བོད་རྒྱའི་ཁ་དོག་རིག་གནས་ཀྱི་མཚོན་དོན་སྐོར་རགས་ཙམ་གླེང་བ།​ (1)

ལྷ་ས། གཡུང་དྲུང་འཚོ★

རིག་གནས་ནི་མི་རིགས་གང་ཞིག་གི་གཞི་རྩའི་ཁྱད་ཆོས་ཡིན་པ་དང་ཁ་དོག་གིས་མི་རིགས་སོ་སོའི་རིག་གནས་ཁྲོད་གོ་གནས་དང་མཚོན་དོན་ངེས་ཅན་རེ་བཟུང་ཡོད་པ་ལ།རྩ་བའི་ཁ་དོག་གཙོ་བྱས་པའི་ཁ་དོག་ཐ་སྙད་སྣ་གཅིག་གིས་ཀྱང་མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ནང་འདུ་ཤེས་དང་སྲོལ་ལུགས་ཐུན་མོང་མ་ཡིན་པ་རེ་མཚོན་ཡོད་པས།འདིར་བོད་རྒྱ་མི་རིགས་གཉིས་ཀྱི་སྲོལ་རྒྱུན་རིག་གནས་ལས་ཁ་དོག་གི་བྱུང་བ་མདོ་ཙམ་བསྟན་པ་བརྒྱུད་དེ་ལྟ་བ་དང་མཚོན་དོན་སྐོར་དཔྱད་བསྡུར་ཙམ་བྱེད་པ་ལ།

དང་པོ།བོད་ཀྱི་ཁ་དོག་རིག་གནས་ཀྱི་བྱུང་བ་མདོར་བསྟན།

ཁ་དོག་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་ཁོར་ཡུག་ཀུན་ཏུ་སིམ་ཡོད་པ་ལ།མིའི་སྤྱི་ཚོགས་འཕེལ་རྒྱས་དང་བསམ་བློའི་འཕེལ་རིམ་ལས་ཁ་དོག་དེའང་མཚོན་རྟགས་གལ་ཆེན་ཞིག་ཏུ་གྲུབ་ནས་མི་རིགས་ཤིག་གི་རིག་གནས་ཁྱད་ཆོས་སུ་གྱུར་ཡོད།བོད་ལ་ཁ་དོག་རིག་གནས་འདི་བསྐལ་པ་ཡ་ཐོག་གདོད་མའི་དུས་ནས་ཡོད་དེ།གནའ་བོའི་དུས་སུ་བོད་མི་ཚོས་ལུས་ལ་ས་དཀར་གྱི་རི་མོ་འབྲི་བ་དང་སྔོ་ལྗང་གི་ལོ་མ་གྱོན་པ།རྒྱན་དུ་མི་ཏོག་དང་རུས་པ།རྡོ་དཀར།འགྲོན་བུ་སོགས་ལ་བུ་ག་བཏོད་དེ་འདོགས་པ་སོགས་མཛེས་བཟོ་རྫིག་སྣང་སྟོན་རྒྱུ་གནའ་ནས་རྟོགས་ཤིང་།རི་དྭགས་དང་གཅན་གཟན་སོགས་བརྔོན་ནས་ཚོན་ཁྲ་ཅན་དང་ཁ་དོག་མཛེས་ཤིང་བཀྲ་བའི་བྱ་སྒྲོ་དང་པགས་པས་གྱོན་ཆས་དང་རྒྱན་ཆ་བཟོས་ཏེ་གོན་པ་སོགས་རང་བྱུང་གི་རི་མོ་དང་མདོག་ཅན་གྱི་རིགས་ལ་དགའ་བོ་དང་རྩ་ཆེན་བྱེད་པ་ཡིན།ལྷག་པར་བོད་གདོད་མའི་ཆོས་ལུགས་བོན་ཆོས་དར་བ་ནས་བཟུང་ས་དང་རྡོ་ལས་ཚོན་བླངས་ཏེ་མི་དང་རི་སྐྱེས་སྲོག་ཆགས་སོགས་བྱ་དངོས་ཀྱི་གཟུགས་རིས་འབྲི་བའི་སྲོལ་ལུགས་བྱུང་ཞིང་ཁ་དོག་ལས་བོད་མི་རིགས་ལ་ཐུན་མིན་གྱི་འདུ་ཤེས་ཤིག་ཆགས་ཡོད་པས་ང་ཚོས་ཁ་དོག་ལ་མཚོན་དོན་མི་འདྲ་བ་རེ་བསྩལ་ཅིང་།གཙོ་ཕལ་དང་མཆོག་དམན་གྱི་དབྱེ་བ་བཀར་ཡོད་པར་མ་ཟད། དུས་རྒྱུན་གྱི་འཚོ་བའི་ཁྲོད་དད་མོས་ཡོད་པའི་ཁ་དོག་སྤྱིའི་ཆ་ནས་མདོག་དཀར་པོ་དང་།སྔོན་པོ།དམར་པོ།སེར་པོ།ལྗང་ཁུ་སོགས་ཡིན།འདི་ལྔ་བོ་ཁ་དོག་ཁྲོད་ཀྱི་གཙོ་ཤས་སུ་གྲུབ་པ་དང་བོད་གདོད་མའི་ཆོས་ལུགས་ཏེ།བོན་ཆོས་ནང་འབྱུང་བ་ལྔའི་མཚོན་དོན་དུ་རེ་རེ་བཞིན་གྲུབ་ཡོད་ལ།རྗེས་སུ་སངས་རྒྱས་བསྟན་པས་དེའི་མུ་བསྐྱངས་ནས་མདོག་སྔོན་པོས་ནམ་མཁའ་དང་།

