《ཤེས་རབ་བརྒྱ་པ》ལས་འཕྲོས་ཏེ་ཤེས་རབ་ཀྱི་དགེ་མཚན་རགས་ཙམ་གླེང་བ།

《ཤེས་རབ་བརྒྱ་པ》ལས་འཕྲོས་ཏེ་ཤེས་རབ་ཀྱི་དགེ་མཚན་རགས་ཙམ་གླེང་བ་ཞེས་བྱ་བའི་དཔྱད་རྩོམ་འདི་ནི་གླེང་གཞི་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་རགས་བསྡུས། 《ཤེས་རབ་བརྒྱ་པ》ལས་འཕྲོས་པའི་ཤེས་རབ་ཀྱི་དགེ་མཚན་སྐོར། མཇུག་བསྡུ་བའི་གཏམ་བཅས་དོན་ཚན་བཞིས་གྲུབ་ཅིང་། དེ་ལས《ཤེས་རབ་བརྒྱ་པ》ལས་འཕྲོས་པའི་ཤེས་རབ་ཀྱི་དགེ་མཚན་སྐོར་ནི། དཔྱད་རྩོམ་གྱི་གྲུབ་ཆ་གཙོ་བོ་ཡིན་པས་དེ་ཡང་ཆ་གསུམ་དུ་དབྱེ་ནས་བྲིས་ཡོད་དེ། ཤེས་རབ་ལྡན་པའི་ཡོན་ཏན་དང་། ཤེས་རབ་མེད་པའི་སྐྱོན། ཤེས་རབ་བསྐྱེད་པའི་དགོས་པ་དང་ཐབས་ལམ་བཅས་ཕྱོགས་གསུམ་གྱི་སྒོ་ནས་ཤེས་རབ་ཀྱི་དགེ་མཚན་སྐོར་རགས་ཙམ་གླེང་ཡོད་ལ། མཐར་མཇུག་བསྡུ་བའི་ཚུལ་གྱིས་ཡོངས་སུ་རྫོགས་སོ།།

【བརྡ་ཆད་གཙོ་བོ།】 《ཤེས་རབ་བརྒྱ་པ》 ཤེས་རབ། དགེ་མཚན།

གླེང་གཞི།

སྤྱིར་ཤེས་རབ་ཞེས་པའི་ཐ་སྙད་འདི་ནི་གཏིང་ཟབ་ཅིང་རྒྱ་ཆེ་བའི་གཞུང་ལུགས་བརྡ་ཆད་ཞིག་རེད། དེ་བཞིན་དུ་འདིར་གླེང་བྱའི་ཤེས་རབ་ཉིད་ཀྱང《ཤེས་རབ་བརྒྱ་པ》ལས་འཕྲོས་ཏེ་སོ་སོར་སྐྱེ་བོར་ཤེས་རབ་ལྡན་པའི་ཡོན་ཏན་དང་། ཤེས་རབ་མེད་པའི་སྐྱོན། ཤེས་རབ་བསྐྱེད་པའི་དགོས་པ་དང་ཐབས་ལམ་བཅས་གསུམ་གྱི་ཆ་ནས་ཤེས་རབ་ཀྱི་དགེ་མཚན་རགས་ཙམ་གླེང་བ་ཡིན་པས། ཐོག་མར་ང་ཚོའི་ཤེས་རབ་ཞེས་པའི་ཡིག་འབྲུ་གཉིས་པོར་རྒྱུས་ལོན་རགས་རིམ་ཞིག་བྱ་དགོས་ཏེ། དེ་ཡང་དུང་དཀར་ཚིག་མཛོད་ཆེན་མོ་རུ་ཤེས་རབ་ཅེས་པ་ནི་ཐེ་ཚོམ་འགོག་པར་བྱེད་ཅིང་རང་ཡུལ་བརྟག་པའི་བྱ་བའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱི་བླང་དོར་འབྱེད་པའི་རྣམ་པ་ཅན་གྱི་སེམས་བྱུང་ཅན་ཞིག་གོ དེ་མིན་བོད་ཀྱི་གསར་དུ་བསྒྲིགས་པའི་སྨོན་ལམ་ཚིག་མཛོད་དུ་ཡུལ་ངེས་ལྔའི་ནང་གསེས། རང་ཡུལ་གྱི་བརྟག་བྱའི་དངོས་པོ་ལ་དམིགས་ནས་དེའི་ངོ་བོ་དང་ཁྱད་པར་དང་རང་སྤྱིའི་མཚན་ཉིད་དང་བླང་དོར་ལེགས་པར་འབྱེད་པའི་ཤེས་པ་རབ་ཀྱི་མཐར་སོན་པ་ཐེ་ཚོམ་ཟློག་པའི་བྱེད་ལས་ཅན་ནོ། དགེ་སྐྱོན་དང་ཡིན་མིན་སོགས་དབྱེ་འབྱེད་ཐུབ་པའི་ཤེས་རབ་སྟེ། དཔེར་ན། ཤེས་རབ་མྱུར་བ། ཤེས་རབ་རྣོ་བ། ཤེས་རབ་ཟབ་པ། ཤེས་རབ་དྭངས་གསལ་ཅན། ཤེས་རབ་རྫོགས་རྒྱུ་མེད་པ། ཤེས་རབ་ཞན་པ། ཤེས་རབ་གོ་ལོག ཤེས་རབ་རལ་གྲིས་བཅད་ན་རྨ་མི་འབྱུང་། མང་པོའི་བློ་ཡིས་དཔྱད་ན་དོན་མི་འཕྱུག ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཀུན་ཏུ་རིག ཀུན་ཏུ་ཆུབ། ཉལ་སློང་། རྣམ་དཔྱོད། རྣམ་རིག་བྱེད། སྤོབས་པ། བློ་གྲོས། བློ་ཡི་བྱེད་པོ། ལེགས་རྟོགས་བཅས་ལ་གོ་བར་བཤད་ཡོད། མདོར་ཤེས་རབ་བྱ་དངོས་གང་རུང་ལ་རང་ངོས་ནས་བླང་དོར་དང་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཐུབ་པའི་ནུས་པའམ་ཤེས་པ་ཞིག་ལ་གོ དེར་བརྟེན་ང་ཚོ་སྐྱེ་བོ་སུ་ཞིག་ཡིན་རུང་རང་སྟེང་གི་ནུས་པའམ་ཤེས་པ་གང་དེ་གསོ་སྐྱོང་བྱེད་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་སེམས། རང་རེ་བོད་ལ་མཚོན་ན《ཤེས་རབ་བརྒྱ་པ》ལྟ་བུ་ནི་རང་སྟེང་གི་ཤེས་རབ་གསོ་སྐྱོང་བྱེད་པར་འཇུག་པའི་གཞུང་ལུགས་སྔ་ཤོས་ཡིན་པས་གཤམ་དུ་ནང་དོན་དངོས་ལ་འཇུག་པར་དགེའོ།།

