​ཨམ་སྐད་ཁྲོད་ཀྱི་"སྤོ་ལངས་"དང"ཧྲོ་ལངས་སོགས་ཀྱི་འབྲི་སྟངས་དངོས་གང་ཡིན་པར་ཅུང་ཟད་དཔྱད་པ།

རྩེ་ཆུ་གདུགས་དཀར་སྐྱབས། 

 

གླེང་གཞི། 

དེང་སང་བོད་ཀྱི་ཡུལ་མང་པོར་རྩོམ་འབྲི་བ་མང་པོས་སོ་སོའི་ལུང་སྐད་དག་ཡིག་ཐོག་ཏུ་ཕབ་སྟེ་འབྲི་བའི་སྲོལ་ཞིག་ཡོད་དེ། དཔེར་ན། ཧ་ཅང་གི་ཚབ་ཏུ་ཞེ་དྲག་དང་ཞེད་སྣང་། ཞེད་པོ། ཕྱེད་ཀ་ལ་ཚལ་བ་དང་། ཁོང་ཁྲོ་ལངས་པ་ལ་སྤོ་ལངས་པ་སོགས་འབྲི་མོད། ལར་འདིའི་རིགས་འདི་ལ་དཔྱད་པ་རེ་བཏང་སྟེ། སྙིགས་དོར་བཅུད་ལེན་གྱིས་འབྲི་བ་ལས། གང་དགར་བྲིས་ཚེ། བསྟན་བཅོས་ཀྱི་སྐད་དེ་བོད་སྤྱི་བས་གོ་ཐུབ་པའི་སྐད་ལ་གནོད་པ་ཆེད་པོ་བཟོ་སྲིད། གལ་སྲིད། ཁ་སྐད་དག་པོར་འབྲི་བའི་ཕྱོགས་སུ་གོམ་པ་སྤོ་བར་བྱས་ཚེ། དེ་དག་ཡིག་སྐད་དུ་བྲིས་ཀྱང་སྐྱོན་མེད་པ་མ་ཟད། ཕན་པ་ཆེ་བར་བསམ། ཉེ་སྔོན་ངོས་ཀྱིས་སྐད་འཕྲིན་སོགས་སུ་མི་ཁ་ཤས་ཀྱིས་ཁོང་ཁྲོ་ལངས་ཞེས་པའི་ཚབ་ཏུ་ཁ་སྐད་ཀྱི་"སྤོ་ལངས་"དང་"སྤོ་མ་ལངས་"ཞེས་འབྲི་ཞིང་དེ་ཉིད་ཧ་ཅང་དག་པོའི་འབྲི་སྟངས་ཤིག་ཏུ་བསམ་སྟེ་འབྲི་ཞིང་བཀོལ་བ་མཐོང་ཞིང་།  རང་གིས་ཕར་ལ་སྤོ་ལངས་ཞེས་འབྲི་བ་ལས་སྤྲོ་ལངས་ཞེས་བྲིས་ན་ཁུངས་དང་ལྡན་ཞིང་ལེགས་ཚུལ་བཤད་ན་མི་འཐད་པའི་བརྡ་ཡང་མང་དུ་སྟོན། དེར་བརྟེན་འདིར་གུས་པས་རང་གི་ནུས་ཚོད་ཀྱིས་ཨམ་སྐད་དུ་ཁོང་ཁྲོ་ལངས་པའི་དོན་ལ་སྤོ་ལངས་པ་ཞེས་བྲིས་ན་མི་དག་ཅིང་། སྤྲོ་ལངས་པ་ཞེས་བྲིས་ན་བསྟན་བཅོས་ཀྱི་སྐད་དང་མཐུན་ཚུལ་ལུང་དང་རིགས་པར་བརྟེན་ཏེ་ཅུང་ཟད་གླེང་བར་འདོད། 

དང་པོ། ཨམ་སྐད་དུ་ཁོང་ཁྲོ་ལངས་པའི་མིང་ལ་"སྤོ་ལངས"ཧྲོ་ལངས"དཔོ་ལངས"་ཟེར་བ་སོགས་ཀྱི་རྩ་བའི་ཁུངས་དངོས་ནི་"སྤྲོ་ལངས་"ཞེས་པ་ཡིན་ཚུལ་གླེང་བ། 

