བོད་བརྒྱུད་ནང་བསྟན་ལས་བུད་མེད་ཀྱི་གནས་སྟངས་གླེང་བ།

ཀླུ་འབུམ་ཐར།  

བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་བུད་མེད་ཀྱི་གནས་བབ་ནི། རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་བུད་མེད་རྣམས་བཙན་ཁང་དང་འདུ་ཁང་དུ་འགྲོ་མི་ཆོག་པ་དང་། ཡུགས་ས་མར་འཛེམ་པ། སྨན་བསྒྲུབ་ཁང་དུ་བུད་མེད་འགྲོ་མི་ཆོག་པ། ལབ་ཙེ་བསྟོད་སར་བུད་མེད་མི་འགྲོ་བ། བུད་མེད་ཀྱི་ལྭ་མི་གྱོན་པ། བུད་མེད་གྲལ་མགོ་དང་ཕོ་གྲལ་དུ་མི་འདུག་པ་སོགས་ཡུལ་ཕྱོགས་མི་འདྲ་བར་བུད་མེད་ཀྱི་ལུགས་སྲོལ་སྣ་མང་འདུག་པར་དེང་སང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་བུད་མེད་དག་གིས་སྔོན་གྱི་ཚད་བཀག་རང་བཞིན་ཅན་དང་དམའ་འབེབས་རང་བཞིན་ཅན་གྱི་ལུགས་སྲོལ་དེ་དག་ལ་ངོ་རྒོལ་གྱི་སྣང་ཚུལ་འབྱུང་བཞིན་འདུག བུད་མེད་ཀྱི་ངག་ལ་མི་ཉན་པ་ལས་གཞན་ཕལ་ཆེར་ཆོས་ལུགས་ཀྱི་བསམ་བློའི་ཁྲོད་ནས་བྱུང་བར་བསམ་སྟེ། དེ་ཡང་ཆོས་ལུགས་ཀྱི་བསམ་བློ་དམངས་སྲོལ་དུ་གྱུར་པའི་སྐབས་སུ་དོན་གཞན་དུ་འགྱུར་བ་ལས་ཆོས་ལུགས་རང་སྟེང་ནས་བུད་མེད་ལ་མཐོང་ཆུང་བྱེད་པའི་གནས་ཚུལ་མི་འདུག བོད་བརྒྱུད་ནང་བསྟན་ལ་མདོ་སྔགས་རྫོགས་ཆེན་གསུམ་དུ་ཡོད་པ་ལས་རྫོགས་ཆེན་གྱི་སྐབས་སུ་བུད་མེད་གླེང་དགོས་མེད་པས། སྤྱིར་བུད་མེད་དང་འབྲེལ་བ་ཡོད་པ་ནི་མདོ་སྔགས་གཉིས་ཀྱི་ནང་དུ་མང་པོ་བསྟན་འདུག དེ་ཡང་ཐོག་མར་མདོ་ཡི་ཕྱོགས་སུ་ཐོག་མར་གཙིགས་སུ་འཛིན་པ་འདུལ་བ་ཡིན་ལ། འདུལ་བ་བསྟན་པའི་གཞི་མ་ཡིན་ཟེར་བ་ལྟར་སོ་ཐར་སྡོམ་པའི་རྩ་བ་བཞི་ནི་རྟེན་ཕོ་མོ་གཉིས་སམ་ཁྱིམ་པ་དང་རབ་བྱུང་གཉིས་ཀྱིས་སོ་ཐར་སྡོམ་ལྡན་བཞི་ཡིས་སྤོང་དགོས་ལ། སྡོམ་པའི་རྩ་བ་བཞི་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། རྫུན་སྨྲ་བ། མི་ཚངས་པར་སྤྱོད་པ་བཞི་དང་། སྡོམ་ལྡན་བཞི་ནི་བསྙེན་གནས་དང་། དགེ་བསྙེན། དགེ་ཚུལ། དགེ་སློང་བཞི་ཡིན་ཏེ། བསྙེན་གནས་ནི་ཞག་གཅིག་གི་སྡོམ་པ་ཡིན་ཡང་སྡོམ་པའི་རྩ་བ་བཞི་དང་དུ་ལེན་དགོས་ལ་གཞན་གསུམ་གྱིས་ཚེ་གཅིག་གི་རིང་སྡོམ་དགོས། དེ་རུ་ཕོ་མོ་གང་ཡིན་རུང་གཅིག་མཐུན་གྱིས་བརྩི་སྲུང་བྱ་དགོས་པ་ལས་ཕོ་མོའི་དབྱེ་བ་བགར་དུ་མེད་མོད། དགེ་བསྙེན་གྱི་དུས་སུ་སྣ་གཅིག་སྤྱོད་པ་དང་སྣ་གཉིས་སམ་ཕལ་ཆེར་སྤྱོད་པ་དང་། ཡོངས་རྫོགས་སྤྱོད་པ། ཚངས་སྤྱོད་དགེ་བསྙེན་བཅས་ལྔར་སྲུང་བ་ཡོད་པས། འདི་རུ་ཕོ་མོའི་འབྲེལ་བ་མི་ཚངས་སྤྱོད་པ་ཇི་ལྟར་སྡོམ་ལྡན་བཞི་ཡིས་ལག་ལེན་བྱེད་པ་གལ་ཆེན་ཡིན། ཚངས་སྤྱོད་ནི་སྤྱོད་པ་གཙང་པའི་དོན་དེ་ཚངས་པར་སྤྱད་ནས་ཕོ་མོའི་བར་གྱི་འདོད་ཆགས་འགོག་པར་བྱ་དགོས་པས་འདུལ་ཁྲིམས་ནང་དུ་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་ཞེས་གཏན་ལ་ཕབ་པ་ནི་བུད་མེད་ལ་དམའ་འབེབས་བྱས་པའི་སྐྱོན་ནི་མིན་ཏེ། དེ་ནི་ཕན་ཚུན་བར་གྱི་འདོད་ཆགས་ལྡོག་ཕྱིར་རྒྱུན་པར་བུད་མེད་དང་རྒྱང་དུ་བཀྱེད་པ་ལས། མོ་ལུས་དམན་པར་བརྩིས་ནས་བཀྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་མ་རྟོགས་པའི་སྐྱོན་ཏེ། དབྱར་གནས་ཀྱི་སྐབས་སུ་དགོན་པར་བུད་མེད་འགྲོ་མི་རུང་བ་ནི་རབ་བྱུང་བའི་འདུལ་བ་ལས “དགེ་སློང་མ་ལ་རེག་པར་མི་བྱའོ། ། བུད་མེད་ལ་ཡང་ངོ་། ། ཆུར་ཉམ་ཐག་པ་བསྒྲལ་པའི་ཕྱིར་ནི་རེག་པར་བྱའོ། ། མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བ་བཞག་ནས་ལག་པ་དང་སྐྲ་དག་ལས་སོ། །” ཡང་བུད་མེད་ཀྱིས

“དགེ་འདུན་ལ་གོས་འབུལ་བ་དང་ལེགས་པར་སྨྲ་བ་ལ་ལྟུང་པ་མེད་དོ། །”ཅེས་ལྟུང་པར་མི་ལྷུང་བའི་རིགས་བརྗོད་པ། “སྟོན་པ་ཨོ་ཏ་ལར་ཀུན་དགའ་བོ་དང་ལྷན་ཅིག་བསོད་སྙོམས་ལ་ཞུགས་པ་དང་། བྲན་མོ་རྒན་མོ་ཀ་ཙང་ཀ་ལ་ཆུ་འཆུར་བ་ཁྲོན་པའི་དྲུང་དུ་སོང་བ་དང་། ཀུན་དགའ་བོས། སྟོན་པ་ལ་སྐྱེམས་ཀྱི་ཆུ་ཕུལ་ཅིག་ཅེས་སྨྲས་པས་དེས་ཆུས་བུམ་པ་བཀང་སྟེ་འོངས་པ་དང་། སྟོན་པ་མཐོང་མ་ཐག་ཏུ་བུའི་འདུ་ཤེས་སྐྱེས་ཏེ། བུ་བུ། ཞེས་འཁྱུད་པར་བརྩམས་པ་དགེ་སློང་གིས་ཟློག་པར་བརྩམས་པ་དང་། མ་ཟློག་ཅིག