ཇ་ལས་འཕྲོས་པའི་དོགས་དཔྱོད།

ཀླུ་ཐང་ཆུ་སྐྱེས།

ང་ཚོའི་དུས་རྒྱུན་འཚོ་བའི་ཁྲོད། ཇ་ནི་ཧ་ཅང་སྤྱོད་སྒོ་ཆེ་བའི་བཏུང་ཆས་ཤིག་ཡིན་པར་མ་ཟད།ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད་པའི་ཐོན་རྫས་རྩ་ཆེན་ཞིག་ཀྱང་ཡིན། ཇ་ནི་ཐོག་མར་རྒྱ་ནག་ལས་དར་ཞིང་།དར་ཚུལ་ཡང་ལོ་ངོ་ལྔ་སྟོང་ཙམ་གྱི་སྔོན་དུ་རྒྱའི་ཡུལ་དུ་བྱུང་བའི་རྒྱལ་པོ་སྔ་ཤས་སན་ཧོང་ཝུའུ་ཏིའི་ནང་ཚན་ཡན་ཏིའམ། ཤིན་ཏུ་ང་ཞེས་པའི་རྒྱལ་པོ་འདིས་སྐྱེ་འགྲོ་རྣམས་ཀྱི་འབྱུང་བཞིའི་ཁམས་ལ་ཕན་པར་གཟིགས་ནས་གསོ་བ་རིག་པའི་གཞུང་མང་དུ་བརྩམས་ཤིང་།རྩི་ཤིང་མི་འདྲ་བ་མང་པོ་ཞིག་སྨན་གྱི་སྦྱོར་རིགས་སུ་ཡོང་མིན་དཔྱད་པའི་སྐབས་སུ། ལུས་ཕུང་ལ་དུག་སྣ་མི་གཅིག་པ་བདུན་ཅུ་ཙམ་ཕོག དེ་ནས་དུག་སེལ་བའི་ཐབས་ལ་འབད་སྐབས། ངོ་མཚར་བའི་སྡོང་བོ་ཞིག་མིག་སྔར་ཤར་ཞིང་།དེའི་ལོ་མ་བླངས་ཏེ་དྲི་མ་སྣོམ་བཞིན་ལྕེ་རྩེ་རུ་རོལ་བ་ན། དྲི་མ་ཞིམ་ལ་སྣང་བ་སངས་ཐུབ་པར་མ་ཟད། དུག་ཀྱང་ཧར་གྱིས་སངས། དེ་ནི་ད་ལྟ་ང་ཚོས་ཇ་ཞེས་འབོད་བཞིན་པ་འདི་ཡིན་པ་དང་། དེ་ནས་དུས་ཡུན་གང་འཚམ་རིང་འདི་ཉིད་སྨན་གྱི་ཚུལ་དུ་ལོངས་སྤྱོད་པ་ལས་བཏུང་བྱར་སྤྱོད་པ་མིན། དུས་ཕྱིས་ཊེའི་རྒྱལ་རབས་སྐབས་སུ་ཊེའི་གུང་བྱ་བ་ཞིག་གིས། ཇ་ཆང་སོགས་བཏུང་བའི་དབྱེ་བ་འབྱེད་པའི་བསྟན་བཅོས་ཨར་ཡཱ་ཞེས་པའི་གཞུང་ཞིག་བརྩམས་ཤིང་། སླར་ཞིང་ལང་ཟེར་བའི་ས་ཆའི་ཨུ་ཀྱི་ཚའི་ཞེས་པའི་མཁས་པ་དེས། ཨར་ཡཱ་ཞེས་པའི་གཞུང་གཞིར་བྱས་ནས་སྣོད་སྤྱད་བཟོ་ཚུལ་དང་ཇ་བསྐོལ་ཚུལ། དེ་ལོངས་སྤྱོད་ཚུལ་རྣམས་ཞིབ་པར་ཕྱེ་བའི་གཞུང་ཚན་གསུམ་བརྩམས་པ་ནས་ཇ་ནི་ཐུན་མོང་གིས་ལོངས་སུ་སྤྱོད་བྱ་ཞིག་ཏུ་གྱུར་ཏོ། ཇའི་མིང་ལའང་རྒྱ་ནག་ཏུ་འབོད་ཚུལ་མི་འདྲ་བ་ལྔ་ཙམ་ཡོད་དེ།ཁྲོན(荈) ཇ (槚) སྲུ(漠) མིང (茗) ཁྲ(茶)སོགས་སུ་འབོད་ལ།

ལྟག་ཨོ་རྒྱན་གྱི་ཇ་ཡི་བསྟན་བཅོས་ལས། ཇ་ཡི་སྐོར་གྱི་དཔེ་གཞུང་ཐོག་མ་མཛད་མཁན་དེ་ལུའུ་ཡུས་ཡིན་པར་བཤད་པ་སོགས་བཤད་ཚུལ་མི་མཐུན་པ་མང་ངོ་།།དེའི་ཕྱིར་ཇ་ཞེས་པའི་མིང་འདིའང་རྒྱ་སྐད་ཀྱི(槚)ལས་ཟུར་ཆགས་པ་ཡིན་གྱི་ཕ་སྐད་དངོས་ནི་མིན་ནོ། བོད་དུ་ཇ་དར་ཚུལ་ནི་འདུས་སྲོང་མང་པོ་རྗེ་ལ་ཚ་བའི་ནད་ཕོག་སྟེ་སྐུ་མཚམས་བར་བཞུགས་དུས། ཕོ་བྲང་གི་པུ་ཤུ་ཟུར་ན། བྱེའུ་སྔར་མཐོང་མ་མྱོང་བ་ཞིག་གིས་ཤིང་ལོ་ཁུར་ནས་སྐད་སྒྲོག་བཞིན་པ་རྒྱལ་བོས་གཟིགས་ཀྱང་ཐུགས་སྣང་མ་མཛད། ཉི་མ་ཤར་མཚམས་སུ་ཉིན་ལྟར་ཤིང་ལོ་ཁུར་འོངས་ནས་དེར་འབབ་པ་ན། ཁོང་ཉིད་དེར་ཐེ་ཚོམ་སྐྱེས་ནས་ཤིང་དེ་རྣམས་ལ་བརྟགས་ཤིང་སྣེ་མོ་ཞལ་དུ་བཅུག་ནས་བྲོ་བ་མྱོང་བས།ཞལ་སྐྱེམ་པ་སོས།དེ་ནས་དེ་ནི་བཏུང་བའི་མཆོག་ཏུ་གཟིགས་ཏེ། བློན་འབངས་རྣམས་ལ། ང་ན་བའི་སྐབས་འདིར། གཞན་གྱི་བཟའ་བཏུང་ནི་གང་ཡང་མི་འདོད། བྱེའུས་ཁྱེར་འོང་བའི་ཤིང་བུ་འདི།ལུས་ཀྱི་གསོས།ནད་ཀྱི་སྨན་དུ་འདུག་པས།ང་ལ་གློ་བ་ཉེ་བ་རྣམས་ཀྱིས། ཤིང་འདི་ལྟ་བུ་གར་འདུག་འཚོལ་དང་། བྱ་དགའ་ཆེན་པོ་སྟེར་གསུངས་པ་ན། སྟོད་སྨད་བར་གསུམ་ལ་བཙལ་ཡང་མ་རྙེད། མཐར་རྗེར་ལྷག་བསམ་དཀར་བའི་འབངས་ཤིག དེའི་ཆེད་དུ་ས་མཐའ་རུ་འཁྱམས་འཁྱམས་པས་ཤིང་དེ་རྙེད། ཁོ་རང་གིས་ཁལ་རྒྱབ་གཅིག་ཁུར། ཤ་བ་ཞིག་བཟུང་ནས་དེ་ལ་ཁལ་རྒྱབ་ཞིག་བཀལ་ནས་རྒྱལ་པོའི་སྤྱན་སྔར་ཕུལ་བས། ཐུགས་ཤིན་ཏུ་དགྱེས་ནས། བྱ་དགའ་གྱ་ནོམ་པ་གནང་ལ། ཁོང་གི་བསྙུང་སངས་པར་ཡང་ཕན་ཆེན་པོ་བྱུང་བར་བཤད་དོ།། རྒྱ་བོད་ཡིག་ཚང་དང་མཐུན་པར་དེབ་དམར་དང་ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་མང་སྲོང་སྐབས་སུ་དར་བར་བཤད་ལ། སྲིད་དོན་རྒྱལ་རབས་དང་དེབ་དཀར།རྒྱལ་རབས་གསེར་གྱི་ཕྲེང་བ་སོགས་ཀྱིས་ཀྱང་དེ་མཐུན་ཕྱོགས་སུ་མཛད་སྣང་ངོ་།། འོན་ཀྱང་འདི་ལ་དཔྱད་པར་བྱ་བ་མང་སྟེ། བློན་ཆེན་པོ་སམ་བྷོ་ཊས། སྤྱི་སྤྱོད་ཀྱི་བོད་ཡིག་འདི་གསར་གཏོད་མཛད་སྐབས། སྟོད་ཀྱི་ཅ་ཆ་ཇ་གསུམ་དང་སྨད་ཀྱི་ཞ་ཟ་འ་གསུམ་སྟེ་དྲུག་པོ་གསར་དུ་བསྣན་པར་གསུངས་པས། ཇའང་ཐོན་མིས་མི་ཞིག་ལ་གང་ནས་འོང་།ཅི་བྱེད་དུ་འགྲོ་ཞེས་དྲིས་པར། ཞང་ཞུང་ནས་འོང་།ཇ་ཉོ་རུ་འགྲོ་ཞེས་པའི་ཚིག་ལ་གཞི་བྱས་ཏེ་ཇ་སོགས་ཀྱི་ཡིག་གཟུགས་གསར་གཏོད་མཛད་པར་གཞིགས་ན། དེ་དུས་ནས་ཇ་ང་ཚོར་དར་ཡོད་པ་གདོན་མི་ཟའོ།། གཞན་ཡང་རྒྱ་བཟའ་བོད་ལ་ཕེབས་ཁར་ཇ་སོགས་ལེགས་སྐྱེས་སུ་ཁྱེར་འོང་བ་ཡང་བདེན་ཤས་ཆེ་སྟེ། ཇ་ནི་སྐབས་དེར་ཤིན་ཏུ་རྩ་ཆེ་བའི་ལེགས་སྐྱེས་ཤིག་ཡིན་པར་མ་ཟད། ཇ་ལ་རྒྱ་མིས་མཐོང་ཆེན་ཚད་ལས་འདས་པ་བྱེད་དེ།དཔེར་ན། བློན་ཆེན་ཕན་ཚུན་མགྲོན་བསུ་བྱེད་སྐབས་ཇས་སྣེ་ལེན་བྱེད་པ་དང་།ཐ་ན་རྒྱལ་པོ་དང་བློན་པོ་སོགས་གཤེགས་ནའང་ཇ་དང་ཇ་སྣོད་དག་བེམ་པོ་དང་མཉམ་དུ་དུར་སྦས་བྱ་དགོས་ཚུལ་ལ་གཞིགས་ནའང་ཤེས་སོ།། གཞན་ཡང་།ཐང་རྒྱལ་རབས་སྐབས་སུ་རྒྱ་མིས་ཇའི་མིང་ལ་ཁྲ་ཞེས་པའི་མིང་འདི་སྤྱི་ཁྱབ་ཀྱིས་བཀོལ་བཞིན་པར་བཤད་པས། དེའི་སྐབས་སུ་དར་བ་བདེན་ན་ང་ཚོས་འབོད་ཚུལ་དེ་དོར་ནས། ཡུལ་ལུང་བྱེ་བྲག་པ་ཞིག་གི་འབོད་ཚུལ་ཏེ།ཇ་ཞེས་པའི་མིང་འདི་བཀོལ་དགོས་པའི་རྒྱུ་མཚན་ཅི་ཡང་མེད་དོ། ། དེས་ན་འདི་ལྟར་བསམ་སྟེ། མང་སྲོང་སྐབས་སྔར་མེད་ཀྱི་ཇ་དར་བར་བཤད་པ་ནི་བོད་རང་གིས་ངོས་འཛིན་བྱས་པའི་ཇའི་རིགས་བྱེ་བྲག་པ་ཞིག་ཡིན་སྙམ། རྗེ་ཉིད་ཀྱིས་བཏུང་བྱར་ཚོད་ལྟ་བྱས་ཤིང་། མཐར་ལེགས་འགྲུབ་བྱུང་བ་ཞིག་ཡིན་པ་གོང་གི་ལོ་རྒྱུས་ལས་ཀྱང་རྟོགས་ནུས་ལ། འདི་བཏུང་བའི་སྣོད་སྔར་ཡོད་པའི་གཟི་འཆོང་། གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་ཞལ་སྐྱོགས་འདི་རྣམས་ཀྱང་མ་ཡིན་པའི་སྔར་མེད་ཀྱི་སྣོད་ཅིག་འཚོལ་དགོས་དོན་དང་།ཇི་ལྟར་བཟོ་དགོས་ཚུལ་ཞུས་པར། སྣོད་ཀྱི་དབྱིབས་ནི་རྒྱ་ནག་ལ་མ་དར་བ་ཞིག་དང་།རི་མོ་ནི་རབ་ཀྱི་སྟེང་དུ་བྱེའུ་ཁ་ན་ཤིང་ཁྱེར་བ་རེ་ཕྲིས་ཞེས་བཀའ་བསྩལ་ཚུལ་སོགས་ལ་གཞིགས་ནའང་རང་ཅག་གིས་ཇའི་རིགས་བྱེ་བྲག་པ་ཞིག་གསར་དུ་ངོས་བཟུང་ཞིང་དེ་མཚོན་སླད་དུ།བཏུང་བའི་སྣོད་དང་།དེའི་དབྱིབས་དང་སྟེང་གི་རི་མོ་བཅས་པ་གསར་རྐྱང་ཞིག་བཟོས་པ་ལོས་ཡིན་སྙམ། དེ་ལྟ་མིན་ན་རྒྱ་ནག་ལ་ཇ་བཏུང་བྱའི་སྣོད། དཀར་ཡོལ་ཟེར་བ་ཞིག་ཡོད་པར་གོ་ནས། ཇ་ཟེར་བ་ཞིག་ཡོད་པ་མི་ཤེས་པ་ག་ལ་སྲིད།

