ལ་དོན་དང་བྱེད་འབྲེལ་སོགས་ལ་རགས་ཙམ་དཔྱད་པ།

སྟོབས་ཚངས་རིན་ཆེན་མཚོ།   

གཅིག ལ་དོན་གྱི་འཇུག་ཚུལ་བཤད་པ།

ལ་དོན་ནི་ལའི་དོན་ཅན་གྱི་སྒྲ་སྟེ་རྣམ་དབྱེར་འཇུག་པ་ན། རང་དབང་ཅན་ན་དང་གཞན་དབང་ཅན་སུ་རུ་ར་ཏུ་དུ་བཅས་ལས་སུ་བྱ་བ་དང་། དགོས་ཆེད་དང་། རྟེན་གནས་དང་། ཚེ་སྐབས་དང་། དེ་ཉིད་རྣམས་སྟོན་བྱེད་དུ་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པས་ལ་དོན་ཞེས་བཏགས་པ། ལ་དོན་གྱི་ཡི་གེ་རྣམས་ཚིག་སྒྲུབ་ཀྱི་རྐྱེན་དུ་སྦྱོར་བའི་ཚེ། སྦྱར་བྱའི་མིང་མཐའི་ཡི་གེའི་སྡེབ་སྦྱོར་དང་མཐུན་སྡེབ་བྱེད་པའི་སྡེབ་སྦྱོར་གྱི་རྣམ་གཞག་དང་དོན་སྟོན་པའི་བྱེད་ལས་ཀྱི་ཆ་ནས་ཕྱེ་བའི་བརྡ་སྤྲོད་པའི་རྣམ་གཞག་གཉིས་ཡོད་དོ།།

དང་པོ་ལ་ཡི་གེ་ཐོབ་ཐང་ཟེར་ཞིང་འབྲེལ་སྒྲ་སོགས་ཕྲད་གཞན་དབང་ཅན་གྱི་རིགས་ཀུན་ལ་ཐོབ་ཐང་ཡོད་ཅིང་། ཐོབ་ཐང་དེ་ཡང་བོད་སྐད་ཀྱི་སྒྲ་གདངས་ལ་རང་ཆས་སུ་ཡོད་པའི་དངོས་པོའི་ཆོས་ཉིད་ལས་བྱུང་བ་ཞིག་ཡིན་པས། ཡུལ་སྐད་ཇི་ལྟར་འགྱུར་ཡང་ཡིག་ངོར་ཐོབ་ཐང་ལྟར་འབྲི་བ་ནི་འཇིག་རྟེན་གྱི་སྦྱོར་ཀློག་ཡི་གེའི་སྤྱི་སྲོལ་ཞིག་ཡིན་པ་དེ་ཡང་ཤེས་དགོས་ཏེ། དེའི་ཐོབ་ཐང་ནི་ས་སུ་ག་བ་ད་དྲག་ཏུ། ། ང་ད་ན་མ་ར་ལ་དུ།། འ་དང་མཐའ་མེད་ར་དང་རུ།། ན་ལ་བརྗོད་བདེར་བསྟུན་ནས་སྦྱོར།།ཞེས་པའོ།།

གཉིས་པ་ལ་དོན་གྱི་ཡི་གེ་རྣམས་ཚིག་ཏུ་འཇུག་པའི་བྱེད་ལས་ཀྱི་དབྱེ་བ་ལ་ཡང་ནང་གསེས་འགའ་ཡོད་པ་གཤམ་གསལ། བྱ་བའི་ཡུལ་ལ་འཇུག་པ་དང་། བྱ་བའི་རང་བཞིན་དང་ཁྱད་པར་སོགས་སྟོན་པའི་ཕྱིར་དུ་འཇུག་པ། བྱ་བའི་དམིགས་ཡུལ་ལ་འཇུག་པ། དངོས་པོའི་རྟེན་གནས་ལ་འཇུག་པ།