དབུས་གཙང་བ་དང་འབྲུག་པས་ཁོང་ཁྲོ་ལངས་པའི་དོན་དུ་ཚིག་པ་ཟ་བ་སོགས་ཟེར་ལ། ཨ་མདོ་བ་ནི་དེ་དག་དང་མི་འདྲ་བར་ལུང་པ་མི་འདྲ་བར་"སྤོ་ལངས"དང་། "ཧྲོ་ལངས"།"དཔོ་ལངས"སོགས་བརྡ་མི་འདྲ་བ་འབའ་ཞིག་བཀོལ། དེ་ལྟ་མོད། བརྡ་དེ་དག་གི་རྩ་བའི་ཁུངས་ནི་གཅིག་ལས་མི་འདུག་པར་ཁོ་བོས་བསམ། དེས་ན་རྩ་བའི་ཁུངས་དེ་གང་ཡིན་ཟེར་ན། དེ་"སྤྲོ་ལངས་"ཞེས་པ་ཡིན་ངེས་ཏེ། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་1"མདོ་སྨད་དུ་རང་རེ་ལ་ཆ་རྒྱུས་ཡོད་པའི་ཡུལ་ཁོ་ནར་ཡང་སྤྲོ་ལྟ་བུའི་ཡིག་འབྲི་གཅིག་ལ་ཡང་དཔོ། བསོ། ཧྲོ། སྤོ་སོགས་སུ་བཀླགས་པས་"ཞེས་བརྡ་མི་འདྲ་བ་དེ་དག་ནི་སྤྲོ་ཞེས་པའི་ཡི་གེ་དེའི་སྒྲ་འབྱིན་སྟངས་མ་འདྲ་བ་ཙམ་དུ་གསུངས་ཡོད་ལ།  དེ་ཡང་།སྤྲོ་ལངས་པ་ཞེས་པ་ཁོང་ཁྲོ་ལངས་པའི་དོན་ཡིན་པ་ནི། 2<<ཚིག་མཛོད་ཆེན་མོར>>"སྤྲོ་ལངས།རླུང་ངམ་ཁོང་ཁྲོ་ལངས་པ།  གློ་བུར་དུ་སྤྲོ་ལངས་ནས་རྐང་བརྡབ་ལག་བརྡབ་བྱེད་པ། ཁ་སྐྱེངས་སྤྲོ་ལངས།"ཞེས་འབྱུང་པ་ལས་ཤེས།  དེས་ན་སྤྲོ་ལངས་པ་ཞེས་པ་ཅི་ལྟར"་སྤོ་ལངས་པ་"དང་"དཔོ་ལངས་པ། "ཧྲོ་ལངས་པ་སོགས་སུ་འགྱུར་བ་རེད་ཟེར་ན། དེ་ཡང་སྐད་ཀྱི་འགྱུར་ལུགས་ཉག་ཅིག་ལ་འབྲེལ་ཡོད་དེ། ཨ་མདོའི་སྐད་འདི་སྐད་རྙིང་གྲས་ཀྱི་གྲས་སུ་བརྩི་ཞིང་། འགྱུར་བ་ཉུང་བའི་སྐད་དུ་ངེས་འཛིན་མོད། དོན་དུ་དེ་ལ་ཡང་རང་གི་ཚོད་དང་མཐུན་པའི་འགྱུར་བ་རེ་ཡོད་པ་ནི་ཆོས་ཉིད་དོ། དཔེར་ན། ཨམ་ཁུལ་དུ། སྦྲ་ཞེས་པའི་མིང་གཅིག་པུར་ཀྱང་རོང་ཁུལ་དུ་སྦ་དང་འབྲོག་ཁུལ་དུ་བ་རསོགས་ཟེར་ཞིང་། དེ་ཡང་སྔ་མས་འདོགས་ཅན་ར་ཡིག་བོར་བ་དང་། ཕྱི་མས་མགོ་ཅན་ས་བོར་ཞིང་ཕྲལ་བར་ཀློག་པ་ཡིན་པར་ངེས། གཞན། མྱི་ཞེས་པའི་ཀློག་སྟངས་འདི་ལ་ཡང་འབྲོག་ཁུལ་འགའ་ཤས་སུ་ཕྲལ་བའི་ཀློག་སྟངས་ལྟར་མི་ཡི་ཞེས་ལ་མོར་མགོ་འདོགས་གཉིས་ཀ་ཐོན་པ་བྱས་ཏེ་ཀློག་པ་དང་། རོང་ཁུལ་དང་འབྲོག་ཁུལ་འགར་མྱི་ལ་ཡང་ཉི་སྒྲ་ཙམ་ལས་མི་ཐོན། དེ་བས་"སྤྲོ་ལངས་"ཞེས་པ་ཡང་སྤོ་ལངས་དང་དཔོ་ལངས། "ཧྲོ་ལངས"སོགས་སུ་འགྱུར་སྲིད། བརྡ་དེ་བཞི་བོའི་ཁྲོད་དུ་ཧྲོ་ལངས་ཞེས་པ་མ་གཏོགས་པའི་འབོད་སྟངས་གཞན་རྣམས་ཀྱིས་ནི