ཀྲུང་གོ་བོད་ཀྱི་དྲ་བ།

ས་ཁང་རྙིང་པའི་སྙན་ཚིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནམ་མཁའི་འགྱུར་ལྡོག་བློ་ཡིས་མི་དཔོགས་བཞིན། །མི་ཚེ་སྐྱིད་སྡུག་སུས་ཀྱང་དཔག་པར་དཀའ། །འབུ་སྲིན་རྟ་བླར[1]རྐང་ལག་མང་ན་ཡང་། །བསྐྱོད་པའི་ཚེ་ན་སྦྲུལ་གྱི་དོ་ཟླ་མིན། །ཁྱིམ་བྱའི་གཤོག་ཟུང་རབ་ཏུ་ཁེབས་ཆེ་ཡང་། །འཕུར་བའི་དུས་ན་ཁ་ཏར་བསྒྲུན་དུ་མེད། །རྟ་ཕོར་རྒྱང་རིང་བསྐྱོད་པའི་བང་ཡོད་ཀྱང་། །མ་ཆིབས་བར་དུ་རང་ཉིད་བགྲོད་པ་མེད། །མི་ཡི་འདོད་བློས་ནམ་མཁའི་མཐའ་བརྟོལ་ཡང་། །ལས་སྐལ་མེད་ན་མངོན་དུ་འགྱུར་བ་དཀའ། །

གནའ་མི་སྲིད་པ་རྒད་པོའི་ཁ་དཔེ་ལ། །འཇིག་རྟེན་འཁོར་བའི་ཡུལ་ན་འཚོ་དུས་སུ། །འབྱོར་ལྡན་ཡིན་ཡང་བག་མེད་ལས་མི་བྱེད། །དབུལ་ཕོངས་གྱུར་ཀྱང་བློ་ཕུགས་འགྱུར་བ་མེད། །རྩོམ་པས་གནམ་ས་འགེབས་པའི་ཁུང་ཙི་[2]ཡང་། །ཁྲུན་[3]ཞེས་རྒྱལ་ཁབ་ཆུང་བར་སྡོད་ལ་ལྟོས། །སྟོབས་རྩལ་ཇུས་ལ་མཁས་པའི་ཐའེ་ཀུང་[4]ཡང་། །ཝེ་ཆུའི་ནང་དུ་ཉ་མོ་འཛིན་པར་གཟིགས། །ཡན་ཡོན་[5]ཚེ་ཐག་ཐུང་ཡང་ཁོག་ངན་མིན། །ཏའོ་ཀྲི་[6]ཚེ་ཐག་རིང་ཡང་བྱམས་ལྡན་མིན། །གོང་མ་ཡའོ་[7]ནི་མཁས་མཛངས་ལྡན་ན་ཡང་། །གུས་ལུགས་མེད་པའི་བུ་རུལ་སྐྱེས་ལ་ལྟོས། །ཀུའུ་སུའོ་[8]བློ་དང་རིག་པས་རྟུལ་གྱུར་ཀྱང་། །གུས་ལུགས་ཤེས་པའི་བུ་མཛངས་བསྐྱངས་ལ་གཟིགས། །ཀྲང་ལང་[9]མ་གཞི་འབངས་མི་ཕལ་བ་སྟེ། །ཞའོ་ཧུ་[10]ཡང་ནི་རྫོང་དཔོན་ཙམ་ཞིག་གོ །