གཉིས། འབྲེལ་སྒྲའི་འཇུག་ཚུལ་བཤད་པ།

འབྲེལ་སྒྲ་ནི་འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་གསལ་བར་བྱེད་པའི་སྒྲ་དང་། ཡང་ན། ཆོས་གཉིས་རྣམ་པར་ཕྱེ་ཞིང་གཙོ་ཆེར་འབྲེལ་ཆོས་གང་འབྲེལ་གཞི་གང་དང་འབྲེལ་བའི་དོན་སྟོན་བྱེད་ཀྱི་སྒྲའོ། །དེ་བས་འབྲེལ་བའི་རྣམ་དབྱེ་ལ་འབྲེལ་སྒྲ་སྦྱོར་ལུགས་དང་འབྲེལ་སྒྲས་དོན་སྟོན་པའི་བྱེད་ལས་ཀྱི་དབྱེ་བ་གཉིས་ཡོད་དེ། དེ་ཡང་དང་པོ་འབྲེལ་སྒྲ་སྦྱོར་ལུགས་བཤད་པ་སྟེ། ཐོབ་ཐང་ལ་ད་བ་ས་ཀྱི་ག་ང་གི། ན་མ་ར་ལའི་རྗེས་སུ་གྱི། འ་དང་མཐའ་རྟེན་མེད་མཐར་འི། རྐང་བ་སྐོང་ཚེ་ཡི་འཐོབ་བོ།ཞེས་པ་དེ་ནི་བོད་སྐད་ཀྱི་སྒྲ་གདངས་ལ་རང་ཆས་སུ་ཡོད་པའི་དངོས་པོའི་ཆོས་ཉིད་ཀྱི་རྣམ་གཞག་ཅིག་རེད།

