས་ཀྱི་རྣམ་པ་དྲང་པོར་བརྗོད་ཡོད་པ་དང་།དེ་ཡང་ཆ་བཞི་དང་ཡ་གཅིག་ཅན་ནོ།།དེ་ནི་བོད་དུ་སྙན་ངག་མི་ལོང་མ་དར་གོང་གི་བོད་རང་གི་སྙན་ངག་འབྲི་ཚུལ་གྱི་རྣམ་པ་ཞིག་ཡིན་པ་ཤིན་ཏུ་གསལ་ལ།སྙན་ངག་མི་ལོང་གི་ལུགས་ལྟར་ན་དེ་ནི་རང་བཞིན་བརྗོད་པའི་རྒྱན་དུ་འགྲོ།གཞུང་རང་དུ་ད་དུང་འདི་ལྟ་བུའི་སྙན་ངག་ཤིན་ཏུ་མང་མོད་དེ་ཙམ་གྱིས་འཐུས་པར་བྱས་སོ།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།