​གཙང་པོ་རབ་མེད།——ཟོན་ཐར་རྒྱལ་གྱི《གཙང་པོར》རོབ་ཙམ་དཔྱད་པ།

ལྷ་ས།བྱ་གཞུང་དབྱངས་བྷ།

ད་བར་དུ་བོད་ནང་གི་གློག་བཪྙན་ལ་ལྟ་དུས།གློག་བཪྙན་ཚད་ལྡན་ལ་བལྟ་བའི་ཚད་གཞི་ལས་རིམ་པ་གཅིག་གམ་དུ་མ་དམའ་རུ་ཕབ་སྟེ།“ཁག་ཡོད་པ་མ་རེད།ཐོག་མའི་རྡོག་ཐོན་འཕྱིས་དྲགས་པ་རེད”ཅེས་གུ་ཡངས་ཀྱི་མིག་གིས་བལྟ་དགོས་བྱུང་།ཟོན་ཐར་རྒྱལ་གྱི《གཙང་པོར》བལྟས་རྗེས།ཁོ་བོའི་ལྟ་སྟངས་དམིགས་བསལ་བ་དེ་ལ་འགྱུར་བ་ཐེབས་མགོ་བརྩམས་སོང་།པདྨ་ཚེ་བརྟན་གྱི《ཁྱི་རྒན》དང《ཐར་ལོ》གཉིས་ཡག་རབས་ཟེར་ཀྱང་ཉམས་སུ་མྱོང་སྐལ་མ་བྱུང་།《གཙང་པོ》ནི་ངས་བལྟས་པའི་བོད་ནང་གི་གློག་བཪྙན་ལས་གློག་བཪྙན་ཚད་ལྡན་ལྟར་བལྟས་ཆོག་ཆོག་གི་གློག་བཪྙན་ཆེས་ཐོག་མ་དེ་ཡིན།བསྟུད་མར་ཐེངས་གཉིས་ལ་བལྟས་པས།མིག་མཐའ་ཡང་ཡང་བརླན་གྱིས་བཟུང་ཞིང་ཁོ་བོར་ཅི་ཞིག་བརྗོད་འདོད་སྐྱེས་བྱུང་།

སྤྱིར་གློག་བཪྙན་ནི་བརྩམས་སྒྲུང་དང་།ཟློས་གར་དང་།རོལ་དབྱངས་དང་།མཛེས་རིས་སོགས་ལྷན་འདུས་ཀྱིས་གྲུབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཙ་ན།དེ་ལ་དཔྱོད་དུས་ཀྱང་དེ་མཐུན་གྱི་རིག་པའི་གཞུང་ལུགས་ཀྱི་འགྲོས་དང་བསྟུན་དགོས་པ་སྨོས་ཅི་དགོས།ཡིན་ཡང་།ཁོ་བོར་མཚོན་ན།རྩོམ་རིག་ཕུད་པའི་སྒྱུ་རྩལ་གྱི་རྣམ་པ་གཞན་དག་ལ་ཁ་ཐོས་རྣ་ཐོས་ཙམ་ལས་གཞུང་ལུགས་མ་ལག་དང་བཅས་པའི་སྦྱངས་པ་སྔོན་དུ་མ་སོང་བས།

བརྩམས་སྒྲུང་ཀློག་སྟངས་ལྟར་གློག་བཪྙན་ལ་བལྟ་བ་ལས་ཐབས་གཞན་མ་མཆིས།དེ་ནི་ཁོ་བོའི་དུས་རྒྱུན་གྱི་གློག་བཪྙན་ལྟ་སྟངས་ཡིན་ནོ་ཟེར་ན་འབྲེལ་ཡོད་མཁས་པ་དག་གད་མོ་འཆོར་ལས་ཆེ།གང་ལྟར་གཤམ་ནས་འཛེམ་ཟོན་སྤངས་ཏེ་ཟོན་ཐར་རྒྱལ་གྱི་གློག་བཪྙན་བརྩམས་ཆོས《གཙང་པོ》ཞེས་པ་དེ“བརྩམས་སྒྲུང་ལྟར”དུ་བཀླག་པར་བྱའོ།།

དང་པོ།གཅེར་རྗེན་རྗེན་གྱི་འཚོ་བ།

སྤྱིའི་ཆ་ནས་བལྟས་ན།《གཙང་པོ》ནི་ཕ་མ་བཟའ་ཚང་བར་གྱི་བརྩེ་བ་དང་འདུ་འབྲལ་གཙོ་བོར་སྟོན་པའི་གློག་བཪྙན་ཞིག་རེད།གློག་བཪྙན་ལས་ས་མ་འབྲོག་གི་མི་ཚང་ཕལ་བ་ཞིག་གི་མི་རབས་གསུམ་བར་གྱི་བརྩེ་བ་དང་འདུ་འབྲལ་ལ་རྐྱེན་བྱས་པའི“བཟའ་འཁོན”དང་།རང་བྱུང་བབ་ཆགས་ཀྱི་འཚོ་བའི་ཁྲོད་ཀྱི་དཀའ་ཚེགས་དང་རེ་སྨོན་སོགས་གཟུགས་ཅན་དུ་མཚོན་པར་བྱས་འདུག