དེ་ཡང་འབྲེལ་སྒྲ་ཚིག་སྦྱོར་དུ་འཇུག་པའི་བྱེད་ལས་སོགས་ལ་བལྟས་ན། དེ་ནི་མིང་སྔ་ཕྱིའི་བར་ས་ཕྱིའི་འབྲེལ་བ་ཅི་རིགས་སྟོན་པར་བྱེད་ཅིང་། སྦྲེལ་བྱའི་དངོས་པོ་ལྡོག་པ་ཐ་དད་པ་མཚོན་པའི་ཐ་སྙད་སོ་སོའི་བར་འབྲེལ་སྒྲས་མཚམས་སྦྱར་བར་བརྟེན་དངོས་པོ་གཅིག་གི་ངོ་བོ་དང་རང་བཞིན་ཁྱད་ཆོས་སོགས་སྟོན་པའི་མིང་གི་ཚོགས་པ་ཞིག་ཏུ་གྲུབ་པ་རེད། བོད་སྐད་ཀྱི་དབང་དུ་བཏང་ན། དངོས་པོ་རྣམས་ཀྱི་རིགས་དང་རང་བཞིན། སྤྱི་དང་བྱེ་བྲག་གི་ཁྱད་པར་སྟོན་པ་ལ་འབྲེལ་སྒྲ་དངོས་ཤུགས་ཅི་རིགས་ལས་ཐོན་པའི་ཚིག་སྦྱོར་ཤིན་ཏུ་ཁྱབ་ཆེ་བ་ཞིག་རེད། ཡང་འབྲེལ་སྒྲའི་སྔོན་རྗེས་གང་རུང་ཞིག་ཏུ་བྱ་བའི་ཐ་སྙད་སྦྱར་ཚེ། བྱ་བའི་ཐ་སྙད་དེ་དག་དངོས་པོའི་རང་བཞིན་དང་བྱེད་ལས་སོགས་སྟོན་པའི་དོན་དུ་འགྱུར་ཞིང་བྱ་བ་དངོས་མི་སྟོན་པ། འབྲེལ་སྒྲའི་ཁྱད་ཆོས་ཤིག་ཏུ་ངེས་དགོས། དཔེར་ན། གཟུགས་ལ་ལྟ་ཞེས་པའི་ལྟ་དེ་མིག་གིས་ལྟ་བའི་བྱ་བ་དངོས་སྟོན་ཅིང་། གཟུགས་ལ་ལྟ་བའི་མིག་ཅེས་པའི་ལྟ་དེ་མིག་གི་བྱེད་ལས་ཀྱི་ཁྱད་ཆོས་སྟོན་པ་ཡིན། མིག་གིས་ལྟ་བ་ཞེས་པའི་ལྟ་བ་དེས་བྱ་བ་དངོས་སྟོན་ཅིང་དབུ་མའི་ལྟ་བ་ཞེས་པའི་ལྟ་བ་ནི་བྱ་བ་མི་སྟོན་པའི་མིང་ཞིག་རེད། དེ་གཉིས་ཀྱི་སྒྲ་གདངས་ལ་ཡང་ཁྱད་ཡོད་དེ། བྱ་བ་སྟོན་པའི་ལྟ་བ་ནི་ལྟ་སྒྲ་ལྕི་ཞིང་བ་སྒྲ་ཡང་བར་འདོན། བྱ་བ་མི་སྟོན་པའི་མིང་གི་ལྟ་བ་ནི་ལྟ་སྒྲ་ཡང་ཞིང་བ་སྒྲ་ཡང་ཡང་བར་འདོན་པ་ཡིན། སྒྲ་གདངས་ཡང་ལྕིའི་ཁྱད་པར་ལས་བྱ་བའི་ཐ་སྙད་དང་མིང་གི་ཐ་སྙད་ཀྱི་ཁྱད་པར་ཕྱེ་བ་འདི་ཡང་བོད་སྐད་ཀྱི་ཁྱད་ཆོས་ཤིག་ཡིན། དེ་ཡང་དངོས་པོའི་ངོ་བོ་སྟོན་པའི་མིང་གི་ཐ་སྙད་ལ་རང་བཞིན་དང་ཁྱད་ཆོས་སྟོན་པའི་ཐ་སྙད་སྦྱར་ན། ཁྱད་ཆོས་སྟོན་པའི་ཐ་སྙད་ཁྱད་གཞི་སྟོན་པའི་ཐ་སྙད་ཀྱི་སྔོན་དུ་སྦྱར་ཚེ་འབྲེལ་སྒྲ་འཇོག་དགོས་ཏེ།དཔེར་ན། ལེགས་པའི་ལམ་དང་མཛེས་པའི་མེ་ཏོག མཐོ་བའི་རི་དང་དམའ་བའི་གཤོང་ལྟ་བུ། ཡང་གསེར་བུམ། ཤིང་ཁང་སོགས་ཀྱང་འབྲེལ་སྒྲ་བསྡུས་ཏེ་མ་བཞག་པ་ལས་འབྲེལ་སྒྲ་མི་ཐོབ་པ་མིན། དེ་བས་འབྲེལ་སྒྲ་ཞུགས་པའི་ཚིག་སྦྱོར་གྱི་དོན་སྟོན་པའི་བྱེད་ལས་ཀྱིས་ནང་གསེས་ཡང་ཚན་པ་དབྱེ་རྒྱུ་ཡོད་ལ། དངོས་པོ་གང་ལས་བྱུང་བའི་འབྱུང་ཁུངས་ཀྱི་ཁྱད་པར་སྟོན་པ་དང་དངོས་པོ་གང་ལ་དབང་བའི་བདག་པོའི་ཁྱད་པར་སྟོན་པ་དངོས་པོ་གང་གི་ཡན་ལག་དང་ཆ་ཤས་སུ་གཏོགས་པའི་ཁྱད་པར་སྟོན་པ། དངོས་པོ་གང་ཞིག་གང་ལ་བརྟེན་པའི་རྟེན་གྱི་ཁྱད་པར་སྟོན་པ། དངོས་པོ་གང་ཞིག་དུས་གང་ལ་སྐྱེ་འགག་བྱུང་བའམ་བསྟན་བྱ་གང་ལ་དུས་ཀྱི་ཁྱད་པར་ཅི་ཡོད་སྟོན་པ། དངོས་པོ་གང་ཞིག་རྒྱུ་གང་ལས་གྲུབ་པའི་རྒྱུའི་ཁྱད་པར་སྟོན་པ། དངོས་པོ་གང་ཞིག་དངོས་གཤིས་ཀྱི་རང་བཞིན་ཇི་ལྟར་གནས་པའི་ཁྱད་པར་སྟོན་པ། དངོས་པོ་རྣམས་ཀྱི་རིགས་མཐུན་གཞན་ལས་དགར་བའི་དགར་ཆོས་ཀྱི་ཁྱད་པར་སྟོན་པ། དངོས་པོའི་བྱེད་ལས་ཀྱི་ཁྱད་པར་སྟོན་པ། བྱ་བ་གང་ཞིག་གི་ཡུལ་དུ་གྱུར་པའི་དངོས་པོའི་བྱ་བའི་ཁྱད་པར་སྟོན་པ།དངོས་པོ་གང་ཞིག་ཐབས་གང་གིས་བསྒྲུབས་པར་སྟོན་པ། དངོས་པོའི་དབྱིབས་གཟུགས་གྲངས་ཚད་སོགས་ཀྱི་ཁྱད་པར་སྟོན་པ། ད་དུང་ཚིག་སྔ་ཕྱིའི་མཚམས་སུ་བཞག་ནས་སྔ་མའི་དོན་གསལ་བར་བྱེད་ཅིང་ཕྱི་མའི་དོན་དགག་པ། ཡང་ཚིག་གི་མཐར་བཞག་ནས་སྔ་མའི་དོན་ནན་ཏན་དུ་བྱེད་ཅིང་ཚིག་ཕྱི་མ་འདྲེན་པ། དེ་ལས་གཞན་འབྲེལ་སྒྲའི་རྣམ་དབྱེ་བསྡུ་ཚུལ་ལ་རྣམ་དབྱེ་བསྡུ་རུང་མི་རུང་དང་དོན་ལ་གནོད་མི་གནོད། ཚིག་ལ་བདེ་མི་བདེ་བརྟགས་ནས་དབྱེ་བ་འབྱེད་དགོས་པ་ཞིག་ལས་འོལ་ཚོད་ཀྱིས་བསྡུ་རུང་བ་དང་མི་རུང་བའི་ཁ་ཚོན་གཅོད་པ་ནི་མཁས་པའི་སྤྱོད་པ་མིན་ནོ། །