་ར་བཏགས་བོར་བ་འོ། དེ་ཡང་གསལ་བོར་བཤད་ན། རེབ་གོང་སོགས་ཀྱིས་གཙོས་པའི་རོང་ཕྱོགས་སུ་སྤྲོ་ལངས་པ་ལ་སྤོ་ལངས་པ་ཟེར་ཞིང་། དེ་ཙམ་གྱིས་མ་ཟད་པར། ཁོ་ཚོས་སྤྲང་པོ་ལ་སྤང་ངོ་། སྤྲད་ལ་སྤད། སྦྲུལ་ལ་སྦུའུ། སྤྲེའུ་ལ་སྤེས། སྦྲ་ལ་སྦ་སོགས་ཟེར་བས་འདོགས་ཅན་ར་བོར་བའི་ཀློག་སྟངས་དེ་ཆོས་ཉིད་ཅིག་ཏུ་གྲུབ་འདུག དེ་བཞིན་རྨ་ལྷོ་རྫོང་དང་རྨ་ཆུ།འགོ་ལོག་སོགས་ཀྱི་ཡུལ་གྲུ་མང་པོར་སྤྲོ་ལངས་པའི་མིང་ལ་དཔོ་ལངས་པ་ཟེར་མོད། ཁོ་ཚོའི་བརྡ་དེ་ཡང་སྒྲ་འབྱིན་སྟངས་མ་འདྲ་བ་ཙམ་ལས། མ་གཞི་སྤྲོ་ཡི་ར་བཏགས་བོར་བའི་གོང་གི་རོང་སྐད་ཀྱི་གནས་ཚུལ་དང་གཅིག་མཚུངས་ཡིན་ཞིང་། དེའི་རྒྱུ་མཚན་ནི་ཁོ་ཚོས་སྤ་སྒྲ་ཡོད་ཚད་ལ་དཔའ་སྒྲ་ལྟར་འབྱིན་པས་ཡིན་ཏེ། སྤུན་ལ་དཔུན། སྤུ་ལ་དཔུ། སྤོར་ལ་དཔོར། གཞན། སྤྲང་པོ་དང་སྤྲད། སྤྲེའུ་སོགས་ཀྱི་ར་བཏགས་ཀྱང་བོར་ཏེ། དཔང་བོ་དང་དཔད། དཔས་སོགས་ཟེར་བས། དཔོ་ལངས་<རྨ་ལྷོ་རྫོང་གིས་སྤྱང་ཀི་ལ་ཡང་ཡ་བཏགས་བོར་ཏེ་དཔང་ཀི་ཟེར>ཞེས་པ་ཡང་དོན་དུ་སྤོ་ལངས་ཞེས་པའི་སྒྲ་འབྱིན་སྟངས་མ་འདྲ་བ་ཙམ་ལས་གཞན་མིན། དེས་ན།ཧྲོ་ལངས་པ་ཞེས་པ་ནི་ཅི་ལྟར་ཡོང་ངམ་ཟེར་ན། དེ་ནི་ཕལ་ཆེར་རྩེ་གཞུང་པ་དང་རྩེ་གཞུང་ནུབ་ངོས་ཀྱི་ཡུལ་འབའ་ཞིག་གི་སྐད་དེ།  ཡུལ་དེ་བའི་སྐད་དུ། སྤྲ་སྒྲ་ཕལ་ཆེ་བ་ཧྲ་ལྟར་འབྱིན་ཏེ། སྤྲིན་ལ་ཧྲིན། <སྤྲིན་ལ་ཧྲིན་ལྟར་སྒྲ་སྦྱིན་པ་ནི་རྔ་བ་སོགས་ཡུལ་འགའ་མ་ཐེ་བའི་ཨ་མདོའི་ཡུལ་གཞན་ཀུན་གཅིག>ཨ་མདོ་སྤྲང་བོ་ལ་བཧྲང་ངོ་། སྤྲུགས་ལ་བཧྲུགས། སྤྲད་ལ་བཧྲད། སྤྲད་ལ་བཧྲད། སྤྲོ་ལངས་པ་ལ་ཧྲོ་ལངས་པ་སོགས་ཟེར་བས། འདི་ཉིད་སྤྲོ་ལངས་པ་ཞེས་པ་དག་པའི་སྒྲུབ་བྱེད་ཅིག་ཏུ་ཡང་རང་ཤུགས་ཀྱིས་གྱུར། བརྡ་འདི་ཡུལ་དེས་སྦྲ་ལ་བ་ར་ཞེས་པའི་ཀློག་པ་དེ་དང་འདྲ་བར་ས་ར་ཞེས་ཕྲལ་བར་ཀློག་སྟངས་ལྟར་ཡིན་ལ།   འདི་ནི་གནའ་བོའི་ཀློག་སྟངས་ཤིག་ཏུ་ཡང་ངེས་པར་བསམ་སྟེ། ལ་དྭགས་ཟངས་དཀར་པ་ཚོས་ཀྱང་ཁོང་ཁྲོ་ལངས་པ་ལ་ཧྲོ་ལངས་སོགས་ཟེར། དེ་བས་སྤོ་ལངས་པ་དང་དཔོ་ལངས་པ། ཧྥོ་ལངས་པ། ཧྲོ་ལངས་པ་གང་ཡིན་ཡང་རྩ་བའི་འབྱུང་ཁུངས་ནི་སྤྲོ་ལངས་པ་ཞེས་པ་བས་འགྲོ་ས་མེད་པར་མནོ། 

གཉིས་པ། གནའ་དཔེ་མང་པོར་ཁོང་ཁྲོ་ལངས་པའི་དོན་ལ་སྤྲོ་ལངས་ཞེས་བྲིས་ཡོད་པ་སྟོན་པ། 

ང་ཚོས་མིང་དང་ཚིག་གང་ཞིག་གི་འབྲི་སྟངས་དག་དང་མི་དག་གི་ཤན་འབྱེད་དུས་ཁུངས་བརྟེན་ས་གཙོ་བོ་གནའ་དཔེ་འབའ་ཞིག་ལས་ཡོད་པ་མ་ཡིན། རྒྱུ་མཚན་ནི། དིང་གི་འབྲི་སྲོལ་དུ་ཆགས་པའི་ཡི་གེ་དག་དང་ཁ་སྐད་དུ་གྲུབ་པའི་བརྡ་དག་ཀྱང་ཕལ་ཆེ་བ་བརྡ་རྙིང་འབའ་ཞིག་ནས་འགྱུར་ཏེ་ཡོང་བ་ཡིན་ངེས་པས། འདིར་ཁོང་ཁྲོ་ལངས་པའི་མིང་ལ་སྤྲོ་ལངས"ཞེས་པ་དག་པ་སྒྲུབ་པར་ཡང་གོང་གི་རིག་པའི་སྒྲུབ་སྟངས་ཙམ་གྱིས་མི་ཆོག་པར། ལུང་ཡང་དག་པ་རེ་ཡོད་ན། སྒྲུབ་བྱ་དག་པའི་བདེན་དཔང་དུ་ཅིས་ཀྱང་འགྱུར་བས། འདིར་གནའ་དཔེ་འབའ་ཞིག་གི་ཁྲོད་ནས་ཁོང་ཁྲོ་ལངས་པའི་དོན་དུ་སྤྲོ་ལངས་པ་ཞེས་བྲིས་ཡོད་པའི་དཔེར་མཚོན་འགའ་དྲངས་ན། རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་ཅིང་ཇོ་བོ་རྗེས་གཏེར་ནས་བཏོན་པར་གྲགས་པའི་3<<བཀའ་ཆེམས་ཀ་ཁོལ་མ>>རུ། རྒྱལ་པོ་སྟངས་ཞལ་ཡབ་ཡུམ་གསུམ་གྱི་སྐུ་ཡལ་ལུགས་ཡ་མཚན་ཞིང་། ངོ་མཚར་ཆེ་བ་འདི་འདྲ་སུ་ལ་བཤད་ཀྱང་བདེན་པར་མི་འཛིན་སྙམ་ནས་ཁ་རོག་པར་འདུག་གོ། ལན་གསུམ་དུ་དྲིས་ཀྱང་ལན་མ་བྱུང་བས། དབས་ཀྱི་སྟག་སྣ་རིང་མོ་སྤྲོ་ཐུང་བས་རལ་གྲི་བཏོན་ནས། ཞེས་དང་། 