རྒྱ་བོད་ཡིག་ཚང་ལས།རྒྱལ་པོ་འདིའི་དུས་སུ།བོད་ན་སྔར་མེད་པའི་ཇ་དང་དཀར་ཡོལ་བྱུང་བའི་ལོ་རྒྱུས་ཡོད་པ།རྒྱས་པར་གཞན་དུ་ལྟ།ཞེས་གསུངས་པར་བརྟགས་ན།སྐབས་དེར་ང་ཚོར་ཇ་དང་འབྲེལ་བའི་བསྟན་བཅོས་རྒྱས་པ་ཞིག་ཡོད་པར་ངེས་མོད།དུས་རབས་ཀྱི་ཆག་འཇིག་གི་བར་ནས།དེ་དང་དེ་ལྟ་བུའི་རིན་ཐང་ཅན་གྱི་བསྟན་བཅོས་མང་པོ་ཞིག་འབྱུང་བཞིར་བསྟིམས་སོང་བ་ནི།ཅི་འདྲའི་སྐྱོ་དགོས་པ་ཞིག་རེད་ཨང་།

སྤྱིར་ཇའི་དབྱེ་བ་དང་བཟང་ངན་རབ་འབྲིང་ཐ་གསུམ།དེ་དག་གི་ཕན་གནོད།ཇ་ལ་བརྟག་ཐབས་སོགས་ཇ་དང་འབྲེལ་བའི་ཤེས་བྱ་མང་པོ་འདུག་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་སོ།།

སྨྲས་པ

ཕལ་ཆེར་མི་དཔྱོད་ཚིག་རྐྱང་རྗེས་སུ་འགྲོ།།

ལ་ལ་ཡང་དག་རྟོགས་པའི་ཤེས་རབ་བྲལ།།

གཞན་དག་ཆགས་སྡང་ཚིག་མདའ་སྤྲོས་པ་ལས།།

དངོས་བྱུང་ལོ་རྒྱུས་ལྐོག་གྱུར་གནས་སུ་རྫངས།།

སྣ་མང་ལོ་རྒྱུས་གཞུང་གི་གཏེར་མཛོད་ལས།།

གང་ཞིག་བདག་ལ་བགོ་སྐལ་གནང་བ་བཞིན།།

མ་བཀྲལ་བཏང་སྙོམས་མཐིལ་དུ་འཛིན་པ་འདི།།

བཀྲལ་ཙའི་སྐལ་བ་ལྷ་ཡིས་གནང་ངམ་སྙམ།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།