ཡན་ཙིའི་ལུས་གཟུགས་མཐོ་ལྔར་མི་ལོང་ཡང་། །ཆི་རྒྱལ་བཀའ་བློན་ཆེན་པོའི་གོ་ཐོབ་བཞེས། །ཁུང་མིང་རྩྭ་ཡི་སྤྱིལ་བུར་གནས་འཆའ་ཡང་། །ཧྲུའུ་ཧན་དམག་གི་བློ་འདོན་ཆེན་མོར་གྱུར། །ཁྲུའུ་རྗེ་སྟོབས་ཀྱིས་མངའ་འཕང་བརྙེས་ན་ཡང་། །ཝུའུ་ཆུའི་འགྲམ་ནས་ཕམ་སྟེ་རང་སྲོག་བཅད། །ཧན་རྗེ་ཉམས་ཞན་སྟོབས་ཆུང་ཡིན་ན་ཡང་། །མཐའ་མར་དཔག་ཚད་སྟོང་གི་མངའ་ཁོངས་ཐོབ། །ལི་ཀོང་རྒྱ་སྟག་བསྒྲལ་བའི་རྩལ་ལྡན་ཡང་། །མི་ཚེ་གང་པོར་རྗེ་བོའི་ཐོབ་མ་བསྩལ། །ཧྥིན་ཐང་རྒྱལ་ཁབ་སྐྱོང་ལ་ཐབས་མཁས་ཀྱང་། །ཚེ་གང་མཛངས་པའི་རྗེ་བོར་མ་འཕྲད་དོ། །ཧན་ཞིན་རྗེ་བོ་མཛངས་ལ་མ་འཕྲད་དུས། །ཐུན་གཅིག་ཟས་ཀྱང་བཟའ་དཀའི་ཡུལ་དུ་གྱུར། །ལས་ཀྱི་སྐལ་བཟང་ཐོག་ཏུ་སྨིན་པ་ན། །དམག་དཔོན་ཆེན་པོའི་ཕྱག་རྒྱའི་དཔལ་གྱིས་མྱོས། །འོན་ཏེ་བསོད་ནམས་བཟང་པོ་ཟད་གྱུར་དུས། །ཇུས་ངན་མུན་པའི་ནང་དུ་བཀྲོངས་ལ་ལྟོས། །

ལ་ལ་སྔོན་ལ་དབུལ་ཡང་རྗེས་སུ་ཕྱུག །ལ་ལ་གཞོན་དུས་རྒུད་ཀྱང་རྒས་ཚེ་དར། །བློ་ཁོག་རིག་པས་བརྟས་པའི་མཁས་པ་ཡང་། །མགོ་བོ་དུང་ལྟར་དཀར་ཡང་ཕལ་བར་ལུས། །ཤེས་ཡོན་ནོར་གྱིས་ཕོངས་པའི་བླུན་པོ་འགའ། །གཞོན་ནུ་དུས་ནས་གསེར་བྱང་ཐོབ་པ་ཡོད། །རབ་མཛེས་ལྷ་མོ་ལྟ་བུའི་བཙུན་མོ་ཡང་། །ལས་ཀྱིས་དེད་ནས་གཞང་འཚོང་ཆུན་མར་འགྱུར། །ཀུན་ལ་འཆལ་བར་སྤྱོད་པའི་སྨད་འཚོང་ཡང་། །ལས་ཀྱིས་བསྐོས་ནས་ཆེན་མར་འགྱུར་བའང་ཡོད། །སྒེག་ལྡན་ལྷ་མོ་ལྟ་བུའི་མཛངས་མ་ཡང་། །བླུན་ནག་སྐྱེས་པའི་ཆུང་མར་གྱུར་ལ་ལྟོས། །ལང་ཚོ་དཔལ་གྱིས་བསྙེན་པའི་ཕོ་གསར་ཡང་། །མི་སྡུག་རྩིང་སྤྱོད་ཅན་གྱི་ཁྱོ་ཀར་འགྱུར། །གཡུ་འབྲུག་སྐལ་བཟང་དུས་ལ་མ་འཕྲད་ན། །ཆུ་ཡི་འཇིངས་དང་ཉ་སྲམ་ཁྲོད་དུ་སྦས། །ཕོ་རབ་གོ་སྐབས་བཟང་པོར་མ་འཕྲད་ཚེ། །མི་ཆུང་ཐ་མའི་ཞབས་སྟེགས་གྱུར་ལ་ལྟོས། །

ལུས་ཀྱི་གྱོན་ཆས་རལ་བར་གྱུར་ན་ཡང་། །གུས་ལུགས་བཟང་པོ་ནམ་ཡང་འདོར་མི་བྱ། །གདོང་ལ་སྐྱོ་བའི་ཉམས་ཀྱིས་ཁེངས་ན་ཡང་། །བློ་ལ་འགྲོ་བའི་ཁུར་ཆེན་ཉར་ཡང་སྲིད། །འདོད་བློའི་ཐོག་ཏུ་རྒྱུན་དུ་མི་འབབ་ཀྱང་། །དབུལ་བདེ་ཚུལ་མཐུན་ངང་ལ་གནས་པར་བྱ། །རང་སེམས་ནོངས་པ་མེད་པར་གནས་གྱུར་ན། །དབུ་འཕང་བསྟོད་པའི་དུས་ནི་ཡོད་ངེས་ཡིན། །དམ་པ་རྒྱུ་ཡིས་རབ་ཏུ་དབུལ་གྱུར་ཀྱང་། །རང་བཞིན་གཤིས་ཀྱི་གཟི་བརྗིད་འདོར་བ་མེད། །བླུན་པོ་འབྱོར་བས་རང་སེམས་ཁེངས་ན་ཡང་། །ཕལ་བའི་རང་མདངས་ཡལ་ཐབས་ག་ལ་ཡོད། ། 

ནམ་མཁའ་སྤྲིན་པས་སྒྲིབ་གྱུར་ཚེ། །ཉི་ཟླའི་འོད་ཟེར་གསལ་མི་འགྱུར། །ས་གཞིར་བརླན་སོགས་མ་ལྡན་ན། །རྩི་ཤིང་ཚོགས་ལ་རྒྱས་པ་མེད། །རླུང་གི་རྒྱུ་བ་མ་ཆད་ན། །མཚོ་མོའི་རླབས་རྒྱུན་ག་ལ་འཇགས། །མི་ལ་གོ་སྐབས་མ་འཛོམས་ཚེ། །ལས་སྐལ་བཟང་པོ་སྨིན་པ་མེད། །དབང་ཐང་ལོངས་སྤྱོད་ཅི་ཆེ་བ། །ཐམས་ཅད་ལས་ལ་རག་ལས་པས། །ཁེ་གྲགས་མི་འདོད་སུ་ཞིག་མཆིས། །གྱོང་དང་ཕམ་ཁའང་སུ་ཞིག་འདོད། །གལ་ཏེ་ཡི་གེ་རྣམ་བརྒྱད་ལ། །བརྟེན་ནས་འཚོ་བ་མ་ཡིན་ཚེ། །དཔོན་གནས་མཐོན་པོ་ཇི་ལྟར་རེག །བཀའ་བློན་ཆེན་པོར་གྱུར་ཏ་རེ། །

ང་ནི་ལུའོ་དབྱང་མཁར་དུ་སྡོད་པའི་དུས། །ཉིན་མོ་དགོན་པར་བསྐྱོད་ནས་ཁ་ཟས་བསླངས། །མཚན་མོ་ས་ཁུང་འཁྱག་པའི་སྦུབས་སུ་ཉལ། །གྲང་རེག་རྩུབ་མོ་གོས་ཀྱིས་མི་ཁོག་ཅིང་། །ཟ་འབྲས་ཉུང་ངུས་ལྟོ་བ་འགྲང་བ་མེད། །མི་ཆེན་དག་ནི་ང་ལ་སྡང་ཞིང་འཕྱ། །མི་ཆུང་དག་ནི་ཁོ་བོར་ཞེན་པ་ལོག །ཀུན་ཀྱིས་ཐ་ཤལ་བ་ཞེས་སྨད་གྱུར་ཀྱང་། །ཁོ་བོར་གོ་སྐབས་མེད་པ་སུ་ཡིས་རྟོགས། །