དང་པོ། སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་རགས་བསྡུས།

སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནི་ཐེག་པ་ཆེན་པོའི་ཆོས་དང་ཟབ་མོ་ལྟ་བའི་སྲོལ་འབྱེད་མཁན། འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་བཅས་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་མཚན་སྙན་གྱི་བ་དན་དགུང་དུ་འཕྱོ་བའི་རྒྱ་གར་གྱི་སློབ་དཔོན་ཞིག་ཡིན། 《དུང་དཀར་ཚིག་མཛོད་ཆེན་མོ》ནང་བཀོད་པ་ལྟར་ན། ཁོང་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་སོང་བའི་དུས་སུ་བྱུང་བར་བཤད་ཅིང་། ཧ་ལམ་སྤྱི་ལོའི་བརྒྱ་སྐོར་དང་པོ་ནས་གཉིས་པའི་མཚམས་དེར་རྒྱ་གར་ལྷོ་ཕྱོགས་བེ་དརྦྷ་ཞེས་བྱ་བའི་ཡུལ་དུ་བྲམ་ཟེའི་རིགས་ལས་འཁྲུངས། དེ་ཡང་ཁོང་གིས་ཀླུའི་འདམ་བཞེས་ནས་མཆོད་རྟེན་བྱེ་བ་ཙམ་བཞེངས་པ་དང་ཤེར་ཕྱིན་འབུམ་སོགས་མི་ཡུལ་དུ་སྤྱན་དྲངས་པས་མཚན་ཡང་ཀླུ་སྒྲུབ་ཅེས་ཆགས་ཟེར་བ་དང་། ཡང་ཀླུའི་རིགས་ཡིན་ལ་ཤིང་སྡོང་ཞིག་གི་གན་དུ་འཁྲུངས་པ་ཡིན་པས་མཚན་ལ་ན་ག་ཛུ་ན་སྟེ་ཀླུ་སྒྲུབ་ཏུ་གྲགས་ཟེར་སྲོལ་ཡང་ཡོད། རྒྱ་ཡིག་ཏུ་སྤྱིར་བཏང་དུ་ཀླུ་ཡི་སྡོང་བོ་དང་ཀླུ་ཡི་དཔའ་བོ་ཞེས་གཉིས་སུ་བསྒྱུར་འདུག

སློབ་དཔོན་འདི་ནི་དགུང་ལོ་དྲུག་བརྒྱ་བཞུགས་ཟེར་བ་དང་སུམ་བརྒྱ་བཞུགས་ཟེར་བའི་བཤད་སྲོལ་གཉིས་ཡོད་ཀྱང་དེ་གཉིས་ཀ་ལོ་ཕྱེད་ལ་ལོ་གཅིག་ཏུ་བརྩིས་པའི་ལུགས་ཡིན་ཞེས་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི《རྒྱ་གར་ཆོས་འབྱུང》ལས་བཤད་པས་གང་ལྟར་ལོ་བརྒྱ་ལྷག་ཙམ་ལ་བཞུགས་པ་སེམས། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ《དབུ་མ་རྩ་བ་ཤེས་རབ》 《རིགས་པ་དྲུག་ཅུ་པ》 《སྟོང་ཉིད་བདུན་ཅུ་པ》 《རྩོད་བཟློག》 《ཞིབ་མོ་རྣམ་འཐག》 《མདོ་ཀུན་ལས་བཏུས་པ》 《རྨི་ལམ་ཡིད་བཞིན་ནོར་བུའི་གཏམ》 ཆོས་བྱེད་ཁྱིམ་པ་ལ་གདམས་པ《བཤེས་སྤྲིངས》 《རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ》 ཆོས་བྱེད་རབ་བྱུང་ལ་གདམས་པ《བྱང་ཆུབ་ཀྱི་ཚོགས》གསང་སྔགས་ཀྱི་ལྟ་སྤྱོད་མདོར་བསྡུས་ཏེ་བཤད་པ《རྒྱུད་ཀུན་ལས་བཏུས་པ》དབུ་མའི་ལྟ་བ་གཏན་འབེབས་པ《བྱང་ཆུབ་སེམས་འགྲེལ》གསང་སྔགས་ཀྱི་བསྐྱེད་རིམ་སྟོན་པ《མདོར་བྱས》 《མདོར་བསྲེ》 《དཀྱིལ་ཆོག་ཉི་ཤུ་བ》གསང་སྔགས་ཀྱི་རྫོགས་རིམ་སྟོན་པ《རིམ་པ་ལྔ་པ》 《གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ》 སྐྱེ་བོ་སྤྱི་ལ་གདམས་པ《ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས》རྒྱལ་པོའི་བློན་པོ་རྣམས་ལ་གདམས་པ《ཤེས་རབ་བརྒྱ་པ》 《སྤོས་སྦྱོར་གྱི་བསྟན་བཅོས་མིག་མངས་རིས་ཀྱི་སྦྱོར་བ》 བརྩིས་ཀྱི་བསྟན་བཅོས《རྟེན་ཅིང་འབྲེལ་བའི་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད》བཅས་ཡོད་པ་ཆ་ཚང་བོད་ཡིག་ཏུ་བསྒྱུར་ཡོད།

སློབ་དཔོན་ཉིད་ཀྱིས་ལེགས་པར་གསུངས་པའི་བདུད་རྩིས་ཉེ་བར་བསྐྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་མཐའ་ཡས་པ་ཞིག་བྱོན་པ་ལས། གཙོ་བོར་གྱུར་པ་སྲས་ཀྱི་ཐུ་བོ་རྣམ་བཞི་སྟེ། ཤཱཀྱ་མི་ཏ། ནཱ་ག་བོ་དྷི། ཨཱརྱ་དེ་བ། མ་ཏིངྐ་པ་བཅས་དང་། ཉེ་བའི་ཐུགས་སྲས་གསུམ་སྟེ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་བཅས་བདུན་དུ་གྲགས་ལ། དེའི་ནང་ནས་ཀྱང་ཟླ་དང་བྲལ་བ་ནི་སློབ་དཔོན་ཨཱརྱ་དེ་བ་སྟེ་འཕགས་པ་ལྷ་ཡིན་ལ། དེ་གཉིས་ལ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་གཞུང་ཕྱི་མོའི་དབུ་མ་པར་ཡང་གྲགས་སོ།།

གཉིས་པ། 《ཤེས་རབ་བརྒྱ་པ》ལས་འཕྲོས་པའི་ཤེས་རབ་ཀྱི་དགེ་མཚན་སྐོར།

གཅིག 《ཤེས་རབ་བརྒྱ་པ》སྐོར་བརྗོད་པ།

དེ་ཡང《ཤེས་རབ་བརྒྱ་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཞུགས་སོ》སྟེ། ཡོངས་གྲགས་སུ《ཤེས་རབ་བརྒྱ་པ》ཞེས་བྱ་བ་ཤོ་ལོ་ཀ་བརྒྱ་ཐམ་པ་ཅན་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པས《བསྟན་འགྱུར》དུ་བསྡུས་ཡོད། རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་འདིའི་བརྗོད་དོན་གཙོ་བོ་ནི་མི་རྣམས་ལ་འགྲོ་འདུག་སྤྱོད་ལམ་དང་ལེགས་ཉེས་བླང་དོར་སྟོན་པ་དང་། མཁས་བླུན་གྱི་ཁྱད་པར་དང་དགེ་སྡུག་གི་དབྱེ་བ་འབྱེད་པ་དེ་ཡིན་ལ། མཛད་པ་པོས་ཕྱོགས་གཅིག་ནས་རང་གི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དང་བྱ་དངོས་ལ་བརྟག་དཔྱད་དབྱེ་ཞིབ་བྱེད་པའི་ནུས་པ་གཞིར་བྱས་ཏེ། མི་རྣམས་ལ་མཆོག་ཏུ་སྨིན་པའི་འཇིག་རྟེན་མི་ཆོས་ཀྱི་གདམས་པ་མང་པོ་རྗེས་སུ་བསྟན་ལ། ཕྱོགས་གཞན་ཞིག་ནས་ལས་འབྲས་སོགས་ཆོས་ཀྱི་རྣམ་གཞག་སོགས་ཀྱང་ངང་གིས་བརྗོད་འདུག

འདིར་ཐོག་མར་ཤེས་རབ་བརྒྱ་པའི་མིང་དོན་ལ་འགྲེལ་བཤད་ཅིག་བྱས་ན། དེ་ནི་ལེགས་ཉེས་ཀྱི་བླང་དོར་མ་ནོར་བར་འབྱེད་པའི་ཤེས་པ་རབ་ཀྱི་མཐར་སོན་པ་དེ་ཉིད་བརྗོད་བྱའི་གཙོ་བོར་བྱས་ཤིང་། རྗོད་བྱེད་ཚིགས་སུ་བཅད་པའི་ཤོ་ལོ་ཀའི་ངོས་ནས་བརྒྱ་ཐམ་པར་གནས་པས་མིང་དེ་སྐད་དུ་བཏགས་ལ། གཞན་ཡང་ཚིག་ཚོགས་ཀྱིས་མ་སྤྲོས་པར་ཡི་གེ་ཉུང་ཉུང་གི་སྒོ་ནས་བརྗོད་དོན་རྒྱ་ཆེ་བ་ཤེས་རབ་ཀྱི་རང་བཞིན་ལ་སྒྲུབ་བྱེད་གཏན་ཚིགས་ཀྱི་རྣམ་གཞག་དངོས་ཤུགས་གང་རུང་དུ་བརྒྱན་ཡོད་པས་དེ་ལྟར་བཏགས་པ་རེད་ཟེར་ཡང་ཆོག་སྟེ། གཞུང་ཉིད་ལས་ཀྱང་། “ཡི་གེ་ཉུང་ལ་དོན་མང་བ།། གཏན་ཚིགས་སྣ་ཚོགས་རྣམས་ཀྱིས་བརྒྱན།། འདི་ནི་ཚིགས་སུ་བཅད་པ་བརྒྱ།། ཤེས་རབ་བརྒྱ་པ་ཞེས་བྱའོ།།”①ཞེས་གསུངས་པས་སོ།།

ཤེས་རབ་བརྒྱ་པའི་བསྟན་དོན་གཙོ་བོ་ནི། བདེ་འགྲོ་སྐྱེ་བོ་ཀུན་གྱི་རང་གི་གཉུག་གཤིས་ན་ལྷན་སྐྱེས་སུ་གྲུབ་པའི་ཤེས་རབ་དེ་ལ་ནུས་པ་རྩལ་སྤྲུག་དང་བརྡབ་གསིག་བྱས་ནས་རང་རྒྱུད་ལ་བྱིན་རླབས་ཤིག་མངོན་དུ་འཇུག་ཚུལ་བསྟན་པ་སྟེ།ཤེས་རབ་དེ་དག་གི་ནུས་པ་འདོན་མ་ཐུབ་ན་ཕུན་སུམ་ཚོགས་པ་གནམ་ལས་བབས་པ་བཞིན་དུ་བྱུང་ཡང་སྐད་ཅིག་ཁོ་ནས་དེ་དག་མེད་པར་འགྱུར་ཚུལ་དང་། ལེགས་ཉེས་འབྱེད་པའི་བློ་མིག་མ་ཕྱེས་པར་ཤེས་རབ་ཀྱི་རྩལ་དང་བྲལ་ན་གཞན་གྱི་བྲན་ཁོ་ན་བྱེད་དགོས་པ་སོགས་ལས་རིགས་གང་ལ་འཇུག་རུང་ཤེས་རབ་ཀྱི་རྩལ་ཕྱུང་རྒྱུ་ཧ་ཅང་གལ་ཆེན་རང་བཞིན་དུ་བསྟན་ཡོད་དེ། གཞུང་དངོས་ལས། “མཐོང་དང་མ་མཐོང་ཡོན་ཏན་འདི།། ཀུན་གྱི་རྩ་བ་ཤེས་རབ་ཡིན།། དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར།། ཤེས་རབ་ཡོངས་སུ་གཟུང་བར་བྱ།།”②ཞེས་པས་རྟོགས་ནུས།

ཤེས་རབ་བརྒྱ་པའི་དགོས་པ་དང་ཉིང་དགོས་གང་ཡིན་ཞེ་ན། ཤེས་རབ་དེ་མི་སུ་ཡིན་རུང་མེད་དུ་མི་རུང་བ་ཐོད་ཀའི་མིག་ལྟ་བུར་བསྟན་པའི་དགོས་པ་ནི། བསྟན་བཅོས་འདིར་ཀློག་པ་པོས་ཤེས་རབ་དེ་མངོན་དུ་འཇུག་དགོས་པའི་རྒྱུ་མཚན་དཔེ་དང་བཅས་པ་གསལ་བོར་ཤེས་པ་དེ་རེད་ལ། དགོས་པའི་དགོས་པའམ་ཉིང་དགོས་ནི་ཀློག་པ་པོས་ཤེས་པ་ཙམ་མ་ཡིན་པར་ཤེས་པ་དོན་དུ་བསྒྱུར་ཏེ་རང་རྒྱུད་ལ་སྔ་ན་མེད་པའི་ཤེས་རབ་ཀྱི་ནུས་པ་འདོན་པའི་ཕྱིར་རེད། གལ་ཏེ་སུ་ཞིག་གིས་བསྟན་བཅོས་འདི་བཀླགས་ཏེ་ཐབས་ཤེས་འདྲ་མིན་གྱིས་རང་ལ་ལེགས་ཉེས་དཔྱོད་པའི་ཤེས་རབ་ཅིག་མངོན་ཐུབ་ན་ཤེས་རབ་བརྒྱ་པའི་ཉིང་དགོས་འགྲུབ་སོང་སྟེ་གཞུང་དེ་ཉིད་ལས། “གང་ཞིག་གཞན་དྲིང་མི་འཇོག་པར།། ཤེས་རབ་རྩལ་གྱིས་འཚོ་འདོད་པ།། དེ་ཡིས་ཕྱོགས་འདི་བརྟག་བྱས་པས།། རང་གཞན་དོན་དུ་སྤྱད་པ་སྤྱོད།།”③ཅེས་པས་ཀྱང་ཤེས་ནུས་པ་ཞིག་རེད།