གློག་བཪྙན་ལས།བོད་ཀྱི“ངོ་མཚར་གསང་བ”གང་མཚར་མཚར་མཉམ་དུ་སྤུངས་ཏེ་རྒྱུས་མིད་ཀྱི་མིག་དབང་འགུག་འདོད་གནང་མི་འདུག་ཅིང་།རྒྱ་ཆེ་ཞིང་གཏིང་ཕུགས་རིང་བའི་བརྗོད་དོན་གང་ཟབ་གང་ཆེ་དག་རྡོ་ཆག་བཙན་སྒྲིག་གིས་སྒྲིག་སྦྱོར་བྱས་པའང་མི་མཐོང་།ཐ་ན་རྐང་བཙུགས་ནས་གནས་ལུགས་དང་གནད་དོན་གང་ཞིག་འཆད་རྩིས་ཀྱང་བྱས་མིད་པར་མི་སྣ་གང་དེ་དག་གི་ཆེས་སྤྱིར་བཏང་གི་འཚོ་བ་དང་འཚོ་སྡོད་ཀྱི་ལས་དབང་ཁོ་ན་གཅེར་རྗེན་རྗེན་དུ་བཤམས་ནས་འདུག འཚོ་བ་དང་འཚོ་སྡོད་ཀྱི་གནས་བབ་དེ་གང་གཅེར་གང་རྗེན་དུ་སྟོན་པའི་ཆེད་དུ།གློག་བཪྙན་ཕལ་ཆེ་བས་སྒྱུ་རྩལ་གྱི་རམ་འདེགས་སུ་སྤྱོད་པའི་རོལ་དབྱངས་ཀྱང་གློག་བཪྙན་དངོས་གཞིའི་སྐབས་སུ་བེད་སྤྱོད་བྱས་མིད་ཅིང་།མི་སྣའི་ལབ་གླེང་ཡང་གནད་དུ་ཐིངས་པ་ཉུང་ངུ་ལས་བེད་སྤྱོད་བྱས་མིད།མི་སྣའི(མི)འཚོ་སྡོད་ཀྱི་ལས་དབང་དང་ཤ་ཡོད་ཁྲག་ཡོད་ཀྱི་འཚོ་བ་ཁོ་ན་ནི་དེ་ལྟར་གཅེར་རྗེན་རྗེན་དུ་བཤམས་པས།《གཙང་པོའི》ཐོག་མཐའ་བར་གསུམ་གཙང་ཞིང་ར་རོས་དབེན།