ད་ནི་ཁོ་བོས་དཔོན་པོའི་གོ་ཐོབ་བཞེས། །དཔོན་གནས་བླ་ནས་བླ་རུ་འཕགས་གྱུར་ཏེ། །སན་ཀུང་བྱ་བའི་གོ་གནས་ཆེན་པོར་སླེབས། །གོང་མ་བདག་པོ་གཅིག་གི་ཞབས་ལ་གུས། །མངའ་འབངས་ཁྲི་མ་འབུམ་གྱི་སྟེང་དུ་འགྱིང་། །དཔོན་འབངས་བཀའ་ཡིས་སྐུལ་བའི་དབྱིག་པ་འཆང་། །ངན་པ་ཁྲིམས་ཀྱིས་གཅོད་པའི་རལ་གྲི་འཛིན། །སྐུ་ཆས་གོས་ཆེན་ཟ་འོག་སྒམ་སྟོང་མཆིས། །གསོལ་ཟས་ཞིམ་མངར་རོ་བརྒྱས་གང་སར་གཏམས། །ཕྱི་ན་ཧྲག་དམག་མང་པོས་སྐུ་སྲུང་གཟབ། །ནང་དུ་ཞབས་གཡོག་ཕོ་མོས་གུས་ལུགས་བརྩོན། །གོང་མས་བརྩེ་བས་གཟིགས་ཤིང་བྱམས་ཀྱིས་བསྐྱོངས། །དཔོན་འབངས་ཀུན་ནི་དགའ་བའི་སེམས་ཀྱིས་འདུད། །ཀུན་ཀྱང་ཁྱེད་ཉིད་དྲག་ཅེས་སྨྲ་བྱེད་ཀྱང་། །ཁོ་བོར་ནུས་པ་ཆེ་བས་མ་ཡིན་ཏེ། །ལས་དང་བསོད་ནམས་བཟང་པོའི་སྟོབས་ལགས་སོ། །

ཀྱེ་ཧོ་མི་ནི་འཁོར་པར་གནས་པའི་ལས་སྐལ་ཀུན་ཏུ་ཡང་། །དབང་ཐང་ལོངས་སྤྱོད་རྒྱས་ཀྱང་བག་མེད་ལས་ལ་ཟོན་པར་བྱ། །དབུལ་ཕོངས་ཕལ་བར་གྱུར་ཀྱང་བདག་ཉིད་བརྙས་པར་མི་བྱ་སྟེ། །འཇིག་རྟེན་ཆོས་ཉིད་ཟབ་མོའི་ལས་ཀྱི་བསྐོས་ཐང་བླངས་པར་འོས། ། 


[1] འབུ་རྐང་བརྒྱ་ལག་བརྒྱ།

[2] ཁུང་ཙི།(孔子)(སྤྱི་ལོ་སྔོན་གྱི551ལོའི་ཟླ9པའི་ཚེས28ཉིན་ནས་སྤྱི་ལོ་སྔོན་གྱི479ལོའི་ཟླ4པའི་ཚེས11ཉིན།)ཀྲུང་གོའི་གནའ་རབས་ཀྱི་བསམ་བློ་པ་ཆེན་མོ་དང་། ཆབ་སྲིད་པ་ཆེན་མོ། སློབ་གསོ་བ་ཆེན་མོ་བཅས་དང་། རུའུ་ལུགས་པའི་སྲོལ་འབྱེད་པ་པོ་ཡིན།

[3] ཁྲུན་རྒྱལ། (陈国)སྤྱི་ལོ་སྔོན་གྱི1046ལོ་ནས་སྔོན་གྱི478ལོའི་བར་ཏེ། ཀྲོའུ་ནུབ་མ་ནས་ཁྲུང་ཆིའུ་དུས་སྐབས་ཀྱི་རྒྱལ་ཕྲན་རྒྱལ་ཁབ་ཅིག་ཡིན།