གཉིས། 《ཤེས་རབ་བརྒྱ་པ》ལས་འཕྲོས་པའི་ཤེས་རབ་ཀྱི་དགེ་མཚན་སྐོར་གླེང་བ།

དེ་ཡང་ཤེས་རབ་ཅེས་པ་ནི“ཐེ་ཚོམ་འགོག་པར་བྱེད་ཅིང་རང་ཡུལ་བརྟག་པར་བྱ་བའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱིས་བླང་དོར་འབྱེད་པའི་རྣམ་པ་ཅན་གྱི་སེམས་བྱུང”④ལ་ཟེར་ཞིང་།

ཤེས་རབ་ཀྱི་ངོ་བོ་ནི“ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་འཁྲུལ་པ་མེད་པར་སོ་སོར་རྣམ་པར་འབྱེད་པ”⑤དེ་ཡིན་པས། ཤེས་རབ་ལེགས་པར་བསྐྱེད་ན་རྩ་བའི་ཉོན་མོངས་དྲུག་གི་ཡ་གྱལ་མ་རིག་པ་སྟེ་རིག་པ་ཤེས་རབ་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་དང་། ཤེས་པ་གང་ཞིག་རང་ཡུལ་ལ་དམིགས་པའི་ཚེ་ཡུལ་དེའི་རྣམ་པ་ཤིན་ཏུ་མི་གསལ་བ། ཤེས་བྱའི་གནས་ལུགས་ཇི་ལྟ་བ་བཞིན་མ་ཤེས་པར་ཀུན་ཉོན་སྐྱེ་བ་སོགས་བསལ་ནས་ཡང་དག་རིག་པའི་སྒོ་མོར་ཞུགས་ཐུབ་པས། གཤམ་དུ《ཤེས་རབ་བརྒྱ་པ》ལས་འཕྲོས་ཏེ་ཤེས་རབ་ལྡན་པའི་ཡོན་ཏན་དང་། ཤེས་རབ་མེད་པའི་སྐྱོན། ཤེས་རབ་བསྐྱེད་པའི་དགོས་པ་དང་ཐབས་ལམ་བཅས་ཕྱོགས་གསུམ་གྱི་ཆ་ནས་རགས་ཙམ་གླེང་བར་བྱ།

1.ཤེས་རབ་ལྡན་པའི་ཡོན་ཏན།

ཤེས་རབ་ནི་ཉོན་མོངས་ཐེ་ཚོམ་དང་བཅས་མ་རིག་པའི་དྲ་བ་ལེགས་པོར་གཅོད་བྱེད་དང་། འཇིག་རྟེན་གྱི་གནས་ལུགས་ཐམས་ཅད་ནི་ཤེས་རབ་ཀྱིས་རྣམ་པ་སོ་སོར་དབྱེ་ནས་རྟོགས་པར་བྱེད་པས། ཤེས་རབ་ལྡན་པའི་ཡོན་ཏན་ཐད་ལ《ཤེས་རབ་བརྒྱ་པ》ལས། “ཤེས་རབ་ལྡན་པ་གཅིག་རྐྱ་ཡང་།། གཞན་གྱིས་འདི་ལ་གནོད་མི་འགྱུར།། དོར་ཐབས་ལྡན་པའི་ལུས་ཆུང་ཡང་།། མཚན་དང་ལྡན་པས་ཡོང་མི་བརྙས།། ཤེས་རབ་ཀྱིས་ནི་ལུས་བསྲུངས་ལ།། དགྲ་ཡིས་ཚོགས་ཀྱིས་ཅི་བྱར་ཡོད།། ལག་ན་གདུགས་དང་བཅས་པ་ལ།། ཆར་གྱི་རྒྱུན་གྱིས་རྫི་བ་མེད།།”⑥ཅེས་གསུངས་ཏེ། ཤེས་རབ་ཀྱི་བློ་གྲོས་ལྡན་པའི་སྐྱེ་བོ་དེ་ནི་ཟླ་མེད་གཅིག་རྐྱང་དུ་ལུས་ནའང་གཞན་གྱིས་གནོད་པ་དང་འཚེ་བ་བྱེད་མི་ཐུབ་སྟེ། དེ་ནི་སོ་སོར་འཁོར་གསུམ་གྱི་མཚོན་ཆ་དང་ལྡན་པ་ཇི་བཞིན་གཟུགས་ལུས་ཉམ་ཆུང་ཡིན་ཡང་སྟོབས་ལྡན་དག་གིས་འཕ་སྨོད་དང་བརྙས་བཅོས་བྱེད་མི་ནུས་ལ། རང་ལུས་ཤེས་རབ་ཀྱིས་བསྲུངས་ཐུབ་ཚེ་དགྲ་བོའི་ཚོགས་ཀྱིས་ཀྱང་གནོད་མི་འགྱུར་ཏེ། དེ་ནི་རང་གི་ལག་ཏུ་ཆར་གདུགས་བཟུང་བ་ཡིས་ལུས་པོ་ཆར་བས་མི་སྦང་བ་བཞིན་ནོ།།

ཡང་། “ཤེས་རབ་མིག་ཕྱེ་རྣམས་ལ་ནི།། རྒུད་པ་རྣམ་པར་འཇིག་འགྱུར་ཏེ།། ལག་ན་མར་མེ་ཐོགས་པ་ཡི།། མདུན་ན་མུན་པ་མེད་པ་བཞིན།།”ཞེས་གསུངས་པ་ལས། ལག་ན་མར་མེ་ཡོད་པས་མདུན་ན་མུན་པ་མེད་པ་དེ་ནི་མར་མེའི་འོད་ཀྱིས་མུན་པ་བསལ་བའི་དཔེ་ཇི་བཞིན། ཤེས་རབ་ལྡན་པ་རྣམས་ལ་ཉམས་རྒུད་ཀྱི་རྣམ་པར་འཇིག་པར་འགྱུར་ཏེ། “ཤེས་རབ་ལྡན་པས་རྨོངས་པ་བསལ་ཞིང་། ལེགས་ཉེས་ཀྱི་གནས་ལ་རྨོངས་པ་མེད་པས་དགེ་སྒྲུབ་སྡུག་སྤང་སོགས་ལ་བླང་དོར་ཚུལ་བཞིན་མཛད་ཤེས་པས་རྒུད་པ་ཐམས་ཅད་རྣམ་པར་འཇིག་པ”⑦ཡིན་ཚུལ་བསྟན་པར་མ་ཟད། “ལེགས་པར་བརྟགས་དེ་བྱེད་པ་ལ།། མ་རུངས་པ་དག་མི་སྣང་སྟེ།། འཕྲོད་པ་ཟ་བའི་ལུས་ལ་ནི།། ནད་ཀྱི་བར་ཆད་མི་འབྱུང་ངོ་།།”ཞེས་ཤེས་རབ་སྤྱད་ནས་ལེགས་ཉེས་བླང་དོར་གྱི་གནས་ལ་ལེགས་པར་བརྟགས་ན་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་ཚུལ་བཞིན་འཇུག་ཐུབ་པས་མ་རུངས་པ་མི་འབྱུང་སྟེ། དེ་ནི་དཔེར་ན་འོས་ཤིང་འཚམ་པའི་ཟས་བཟའ་བ་ཡིས་ལུས་ལ་ནད་གཞི་མི་འབྱུང་བ་ལྟ་བུའོ།།