དཀར་པོས་སྤྲིན།དམར་པོས་མི།སེར་པོས་ས།ལྗང་གུས་ཆུ་བཅས་མཚོན་པ་རེད།འདི་ལྟར་བོད་མིས་ཁ་དོག་འདི་དག་ལ་ནང་དོན་དང་བརྩེ་བ་ཐུན་མོང་མ་ཡིན་པ་རེ་སྤྲད་པ་དང་།

བོད་བརྒྱུད་ནང་བསྟན་གྱི་བཟོ་བཀོད་སྒྱུ་རྩལ་དང་ཟློས་གར་འཁྲབ་ཆས་སོགས་ཚང་མར་མཚོན་དོན་དང་ཐོབ་ཐང་ངེས་ཅན་རེ་བསྩལ་ཡོད་པ་རེད།དེར་མ་ཟད་རང་རེའི་རྗེ་བོ་ཐོག་མ་གཉའ་ཁྲི་བཙན་པོ་གནམ་ནས་བབས་པའི་བཤད་རྒྱུན་ལས་གནམ་སྔོན་པོར་ཤིན་ཏུ་བཀུར་ཞིང་མཆོག་ཏུ་བརྩི་ལ། འདི་ལྟར་དུས་རབས་བདུན་པར་ནང་པའི་བསྟན་པ་ཚུར་བསུས་པ་དང་བསྟུན་གོང་གི་ཁ་དོག་མཆོག་འཛིན་གྱི་ལྟ་བ་རྨང་བྱས་ནས་རང་རེའི་ཁ་དོག་རིག་གནས་འདི་རྒྱ་ཇེ་ཆེ་དང་ཕུན་སུམ་ཚོགས་པར་གྱུར་ཏོ།།