འདི་ངའི་ཚེ་རབས་ལྔ་བརྒྱའི་ཡུམ་ཡིན་ནོ། ། དེས་འཁྱུད་པས་ཆགས་པ་དང་བྲལ། ཆོས་ཉན་པས་བདེན་པ་མཐོང་བས། སེམས་དག་པས་སྙིང་བརྩེ་བས་བུད་མེད་འཁྱུད་པ་ལ་ལྟུང་བ་མེད་དོ། །” “ཡང་ན་བུད་མེད་ཅིག་འདྲེད་དེ་བརྡེག་འཆོས་པ་དགེ་སློང་གིས་བསླངས་པས་འགྱོད་དེ་གསོལ་བས།འདྲེད་པར་འགྱེལ་བའི་བུད་མེད་སློང་བའོ། ། དགེ་སློང་འདྲེད་ནས་བུད་མེད་ཀྱིས་བསླང་བ་དང་།ཕྲག་པས་ཕུལ་བ་དང་།དེ་འདུག་པའི་སྟན་ལ་ཕུལ་བས། བུད་མེད་ཀྱིས་དེ་གསུམ་བྱེད་པ་ལ་ནི་ལྟུང་བ་མེད་དོ། །”ཅེས་པ་སོགས་ལས་རོགས་རམ་བྱེད་དགོས་དུས་མ་གཏོགས་ཆགས་སྲེད་ཀྱི་དབང་དུ་མི་འགྲོ་བའི་ཆེད་བུད་མེད་དང་རྒྱང་དུ་བཀྱེད་དགོས་པར་གདམས་པ་ལས་གཞན་མ་ཡིན་ལ་བྲམ་ཟེ་ཆོས་ལུགས་དང་ཁྱད་པར་ཆེའོ། ། བུད་མེད་སྨན་བསྒྲུབ་ཁང་དང་བཙན་ཁང་དུ་འགྲོ་མི་རུང་བ་དེ་ནི་གཙོ་བོ་སྐྱེ་ཁམས་འཕྲོད་བསྟེན་གྱི་སྒོ་ནས་བཤད་པ་ཡིན་ཏེ། བུད་མེད་ཀྱི་ལུས་ལས་དྲི་ངན་འཐུལ་བའི་ཆ་དེ་འགོག་པ་ཡིན་པ་དང་དེས་སྨན་རྫས་ཀྱི་ནུས་པ་ཉམས་སུ་འགྲོ་བར་བརྗོད་པས་ལེགས་འགྲུབ་ཡོང་བའི་ཆེད་དུ་དམིགས་པ་ཁོ་ན་ལགས། བཙན་ཁང་དུ་འགྲོ་མི་རུང་བ་ནི་སྔར་བཞིན་ཆ་རྐྱེན་དེ་གཅིག་ཡིན་མོད། དེ་ཁོ་ནས་བུད་མེད་འགོག་པའི་རྒྱུར་མི་འགྲོ་སྟེ་བུད་མེད་ནང་དུ་མཁའ་འགྲོ་མ་ཡོད་པས་དེ་དུས་འགོག་པའི་གནས་ཚུལ་མི་འདུག དེ་ནི་ས་ཆ་ལ་ལར་ཁྱིམ་དུ་མནའ་མས་བསང་ཕུད་མི་ཆོག་པའི་སྣང་ཚུལ་འདུག་པ་དེ་དང་ཕྱོགས་མཐུན་ཡོད་པར་བསམ་སྟེ། རང་གི་ཁྱིམ་རྒྱུད་ཀྱིས་མི་རབས་མང་པོར་བསྟེན་པའི་སྲུང་མ་རང་གི་ཁྱིམ་མིའི་ཕོ་དག་གིས་གཙོ་བོར་བསང་མཆོད་བྱེད་པ་དང་། ཕོ་མེད་དུས་བུ་མོས་མཆོད་པར་བྱ་དགོས་དོན་ནི་སྲུང་མའི་བཀའ་བཙན་པོ་ཡིན་ཟེར་བས་དེ་དང་འབྲེལ་བ་ཡོད་པར་བསམ་སྟེ་བཙན་ཁང་དུ་གཞན་མི་འགོག་པའི་ཆེད་དུ་ཡིན་པར་སྙམ། ཡུགས་ས་མར་དོགས་པ་དེ་བོན་གྱི་ལྟ་བ་དང་འབྲེལ་བ་ཡོད་པར་སྙམ་སྟེ། ལ་ལས་བརྗོད་ན་ཡུགས་ས་མར་འཛེམ་དོན་ནི་རང་གི་བཟའ་ཚང་འདས་རྗེས་སྡུག་བསྔལ་གྱིས་གཟིར་བ་ཕོ་ལས་ཚབས་ཆེ་བ་དང་དེ་དུས་རང་གི་ལུས་སྟེང་གི་བླ་འཁྱམས་པའམ་ཕྱྭ་ཉམས་པ། རླུང་རྟ་གུད་པ། དབང་ཐང་འགྲིབ་པ་སོགས་འབྱུང་སླ་བས་གདོན་སྣ་ཚོགས་བུད་མེད་ཀྱི་ལུས་སྟེང་དུ་ཞུགས་ནས་གཞན་ལ་ངན་བྱེད་པས་ན་མི་དག་འཛེམ་པ་ཡིན་ཟེར། དེ་མིན་ཡུགས་ས་ཡིན་ན་འཛེམ་བྱར་གྱུར་པ་ནི་ངན་པ་རྒྱུན་འབྱམས་སུ་སོང་བར་འདུག་སྙམ། དེ་ལས་བོད་བརྒྱུད་ནང་བསྟན་ཁྲོད་དུ་རྙོག་འཛིང་ཅན་གཞན་ཞིག་བྱུང་བ་ནི་ཕོ་མོའི་ཟུང་འཇུག་ག་རྒྱ་རེད་ལ། དེར་ལྷ་བླ་མ་བྱང་ཆུབ་འོད་གཙོ་བྱས་མང་པོ་ཞིག་གིས་དགག་ནས་ཆོས་ལོག་ཏུ་བརྩིས་པ་དང་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གཙོ་བྱས་པའི་རྙིང་མའི་མཁས་པ་འགའ་ཤས་ཀྱིས་ཕྱིར་དགག་པའི་གནས་ཚུལ་བྱུང་བ་རེད། དེ་ནི་གསང་སྔགས་པས་ཉམས་ལེན་བྱེད་དུས་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས་བསྐྱེད་རིམ་དྲུག་གི་ཐོག་མ་དབང་བཞིའི་སྐབས་ཀྱི་ལག་ལེན་ཞིག་ཡིན་པ་དང་། དེ་ཡང་འདོད་ཆགས་ཀྱི་ཆེད་དུ་མིན་པར་བརྗོད་ལ་གཙོ་བོ་ཐབས་ཤེས་ཟུང་འབྲེལ་གྱིས་སྟོང་ཉིད་རྟོགས་པའི་ཆེད་དུ་ཡིན་པར་གླེང་། དེ་ནི་དབང་བཞི་སྟེ་ཕྱི་དབང་། ནང་དབང་། གསང་དབང་། ཡང་གསང་གི་དབང་བཅས་ལས་ནང་དབང་དང་གསང་དབང་སྐབས་སུ་ཉམས་ལེན་བྱེད་པ་དང་། མོ་འདེམ་དུས་གང་བགར་མིན་པར་ཆ་རྐྱེན་མང་པོ་ཡོད་པ་སྟེ། ག་རྒྱ་དབང་ལུང་ཡོད་པ། ལོ་བཅུ་དྲུག་ནས་སོ་བདུན་བར། སྐྱེས་གཟུགས་བཟང་བ་སོགས་ཕྱིའི་མཚན་ཉིད་དགུ་དང་ནང་གི་མཚན་བདུན་བཅས་ཚང་དགོས་པར་ཡོད་ལ་དེ་རྗེས་ཕ་རོལ་བོར་ཡོན་ཡང་འབུལ་དགོས་པར་འདུག ག་རྒྱའི་སྙིང་བོ་ནི་ས་ཆེན་ཀུན་དགའ་སྙིང་བོས་གསུངས་པ་བཞིན“ཁྱོད་ཀྱི་གཟི་ཡི་རྟོག་པ་ཀུན་བྲལ་ཏེ། ། སྒོ་གསུམ་རླུང་རྣམས་དགའ་བ་བཞི་རྒྱས་ནས། ། ཟ་ཟི་ལས་ཀྱང་བདེ་སྟོང་གྱུར་ནས་ནི། ། སངས་ནས་རྗེས་དྲན་ཅུང་ཟད་བསྟོད་པར་འགྱུར། །”ཞེས་དང་། རྒྱལ་བ་བསྐལ་བཟང་རྒྱ་མཚོའི《ལྕང་སྐྱ་རོལ་བོའི་རྡོ་རྗེའི་ཞུ་འཕྲིན་གྱི་ལན་དུ་བསྩལ་བ》ཞེས་པ་ལས“རིང་ནས་གོམས་པའི་ངེས་འབྱུང་བྱང་ཆུབ་སེམས། ། བདེ་ཆེན་སྟོང་བ་ཟུང་འཇུག་ག་རྒྱ་ཡིས། ། ཅི་མཛད་ཀུན་ལ་ལེགས་པར་རྒྱས་བཏབ་ནས། ། བསྙེངས་བྲལ་དམ་པའི་བརྟུལ་ཞུགས་ལྷུར་བཞེས་ཤིག །”ཅེས་པ་གཉིས་ལས་བརྗོད་པའི་བདེ་སྟོང་ཟུང་འཇུག་འདི་ཡིན་པ་དང་། དེ་ནི་བདེན་གཉིས་ཟུང་འཇུག་གི་བསྒྲུབ་ཐབས་ཏེ། ཐིག་ལེ་བདེ་བའི་ངོ་བོ་དགའ་བ་བཞི་ནི་དཔེའི་ཡེ་ཤེས་དང་ལུགས་འབྱུང་དུ་ཀུན་རྫོབ་བདེན་པ། ཐིག་ལེ་ལྡོག་པའི་ངོ་བོ་སྟོང་བ་བཞི་ནི་དོན་གྱི་ཡེ་ཤེས་དང་ལུགས་ལྡོག་ཏུ་དོན་དམ་བདེན་པ་ཡིན་པར་བརྗོད་པ་ལས། དེ་ནི་ལྷ་བླ་མས་བརྗོད་པའི“འདོད་ལྔ་བུད་མེད་རྫབ་ལས་མ་ཐར་པར། ། ཆོས་ཀྱི་སྐུ་ཡིན་ཟེར་བ་ཡ་མཚན་ཆེ། །”དེ་འདྲ་ཞིག་མིན་པར་བསམ་ལ། དེ་ལ་སོག་ཟློག་པས

“ཉོན་མོངས་པ་དུག་ལྔ་པོ་དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་སྤང་བྱར་མཛད་ཀྱང་། གསང་སྔགས་པས་ལམ་དུ་བླངས་པས་དུག་ལྔ་ཡེ་ཤེས་ལྔར་གྲོལ་བ་ཡིན་ཏེ། སམྦུ་ཊི་ལས། ཆགས་པས་ཆགས་པ་དག་འགྱུར་ཏེ། ། ཞེ་སྡང་ཉིད་ཀྱིས་ཞེ་སྡང་སྦྱང་། ། གཏི་མུག་ཉིད་ཀྱིས་གཏི་མུག་སྦྱང་། ། རྡོ་རྗེ་འཛིན་སོགས་ཐམས་ཅད་སྦྱང་། །”ཞེས་བདེན་གཉིས་རྟོགས་བྱེད་ཐབས་སུ་བརྗོད་ལ། དེ་ནི་བུད་མེད་གསང་སྔགས་ཉམས་ལེན་བྱེད་མཁན་ཉུང་བ་མ་གཏོགས་ཕོ་ཁོ་ནའི་སྤྱོད་བྱ་མིན་པ་གཞན་གྱིས་གསུངས།གསང་སྔགས་སུ་བུད་མེད་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་སྐད་གྲགས་ཅན་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མ་ཅིག་ལབ་སྒྲོན་སོགས་ལས་ཀྱང་ཤེས་ལ། ག་རྒྱའི་ལྟ་བ་གཞན་ལས་འཁྱར་བའམ་བོད་རང་ལས་བྱུང་བ་གང་ཡིན་ཡང་ཕོ་མོ་གཉིས་འབྱུང་གི་ལྟ་བ་ནི་བོད་དུ་ཤིན་ཏུ་རྒྱུགས་ཆེ་ལ་ཕ་ནི་ཐབས་དང་མ་ནི་ཤེས་རབ་ཏུ་འཇོག་པས། ཕོ་ཡིས་མོ་མི་སྨད་ལ་མོ་ཡིས་ཕོ་མི་སྨད་པའི་འདྲ་མཉམ་གྱི་སྣང་ཚུལ་ཡོད་པ་ནི་རྒྱུད་ལས“བུད་མེད་སྨད་པར་མི་བྱ་བ། ། དམ་ཚིག་ཀུན་གྱི་རྩ་བ་ཡིན། །”དང་།

“གསང་བ་བསྒྲུབ་པའི་རྣལ་འབྱོར་མ། །མི་ལུས་བྱང་ཆུབ་བསྒྲུབ་གཞི་ལ། །ཕོ་མོ་དམན་ལུས་ཁྱད་པར་མེད། །སེམས་བསྐྱེད་ལྡན་ན་མོ་ལུས་ལྷག །”ཅེས་གསུངས་པ་བཞིན་ནོ། །

རྩོམ་པ་པོ་ནི་ཐུན་རིན་རྫོང་རིག་གནས་ཁང་གི་ཡིན།

མཚོ་སྔོན་བོད་ཡིག་གསར་འགྱུར།2013.06.21། པར་ངོས18།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།