དེ་དག་ལས་མ་ཟད།“གང་ལ་རང་དོན་འཕེལ་འགྱུར་བའི།། ཤེས་ཉེན་ཡོད་པ་དེ་མཁས་པ།། ཆུ་ཡིས་གང་བའི་མཚོ་ལ་ནི།། མཁའ་ལ་རྒྱུ་བ་རྣམས་ཀྱང་བསྟེན།།”⑧ ཞེས་དང་།

ཡང་ན། “ཡ་རབས་རྣམས་ཀྱི་སྤྱོད་པ་ལ།། སྐྱེ་བོ་ངན་པས་གནོད་མི་འགྱུར།། རིན་ཆེན་སྒྲོལ་མ་འབར་བའི་ཚེ།། འཐོར་རླུང་ཚོགས་ཀྱིས་མི་སོད་དོ།།”⑨ཞེས་པ། “ཤེས་རབ་ཅན་གང་དགྲ་ལ་ཡང་།། མཛའ་བཤེས་ལྟ་བུར་སྒྲུབ་བྱེད་པ།། རྒྱ་མཚོ་བཞིན་དུ་མི་འཁྲུགས་ཏེ།། སྐྱེ་བོ་ངན་པས་དྲོད་མི་ཟིན།།”⑩བཅས་གསུངས་པ་སོགས་ལས་ཀྱང་ཤེས་རབ་ལྡན་པའི་ཡོན་ཏན་བསྟན་ཡོད།

2.ཤེས་རབ་མེད་པའི་སྐྱོན།

སྲིད་པའི་འཇིག་རྟེན་འདིར་མི་བདེ་བ་དང་སྡུག་བསྔལ་སོགས་གང་མང་ཞིག་བྱུང་དང་འབྱུང་བཞིན་པ་ནི་མི་རྣམས་ཀྱིས་དགེ་བ་དང་མི་དགེ་བའི་ལས་ཀྱི་ལེགས་ཉེས་ཀྱི་ཁྱད་པར་མི་ཤེས་པ་དང་། ལེགས་ཉེས་དགེ་སྡིག་འབྱེད་པའི་བརྟག་དཔྱད་སོགས་མེད་པའི་དབང་སྟེ། མཐར་བླང་དོར་གྱི་གནས་ལ་རྨོངས་པར་གྱུར་པ་དག་ཀྱང་ཤེས་རབ་མེད་པའི་སྐྱོན་ཡིན་ཏེ། དེ་ཡང་《ཤེས་རབ་བརྒྱ་པ》ལས། “ཤེས་རབ་རྩལ་དང་བྲལ་བ་ནི།།

གཞན་གྱི་བྲན་བྱེད་ཁོ་ན་ཟད།། གླང་ཆེན་རི་བརྩེགས་ལྟ་བུ་ཡི།། ལུས་དང་ལྡན་པ་སྣང་བ་བཞིན།།”ཞེས་དང་། “ཤེས་རབ་མེད་པའི་ཕུན་སུམ་ཚོགས།། གནམ་བབས་བཞིན་དུ་བྱུང་བ་ཡང་།། སྐད་ཅིག་ཁོ་ནས་དེ་དག་མེད།། མ་རུངས་པ་རྣམས་བཤེས་པ་བཞིན།།”ཞེས་གསུངས་ཏེ། མིས་གླང་ཆེན་བཀོལ་སྤྱོད་བྱེད་པ་བཞིན་ཤེས་རབ་ཀྱི་རྩལ་དང་བྲལ་ན་སྟོབས་ལྡན་ཡིན་ཡང་གཞན་གྱི་བྲན་བྱེད་ཁོ་ནར་འགྱུར་ངེས་ལ། ཤེས་རབ་མེད་ཚེ་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཞིག་གནམ་ནས་བབས་པ་བཞིན་བྱུང་ཡང་སྐད་ཅིག་ཁོ་ན་ཉིད་དུ་མེད་པར་འགྱུར་བས། གང་ཟག་སུ་ཞིག་ཡིན་རུང་རང་རྒྱུད་དུ་ཤེས་རབ་མ་བསྐྱེད་ན་ཡོན་ཏན་གཞན་དག་ཀྱང་ལེགས་པར་འབྱོར་མི་ནུས།

ཡང《ཤེས་རབ་བརྒྱ་པ》ལས། “གང་ན་རྒྱལ་པོ་འབངས་རྣམས་ཀྱིས།། ལེགས་ཉེས་སེམས་པར་མི་བྱེད་པ།། རྒྱལ་པོ་དེ་དག་གཙུག་ལག་ལ།། མཁས་པ་རྣམས་ཀྱིས་བརྟེན་མི་བྱ།།”{11} ཞེས་ལེགས་ཉེས་བླང་དོར་ལ་ཚུལ་བཞིན་མི་འཇུག་པའི་རྒྱལ་པོ་དག་གི་མཛད་པའི་བསྟན་བཅོས་ལ་མཁས་པས་བརྟེན་པར་མི་བྱེད་པ་ལྟ་བུ་དང་། “རིགས་པའི་དོན་དང་མི་ལྡན་པའི།།

གཞུང་ལུགས་གང་ཞིག་རྩོམ་བྱེད་པ།། དེ་ཡང་དགོས་པ་འགྲུབ་མི་འགྱུར།། སྔགས་དང་བྲལ་བའི་སྦྱིན་སྲེག་བཞིན།།”{12}ཞེས་ཤེས་རབ་ཀྱི་བློ་གྲོས་མེད་པའི་སྐྱེ་བོ་དག་གིས་གཞུང་ལུགས་གང་ཞིག་རྩོམ་པར་གྱུར་ཀྱང་རིགས་པའི་དོན་དང་མི་ལྡན་ལ།དགོས་པ་གང་ཡང་མི་འགྲུབ་པས་དེ་ནི་སྔགས་དང་བྲལ་བའི་སྦྱིན་སྲེག་ལྟ་བུ་དང་། “ཁོན་ཆེན་ཞགས་པས་ཕན་ཚུན་དུ།། གླགས་པའི་སེམས་དང་ལྡན་པ་རྣམས།། འཆི་འཕོ་སྐྱེས་ནའང་དེ་དག་ལ།། ཁོན་ཆེན་དེ་བཞིན་རྗེས་སུ་འབྲང་།། དཔེར་ན་སྦྲུལ་དང་ནེའུ་ལེ་དང་།། བྱ་རོག་འུག་པ་མ་ཧེ་རྟ།། ཚེ་རབས་གཞན་ལ་བསྒྲུབས་པ་གང་།། དེ་ཅི་འདི་ལ་མི་སྣང་ངམ།།”{13}ཞེས་ཤེས་