4<<ལྡེའུ་ཆོས་འབྱུང>>དུ། ཆུང་ན་རྐུ་བའི་སྲིན་མོ་མར་འདྲེན་དང་། སྤྲོ་ཐུང་གསར་ངས་ཅི་ལྟས་ཅིར་མ་སྡུག། དེ་ལྟ་བུ་ནི་ཁྱིམ་ཐབ་མི་འཚལ་ལོ།། ཞེས་འབྱུང་ཞིང་། གོང་གི་ལུང་དེ་གཉིས་ལས་སྤྲོ་ཐུང་ཞེས་པའི་སྤྲོ་ནི་ཁོང་ཁྲོའི་དོན་ལ་འཇུག་ཅིང་། སྤྲོ་ཐུང་ཞེས་པ་ནི་ཁོང་ཁྲོ་སྐྱེན་པའི་དོན་དུ་ཡིན་པས། རོང་ཁུལ་དུ་ཡང་མི་སྤོ་ཐུང་ཐུང་ཅན་དང་། འབྲོག་ཁུལ་དུ་ཧྲོ་ཐུང་ཐུང་ཅན་སོགས་ཟེར། དེས་ན་ཁོང་ཁྲོའི་དོན་ལ་སྤྲོ་འཇུག་པར་དཔང་པོ་ཞིག་འདི་ནས་རྙེད། གཞན་ཡང་། 5<<མར་པ་ལོ་ཙཱ་བའི་རྣམ་ཐར>>དུ། ད་རེས་གཉོས་ཀྱིས་ཁྱེད་ལ་ཕྲག་དོག་བྱས། དཔེ་ཆ་ཆུ་ལ་ཕོ་དུས། ཐུགས་སྤྲོ་མ་ལངས་པར་ཁོང་ལ་དབྱངས་གསུངས་པ་ཐོས་པས་ངོ་མཚར་ཆེ། ཞེས་དང་། 6<<མི་ལ་རས་པའི་རྣམ་མགུར>>དུ།" དགེ་བཤེས་རྩག་ཕུ་བའི་སྐོར་བཤད་སྐབས། "དེར་ཁོ་ཁོང་ཁྲོ་སྐྱེས་སྤྲོ་ལངས་རུང་ཀུན་ཁ་འཆམ་སྟེ། འཛིང་བས་ནི་མ་ཐུབ་པར་ནག་རོག་གེ་འདུག་ཅེས་ཁོང་ཁྲོ་མ་ལངས་པ་ཞེས་པའི་ཚབ་ཏུ་ཐུགས་སྤྲོ་མ་ལངས་པ་དང་ཁོང་ཁྲོ་ལངས་པའི་དོན་དུ་སྤྲོ་ལངས་ཞེས་སྦྱར་ཡོད་པས་སྤྲོ་ལངས་པ་ཞེས་པ་ནི་ཁོང་ཁྲོ་ལངས་པའི་དོན་ཡིན་པར་ར་སྤྲོད་ལེགས་པོ་བྱས་འདུག་གོ  དེེས་ན་ང་ཚོས་ཁ་སྐད་དུ་རྒྱུན་དུ་སྤྱོད་པའི་སྤོ་ལངས་དང་དཔོ་ལངས། ཧྲོ་ལངས་སོགས་ཀྱང་། དོན་དུ་སྤྲོ་ལངས་ཞེས་པའི་སྒྲ་འགྱུར་བ་ཙམ་ལས་གཞན་མིན་པས། ཡིག་སྐད་དུ་འབྲི་ཚེ་འདི་ལྟར་བྲིས་ན་བཟང་པར་བསམ། དེ་མིན་པར་སྤོ་ལངས་བ་སོགས་སུ་བྲིས་ཚེ། སྤྲང་པོ་ལ་ཡང་སྤང་ངོ་དང་། སྤྲུགས་ལ་སྤུགས། སྤྲད་ལ་སྤད་སོགས་སུ་འབྲི་བའི་འགན་ཁུར་ཐོག་ཏུ་བབས་འདུག  རྒྱུ་མཚན་ནི་དེ་དག་གི་འགྱུར་སྟངས་དང་ཆོས་ཉིད་གཅིག་པར་གོང་ནས་བཤད་ཟིན་པའི་ཕྱིར་རོ། 