གཉིས་པ།རྒྱའི་ཁ་དོག་རིག་གནས་སྐོར་རགས་བཤད།

རྒྱའི་གནའ་ནས་དར་བའི་ཁ་དོག་དད་མོས་ཀྱི་རིག་གནས་འདི་ལོ་རྒྱུས་ལྟར་ན།ཕོ་མོ་འབྱུང་བ་ལྔའི་རྣམ་བཤད(阴阳五行学说)ཅེས་པར་གནའ་མིས་གནམ་སར་དད་མོས་དང་གོང་བཀུར་བྱེད་པའི་འདུ་ཤེས་ལས་བྱུང་ཞིང་རུས་བརྐོས་ཡི་གེའི་སྟེང་རྒྱའི་ཧྲང་རྒྱལ་རབས་ཀྱི་སྐབས་ཕྱོགས་བཞིའི་དགྲ་ལྷར་མཆོད་འབུལ་བྱེད་པའི་སྲོལ་ཡོད་པ་དང་ཀྲོའུ་རྒྱལ་རབས་ཀྱི་དུས་སུ་ཕྱོགས་བཞིའི་དགྲ་ལྷ་རེ་རེ་བཞིན་དུས་ཚིགས་བཞི་བོར་སྦྱོར་སྲོལ་བྱུང་ལ།རྒྱའི་གནའ་མིས་ཤར་ཕྱོགས་ཀྱིས་དཔྱིད་མཚོན་ཞིང་དཔྱིད་མདོག་སྔོན་པོས་སྐྱེ་དངོས་ཐམས་ཅད་མཚོན་པ་དང་ལྷོ་ཕྱོགས་ཀྱི་དབྱར་མདོག་དམར་པོས་དེ་དག་གི་སྐྱེས་སྟོབས་མཚོན་པར་བཤད།དེ་བས་རྒྱ་མིས་ཤར་ལྷོ་གཙོ་བོར་འཛིན་པ་དང་དམར་སྔོན་གཉིས་མཆོག་ཏུ་ལྟ།དཀར་པོས་ནུབ་ཕྱོགས་དང་དུས་བཞི་ལས་སྟོན་ཁ་མཚོན་ཞིང་།ནག་པོས་བྱང་ཕྱོགས་དང་དུས་བཞིའི་དགུན་ཁ་མཚོན།གནའ་མིས་སྟོན་སྡུད་དགུན་ཉལ་དང་སྐྱེ་དངོས་བྲུལ་བ།བསྐལ་པ་མཐར་སླེབས་ཤིང་འཇིག་པ།འགྲོ་བ་མིའི་རིགས་ལ་སྐྱོ་སྡུག་ཁྱེར་ཡོང་བས་ཁ་དོག་དང་འབྲེལ་བའི་རྒྱའི་མིང་བརྡ(白藏)དང་སྟོན་ཀར(素秋)རླུང་ལ(素风、凄风、悲风)འདི་དག་བྱུང་བ་དང་།ཕོ་མོ་འབྱུང་བ་ལྔའི་རྣམ་བཤད་ལྟར་ན།ཁ་དོག་ནག་པོ་བཀྲ་མི་ཤིས་པ་དང་སྡིག་གསོད་ཀྱི་མཚོན་དོན་དུ་འགྲོ་བས་གནའ་བོའི་དུས་སུ་གཤིན་པོའི་བླ་འགུག་སྐབས་བྱང་ནག་པོའི་ཕྱོགས་དམྱལ་ཁམས་ལ་ཁ་གཏོད་པ་དང་ཕྱོགས་བཞིའི་བྱང་ཕྱོགས་དམན་པར་ལྟ་བ་ཡིན།འདི་ལྟར་རྒྱ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁ་དོག་དགར་སྟངས་དང་མཆོག་དམན་གྱི་ལྟ་བ་ཆགས་ཤིང་སེར་དམར་སྔོ་ནག་དཀར་པོ་བཅས་རིམ་བཞིན་རྒྱའི་གནའ་བོའི་རྒྱན་ཆའི་ཁ་དོག་གི་སྡེབ་སྟངས་དང(དམར་པོ་དང་སྨུག་པོ‘紫’སྡེབ་པ་ལས་དམར་སྨུག་དང་།ནག་པོ་དང་ལྗང་གུ‘绿’སྡེབ་པ་ལས་ལྗང་ནག་བྱུང་བ་མ་གཏོགས)ཧ་ལམ་མཐུན་པ་ཡིན།རྒྱའི་རིག་གནས་ཁྲོད་དུ་ཁ་དོག་སེར་པོ་མཆོག་ཏུ་ལྟ་བའི་སྲོལ་ཡོད་པ་དང་།དེ་ནི་གནའ་ནས་ཡོད་པ་དང་ས་བདག་དད་མོས་ལས་བྱུང་བ་ཞིག་ཡིན།བཀས་བཀོད་རྒྱུད་འཛིན་གྱི་སྐབས་སུ་སེར་པོ་གསེར་མདོག་ནི་དབང་བསྒྱུར་པའི་དགོས་མཁོ་དང་ལྷག་ཏུ་འཚམ་པ་དང་དེ་ལས་ཁ་དོག་སེར་པོ་ཅན་གྱི་བྱ་དངོས་མཐའ་དག་དབང་བསྒྱུར་པས་སྒེར་སྡོམ་བྱས་ནས་མཆོག་ཏུ་གྱུར་པ་དང་བླ་ན་མིད་པ་མཚོན། དེ་ཡང་རྒྱའི་བསྟོད་ཚིག(黄袍加身、黄道吉日、黄榜、黄花晚节)འདི་དག་ལས་མངོན་པ་དང་།དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ནུབ་ཕྱོགས་རྒྱལ་ཁབ་དག་གི་རིག་གནས་ནང་འདྲེན་དང་ཚོང་ཟོང་བརྗེ་རེས་སོགས་ཕན་ཚུན་གྱི་འབྲེལ་བ་ཇེ་མང་དང་ཇེ་ཟབ་ཏུ་གྱུར་པ་ལས་རྒྱའི་ཁ་དོག་རིག་གནས་ཀྱི་དོན་སྙིང་དང་མཚོན་དོན་ཡང་སྣ་མང་ཕུན་སུམ་ཚོགས་པར་འགྱུར་བཞིན་ཡོད།