རབ་མེད་ན་ཉོན་མོངས་དགྲ་ཡི་ཚོགས་ཀྱིས་གནོད་པ་གཏོང་སྲིད་ལ། དེ་ནི་གཡུལ་ངོར་ཞུགས་པའི་སྐབས་ཀྱི་མཚོན་མེད་ལག་སྟོང་དང་འདྲ་བ་ཡིན། དེ་བས་ཤེས་རབ་ཀྱི་རྩལ་དང་མ་ལྡན་ཚེ་གཞན་གྱི་བྲན་དུ་འགྱུར་བར་སླ་ཞིང་། ཤེས་རབ་ཀྱི་མིག་མ་ལྡན་ན་མ་རིག་མུན་པའི་ཀླུང་དུ་འཚུད་པར་འགྱུར་རོ།།

གཞན་ད་དུང་། “མཐུ་རྩལ་ལྡན་པའི་ཁེངས་སེམས་ཀྱིས།། ལུགས་ཀྱི་གདམས་ངག་ཡོངས་མི་སྤང་།། རུ་ཤིང་བཟང་པོའི་གཞུ་མཆོག་ཀྱང་།། རྒྱུད་མེད་གཡུལ་ངོར་ཅི་ཞིག་བྱ།།”{14}ཞེས་པ་དང་། “གཡོ་ཅན་རྣམས་ཀྱི་གྲོང་ཅན་ཚིག། མཛངས་པས་ལེགས་པར་མ་བརྟགས་ན།། ཁོང་གླུའི་དོན་རྣམས་མ་དཔྱད་པའི།། རི་དྭགས་གཞན་གྱིས་བརླག་པར་སྣང་།།”{15}ཞེས་པ།

“གང་དག་རྒས་རབ་མི་བསྟེན་པ།། དེ་དག་གཙུག་ལག་མཁས་མི་འགྱུར།། གཟུ་ལུམ་དག་གི་སྤྱོད་པ་རྣམས།། དགོས་པ་མྱུར་དུ་ཉམས་པར་འགྱུར།།”{16}ཞེས་པ་བཅས་ལས་ཀྱང“ཤེས་རབ་

མེད་ན་སྦྱིན་སོགས་མིག་དང་བྲལ་བའི་ལོང་བ་དང་འདྲ་བ་དང་། ཁྱད་པར་དུ་འཕགས་པའི་ཡོན་ཏན་གོང་མ་མི་འཐོབ་པ་དང་། གཞན་གྱི་བྲན་དུ་འགྱུར་བ་དང་། ཕུན་སུམ་ཚོགས་པ་བྱུང་ན་ཡང་མྱུར་དུ་བརླག་པར་འགྱུར་བ་དང་། བླང་དོར་ཐམས་ཅད་མི་མཐོང་བ་དང་། ཡང་དག་པའི་ལྟ་བ་མི་རྙེད་པ་དང་། དོན་དང་བཅས་པའི་སྙིང་བོ་གང་ཡང་མི་ལོན་པ་དང་། བྱ་བ་གང་ཡང་གསལ་བར་མི་མཐོང་བ་དང་། འདི་ཕྱིའི་ཡོན་ཏན་གྱི་རྩ་བ་ཆད་པ་དང་། ཡོན་ཏན་གཞན་གྱིས་ས་མི་ཆོད་པ”{17}སོགས་ཤེས་རབ་མེད་ཚེ་འབྱུང་སླ་བའི་སྐྱོན་དག་བསྟན་ཡོད་དོ།།

3.ཤེས་རབ་བསྐྱེད་པའི་དགོས་པ་དང་ཐབས་ལམ།

གོང་སྨྲས་ཀྱི་ཤེས་རབ་ལྡན་པའི་ཡོན་ཏན་དང་ཤེས་རབ་མེད་པའི་སྐྱོན་ལས་ང་ཚོས་ཤེས་རབ་ནི་རང་རྒྱུད་ལ་ཡོན་ཏན་འབྱོར་བྱེད་མེད་དུ་མི་རུང་ཞིག་ཡིན་པ་དང་། ཤེས་རབ་ལྡན་ན་རང་ཉིད་ཀྱི་ལག་ཏུ་མུན་སེལ་སྒྲོན་མེ་ཐོགས་ཡོད་པ་ལྟ་བུ་དང་། ཤེས་རབ་དང་བྲལ་ན“མ་རིག་རྒན་མོ་ལོང་བ་འདྲ”{18}པོར་འགྱུར་སྲིད་པ་རྟོགས་ཐུབ་པས། སོ་སོ་སྐྱེ་བོ་སུ་ཡིན་ཡང་ཤེས་རབ་བསྐྱེད་དགོས་ལ། དེར《ཤེས་རབ་བརྒྱ་པ》ལས་ཀྱང་། “མཐོང་དང་མ་མཐོང་ཡོན་ཏན་འདི།། ཀུན་གྱི་རྩ་བ་ཤེས་རབ་ཡིན།། དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར།། ཤེས་རབ་ཡོངས་སུ་གཟུང་བར་བྱ།། ཆོས་དོན་འདོད་དང་ཐར་པ་ཡི།། འབྱུང་གནས་ཆེན་པོ་རིག་པ་ཡིན།། དེ་ལྟར་དང་པོར་གུས་པ་ཡིས།། ཤེས་རབ་ཡུམ་ཆེན་གཟུང་བར་བྱ།།”ཞེས་གསུངས་ཏེ་སྣང་བ་ཡུལ་དང་འཛིན་པ་སེམས་གཉིས་དང་། ཡང་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀྱི་ཡོན་ཏན་ཀུན་གྱི་རྩ་བ་ནི་ཤེས་རབ་ཡིན་པས་ཡོན་ཏན་འདི་གཉིས་བསྒྲུབ་པ་ལ་ཤེས་རབ་བསྐྱེད་དགོས་པ་དང་། གཞན་ཡང་འཇིག་རྟེན་མི་ཆོས་ཀྱི་ལས་དོན་སྒྲུབ་པ་དང་དམ་པའི་ལྷ་ཆོས་ཀྱི་ཐར་བ་འདོད་པ་གཉིས་ཀྱི་འབྱུང་གནས་ཆེན་པོ་དེའང་ཤེས་པའི་རིག་པ་ཡིན་པས་དེ་དག་འདོད་པ་ལའང་ཤེས་རབ་བསྐྱེད་དགོས་པ་བཅས་བསྟན་ཡོད།

