ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་ཁའི་ས་སྲོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཧའེ་ཙིས་བརྩམས།གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མེ་ལྕེའི་རྩེ་མོ་ན། ཉི་ནུབ་ཀྱི་རྐང་འོག་ན། 

ས་སྲིད་ནི་འཕྱོར་སྒེག་གིས་ཕྱུག་ཅིང་བླ་ན་མེད་པར། 

སྟོན་ཁའི་སྐྱོ་གདུང་ཁྲོད་ནར་སོན། 

ཉི་ནུབ་དུས་ཀྱི་ས་གཞི་ཆེན་མོར། བསྐལ་པའི་མེ་དཔུང་རབ་ཏུ་རྒོད་ཅིང་། 

གནམ་སའི་མཐའ་མཚམས་དམར་པོར་བསྲེགས་ཏེ་ལང་ལོང་དུ་འཕྱུར། 

མི་ལ་རྔམ་བརྗིད་ཀྱི་ཉམས་སྟེར་ཞིང་། གཟི་བརྗིད་དང་ཚེ་ཚད་མཉམ་དུ་གནས་པའི་སྣང་བ་དེས། 

ས་སྲོད་ཀྱི་སྒྲོན་མེའི་གོ་ཕྱེས། 


མི་སེར་རྣམས་སྨག་རིམ་སླེབས་པར་གདུང་སེམས་རབ་ཏུ་སྐྱེས། 

སེམས་ངོགས་སུ་བསྐལ་བརྒྱར་བརྟན་པའི་གཏམ་དག་འགྲེ་ལོག་རྒྱག 

དུས་ཀྱི་ས་རྡུལ་གྱིས་ང་རང་དམ་དུ་མཁྱུད་ཅིང་། 

དམར་པོ་མེ་ཡི་རི་སྒང་དུ་གར་དུ་རྩེན། 

བསྐལ་བརྒྱར་བརྟན་པའམ་སྲི་ལམ་དུ་གྱུར་པ་གང་ཡིན་ཡང་། 

སུ་དང་གང་གིས་ཀྱང་ང་ལ་ཆོག་མཆན་མེད། 


དེ་ལས་ལྡོག་པ་ནི། ས་སྲོད་འདིར་སྡུག་བསྔལ་ལ་ཚད་མེད་ཅིང་། 

དལ་བ་ལ་ཚད་མེད་པས་མི་ལ་སྡུག་བསྔལ་གྱིས་ཀུན་ནས་གདུང་། 

ཁྲག་རྩ་རྡུམ་སེ་བཅད། 

ཉི་ནུབ་ནི་དམར་ནག་ཡིན། 

བརྩེ་དུང་ཅན་དག་ཁྱོ་ཤུག་ཏུ་འགྱུར་བར་སྨོན། 

བརྩེ་དུང་ལ་འགྱུར་བ་མེད་པར་སྨོན། 

ཡང་ན། དེ་ལས་ལྡོག་སྟེ། དུས་མཐའི་སྐད་ཅིག་མའི་རིང་འཚབ་འཚུབ་ཀྱིས་གཟིམ་པར་ཤོག 


ངས་ད་ནས་བཟུང་སྟེ། འདས་ཟིན་པ་མི་གླེང་བར་སྨོན། 

སྡུག་བསྔལ་དང་བདེ་སྐྱིད་མི་གླེང་བར་སྨོན། 

ཡང་བསྐྱར་མི་གླེང་བར་སྨོན། 

སྐྱེས་ཀྱང་འབྱུང་བ་མེད་ལ་ཤི་ཡང་འཁྱེར་མི་འགྲོ་བ་སྟེ། 

ས་སྲོད་ཁོ་ན་འཕྱོར་སྒེག་གིས་ཕྱུག་ཅིང་བླ་ན་མེད། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།