《གཙང་པོའི》བྱུང་རིམ་མཐའ་དག་གི་ལྟེ་གནད་ནི“བཟའ་འཁོན”ཡིན་ཞིང་།དེའི་འབྱུང་རྩ་ནི་ཨ་མྱེས“ཡར་ལོག”བྱས་པར་ཐུག་ཡོད་པ་སྟེ།ཁོང་གིས་མུ་མཐུད་སྐྱ་བོའི་རྣམ་ཐར་གྱི་མཇུག་བསྐྱངས་ཏེ་ཁྱིམ་དུ་བཞུགས་ཡོད་ཚེ།ཆུང་མ་འདས་མོ་གྲོངས་དུས་ཕན་ཚུན་ངོ་ཐུག་ངེས་པས་རང་གི་བུ་ལ་དེ་ལྟའི་འཁང་སེམས་བསྐྱེད་མི་སྲིད་པས་སོ།།དེ་ཡང་འདི་ལྟ་སྟེ།ཨ་མྱེས་ཁོང་གིས་རང་ཉིད་ཀྱི་མི་ཚེའི་ཕུགས་རེ་དོན་དུ་གཉེར་ཅིང་ཁ་ཁུ་སིམ་པོར་རི་དགོན་ན་བཞུགས་དུས།རྨི་ལམ་མཐའ་དག་དུས་ཀྱི་ཐོར་རླུང་གིས་བཙན་ཤེད་ཀྱིས་གཏོར་ཅིང་ཁྱེར་ཏེ་ཁོ་རང་འཁོར་བའི་ཐང་དཀྱིལ་ལ་སྐད་ཅིག་གིས་འཕངས་པ་རེད།ནམ་ཞིག་རླུང་དམར་ག་ལེ་ག་ལེར་འཇགས་དུས།ཁོ་རང་འཁོར་བའི་འདམ་རྫབ་ཏུ་ཁ་མིད་སྣ་མིད་དུ་ཟགས་ཚར་ཡོད་པ་ཙམ་མ་ཟད་རིགས་རྒྱུད་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཚར་ཡོད།ཡིན་ན་ཡང་།བྱ་རྒན་སྒྲོ་ཟད་དུ་གྱུར་པའི་ཁོང་གིས་ཅི་མི་སྙམ་པར་འཁོར་བའི་བྱ་གཞག་བུ་ལ་གཏད་ཅིང་ཚུལ་ཁྲིམས་གཙང་མས་རི་ཁྲོད་འགྲིམས་ཏེ་ཡང་བསྐྱར་ཐོག་མའི་རྨི་ལམ་གྱི་མཇུག་བསྐྱངས་པ་རེད།དེའི་དབང་གིས།ཁོ་རང་ཆུང་མ་འདས་མོར་མཇུག་མཐའི་ངོ་འཕྲད་དུའང་བཅར་ཡོད་པ་མ་རེད།དེ་ལ་རྐྱེན་བྱས་ཏེ།ཁྱིམ་ཚང་དེར་འགལ་ཟླ་རབས་དང་རིམ་པ་འབྱུང་མགོ་བརྩམས་ཡོད་པ་སྟེ།བུ་ཡིས་ཁོ་ལ་འཁང་སེམས་བཅངས་ཏེ་ལོ་ཤས་རིང་ཁམས་འདྲིར་མ་ཕྱིན་པ་དང་།མནའ་མས་བུ་ཡི་བྱ་སྤྱོད་དེ་མ་བཟོད་པར་བཟའ་འཁོན་བྱས་པ།གཞན་ཡང་འཁང་སེམས་དེ་ལ་རྐྱེན་བྱས་ཏེ་བུ་ཡིས་ཉི་མ་སྔ་སྣུར་གྱིས་རུ་བ་སྤོས་པས་མ་མོ་སྤྱང་ཀིའི་ཁ་ཟས་སུ་གྱུར་ཅིང་ལུ་གུ་རྒྱ་ཁྲ་དྭ་ཕྲུག་ཏུ་ལུས་པ།ཁྱིམ་ནས་གསོས་པའི་དབང་གིས་ལུག་ཁྱུར་མི་འདྲེས་པའི་ལུ་གུ་རྒྱ་ཁྲ་ཡང་སྤྱང་ཀིས་བསད་པས་དབྱངས་ཅན་ལྷ་མོ་ཁེར་སྡུག་གིས་མནར་བ་སོགས་སོ།།དེ་ལྟར།བྱུང་རིམ་ཆེ་ཕྲ་མཐའ་དག་གི་འབྱུང་རྩ་ནི་ཕར་དེད་ན་ཨ་མྱེས“ཡར་ལོག”བྱས་པ་དེར་ཐུག་ཡོད་ཅིང་།དེ་ཡང་མདོར་དེད་ན་སྟོབས་ཆེ་ལ་དབང་བཙན་པའི་དུས་ཀྱི་ཐོར་རླུང་ལ་ཐུག་ཡོད།གློག་བཪྙན་ལས“བཟའ་འཁོན”ཐེངས་དེའི་ཕྱི་རྐྱེན་ནང་རྐྱེན་མཐའ་དག་དེ་ལྟར་རྒྱུ་མ་ཕུ་འདེད་ཀྱིས་གཏན་ཚིགས་ཀྱི་ཨ་ལོང་ཡང་ལོང་ལ་བརྒྱུས་ནས“གཅེར་རྗེན་རྗེན”དུ་བཤམས་འདུག་སྙམ།

རྩ་བ་ཆེ་ལ་གཏིང་ཕུགས་རིང་བའི་དོན་དག་གི་འབྱུང་རྩ་དེས་མི་ཚང་ཕལ་བ་ཞིག་གམ་མི་རིགས་ཤིག་གི་མི་རབས་གསུམ་གྱི་འཚོ་སྡོད་ལས་དབང་ལ་དེ་ལྟར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད།ཁོ་ཚོའི་ཕྱི་ནང་གསང་གསུམ་དང་ལྟོ་གོས་གཏམ་གསུམ་སོགས་ཚེ་སྲོག་དང་འབྲེལ་བའི་རྒྱུ་དང་འབྲས་བུ་མཐའ་དག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད།དེ་ནི་མངོན་སུམ་འཚོ་བའོ།།