དེ་ཡང་ཤེས་རབ་བསྐྱེད་པ་ལ་དགོས་པ་འགངས་ཆེན་འདི་ཙམ་ཡོད་པ་གསལ་མོད། འོ་ན་ཤེས་རབ་ཇི་ལྟར་བསྐྱེད་དགོས་ཟེར་ན། དེའི་ཐབས་ལམ་སྐོར་ལའང《ཤེས་རབ་བརྒྱ་པ》ལས། “རང་དོན་བསྒྲུབ་པར་བྱ་བ་རྣམས།། བག་མེད་ལས་ཀྱིས་བསྒྲུབ་མི་བྱ།། སྦྲུལ་སོ་ཤིན་ཏུ་གདུག་པ་ཡིས།། དོན་མ་བསྒྲུབས་པར་ཕུང་བར་སྣང་།། རང་དོན་བསྒྲུབ་པར་བྱ་བ་རྣམས།། བག་དང་བཅས་པའི་ལས་ཀྱིས་བསྒྲུབས།། སྲིན་བུ་པད་པ་ཟོམ་ཅན་ལུས།། ཁྲག་འཐུངས་བཞིན་དུ་མི་མཐོང་ངོ་།།”{19}ཞེས་སྦྲུལ་ནི་དུག་ལྡན་ཡིན་མིན་གང་ཡིན་རུང་གདུག་པའི་སོ་དེ་ཕྱི་རུ་མངོན་པ་ཡིས་ཉེས་དོན་མ་བསྒྲུབས་ཀྱང་ཉེས་མགོ་ལེན་པ་དང་། ཁྲག་འཇིབ་ཀྱི་སྲིན་བུ་པད་པ་དེ་ནི་ལུས་ཟོམ་ཅན་ཁོག་རོང་ཡིན་པས་ཁྲག་འཐུངས་ཡིན་པ་སུས་ཀྱང་མི་མཐོང་བའི་དཔེར་སྦྱར་ཏེ། ཤེས་རབ་བསྐྱེད་པ་ལ་ཐོག་མར་རང་དོན་བསྒྲུབ་དུས་ཀྱང་བག་ཡོད་ཚུལ་བཞིན་འཇུག་པ་ལས་བག་མེད་ལས་ཀྱིས་བསྒྲུབ་མི་རུང་བ་བསྟན་ཡོད།

ཡང་། “རང་གི་གཏིང་འཛུགས་འདོད་པ་ཡིས།།གཞན་གྱི་ཕན་ལ་བརྩོན་པར་བྱ།། གཏིང་འཛུགས་སྦྱོར་བ་མ་བྱས་པའི།། སྒྲུབ་པ་པོ་ཡིས་ཅི་མི་འགྲུབ།། གཞན་གྱི་ཕྱོགས་གཞོམ་འདོད་པས་ཀྱང་།། བདག་ཉིད་ཡོན་ཏན་ལྡན་པར་བྱ།། གཞུ་ནི་རྒྱུད་དང་མི་ལྡན་པའི།། མདས་ལྟ་གང་དུ་ཕྱིན་པར་འགྱུར།། དབྲི་མཁྱུད་མེད་པར་སྨྲ་བ་དང་།། ཇི་སྐད་སྨྲས་བཞིན་སྒྲུབ་པ་དང་།། ཆས་བཞི་ཉམས་དང་སྦྱོར་བ་ཡི།། མི་ཕོ་རྣམས་ནི་བདེ་བར་འཚོ།།”{20}ཞེས་པ་ལས་ཀྱང་རང་ཉིད་ཀྱི་རྐང་ལེགས་པར་

ཚུགས་འདོད་ན་གཞན་ལ་ཕན་པའི་ལས་བསྒྲུབ་པར་བརྩོན་དགོས་ལ། གང་ཞིག་སོ་སོའི་གཏིང་འཛུགས་པར་སྔོན་འགྲོའི་ཆ་རྐྱེན་ལེགས་པོར་མི་སྐྲུན་པ་དེས་ལས་དོན་གཞན་ཀྱང་ལེགས་འགྲུབ་འབྱུང་དཀའ་བ་དང་། གཞན་ཕ་རོལ་པོ་འཇོམ་པར་འདོད་ནའང་རང་ཉིད་ལ་ཆ་རྐྱེན་ཡོན་ཏན་བསག་དགོས་ལ། དེ་མིན་རྒྱུད་སྐུད་མེད་པའི་གཞུ་ཇི་བཞིན་མདའ་མོ་འབེན་ལ་འཕེན་འདོད་པ་ནི་སྟོང་སེམས་ཁོ་ནར་འགྱུར། དེ་ཕྱིར། ཤེས་རབ་བསྐྱེད་པ་ལའང་རང་གི་མཐོང་ཐོས་སུ་གྱུར་པའམ་བསམ་ཚུལ་སོགས་གཞན་ལ་སྒྲོ་སྐུར་དང་སྦ་གསང་མེད་པར་དྲང་པོར་སྨྲ་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་ཁ་བཤད་ལག་སྒྲུབ་ཀྱིས་སོ་སོའི་བཟའ་འགྲོ་སྡོད་ཉལ་ཀྱི་ཆས་བཞི་སོགས་ཚད་ལྡན་ཚུལ་མཐུན་བྱ་དགོས།

གཞན། “ཕྱིར་རྗེས་སུ་ནི་ལྟ་བ་དང་།། བག་ཡོད་ཁོང་ཁྲོ་མེད་པ་དང་།། བརྩོན་འགྲུས་བརྟན་ཞིང་མི་གཡེལ་བའི།། མི་ལ་དཔལ་མགོན་ཉེ་བར་གནས།།”{21}ཞེས་པ་དང་། “གང་ཞིག་ལན་ལ་མི་རེ་བར།། སྦྱིན་པ་གཏོང་ལ་སེམས་སྤྲོ་བ།། དེ་ནི་སྙན་དངགས་མཁས་པ་བཞིན།། མི་ཡུལ་འདི་ན་གྲགས་པས་མཛེས།།”{22}ཞེས་པ། “གང་ལ་བཟོད་པའི་རང་བཞིན་ཆུ།། ཁྲོ་བའི་མེ་ནི་ཞི་བྱེད་པ།། གདུལ་བྱའི་ཐབས་ཀྱི་མཆོག་ཡོད་པ།། དེ་ལས་དགྲ་རྣམས་ག་ལ་སྡང་།།”{23}ཞེས་པ་སོགས་ལས་ཤེས་