གསུམ། བྱེད་སྒྲའི་འཇུག་ཚུལ་བཤད་པ།

བྱེད་སྒྲ་ལ་རྣམ་དབྱེ་ཞེས་པ་ནི་བདག་གཞན་གཉིས་ཀྱི་ངོ་བོ་མ་འདྲེས་པར་རྣམ་པར་ཕྱེ་ནས་གཙོ་ཆེར་བྱེད་པ་སྟོན་པ་ཡིན་ཏེ། བྱེད་སྒྲ་ནི་བྱེད་པ་སྟོན་བྱེད་ཀྱི་སྒྲ་སྟེ་བྱ་བ་གང་ཞིག་བྱེད་པ་གང་གིས་བྱས་པ་ཟིན་པའམ་བྱེད་བཞིན་པའམ། བྱེད་པར་འགྱུར་བ་གང་རུང་སྟོན་པར་བྱེད་པའི་སྒྲ་ཡིན་ནོ།། བྱེད་སྒྲ་ཚིག་སྦྱོར་དུ་འཇུག་པའི་དབྱེ་བ་བཤད་པ་ལ། དང་པོ། བྱེད་པའི་དོན་དུ་འཇུག་པ་ལ་བྱེད་པ་པོ་གཙོ་བོ་དང་བྱེད་པ་ཕལ་བ། བྱེད་པ་གཙོ་ཕལ་གཉིས་ལ་འཇུག་ཚུལ་དང་གསུམ་ཡོད་དེ། ཀ བྱེད་པ་པོ་གཙོ་བོར་འཇུག་ཚུལ་ཏེ་བྱེད་པ་གཙོ་བོ་སྟོན་པ་ནི་བྱ་བ་བྱེད་པའི་ཀུན་སློང་དང་རྩོལ་བ་སྐྱེད་པའི་སེམས་ཅན་དང་། སེམས་ལྡན་གྱི་བྱེད་པ་པོར་སྒྲོ་བཏགས་པའི་སེམས་མེད་ཀྱི་དངོས་པོ་གང་རུང་གིས་བྱ་བ་བྱེད་པར་སྟོན་པའི་ཚིག་གོ། ཁ བྱེད་པ་ཕལ་བ་ལ་འཇུག་ཚུལ་ཏེ་བྱེད་པ་གཙོ་བོའི་ལུས་ཀྱི་དབང་བོ་དང་ཡན་ལག བསམ་པ་དང་བྱ་བ་བྱེད་པའི་ཐབས་དང་ཡོ་བྱད་སོགས་ཀྱིས་བྱ་བ་བྱེད་པར་སྟོན་པའི་ཚིག་གོ ག བྱེད་པ་གཙོ་ཕལ་གཉིས་ལ་འཇུག་ཚུལ་ཏེ་ཚིག་གཅིག་གི་ནང་དུ་བྱེད་པ་གཙོ་ཕལ་གཉིས་ཀ་མ་ཚང་ན་བྱ་བ་ཞིག་བསྒྲུབ་མི་ནུས་པ། གཉིས་པ། རྒྱུ་རྐྱེན་གསལ་བྱེད་དུ་འཇུག་ཚུལ་ལ། ཀ བྱེད་པ་པོ་གཞན་དང་འབྲེལ་བའི་བྱ་བའི་ཐ་སྙད་ཀྱི་སྔོན་དུ་སྦྱོར་བ། ཁ བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་བའི་ཐ་སྙད་ཀྱི་སྔོན་དུ་སྦྱོར་བ། ག དངོས་པོའི་རང་བཞིན་དང་ཐ་སྙད་ཀྱི་སྔོན་དུ་སྦྱོར་བ། གསུམ་པ། བྱ་བའི་ཁྱད་པར་གསལ་བྱེད་དུ་འཇུག་པ། ཚིག་སྦྱོར་དུ་བྱེད་སྒྲ་འཇུག་མི་འཇུག་ལས་གང་བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་ལ་ཐུག་ཡོད། བྱ་བྱེད་ཐ་དད་པའང་བདག་གཞན་གྱི་དབྱེ་བ་ཡོད་ན་བྱེད་སྒྲ་འཇུག་དགོས། དེ་ལས་ལྡོག་ན་བྱེད་སྒྲ་མི་འཇུག་གོ །

རྩོམ་པ་པོ་ནི་དཔའ་རིས་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།

མཚོ་སྔོན་བོད་ཡིག་གསར་འགྱུར།2013.04.26། པར་ངོས18།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།