དེ་ལྟའི་འཚོ་བའི་གཏམ་རྒྱུད་དེ་བཪྙན་རིས་ཀྱི་ལམ་ནས་འཆད་པའི་གོ་རིམ་ཁྲོད་དུ།ཟོལ་གྱིས་མ་བཅོས་པའི་དབང་གིས་འཚོ་བའི་བབ་ཆགས་ཀྱི་རང་མདངས་ཕྱིར་མངོན་ཐུབ་ཡོད་པ་དང་།དོན་དག་གི་ཕྱི་རྐྱེན་དང་ནང་རྐྱེན་གྱི་རྩ་བར་སྤར་འཛིན་བྱས་པའི་དབང་གིས་དོན་དག་ཆུང་ཚེགས་ཀྱིས་བསྟན་དོན་ཆེན་པོ་མངོན་དུ་ཕྱུང་ཐུབ་ཡོད་པ།བྱུང་རིམ་ཆེ་ཕྲ་ཀུན་གྱི་འཕལ་ཁ་ཤིན་ཏུ་འཕྲོད་པའི་དབང་གིས་གཏན་ཚིགས་བཙན་པ།སྒྲིག་གཞི་ཤིན་ཏུ་ཟོར་ཡང་བར་བྱས་པ་སོགས་སྒྱུ་རྩལ་གྱི་དགེ་མཚན་ཤིན་ཏུ་མང་ངོ་།།

གཉིས་པ།གཙང་པོ།

གློག་བཪྙན་དབུ་རྩོམ་དུས་ནས་བཟུང་།མགོ་རྔ་བར་གསུམ་ཚང་བའི་གཏམ་རྒྱུད་ཅིག་དུས་ཀྱི་གོ་རིམ་ལྟར་འཆད་རྩིས་མ་བྱས་པར་ཐོག་མ་ཉིད་ནས་མི་སྣའི་ནང་སེམས་དང་འདུ་ཤེས་ཀྱི་གཏིང་རིམ་ལ་སྙོབ་པའི་སྦྱོར་བ་བརྩམས་འདུག་སྙམ། དེ་ཡང་གློག་བཪྙན་གྱི་ཁ་བྱང་སྟེ“གཙང་པོའི”མཚོན་དོན་གང་ཡིན་ལ་དཔྱད་པ་ནས་མགོ་རྩོམ་པར་བྱའོ།།

“གཙང་པོ”དེ་ནི་རི་ཁྲོད་པའི(ཨ་མྱེས)མཚམས་ཁང་དང་ཁོང་གི་ནང་མི་འཚོ་སའི་ཁྱིམ་ཚང་གཉིས་ཀྱི་བར་མཚམས་སུ་བཞུར་གྱིན་ཡོད།བཤད་སྟངས་གཞན་ཞིག་གིས་བཤད་ན།“གཙང་པོ”དེ་ནི་རི་དགོན་གྱི་གྲྭ་པ་དང་གྲོང་སྡེའི་སྐྱ་བོ་གཉིས་ཀྱི་བར་ན་བཞུར་གྱིན་ཡོད།རི་ཁྲོད་པ་ཁོང“གཙང་པོའི”ཕ་རོལ་ཏུ་བཞུགས་ཏེ་ཚེ་རབས་ཕྱི་མ་ཕྱི་མའི་ཕུགས་རེ་སྙེག་གིན་ཡོད་ཅིང་ཆུང་མ་བུ་ཕྲུག་གིས“གཙང་པོའི”ཚུར་རོལ་ཏུ་དཀའ་ཚེགས་ཆེན་པོས་ཚེ་འདིའི་འཚོ་ཚིས་སྙེག་གིན་ཡོད།ཆུང་མ་འདས་མོ་གྲོངས་དུས་ཀྱང་ཁོང་གིས“གཙང་པོ”དེ་བརྒལ་ནས་ཚུར་རོལ་ཏུ་ཕེབས་མིད།སྔ་རྒྱུན་ལྟར་འཁོར་བའི་འདུ་འབྲལ་ལ་ཅི་མི་སྙམ་པར་བློ་རྩ་བརྟན་པོས་ཕ་རོལ་ཏུ་བཞུགས་ཡོད།དེ་ནི་དོན་དག་གི་འབྱུང་རྐྱེན་དུའང་གྱུར་ཡོད།ཚུལ་དེར་བསམས་ཤིང་བསམས་ན།མངོན་སུམ་མིག་ལ་སྣང་བའི“གཙང་པོ”དེར་མི་མངོན་པའི་མཚོན་དོན་གཏིང་ཕུགས་ཅན་གཞན་དག་ཡོད་སྣང་འགོག་མིད་དུ་སྟེར།