གསུམ་པ།བོད་རྒྱའི་ཁ་དོག་རིག་གནས་ཀྱི་གཤིབ་བསྡུར་ལས་འཕྲོས་ཏེ་རྩ་བའི་ཁ་དོག་གི་མཚོན་དོན་བཤད་པ།

ཁ་དོག་འདི་རིག་གནས་ཤིག་ཡིན་པའི་ཆ་ནས་ཁྱད་ཆོས་དུ་མ་ལྡན་ཏེ།མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས།དུས་རབས་ཀྱི་ཁྱད་ཆོས་བཅས་གསུམ་ཡོད་ལ།ཁྱད་ཆོས་འདི་དག་ཁ་དོག་གི་མིང་འདོགས་སྟངས་དང་ཁྱབ་ཚད།མཚོན་དོན།ཚོར་ཤེས།ནུས་པ།ཚོས་གཞི་བཀོལ་སྟངས།ཚོན་སྡེབ་སྟངས་སོགས་ཕྱོགས་མང་པོར་ལྡན་པ་ཞིག་ཡིན།དེར་མ་ཟད་ཁ་དོག་མི་འདྲ་བ་ལས་རྟགས་མཚན་ཐ་དད་པ་རེ་མངོན་བཞིན་ཡོད་པ་དང་།འདི་ནི་ཁ་དོག་གི་ཆེས་མངོན་གསལ་དོད་པོའི་རང་བཞིན་ནམ་ཁྱད་ཆོས་ཤིག་ཏུ་བརྩིས་པ་རེད།ཁ་དོག་དེ་གཟུགས་ལྡན་དང་མངོན་མིད་རིག་གནས་གང་ཡིན་གྱི་ཁྲོད་ཁྱབ་ཡོད་པར་མ་ཟད།མངོན་ལྐོག་གང་རུང་གིས་བརྩེ་བ་ཞིག་དང་དོན་སྙིང་ཞིག མདོར་ན་མིའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་མཚོན་བྱེད་དུ་གྱུར་ཡོད་པས་དེ་ལ་དཔོག་དཀའ་ཞིང་བརྟན་ལྗིད་ཀྱི་ཁྱད་ཆོས་ལྷག་ཏུ་མངའ་བ་འདི་ནི་བོད་རྒྱ་མ་ཟད་པའི་རིག་གནས་ཐམས་ཅད་ལ་མཆིས་པ་ཞིག་ཡིན།