[4] ཐའེ་ཀུང་། (姜子牙)ཧ་ལམ་སྤྱི་ལོ་སྔོན་གྱི1015ལོའི་སྔོན་གྱི་མི་ཞིག་ཡིན། ཧྲང་རྒྱལ་རབས་ཀྱི་དུས་མཇུག་དང་ཀྲོའུ་རྒྱལ་རབས་ཀྱི་དུས་མགོའི་མི་ཞིག་ཡིན་ཞིང་། ཆབ་སྲིད་པ་དང་། དམག་དོན་པ། ཇུས་བློ་པ། ཀྲོའུ་རྒྱལ་རབས་ཀྱི་རྒྱལ་འཛུགས་བློན་ཆེན། དམག་ཐབས་རིག་པའི་རྨང་འདིང་པ་པོ་བཅས་ཡིན།

[5] ཡན་ཡོན།(颜渊)སྤྱི་ལོ་སྔོན་གྱི521ལོ་ནས་སྔོན་གྱི481ལོའི་བར། ཁྲུང་ཆིའུ་དུས་མཇུག་གི་ལུའུ་རྒྱལ་ཁབ་ཀྱི་བསམ་བློ་པ་དང་། རུའུ་ལུགས་པའི་མཁས་པ་ཆེན་པོ། ཁུང་ཙིའི་སློབ་མ་མཁས་མཛངས་ལྡན་པ་དོན་གཉིས་ཡོད་པའི་ཐོག་མ་ཡིན།

[6] ཏའོ་ཀྲི། (盗跖)ཁྲུང་ཆིའུ་དུས་མཇུག་གི་ལུའུ་རྒྱལ་ཁབ་ཀྱི་མི་ཡིན། ཀྲུང་གོའི་དམངས་ཁྲོད་གཏམ་རྒྱུད་ལས་ཁྲུང་ཆིའུ་དུས་སྐབས་སུ་ཇག་པ་སྟོང་ཕྲག་མང་པོ་དབང་དུ་འདུ་བའི་ཇག་དཔོན་ཆེན་མོ་ཞིག་ཡིན་པར་བརྗོད།

[7] གོང་མ་ཡའོ།(尧)ངག་རྒྱུན་ལ་ཕ་རྒྱུད་ཚོ་བའི་སྤྱི་ཚོགས་ཀྱི་དུས་མཇུག་སྐབས་ཀྱི་ཚོ་བ་མནའ་འབྲེལ་ཚོགས་པའི་མགོ་གཙོ་ཡིན་པར་བཤད།

[8] ཀུའུ་སུའོ། (瞽叟)ཀྲུང་གོའི་གནའ་རབས་ཀྱི་མི་སྣ་ཞིག ཧྲོན་(舜)གྱི་ཕ་ཡིན་པར་བརྗོད།

[9] ཀྲང་ལང་། (张良)སྤྱི་ལོ་སྔོན་གྱི186ལོའི་སྔོན་གྱི་མི་ཞིག་ཡིན། ཆིན་རྒྱལ་རབས་ཀྱི་དུས་མཇུག་དང་ཧན་རྒྱལ་རབས་ཀྱི་དུས་མགོའི་ཇུས་འདོམས་བློན་ཆེན་ཡིན་པར་མ་ཟད། ཧན་ནུབ་མའི་རྒྱལ་འཛུགས་བློན་ཆེན་དང་། ཆབ་སྲིད་པ་ཡིན་ལ། ཁོང་དང་ཧན་ཞིན། ཞའོ་ཧུ་གསུམ་ནི“ཧན་རྒྱལ་རབས་དུས་མགོའི་མཛངས་མི་རྣམ་གསུམ”དུ་གྲགས།

[10] ཞའོ་ཧུ།(萧何)སྤྱི་ལོ་སྔོན་གྱི193ལོའི་སྔོན་གྱི་མི་ཞིག་ཡིན་ཞིང་། ཧན་ནུབ་པའི་རྒྱལ་འཛུགས་བློན་ཆེན་དང་། ཆབ་སྲིད་པ། “ཧན་རྒྱལ་རབས་དུས་མགོའི་མཛངས་མི་རྣམ་གསུམ”གྱི་གྲས་ཡིན།

རྩོམ་སྒྲིག་པ། : གསང་བདག་རྒྱལ།