གསུམ་པ། མཇུག་བསྡུ་བ། 

ང་ཚོས་རྩོམ་ཡིག་སོགས་འབྲི་དུས་བསྟན་བཅོས་ཀྱི་སྐད་དང་མཐུན་པར་འབྲི་བ་ནི་ཅིས་ཀྱང་གཙོ་བས། ཚོགས་པར་དབྱུང་དུ་མི་རུང་བའི་ལུང་སྐད་སོགས་ནི་ཡིག་སྐད་ཀྱི་ཁྲོད་དུ་བསྲེས་ན་མི་ལེགས་ཤིང་། རྒྱ་ལ་ཅིས་ཀྱང་ཁ་སྐད་ཁྲོད་ཀྱི་ཐ་སྙད་དག་ཡིག་སྐད་དུ་འབྲི་དགོས་བསམ་ན།   གོང་དུ་ངས་བཤད་ཟིན་པ་ལྟར། ཁོང་ཁྲོ་ལངས་པ་ཨ་མདོ་ཁུལ་དུ་སྤོ་ལངས་པ་སོགས་འབོད་སྟངས་མང་པོ་བདོག་ཀྱང་། མཐར་གཏུགས་ན་སྤྲོ་ལངས་པ་ལྟར་བྲིས་ན་བསྟན་བཅོས་ཀྱི་སྐད་དང་མཐུན་ཞིང་ལེགས་ཞེས་པ་ལྟར་དཔྱད་པ་ཆུང་ངུ་རེ་བཏང་སྟེ་ཐ་སྙད་བཀོལ་སྤྱོད་བྱས་ན། བོད་སྐད་ཡིག་དང་བོད་སྐད་ཡིག་དོན་དུ་གཉེར་མཁན་རང་གཞན་གཉིས་ལ་ཕན་ཞིང་། དེ་ལས་ལོག་སྟེ། འོལ་ཚོད་དང་ཨུ་ཚུགས་ཀྱིས་སེམས་ལ་གང་དྲན་བཞིན་ཡིག་ཐོག་ཏུ་ཕབ་སྟེ་བཀྲམ་ན་མི་ལ་གནོད་ཅིང་རང་ཉིད་ཁྲེལ་བའི་རྒྱུ་རུ་འགྱུར་བས། བློ་ལྡན་ཀུན་གྱིས་དེའི་ཕྱོགས་ལ་ཐུགས་བསམ་རེ་གཏོང་བ་ཅི་བས་ཀྱང་གལ་ཆེ་འོ། 

    


དཔྱད་གཞིའི་ཡིག་ཆ། 

1  དགེ་འདུན་ཆོས་འཕེལ་གྱིས་བརྩམས། <<གཏམ་རྒྱུད་གསེར་ཐང>>  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གཉིས་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཕྱི་ལོ་༢༠༠༣ལོའི་རྩོམ་རིག་འཛིན་གྲྭས་བསྒྲིགས། དཔེ་སྐྲུན་ཁང་སོགས་མི་གསལ། p༢༢༢

2 <<ཚིག་མཛོད་ཆེན་མོ>>  ཁ་པར་བིམ་པའི་སྟེང་གི་ཚིག་མཛོད། 

3  ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད། <<བཀའ་ཆེམས་ཀ་ཁོལ་མ>> བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་༢༠༡༥ལོའི་ཟླ༩བ། དཔར་ཐེངས་དང་པོ། p༡༨༩

4 མཁས་པ་ལྡེའུས་མཛད། <<ལྡེའུ་ཆོས་འབྱུང>>ཞེས་བྱ་བ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ༢༠༡༠ལོའི་ཟླ༡༢པ། དཔར་ཐེངས་གཉིས་པ། p༤༦

 5 ཁྲག་འཐུང་རྒྱལ་པོས་བརྩམས། <<མར་པ་ལོ་ཙཱ་བའི་རྣམ་ཐར>>  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༨༤ལོའི་ཟླ་༤པ། དཔར་ཐེངས་དང་པོ། p༣༩

6 རུས་པའི་རྒྱན་ཅན་གྱིས་བརྩམས། <<མི་ལ་རས་པའི་རྣམ་ཐར>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ༢༠༡༡ལོའི་ཟླ་༢པ། དཔར་ཐེངས་བདུན་པ། p༧༩༢

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།