འཕྲེད་ཀྱིས་བལྟས་ན།“གཙང་པོ”དེ་ནི“ཆོད་མ”ཞིག་སྟེ།ཕ་བུ་གཉིས།མི་རབས་གཉིས།ཆོས་འཇིག་རྟེན་གཉིས།ཚེ་འདི་ཕྱི་གཉིས།ད་ལྟའི་འཚོ་བ་དང་འདས་པའི་ལོ་རྒྱུས་གཉིས།མངོན་སུམ་འཚོ་བ་དང་ཕུགས་ཀྱི་རེ་སྨོན་གཉིས་སོགས་སོ་སོར་ཕྱེ་ཞིང་བར་ཐག་གིས་ཆོད་པར་བྱས་ཡོད།ཡང་གཞུང་གིས་བལྟས་ན།“གཙང་པོ”དེ་ནི“སྦྲེལ་ཐག”ཅིག་སྟེ།ཕ་བུ་གཉིས།མི་རབས་གཉིས།ཆོས་འཇིག་རྟེན་གཉིས།ཚེ་འདི་ཕྱི་གཉིས།ད་ལྟའི་འཚོ་བ་དང་འདས་པའི་ལོ་རྒྱུས་གཉིས།མངོན་སུམ་འཚོ་བ་དང་ཕུགས་ཀྱི་རེ་སྨོན་གཉིས་སོགས་ཡུག་གཅིག་ཏུ་སྦྲེལ་ནས་ཡོད།

དེ་ལྟར་བལྟས་ན།གློག་བཪྙན་གྱི་མགོ་མཇུག་བར་གསུམ་དང་བྱུང་རིམ་ཆེ་ཕྲ་ཐམས་ཅད“གཙང་པོས”

ཆོད་ཅིང་སྦྲེལ་ཡོད་པ་ཞིག་ཡིན།“གཙང་པོ”དེ་ནི་རིག་གནས་ཀྱི་གཙང་པོ།ལོ་རྒྱུས་ཀྱི་གཙང་པོ།འདུ་ཤེས་ཀྱི་གཙང་པོ།ཚེ་སྲོག་གི་གཙང་པོ།སྐྱེ་འཆིའི་གཙང་པོ།རིགས་རྒྱུད་ཀྱི་གཙང་པོ།ཕུགས་འདུན་གྱི་གཙང་པོ་ཞིག་སྟེ།མི་རིགས་ཤིག་གི་ལོ་རྒྱུས་ཀྱི་ཁོངས་གསེང་ནས་བཞུར་འོངས་ཏེ་མི་རབས་དང་མི་རབས་དག་བར་གྱིས་ཆོད་བཞིན་ཡོད་ཅིང་ལྷན་དུ་སྦྲེལ་བཞིན་ཡང་ཡོད།

འཇིག་རྟེན་འཚོ་གནས་དང་ཕྱི་མའི་ཕུགས་རེ་ནི་གཙང་པོ་དེའི་ཁ་གཏིང་སྟེ།སོ་སོར་ཕྲལ་དུ་མིད་ཅིང་ཡང་ཁ་ཁ་སོ་སོར་གནས་ཡོད་པ་ཞིག་ཡིན།དེའང་མངོན་སུམ་འཚོ་བའོ།།

གློག་བཪྙན་མཇུག་བསྡུ་དུས་ཀྱང་ཆོད་ཅིང་སྦྲེལ་ལ་འགལ་ཅིང་འབྲེལ་བའི“གཙང་པོ”རབ་མིད་དེའི་ཁུགས་སོ་ན།གདམ་ཀ་དང་སྙོམ་སྒྲིག་ཇི་ལྟར་བྱེད་མིན་མ་ཤེས་པར་ལུས་པའི་རྒན་བྱིས་གཞོན་གསུམ་གྱི་མི་རབས་གསུམ་དེ་ལྟར་གཏོལ་མིད་དང་རེ་སྨོན་གྱིས་ཁྲིད་ནས་བཞུར་གྱིན་འདུག མི་རིགས་ཤིག་དེ་ལྟར་གཏོལ་མིད་དང་རེ་སྨོན་གྱིས་ཁྲིད་ནས་བཞུར་གྱིན་འདུག ཡང་ན།རྒན་བྱིས་གཞོན་གསུམ་གྱི་མི་རབས་གསུམ་གྱི་ནང་སེམས་ཁོང་ན“གཙང་པོ”རབ་མིད་ཅིག་རྒྱུག་གིན་འདུགཐོབ་ཤོར་དང་རེ་སྨོན་གྱི་ལྦུ་བ་སོབ་སོབ་ཏུ་རྒྱུག་གིན་འདུག ཡང་ན།མི་རབས་གསུམ་པོ་དེ་ནི་མ་གཞི་ནས་གཏིང་ཕུགས་རིང་བའི་རིག་གནས་ཤིག་ལས་མཆེད་ཅིང་ཐོག་མཐའ་མིད་པར་རྒྱུག་གིན་པའི་གཙང་པོ་རབ་མིད་ཅིག་ཡིན་སྣང་སྟེར་རོ།།