དེའང་བོད་རྒྱ་མི་རིགས་གཉིས་ཀྱི་ཁ་དོག་གི་ངོས་འཛིན་སྟངས་ཧ་ལམ་འདྲ་མཚུངས་ཡིན་པ་ཐུན་མོང་གི་ཁྱད་ཆོས་ཡིན་ཏེ།དཀར(白)དམར(红)སེར(黄)ནག(黑)སྔོ(蓝)སོགས་ལྟར་ཡིན་པ་འདིར་གཞི་རྩའི་ཁ་དོག་རྣམས་ལས་མི་འདྲེན་པར་ཞུ།འོན་ཀྱང་མཚོན་དོན་དང་ནུས་པའི་ཐད་ནས་ཐུན་མིན་གྱི་བར་ཁྱད་ཡོད་པར་མ་ཟད།གཞི་ནས་མགོ་མཇུག་གོ་ལྡོག་ལྟ་བུའི་ཁྱད་པར་ཆེན་པོའང་ཡོད།དཔེར་ན།བོད་མིས་གནའ་ནས་ཁ་དོག་དཀར་པོ་མཆོག་ཏུ་ལྟ་ལ་ད་ལྟའང་མཚོན་དོན་ནུས་པ་གང་ཐད་ནས་སྔོན་ཇི་བཞིན་ལྷད་མིད་རྣམ་དག་གི་མཚོན་རྟགས་སུ་གྲུབ་ཡོད།རྒྱའི་མི་རིགས་ཀྱི་སྲོལ་རྒྱུན་ཁྲོད་དཀར་པོ་ནི་དམན་པ་མི་ལེགས་པའི་ཆར་བརྩི་ཞིང་གཤིན་པོར་འདས་མཆོད་སྒྲུབ་སྐབས་མགོ་ལ་རས་དཀར་པོ་དང་ལྭ་བ་དཀར་པོ་གྱོན་པའི་སྲོལ་ཡོད་པ་རྒྱའི་ཐ་སྙད“办白事”ཞེས་པ་ལས་ཤེས་ཐུབ།འོན་ཀྱང་དེང་རབས་རིག་གནས་ཀྱི་ཤུགས་རྐྱེན་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གི་འབྲེལ་འདྲིས་ལས་ད་སྐབས་གཉེན་སྟོན་བག་བསྐྱལ་གྱི་དུས་སུ་ལྭ་བ་དང་མགོའི་འདོགས་ཆ།ལག་གི་མི་ཏོག་སོགས་ཡོད་ཚད་དཀར་པོ་རྐྱང་རྐྱང་བྱེད་པ་ཞིག་ཡིན་པ་འདིའང་མི་རིགས་ཤིག་གི་བསམ་བློ་དང་འདུ་ཤེས་འཛིན་སྟངས་ལ་དུས་ཀྱི་འཕེལ་འགྲོས་ལས་འགྱུར་ལྡོག་བྱུང་བ་ཞིག་ཡིན།ཁ་དོག་དམར་པོ་ནི་བོད་གདོད་མའི་དུས་དང་བཙན་པོའི་སྐབས་སུ་མཛེས་ཆོས་ཤིག་དང་བརྗིད་རྔམ་ཞིག་ཏུ་བརྩིས་པ“བོད་མི་རྣམས་ཀྱིས་པགས་པའི་གོས་གྱོན་ཞིང་།བུད་མིད་རྣམས་ཀྱིས་གདོང་ལ་ཚོས་དམར་པོ་བྱུགས”ཞེས་པ་ལས་རྟོགས་ནུས་པ་དང་ད་སྐབས་བོད་རིགས་བུ་མོ་དག་གི་མཁུར་ཚོས་དམར་མདངས་ལྡན་པ་དེ་སྔའི་མཛེས་ཆོས་སུ་བལྟས་ནས་དམར་ཚོན་བསྐུས་པ་ཡུན་རིང་པོར་རྒྱུན་བསྲིངས་པ་ལས་ད་ལྟ་མ་བསྐུས་མ་བཅོས་ཀྱང་རང་བྱུང་གིས་གནས་པ་གོང་གི་ལུང་ལ་གཏུགས་པའི་བཤད་སྲོལ་ཡང་ཡོད།།

(མུ་འགོད།)

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།