རབ་བསྐྱེད་པ་ལ་ད་དུང་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་བཅས་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དག་བསྐྱེད་དགོས་ལ། དེ་བཞིན་དུ་ལས་སྒྲུབ་བྱས་ན་ཤེས་རབ་ལེགས་པར་བསྐྱེད་དེ་སེར་སྣ་དང་། ཚུལ་འཆལ། ཞེ་སྡང་། ལེ་ལོ། རྣམ་གཡེང་། ཤེས་འཆལ་བཅས་ཕར་ཕྱིན་གྱི་མི་མཐུན་ཕྱོགས་དྲུག་བཅོམ་ཏེ་དགེ་སྐྱོན་དང་ཡིན་མིན་སོགས་ཀྱི་བླང་དོར་ལེགས་པར་འབྱེད་པའི་ཤེས་པ་རབ་ཀྱི་ཕ་མཐར་སོན་ཐུབ།

མཇུག་བསྡུ་བའི་གཏམ།

དེ་ཡང་ས་སྐྱ་པཎ་ཆེན་གྱིས། ཡོན་ཏན་སྐྱོན་གཉིས་སུ་ལས་ཀྱང་།། འདྲིས་པ་འབྱེད་པ་ཤེས་རབ་ཡིན།། ཞེས་གསུངས་པ་ལྟར། སྤྱིར་ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ལེགས་པར་རྟོགས་བྱེད་ཡིན་པས། ཤེས་རབ་ལྡན་ན་ལེགས་ཉེས་བླང་དོར་ཀྱི་གནས་ལ་ཚུལ་བཞིན་འཇུག་ཐུབ་པའི་ཡོན་ཏན་ལྡན་པ་དང་། ཤེས་རབ་མེད་ན་དགེ་སྒྲུབ་སྡིག་སྤོང་སོགས་ཀྱི་དབྱེ་འབྱེད་ལ་རྨོངས་པའི་སྐྱོན་དག་འབྱུང་སླ་བས་སོ་སོ་སྐྱེ་བོ་དག་གིས་དགེ་སྡིག་བླང་དོར་གྱི་གནས་ལ་ལེགས་པོར་འཇུག་འདོད་ན་ཤེས་རབ་བསྐྱེད་དགོས་པའི་དཔྱད་རྩོམ་འདིས་སློབ་དཔོན་ཀླུ་སྒྲུབ་ཀྱི《ཤེས་རབ་བརྒྱ་པ》གཞིར་བཟུང་ནས་ཤེས་རབ་ལྡན་པའི་ཡོན་ཏན་དང་། ཤེས་རབ་མེད་པའི་སྐྱོན། ཤེས་རབ་བསྐྱེད་པའི་དགོས་པ་དང་ཐབས་ལམ་བཅས་བརྗོད་བྱ་གཙོ་བོར་བཟུང་ནས་ཤེས་རབ་ཀྱི་དགེ་མཚན་སྐོར་རགས་ཙམ་གླེང་བ་བརྒྱུད་ཤེས་རབ་ཀྱི་གལ་ཆེན་རང་བཞིན་དེ་བསྟན་ཡོད་དོ།།

དཔྱད་གཞིའི་ཡིག་ཆ།

①དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། 2002ལོའི་ཟླ4པར་པར་གཞི་དང་པོ་བསྒྲིགས།

②བོད་ཀྱི་ལྟ་གྲུབ་ལས་འཕྲོས་པའི་གནད་དོན་སྐོར་ཞིག་གླེང་བ། ཁུ་བྱུག ཀྲུང་དབྱང་མི་རིག་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དེབ་བསྐྱར་པར་མ། 2011ལོའི་ཟླ2པའི་ཚེས26ལ་དཔར།

③ལེགས་བཤད་ཟླ་བའི་སྣང་བ་ཞེས་བྱ་བ་བཞུགས་སོ།། (《སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་བསྡུས་པ་བཞུགས་སོ》P.615ནས637བར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན) རྒྱ་ཡེ་བཀྲ་བྷོས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས།

④ལེགས་རྩོམ་སྙིང་བསྡུས། (《ཤེས་རབ་བརྒྱ་པ》P.72ནས83བར། འཕགས་པ་ཀླུ་སྒྲུབ) སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ།

⑤བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། སྟོད་ཆ། གཙོ་སྒྲིག་པ་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ2པར་པར་གཞི་དང་པོ།

མཆན་འགྲེལ།

①《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.72

②《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.72

③《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.81

④《དུང་དཀར་ཚིག་མཛོད་ཆེན་མོ》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། 2002ལོའི་ཟླ4པར་པར་གཞི་དང་པོ། P.2028

⑤ཁུ་བྱུག 《བོད་ཀྱི་ལྟ་གྲུབ་ལས་འཕྲོས་པའི་གནད་དོན་སྐོར་ཞིག་གླེང་བ》《སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལས་ཆོས་རྣམས་ཀྱི་གནས་ལུགས་རྟོགས་བྱེད་ཤེས་རབ་ཅེས་པ་ལས་འཕྲོས་པའི་གཏམ་ཞེས་བྱ་བ་བཞུགས་སོ》 P.15

⑥《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.72

⑦ ཁུ་བྱུག 《བོད་ཀྱི་ལྟ་གྲུབ་ལས་འཕྲོས་པའི་གནད་དོན་སྐོར་ཞིག་གླེང་བ》《སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལས་ཆོས་རྣམས་ཀྱི་གནས་ལུགས་རྟོགས་བྱེད་ཤེས་རབ་ཅེས་པ་ལས་འཕྲོས་པའི་གཏམ་ཞེས་བྱ་བ་བཞུགས་སོ》 P.21

⑧《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.73

⑨《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.74

⑩《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.74

{11}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.75

{12}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.76

{13}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.79

{14}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.74

{15}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.75

{16}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.77

{17}ཁུ་བྱུག 《བོད་ཀྱི་ལྟ་གྲུབ་ལས་འཕྲོས་པའི་གནད་དོན་སྐོར་ཞིག་གླེང་བ》《སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལས་ཆོས་རྣམས་ཀྱི་གནས་ལུགས་རྟོགས་བྱེད་ཤེས་རབ་ཅེས་པ་ལས་འཕྲོས་པའི་གཏམ་ཞེས་བྱ་བ་བཞུགས་སོ》 P.23

{18}ཁུ་བྱུག 《བོད་ཀྱི་ལྟ་གྲུབ་ལས་འཕྲོས་པའི་གནད་དོན་སྐོར་ཞིག་གླེང་བ》《སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལས་ཆོས་རྣམས་ཀྱི་གནས་ལུགས་རྟོགས་བྱེད་ཤེས་རབ་ཅེས་པ་ལས་འཕྲོས་པའི་གཏམ་ཞེས་བྱ་བ་བཞུགས་སོ》 P.16

{19}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.73

{20}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.74

{21}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.74

{22}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.73

{23}《ལེགས་རྩོམ་སྙིང་བསྡུས》 《ཤེས་རབ་བརྒྱ་པ》 སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ6པར་པར་གཞི་དང་པོ། P.73

རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ཡིན།

མཚོ་སྔོན་བོད་ཡིག་གསར་འགྱུར།2014.04.25།པར་ངོས17-19པ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།