གསུམ་པ།ཟམ་པ་ཆུང་ཆུང་།

བྱིས་བློའི་དྭངས་གཙང་གི་རྐྱེན་པས།དབྱངས་ཅན་ལྷ་མོ་ནི“གཙང་པོའི”སྟེང་གི་ཟམ་པ་ཆུང་ཆུང་ཞིག་དང་འདྲ་བར་ཕ་བུ་གཉིས་དང་ཁྱོ་ཤུག་གཉིས་ཀྱི་བར་དུ་འཚངས་པའི་ཆོད་མ་མཐའ་དག་བསལ་ཏེ་མི་རྒན་ཚོ་ཡུག་གཅིག་ཏུ་སྦྲེལ་ཡོད།བྱིས་བློའི་དྭངས་གཙང་གི་རྐྱེན་པས།དབྱངས་ཅན་ལྷ་མོ་ནི་མ་གཞི་ནས་ཟམ་པ་ཆུང་ཆུང་ཞིག་སྟེ།མི་དང་སྲོག་ལྡན་དུད་འགྲོའི་བར་དང་།མི་དང་སྲོག་མིད་དངོས་པོའི་བར།མི་དང་རང་བྱུང་ཁམས་ཀྱི་བར་སོགས་གང་ཡིན་ཡང“གཙང་པོའི”ཆོད་མ་མིད་པར་ཕྱི་འདྲིས་ནང་འདྲིས་བྱེད་ཐུབ་ཀྱིན་ཡོད།

ཡིན་ཡང་།མི་རྒན་གྱི་གཏན་ཚིགས་དང་གནས་ལུགས་ལྟར་ཐག་བཅད་པའི་འཚོ་བའི་ཁོར་ཡུག་དང་ལུགས་སྲོལ་གྱི་མདུན་དུ།“ཟམ་པ་ཆུང་ཆུང”དེ་ནི་ཅི་འདྲའི་ཉམ་ཆུང་ཨང་།ཅི་འདྲའི་ཁེར་རྐྱང་ཡིན་ཨང་།གྲང་རླུང་ཤུར་ཤུར་ལྡང་བའི་དཔྱིད་མགོའི་ནངས་མོ་དེར།སྦྲ་ནག་གི་ཆོན་ཐག་ལ་བཀལ་བའི་ཨ་མའི་པགས་པ་དང་ལུ་གུ་རྒྱ་ཁྲ།དབྱངས་ཅན་ལྷ་མོ་གསུམ་སྦྲ་ལྷས་ན་ཁེར་ཧྲེང་ངེར་ལུས་པའི་བཪྙན་རིས་དེ་ཅི་འདྲའི་མིག་ལ་གཟན་ཨང་།ད་དུང་ཡང་མིག་ལམ་ལ་འཁོར་འཁོར་བྱེད།

ལུ་གུ་རྒྱ་ཁྲ་སྤྱང་ཀིས་བསད་སོང་།དབྱངས་ཅན་ལྷ་མོ་ཁེར་རྐྱང་དུ་ལུས་སོང་།ཨ་ཕ་དང་ཨ་མྱེས་གཉིས་ཀྱི་བར་དུ་རྒྱུག་གིན་པའི“གཙང་པོ”དེའི་ཁུགས་སོ་ནས་ཁེར་རྐྱང་དུ་ལུས་སོང་།ཚེ་འདི་ཕྱི་གཉིས་ཀྱི་བར་དུ་རྒྱུག་གིན་པའི“གཙང་པོ”དེའི་ཁུགས་སོ་ནས་ཁེར་རྐྱང་དུ་ལུས་སོང་།དབྱངས་ཅན་ལྷ་མོས་ཨ་ཕ་དང་ཨ་མྱེས་གཉིས“གཙང་པོས”ཆོད་ཡོད་པ་ཡུག་གཅིག་ཏུ་སྦྲེལ་ཐུབ་ཡོད་ཀྱང་སྲིད་མོད།ལུ་གུ་རྒྱ་ཁྲ་དང་ཁོའི་ཨ་མ་གཉིས་ཚེ་འདི་ཕྱིའི“གཙང་པོས”ཆོད་ཡོད་པ་དེ་ཡུག་གཅིག་ཏུ་སྦྲེལ་མ་ཐུབ།རང་ཉིད་དང་ལུ་གུ་རྒྱ་ཁྲ་གཉིས་ཀྱི་དབར་དུ་ཚེ་འདི་ཕྱིའི“གཙང་པོས”ཆོད་ཡོད་པ་དེ་ཡང་ཡུག་གཅིག་ཏུ་སྦྲེལ་མ་ཐུབ།དབྱངས་ཅན་ལྷ་མོའི་རེ་སྨོན་ཉག་གཅིག་ནི་དཔྱིད་ཀར་ས་འོག་ཏུ“བཏབ”

ཡོད་པའི་དོམ་ཕྲུག་དཀར་ཆུང་ལས་སྟོན་ཀར་དོམ་ཕྲུག་མང་པོ“སྐྱེས”ཚེ།དེ་ཚོ་ཁྱེར་ནས་རི་ཁྲོད་ཀྱི་ཨ་མྱེས་ལ་ཁམས་འདྲིར་ཐེངས་ཤིག་འགྲོ་རྒྱུ་དེའོ།།

དབྱངས་ཅན་ལྷ་མོ་ནི་སྣོད་དང་བཅུད།མི་དང་མི།མི་དང་དུད་འགྲོ་སོགས་ཀྱི་དབར་ན་ཕྱི་གསལ་ནང་གསལ་དུ་འཚེར་བའི་ཟམ་པ་ཆུང་ཆུང་ཞིག་དང་འདྲ།ཟམ་པ་ཆུང་ཆུང་དེ་ཁེར་ཧྲེང་ངེར་ལུས་ཡོད།

བཞི་པ།དཔྱིད་ཀ

གློག་བཪྙན་གྱི་ཐོག་མཐའ་བར་གསུམ་དུ།འཁྱགས་རོམ།ཁ་བ།ལྷགས་རླུང་།ཁ་ཆར་བུ་ཡུག སྤྱང་ཀིབཟའ་འཁོན།སྐྱེ་འཆི།འདུ་འབྲལ་སོགས་མི་སྡུག་ཅིང་མི་སྐྱིད་པའི་ཉམས་སྟབས(气氛)སྟུག་པོ་ཞིག་གིས་ཁྱབ་ཡོད།ཡིན་ན་ཡང་།འཁྱག་ཤུར་ཤུར་གྱི་ཉམས་སྟབས་དེའི་རྒྱབ་ལོགས་སུ་དྲོད་ལམ་ལམ་གྱི་རེ་སྨོན་བསྐུངས་ནས་ཡོད་དེ།ཨ་མྱེས་ལ་མཚོན་ན།བར་ཆད་ཀྱིས་བཅོམ་པའི་ཆོས་ཀྱི་ཕུགས་འདུན་མངོན་དུ་འགྱུར་བར་སྔར་བཞིན་འབད་བཞིན་ཡོད་ཅིང་།ཁྱོ་ཤུག་གཉིས་ཀྱིས་ཕྲུ་གུ་གཉིས་པ་སྐྱེ་བའི་རྟེན་འབྲེལ་སྒྲིག་བཞིན་ཡོད།དབྱངས་ཅན་ལྷ་མོས་ཀྱང་ལུ་གུ་རྒྱ་ཁྲ་སྤྱང་ཁ་ལ་ཤོར་བའི་སྡུག་བསྔལ་ལས་ཐར་ཏེ་དོམ་ཕྲུག་གི“སྟོན་འབྲས”ལེན་པར་རེ་བ་རྒྱག་གིན་ཡོད་པའོ།།

གློག་བཪྙན་ལས་མཚོན་དོན་དེ་དག་དེ་མཐུན་གྱི་མཚོན་རྟགས་ཁ་ཤས་ཀྱིས་མཚོན་ཡོད་པ་སྟེ།ཨ་མྱེས

(རི་ཁྲོད་པ)རི་ཁྲོད་ཀྱི་མཚམས་ཁང་ལས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བ(གཞན་གྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་ལུས་པོར་བརྟག་དཔྱད་བྱེད་དུ་ཁྲིད་པ་ཕུད་མཚམས་ཁང་ཁོ་ནར་བཞུགས་པ)དང་།ཁྱོ་ཤུག་གཉིས་ཀྱིས་སོན་བཏབ་པ་དང་གཟི་ཪྙེད་པ(གཟི་ཡི་ཆེད་དུ་གཞན་དང་འཛིང་རེས་ཤོར་བ)དབྱངས་ཅན་ལྷ་མོས་ཞིང་ནང་དུ་དོམ་ཕྲུག་སོན་དུ་བཏབ་པ་སོགས་སོ།།

དཔྱིད་ཀ་སླེབས་བྱུང་།གློག་བཪྙན་གྱི་དབུ་དཔྱིད་ཀའི་སོན་འདེབས་ཁྲོད་ནས་བརྩམས་ཤིང་མཇུག་ཀྱང་དཔྱིད་ཀའི་ཆར་ཆུའི་ཁྲོད་ནས་བསྡུས་ཡོད།དཔྱིད་ཀ་ནི་རེ་བས་ཁེངས་ཤིང་གསོན་སྟོབས་འབར་བའི་དུས་ཚིགས་ཤིག་རེད།རིགས་རྒྱུད་ཅིག་གི་སྐྱེ་རྒྱུན་གྱི“གཙང་པོ”ཇི་སྲིད་མ་འཆད་པ་དེ་སྲིད་དུ།གང་དེའི་ཚེ་སྲོག་གི་དཔྱིད་ཀ་དུས་ལྟར་བསླེབ་ངེས་ཤིང་འཚོ་བའི་རེ་སྨོན་ཡང་ཡེ་ནས་འཇགས་མི་སྲིད།དེ་མཐུན་གྱི་དད་མོས་དང་འཚོལ་སྙེག་གི་གོམ་མཚམས་ཀྱང་འཇོག་མི་སྲིད།དེ་ནི་བསྒྱུར་དུ་མིད་པའི་ཆོས་ཉིད་ཅིག་སྟེ།སྟོབས་ཆེ་ལ་དབང་བཙན་པའི་དུས་ཀྱི་ཐོར་རླུང་རབས་དང་རིམ་པས་ཀྱང་གསད་དུ་མིད་པ་ཞིག་གོ།མི་ཞིག་ལ་མཚོན་ན་ཡང་འདྲ།མི་རིགས་ཤིག་ལ་མཚོན་ན་ཡང་འདྲ།

སེམས་ཁོང་ན་རེ་སྨོན་ཡོད་པས།འཚོ་བ་ལ་ཁ་ཕྱོགས་ཡོད་པར་གྱུར།སེམས་ཁོང་ན་རེ་སྨོན་ཡོད་པས།ཚེ་སྲོག་གི་དོན་སྙིང་ཪྙེད་པར་གྱུར།རེ་སྨོན་ནི་ཆག་འཇིག་ཉམ་ང་སྟོབས་ཆེན་པོ་དག་གིས་ཀྱང་གཞོམ་གཞིག་མིད་པ་ཞིག་གོ།

དེ་ལྟར་གློག་བཪྙན《གཙང་པོ》ལས་དཔྱིད་ཀ་ནི་མཚོན་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་།གློག་བཪྙན་འདིའི་བསྟན་དོན་བདེ་བླག་ཏུ་རྟོགས་པའི་ལྡེ་མིག་ལྟ་བུ་ཞིག་ཀྱང་ཡིན་པར་སེམས་སོ།།

ལྔ་པ།མཇུག་གཏམ།

གློག་བཪྙན་གྱིས་བཪྙན་རིས་ལ་བརྟེན་ནས་མི་སྣའི་སྣང་བཪྙན་བཞེངས་པ་དང་།བརྩམས་སྒྲུང་གིས་ཡི་གེའི་སྦྱོར་བ་ལ་བརྟེན་ནས་མི་སྣའི་སྣང་བཪྙན་བཞེངས་པར་བྱེད།སྔ་མས་འཁྲབ་མཁན་གང་ཟག་གི་འཁྲབ་སྟོན་གཙོར་བྱེད་ཅིང་།ཕྱི་མས་བྱུང་རིམ་གྱི་ཞིབ་འབྲི་གཙོར་བྱེད།དེ་གཉིས་ཀྱི་ཐབས་ལམ་ལ་ཧེ་བག་ཤིན་ཏུ་ཆེ་ན་ཡང་སྒྱུ་རྩལ་སྣང་བཪྙན་ལ་བརྟེན་ནས་མི་དང་འཚོ་བ་མཚོན་པའི་ཆ་ནས་གཅིག་པ་གཅིག་རྐྱང་ཡིན།མ་ཟད།གློག་བཪྙན་ནི་ཟློར་གར་དང་།རོལ་དབྱངས་དང་།

མཛེས་རིས་སོགས་ལྷན་འདུས་ཀྱིས་གྲུབ་པ་ཞིག་ཡིན་མོད་ཀྱང་།རྨང་གཞིའམ་རྩ་བར་གྱུར་པའི་འཁྲབ་གཞུང་ནི་རྩོམ་རིག་གི་ཁོངས་སུ་གཏོགས་ཤིང་ཕལ་ཆེ་བ་བརྩམས་སྒྲུང་བཟོ་བཅོས་བྱས་ནས་བྱུང་བ་ཞིག་གོ།

རྐྱེན་དེ་དག་གི་དབང་གིས།ཁོ་བོར་གློག་བཪྙན《གཙང་པོར》“བརྩམས་སྒྲུང་ཀློག་སྟངས”ལྟར་དཔྱད་པ་གཏོང་བའི“ཧམ་པ”དང་ཀུན་སློང་སྐྱེས་པའང་ཡིན།དཔྱད་པ་ཕྲན་བུ་འདི་ཡང་གློག་བཪྙན་གྱི་བསྟན་པ་ཁ་བའི་ལྗོངས་སུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།